རི་རྩེའི་སྤྲིན་དཀར། >ཤིག (བལྟ་ཀློག་གྲངས།:147717)
སྤེལ་བའི་དུས་2014-7-11 12:54:01
               ཤིག

 

 

ཁ་པར་ངོས་སུ་འཚང་བའི་སྲོ་ཤིག་འདི།།

སུ་ཡིས་མ་བཅར་ཁས་ལེན་ཐུབ་བམ་ཅི།།

སུ་ལ་ཟ་འཕྲུག་མ་བསླངས་ཐར་རམ་ཅི།།

བཅར་ནས་ཚར་རབས་འཆད་རྒྱུ་ཡོད་དམ་ཅི།།

 

བཅར་བའི་སྡིག་ཉེས་རང་ལ་མེད་དམ་ཅི།།

ཆོར་ཅེས་བཙན་པོའི་བཀའ་ཞིག་བབས་སམ་ཅི།།

འགྲོ་འདུག་བར་ན་མཛུབ་གུར་རང་འདུག་མེད།།

མཛའ་བའི་གྲོགས་ལ་གླེང་མོལ་ལུང་ཡང་མེད།།

 

ཟ་འཐུང་ཁ་ལག་བར་ནས་འདི་ཉིད་གཅོར།།

མི་གཙང་འདོར་ལུང་མི་སྟེར་འདི་ཡིས་ཟ།།

ཟབ་དོན་འཚོལ་བ་དགེ་བའི་བཤེས་གཉེན་ཡང་།།

སྲོ་མང་འདི་ཡིས་མི་ཁོམ་གཡང་ལ་འདེད།།

 

རེ་རེ་བཅར་ན་བདེན་པའི་ལུས་པོ་ཆུང་།།

དགོས་པའི་སྐག་སྒྲ་མི་གྲག་ཤུབས་སྟོང་མང་།།

བསྐྱུར་བཟོད་མི་བཏུབ་ནར་མར་ཟ་བ་སྟེ།།

འདི་ནི་དེང་གི་བརྡ་འཕྲིན་སྲོ་ཤིག་ལགས།།

 

རྒྱ་ཤིག་ཁ་ཚ་ཅན་པོས་ཡིབ་ནས་བརྒོལ།།

དཀོར་ཤིག་ནག་རུག་གེ་བོ་མཚན་ལ་རྒྱུགས།།

གཡེམ་ཤིག་འཁོར་ལོ་མ་བོར་ཉིན་མཚན་མེད།།

སྤྲང་ཤིག་སྐྱ་རྙིད་ལེ་བོར་མོད་ཅིག་བརྡོལ།།

 

སྲིད་ཤིག་དམིགས་ཡུལ་ཅན་པོ་གསེང་དུ་ཉུལ།།

སྲེད་ཤིག་སྨྱོ་ཧམ་ཅན་པོར་མངོན་ལྐོག་མེད།།

གཡོ་ཤིག་གྲིམ་རིག་གེ་བོར་རྒྱུགས་ལམ་མང་།།

བླུན་ཤིག་སྐྱ་ཡོར་རེ་བོར་འཕེལ་སྟོབས་ཆེས།།

 

རྫུན་ཤིག་རྡུལ་གྲངས་མ་བོར་ཁུངས་ལུང་མེད།།

རྨོངས་ཤིག་ཨ་གསར་ཅན་པོར་བདེན་ཁ་ཡང་།།

ཤིག་མང་ཁ་རུབ་བརྒྱབ་པའི་ཁ་གདུག་འདིས།།

ནོར་ནག་རྔོ་བོ་བཞིན་དུ་བཟོད་མེད་བསྒུལ།།

 

ཤིག་ཚང་སྦུབས་སུ་ལྷུང་བའི་སྡུག་སྐད་འདི།།

ཤིག་གི་ངོ་བོར་འགྱུར་ཉེན་མཚམས་ཤིག་ལ།།

ཤིག་འཐུའི་ལས་ཀྱི་དམག་འཐབ་མྱོང་ཕྲན་ཞིག།

ཤིག་འཐུ་ཡོངས་ལ་འབྲོག་ཁྱིམ་ཚང་ནས་བཏེག།

   

 

        ༢༠༢༣/༡༡/༠༧/ཉིན་འབྲོག་ཁྱིམ་སྨུག་པོའི་ཇ་ཁང་དུ།

གཞིས་བདག(Danichodak)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情