རི་རྩེའི་སྤྲིན་དཀར། >གྲིབ་ཡོར་གྱི་རིགས་ཤིག་ལ། (བལྟ་ཀློག་གྲངས།:147716)
སྤེལ་བའི་དུས་2014-7-11 12:58:31
  གྲིབ་ཡོར་གྱི་རིགས་ཤིག་ལ།

 

 

 

 

       ཁྱོད་ནི་ཁྱོད་དེ་རླུང་བུའི་ཁྲོད་དུ་འགོག་མེད་བཞུར་བའི་ནད་འབུ་ཞིག།

       ཁྱོད་ནི་ཁྱོད་དེ་ནམ་མཁས་གར་ཁྱབ་བརྣབ་སེམས་འཆང་བའི་བསེ་རག་ཅིག།

       ཁྱོད་ནི་ཁྱོད་དེ་མཚན་མོར་རྒྱུ་བ་ཁྱོད་ཀྱི་མངོན་བརྗོད་རྣམ་གྲངས་ཉིད།།

       མདོར་ན་ཁྱོད་ནི་སྨིག་རྒྱུའི་ཀློང་དུ་མིག་སེར་རྨི་ལམ་འཐུ་མཁན་ཞིག།

      

 

      འགྲོ་དང་འདུག་པའི་གོམ་པ་སྤོ་སྟངས་སུ་ལ་མི་དབང་ཁྱོད་ཀྱི་སྟེ།།

      རྐང་དང་སྤྱི་ཚུགས་རེས་མོར་འགྲོ་ཡང་འདི་དང་དེ་གྱིས་སུ་ཡིས་སྨྲ།།

      སྣབས་དང་ཁ་ཆུ་གདོང་ལ་དྲུད་ནས་ཉམས་དང་སྤོབས་པས་འགྱིང་བ་ན།།

      མཛེས་བཙོག་སྣང་བརྙན་ང་ལ་ཤར་བར་དགག་པའི་ངལ་བ་ཅི་ལ་འཛིན།།

 

 

      འཕྲུལ་གྱི་མེ་ལོང་དབུས་སུ་བཏབ་པ་སུག་པའི་རི་མོ་འཁྱོགས་གཟུགས་ཅན།།

     འགྲོ་བའི་བསོད་ནམས་སྟོབས་ཀྱིས་འཁྲུངས་པའི་རྨད་བྱུང་ནོར་བུའི་ཏོག་ཏུ་སྒོམ།།

     འཁྲུལ་སེལ་རྣོ་དབལ་འབར་བའི་རལ་གྲི་ལྷག་བསམ་དཔའ་བོས་གཡུགས་ན་འང་།།

     རླུང་གི་དཀྱིལ་ལ་བཏབ་པ་བཞིན་དུ་ཐོགས་རེག་བྲལ་ཞིང་ཚུར་ཚུར་འོང་།།

 

 

     དོན་གྱི་བྱིས་པ་འགྱེལ་ལངས་མཚམས་སུ་རྒྱུགས་འདོད་འཁྲུལ་བག་རྒོད་པོ་ཅན།།

     ནུས་པའི་གོམ་འགྲོས་འཁྱོར་བར་མི་བསྟུན་རྐྱང་གི་རྩལ་ལ་འགྲན་འཛུགས་བྱེད།།

     དམིགས་མེད་རི་གཟར་རྦབ་རྡོའི་འགྲོས་ལ་སྲ་འཐས་ལྕགས་ནག་གདོང་བ་ཅན།།

     མདུན་གྱི་རྒོལ་བའི་རུ་མཚོན་མི་སྣང་བྱི་ལོང་སྔོན་མོ་འགྲེང་གཟུགས་ཤིག།

 

 

    སྨྲ་འདོད་སྦལ་བ་ལྕེ་ཡིས་ཕོངས་ཀྱང་འབྲུ་མེད་ཨག་སྐད་ཆ་ལ་ལ།།

    དུས་ཀྱི་མཚོ་མོའི་ཁ་རུ་བགྲད་པ་སོག་མའི་ཕོན་པོ་ཐོར་བ་བཞིན།།

    འཛད་མེད་རྡོལ་གཏམ་ལྕོང་མོའི་ཕྲུ་གུས་རིག་གནས་འོ་ཆུ་སྙོག་པ་ནི།།

    ཤེས་འཇོན་རླབས་ཕྲེང་མཁའ་ལ་འཕྱོ་དུས་ངོམ་དུ་རི་བ་ཡོད་དམ་ཅི།།

 

 

     ཡང་ཚེ་བ་སྤུ་རླུང་གིས་སྒུལ་ཡང་འདྲོགས་པའི་ཨ་འབྱོག་ཅོར་ཅོར་བྱེད།།

     ལྕི་ན་ཉམ་ངན་རྟུག་དྲི་འཐུལ་ལེར་རྐང་རྡུལ་སྤྱི་བོར་ལེན་པ་ཁྱོད།།

     གོ་ན་རྣ་བའི་བདུད་རྩི་མིན་ཡང་འཁྲུལ་སེལ་སྨན་མཆོག་དང་བོར་ངེས།།

     མ་གོ་གཏམ་འདི་ལོ་བརྒྱའི་བར་དུ་སྔ་དགོང་ཆགས་མེད་ཁ་ཏོན་གྱིས།།

 

 

༢༠༡༣་༠༨་༠༡་ཉིན།

གཞིས་བདག(Danichodak)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情