ཁྲ་ཁྲ >ཀ་རྩོམ་རེ་ཞུ་མ། (བལྟ་ཀློག་གྲངས།:9901)
སྤེལ་བའི་དུས་2015-8-21 16:59:11
           ཀ་རྩོམ་རེ་ཞུ་མ།
 
         ཞིན་ཧེ་བཀྲ་བྷོ།
 
ཀྭ་ཡེ་གསོན་དང་བོད་མི་སྤུན་ཟླ་ཚོས།།
ཁ་བརྡ་བོད་སྐད་གཙང་མས་བཤད་ཞོར་དུ།།
ག་ལེར་བོད་ཡིག་སྦྱོང་བ་བྱེད་པ་ན།།
ང་ཚོའི་མ་འོངས་མདུན་ལམ་ཡག་པར་ངེས།།
 
ཅ་ཅོ་སྐད་རིགས་འདྲེ་མ་མི་བཤད་པར།།
ཆ་ལུགས་ངན་པའི་ཕྱོགས་དེ་མི་སློབ་པར།།
ཇ་ཁང་ཉུལ་ནས་ཉི་མ་མ་གཏོང་བར།།
ཉ་མོ་ཆུ་ལ་རྐྱལ་བཞིན་ཤེས་བྱར་བརྩོན།།
 
ཏ་ལའི་སྲོལ་རྒྱུན་ཁ་མདོག་མ་འགྱུར་ན།།
ཐ་མའི་མི་ཡི་རིགས་སུ་ལྷུང་མི་སྲིད།།
ད་ལྟ་གཟུགས་དང་ལང་ཚོ་བདེ་བ་ནས།།
ན་འཆི་ཞགས་པ་ནག་པོས་འདྲུད་རག་བར།།
པ་ཕ་ཨ་མས་གནངས་པའི་སྲོལ་བཟང་སྐྱོངས།།
 
ཕ་མེས་ཡང་མེས་ཤུལ་བཞག་རིག་གནས་ལ།།
བ་གླང་སྐོམ་པའི་ཆུ་ལྟར་འདོད་པར་སྦྱོངས།།
མ་འོངས་མདུན་ལམ་རིང་མོ་ལེགས་དགོས་ན།།
ཞྭ་མོ་བཞིན་དུ་རང་སྲོལ་གོང་དུ་ཞོགས།།
 
ཟ་མ་བཟང་བོ་བོད་ཟས་མི་དོར་བར།།
འ་ཅག་རང་གི་བོད་ལྭ་ཡག་པོ་གྱོན།།
ཡ་རབས་མི་གཤིས་བཟང་བོ་མི་འགྱུར་བར།།
ར་བ་གངས་རིས་སྐོར་བའི་ཡུལ་མཆོག་གི།
ལ་ལུང་ཐང་གསུམ་ཀུན་ཏུ་སྲུང་སྐྱོབ་བྱོས།།
 
ཤ་དང་མར་ཆུར་ཡུན་རིང་འཛོམ་ཆེད་དུ།།
ས་འདིར་གཏེར་ཁ་མ་སྔོགས་སྙིང་ནས་ཞུ།།
ཧ་ཅང་ཧམ་པ་མང་ན་ཕུང་བར་ངེས།།
ཨ་རོག་ད་ནས་བཟུང་སྟེ་ལས་བཟང་སྒྲུབས།།
            ཞིན་ཧེ་བཀྲ་བྷོའི་ཟིན་བྲིས་ལས་བཏུས།།
གཞིས་བདག(ladeshensui)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情