རི་རྩེའི་སྤྲིན་དཀར། >སྤང་རྒྱན་མེ་ཏོག (བལྟ་ཀློག་གྲངས།:142451)
སྤེལ་བའི་དུས་2014-7-11 12:56:21
  སྤང་རྒྱན་མེ་ཏོག


                        

                         

                         དུང་སྒོར་མོའི་རྒྱན་གྱི་ཚབ་ཏུ་དར་ཅིག་དཔྱངས།།
                         དར་དཀར་བོར་དྲིན་ཆེན་ཕ་མའི་རེ་སྨོན་ཐིམ།།
                         མགོ་དང་ཁར་སྨད་ནས་གནས་ལམ་སྙེག་པ་ནི།།
                         ཚེ་གཡོག་ལ་བསྟིམ་དགོས་སྔ་ལྟའི་ཤར་བ་འདྲ།།

                         གཡུ་བྱི་རུའི་རྒྱན་ཆས་བསླུས་པའི་སྡུ་གུ་མ།།
                         སྐྱེས་ཕོ་བརྒྱའི་རྨི་ལམ་རྐུ་བའི་སྨིན་ལེགས་མ།།
                         སྨན་མོ་བརྒྱའི་འགྲན་གྱི་དོ་ཡ་གཤིས་བཟང་མ།།
                         སེམས་འདང་བརྩེའི་ཕྱིར་མིག་འོ་སྤྲི་སུ་ལ་བསྐྱུར།།

                         དབྱར་མེ་ཏོག་མགྲིན་པ་བཏེག་སྟེ་ཁྱོད་ལ་ལྟ།།
                         བྱེའུ་ཅོ་ཀས་དྲུག་འགྱུར་ངག་གིས་ཁྱོད་ཉིད་བསྟོད།།
                         དགུང་སྔོན་པོས་ཆུ་འཛིན་ཁ་བཏགས་ཁྱོད་ལ་འཐེན།།
                         དྲིན་ཕ་མའི་བཀྲ་ཤིས་ཁ་གཡང་ཁྱོད་ལ་འབོད།།

                         རུ་སྡེ་བའི་སྨན་ཤར་སྒེག་མོའི་རྩེ་རོལ་མ།།
                         ནང་ན་ཟླའི་རྩེད་རའི་ནང་གི་ཕྲ་རྒྱན་མ།།
                         དྲིན་ཕ་མའི་སྙིང་གི་ཐིག་ལེ་བཅུད་འཛིན་མས།།
                         ནངས་སྔ་མོ་གནས་ལམ་ཕྲ་མོ་རྡོག་པས་མནན།།

                         རྟ་གྲོ་དམར་ཤེའུ་ཐིག་ཅན་པོ་སྒ་ཡིས་བརྒྱན།།
                         སྒ་ལྷུ་བཞི་ཉི་ཟླ་རང་ཤར་ཆབ་མས་བརྒྱན།།
                         བྱེའུ་ལྕུག་ཕྲན་ཡལ་གའི་རྩེ་མོར་བབས་འདྲ་བའི།།
                         གཉོམ་དུངས་ངེའི་འབྲོག་ཕྲུག་བུ་མོ་སྙིང་དུ་སྡུག།

                         ཆང་བདུད་རྩིའི་ཞིམ་ཤ་སྐྱུར་ཅིག་ངང་གིས་ཐིམ།།
                         གནས་སྒྱུག་མོ་ཁ་བཙན་ཅན་པོས་སྒུག་པ་མཚོན།།
                         དར་དཀར་བོའི་གདོང་ཁེབས་འོག་ཏུ་ཤུབ་བུར་ངུ་།།
                         གདོང་མ་མཐོང་བག་མའི་ཚོང་ལ་ལེ་བདའ་མཚོན།།

                         མགོ་ཨ་འཇམ་ཚར་བུའི་བག་ཞྭ་སྤྲིན་ཕུང་ཞིག།
                         སྨན་གནས་འགྲོའི་ལས་དབང་ཆུ་ཐིག་དེ་ལ་གནས།།
                         དྲིན་ཕ་མའི་བཀའ་བཀོད་བཟློག་མེད་རླུང་བུ་ཡིས།།
                         ཕྱོགས་ངེས་མེད་ས་ལ་གཏོར་ན་ཡིད་སེམས་ཕངས།།

                                                       ༢༠༡༣/༠༧/༠༢/ཉིན།

གཞིས་བདག(Danichodak)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情