ཁྲ་ཁྲ >ཀ་རྩོམ་བོད་ཡིག་གླིང་དུ་བགྲོད་པའི་ལམ་ཡིག། (བལྟ་ཀློག་གྲངས།:10105)
སྤེལ་བའི་དུས་2015-8-1 16:44:24

ཀ་རྩོམ་བོད་ཡིག་གླིང་དུ་བགྲོད་པའི་ལམ་ཡིག།

         

 

ཀུ་རེ་མ་ཡིན་སེམས་ཀྱི་སྐད་ཆ་ཞིག།

ཁ་བ་ཅན་གྱི་མི་ཚོར་བཤད་ན་བསམ།།

ག་དུས་ཡིན་རུང་བོད་མིས་བོད་ཡིག་ནི།།

ང་ཅག་བོད་མི་ཀུན་གྱིས་བེད་སྤྱོད་ཐོངས།།

 

ཅ་ལག་ཆ་རྐྱེན་ཅི་ལྟར་འཛོམས་ན་ཡང་།།

ཆ་ལུགས་རང་གཤིས་ཅི་ལྟར་བཙོག་ན་ཡང་།།

ཇ་ཆང་བཏུང་བ་ཅི་ལྟར་མང་ན་ཡང་།།

ཉི་མ་རེ་ལ་བོད་ཡིག་ཚིག་རེ་སྦྱོངས།།

 

ཏ་གུར་བསྟེན་པའི་རྒན་པོ་ཡིན་ན་ཡང་།།

ཐ་མག་དགའ་བའི་གསར་རྒོད་ཡིན་ན་ཡང་།།

ད་ལྟ་དཔོན་པོའི་ཁྲི་ལ་བཞུགས་ན་ཡང་།།

ན་བ་མེད་ན་བོད་ཡིག་ཚིག་རེ་སྦྱོངས།།

 

པ་ལགས་འཚོ་བའི་ཉམས་མྱོང་བཟང་ན་ཡང་།།

ཕ་ཤུལ་རྒྱུད་འཛིན་བུ་ལ་སྤྲད་ན་ཡང་།།

བུ་དང་བུ་མོ་རིགས་རུས་མཐོ་ན་ཡང་།།

མ་བརྗེད་སྙིང་གི་དབུས་སུ་བོད་ཡིག་ཆོངས།།

 

ཙི་ནའི་སྐད་སོགས་ཐོག་པ་མེད་ན་ཡང་།།

ཚེ་རིང་ནད་མེད་བདེ་བར་བསྡད་ན་ཡང་།།

ཛ་ཏི་སྨན་སོགས་འཐུང་དགོས་མེད་ན་ཡང་།།

ཝ་ཡེ་སེམས་པ་མ་གཡེང་བོད་ཡིག་སྦྱོངས།།

 

ཞེ་མཐུན་མཛའ་མོར་ཆང་སར་རྒྱབ་ན་ཡང་།།

ཟ་འཐུང་ལྟོ་རྒྱབ་མདང་རྒྱག་མེད་ན་ཡང་།།

འ་ཅག་ཁྱིམ་མིར་སྟོབས་ཤུགས་ཆེ་ན་ཡང་།།

ཡ་རབས་མིག་དཔེ་བལྟས་ལ་བོད་ཡིག་སྦྱོངས།

 

ཞུ་ཡིག་ལ་སོགས་བོད་ཡིག་མིན་ན་ཡང་།།

ཟ་ཁང་ཆང་ཁང་བོད་ལ་མང་ན་ཡང་།།

འ་ཅག་བོད་ལ་བོད་ཡིག་ཡོད་ན་ཡང་།།

ཡ་མཚན་བེད་སྤྱོད་མི་གནང་ངོ་མཚར་ཆེ།།

 

ར་ལུག་སྟོང་ཕྲག་འགའ་ལ་ཉེ་ན་ཡང་།།

ལ་ལུང་བརྒྱུད་ནས་མི་ཚེ་ཟད་ན་ཡང་།།

ཤ་མར་རྩམ་གྱི་འཚོ་བ་བཟང་ན་ཡང་།།

ས་སྟེང་བོད་མི་ཀུན་གྱིས་བོད་ཡིག་སྦྱོངས།།

 

ཧ་ཅང་སྐྱིད་པའི་དེང་གི་དུས་བཟང་འདིར།།

ཨ་མའི་བུ་ཚོས་བོད་ཡིག་མ་སྦྱང་ན།།

དུས་རབས་ཉེར་གཉིས་འཕོ་འགྱུར་སླེབས་ཙ་ན།

ང་ཅག་བོད་ཡིག་འདི་ཉིད་འཇིག་ཉམས་ཉེན་ཆེ།།

གཞིས་བདག(ladeshensui)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情