རི་རྩེའི་སྤྲིན་དཀར། >སྣ་རྟ་འདེད་མཁན་ཞིག་དྲན་ཚུལ། (བལྟ་ཀློག་གྲངས།:142450)
སྤེལ་བའི་དུས་2014-7-11 13:03:27
 སྣ་རྟ་འདེད་མཁན་ཞིག་དྲན་ཚུལ།


                    

                     ༡

ཁུ་སིམ་མེར་གཅིག་པུར་སྡོད་དུས།
མི་ལོ་བཅོ་བརྒྱད་ཀྱི་ཡར་སྔོན་ཞིག་མཐོང་ཡོང་།
ཞི་འཇམ་ལྷོད་ཆགས་ཀྱི་མ་སྨན་གཉིས་ཀྱིས།
ཕྲ་ལ་འཁྱོགས་པའི་ཁེར་ལམ་ཞིག་དེད་དེ་འགྲོ་བ་མཐོང་།

                      ༢
ཉི་ནུབ་ཀྱི་སྔ་གཞུག་གང་ལའང་།
ལམ་ཕྲན་དེའི་སྣེ་མོར་ཀྲོང་ངེར་འགྲེང་བའི།
སེམས་ཁྲལ་ལྷག་མ་ཞིག་གིས་གཟིར་བའི་ནད་པ་ཞིག
མཛོ་སྔོ་སྔོ་འཁྲིད་པའི་བུ་མོ་ཞིག་གི་རྒྱབ་གཟུགས་སྲུང་མཁན་དུ་གྱུར་མྱོང་།
ལོ་ཟླ་དང་དུས་ཚིགས་དབྱེར་མེད་དུ།  མི་དེའི་སྐྲ་ལོ་བསེར་བུས་སྒུལ་ཙམ་བྱས་ནའང་།
ཁོས་སེར་སྣའི་ངང་འགོག་བསྲུང་དང་རྒོལ་གཏམ་བཏང་།

                          ༣
དོ་ནུབ་ཁོ་སྨྱོས་ཟིན་པ་འདྲ།  དོན་ངོ་མ།
མི་སྨྱོས་རྗེས་ཅི་ཡང་གསལ་བོར་དྲན་པ་ཡིན་ནམ།
འོད་ཆེམ་མེར་ཡོད་པའི་ལྷིང་འཇགས་ཀྱི་སྲང་མདོ་དེར།
མ་སྨན་གཉིས་ཀྱིས་མཛོ་བོ་འདོགས་སའི་དར་ཤིང་དེའང་།
ངང་སྒུག་གི་དབུགས་རིང་དང་ལྷན་དུ་ཡོད་ཟེར།

                          ༤
བདེན་ནམ།  དོ་ནུབ་ཁོས་ཅི་ཡང་མཐོང་རབས་ཟེར།
དཔེ་ཁུག་ཆུང་ཆུང་རྙིང་ཧྲུལ་ཞིག་རྒྱབ་ལ་ཁུར་ཅིང་།
མྱོས་བུམ་གྱི་མགུལ་རྒྱན་ལྟ་བུའི་ལན་བུའི་སྣེ་མོ་ཟུང་།
སུམ་སླས་བྱས་ཤིང་ཕྲག་གོང་གཉིས་ལས་བྲང་ངོས་སུ་བསྣར།
ཕྲ་ཞིང་ལྡེམ་ལ་ལྭ་རིང་སྔོ་སྐྱ་གོན་པའི་བུ་མོ་ཆུང་ཆུང་ཞིག
ཕ་གིའི་ལམ་ཕྲན་གྱི་སྣེ་མོར་ཡོང་བཞིན་འདུག་ཟེར།

                           ༥
ས་སྟེང་རྡོ་བས་གཡོགས་ཤིང་བར་སྣང་སྐུད་དྲས་སྦྲེལ་བའི་གྲོང་ཁྱེར་གྱི་མཚན་མོར།
ཧ་ཅང་རང་བྱུང་དང་།   ལྷད་ཀྱིས་བཏང་བའི་སྣ་རྟ་འདེད་མཁན་དེ་དང་དེ་དག
དཀར་འོད་ཆེམ་ཆེམ་གྱི་གློག་སྒྲོན་ངོགས་ནས།
གྲིབ་གཟུགས་རིང་ཐུང་མང་བོ་ཤམ་ཤམ་གཡོ་ཞིང་།
མི་རྐྱང་གི་ཕྱི་ནང་ཡོངས་སུ་བཅོམ་པའི་མཚན་སྨག་ཁྲོད།
རྡོ་གཅལ་སྟེང་དུ་བྱོ་ཞིང་འཚུབ་པའི་ཆུ་རྡུལ་དང་ལྷན་དུ།
ཁོ་དང་རྒྱང་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་པས།
ཁོས་སྨྱོ་ལབ་རྒྱག་བཞིན་སྲང་མདོ་དེ་ལ་ཅེར་ཡོད།

                         ༦
དྲང་མོར་བཤད་ན།  དུས་ད་ལྟ།
ཁོ་མོའི་སྔུར་དབྱངས་ལ་རམ་དཀྲོལ་བྱེད་མཁན་དེ་སུ་ཡིན་ནམ།
ཡང་ན་རྨི་ལམ་གྱི་སྒོ་གླེགས་རྡུང་བའི་མགྲོན་པོ་གཞན་ཞིག་ཡོད་དམ།
གང་ལྟར་ཞོ་ཤ་ཆགས་པའི་མཆུ་སྒྲོས་ལ་ལྷིང་འཇགས་མི་སྟེར་པའི་སྨྱོ་ཧམ་ཅན་དེའང་སུ་ཡིན་ནམ། 
སྙིང་ལ་མེ་མདའི་རྩེ་གྲིས་གཙགས་པ་ལྟ་བུའི་དྲི་བ་རེ་རེའི་སྡུག་གཏམ་གྱི་བམ་ཁ་བརྩེགས་ཡོང་བ་རྣམས་རེ་རེ་བཞིན།
གསང་བ་བྱོ་སའི་སྙན་ངག་གི་རུམ་ཁར་མིག་ཆུ་དང་ལྷན་དུ།
བྱ་འདབ་སྣེའི་ཐིག་ཆུའི་འཕྱ་སྨོད་ལའང་འཛེམ་བཞིན་འཛེམ་བཞིན་ཤུབ་བུར་སྤུངས།

                                          ༢༠༡༣/༠༩/༠༤/དགོང་མོར།
གཞིས་བདག(Danichodak)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情