རི་རྩེའི་སྤྲིན་དཀར། >ཆུ་ཤེལ་ལྟ་བུའི་བརྩེ་དུང་། (བལྟ་ཀློག་གྲངས།:150347)
སྤེལ་བའི་དུས་2012-10-2 12:28:29

ཆུ་ཤེལ་ལྟ་བུའི་བརྩེ་དུང་།

 

 

ཀ་ར་ལས་ཀྱང་ཞིམ་པའི་བརྩེ་དུང་ཞིག།

ཁ་བ་ལས་ཀྱང་དཀར་བའི་བརྩེ་དུང་ཞིག།

ག་དུས་ཡིན་ཡང་བརྗེད་མེད་བརྩེ་དུང་ཞིག།

ང་ཡི་ཆུང་དུས་དྭངས་གཙང་ཆུ་ཤེལ་ཞིག།

 

ཅ་དག་འདག་རྫས་མེད་ཀྱང་གཙང་དུས་ཤིག།

ཆ་མེད་རིག་གནས་དཔུང་འཇུག་མེད་དུས་ཤིག།

ཇ་ཁ་འོ་མ་འཐུངས་ནས་བསྐྱལ་དུས་ཤིག།

ཉ་སུག་ལྷགས་པས་འཕྱིད་ཀྱང་སྐྱིད་སྣང་ཞིག།

 

ཏ་ཀུ་ཞོན་ནས་རྒྱུགས་རེས་འཐེན་དུས་ཤིག།

ཐ་གུའི་ཞགས་པ་ཕུར་བར་འདེབས་དུས་ཤིག།

ད་ལྟ་བསམས་ན་ཧ་ཅང་སྐྱིད་སྐབས་ཤིག།

ན་ཚོད་རྒས་ན་དེ་འདྲ་ཡོང་ཐབས་མེད།།

 

པ་ཅོག་ཉི་ཟེར་ངོགས་ན་ལབ་ཙེ་བཞིན།།

ཕ་གིའི་རི་རྩེར་ནོར་ལུག་འཚོ་བར་སོང་།།

བ་ཚྭའི་རོ་དང་འདྲ་བའི་སྣབས་ཆུ་དེ།།

མ་རབས་བྱས་ཏེ་ལུ་གུར་བལྡག་ཏུ་བཅུག།

 

ཙ་ར་ཁུང་ལ་ཁངས་སྐྱ་འཇོག་རེས་ཀྱིས།།

ཚ་བའི་ཉི་མར་ལྡེས་ཏེ་སུས་བསྲན་བལྟས།

ཛ་ལང་དགྲ་བོ་ཟེར་ནས་སྲེག་པ་ཚོར།།

ཝ་མ་ཝོལ་ལ་རྡོ་བས་སུས་ཕོག་བལྟས།།

 

ཞ་སྨྱུག་ཟད་མེད་ཅིག་གི་འདུ་ཤེས་ཀྱིས།།

ཟ་འགྲམ་དར་ལ་གླན་ཏེ་གློ་ཉལ་སྒོས།།

འ་ཡོའི་རྐང་རྗེས་ཡིན་ཞེས་མང་བོ་ཞིག།

ཡ་མཚན་ཕྲིས་སོང་སྙམ་ནས་ཡང་ཡང་ཕབ།།

 

རྭ་ཅོའི་ནོར་ལུག་བརྩིས་ནས་མང་ཉུང་བརྩད།།

ལ་ཐོད་མེ་ཏོག་བཙུགས་ནས་གཉེན་སྒྲིག་བྱས།།

ཤ་ཐུད་སྡེར་ཁ་ཡིན་ཞེས་སྐྱུ་རུ་བརྩེགས།།

ས་སྲོད་བར་དུ་འབའ་རྡེའུ་བཏབ་ནས་རྩེས།།

 

ཧ་ཅང་ལད་མོ་བྱེད་པར་དགའ་བ་སྟེ།།

ཨ་ནེ་ཨ་མྱེས་ཡིན་ཞེས་སྒུར་སྒུར་སོང་།།

ཧ་ཧའི་གད་མོ་མིག་ཆུ་འཆོར་རག་བགད།།

ཨ་ཉོག་མང་བོར་བཀོད་འདེམ་བྱེད་ཁུལ་བྱས།།

 

ཨ་མ་དྲེད་མོའི་གནའ་གཏམ་གཉིད་འགུག་བྱས།།

ཧ་ནི་གཉིད་དུ་མ་བཅུག་ཡང་ཡང་བཤད།།

ཨ་བྲ་བཟུང་སྟེ་རྩེད་ཁང་ཕུགས་ལ་བཏགས།།

ཧ་ལམ་སང་ཉིན་སྐུད་པ་འཆས་ནས་ཤོར།།

 

ས་བགོས་ཆུ་བགོས་ཐོམ་བུར་མ་ཚད་གོང་།།

ཤ་ཉེའི་བར་ལ་ལྕགས་དྲ་མ་འཐེན་གོང་།།

ལ་ལུང་གང་དུ་སོང་ཡང་རང་ས་སྟེ།།

ར་མདའ་ལྟ་བུའི་རྗེས་འདེད་མེད་པས་སྐྱིད།།

 

ཡ་ཡོ་བྲལ་བས་མི་གཤིས་མདའ་ལྟར་དྲང་།།

འ་ཅག་ཕུ་ནུ་ཟེར་བའི་འདང་ཞིག་ཡོད།།

ཟ་ཁ་ནང་དང་གྲོས་ཁ་ཕྱི་སྐོར་མཁན།།

ཞ་སྒྲེ་འཕྱི་བའི་སྤུན་ཞེས་སྨོད་པར་བྱེད།།

 

ཝ་སྤྱང་ངུ་ཟུག་བྱས་ཀྱང་ལོབས་ནས་གདའ།།

ཛ་དྲག་གནས་ཚུལ་འགོག་ཕྱིར་ཐོ་རེ་བསླངས།།

ཚ་ཞང་མདན་མ་ཡིན་པའི་སྣང་བ་ཡིས།།

ཙ་ཙིག་ཁྲག་འཛི་བཏོད་ཀྱང་བསྲན་ནས་སོང་།།

 

མ་རབས་སྤྱོད་ཚུལ་འགའ་རེ་བྱས་པ་ནི།།

བ་བེའུ་ཞོན་ནས་ཐང་ལ་བརྒྱག་ཏུ་བཅུག།

ཕ་ཝང་གཤོག་པ་ལྟ་བུའི་སློག་ཧྲལ་ལ།།

པ་རུའི་ཁ་ལྟའི་དྲ་ཁུང་མང་དུ་བཏོད།།

 

ན་མཉམ་མང་བོས་མེ་ཕུང་བསྐོར་བྱས་ཏེ།།

ད་ལྟ་ཕྱིར་དྲན་ལམ་ན་ད་དུང་རྩེ།།

ཐ་ན་ཁངས་ཆར་འདྲེས་མ་འབྱོ་བའི་ནང་།།

ཏྰ་ནི་སྟོད་སྨད་བར་གྱི་སྐྱས་འདེགས་སྐྱིད།།

 

ཉ་དང་སྦལ་ལྕོང་འཛིན་པར་ཤ་བརྩེད་ཅིང་།།

ཇ་ཆང་སྟོན་མོ་ཡིན་པའི་ཟོལ་དག་དང་།།

ཆ་འཇོག་མེད་པའི་རྩེད་མོ་གཞན་པ་སྟེ།།

ཅ་ཅོར་ལད་མོ་བྱས་ནས་བགད་ན་སྐྱིད།།

 

ང་དང་ཁྱོད་ཅེས་འཛིང་རེས་བྱས་ན་འང་།།

ག་ཤེད་ཅིག་ནས་ཕན་ཚུན་འཚོལ་ཏེ་འོང་།།

ཁ་བ་ལས་ཀྱང་དྭངས་གཙང་བརྩེ་དུང་དེ།

ཀ་ཕྲེང་འདི་ཡིས་རགས་ཙམ་མཚོན་པར་བྱས།།

 

༢༠༡༢་༠༩་༠༨་ཉིན་པེ་ཅིན་དུ་བྲིས།

གཞིས་བདག(Danichodak)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情