ཁྲ་ཁྲ >ཕོར་བ། (བལྟ་ཀློག་གྲངས།:10184)
སྤེལ་བའི་དུས་2015-7-20 20:25:43

                     ཕོར་བ།

             བདག་ལོ་ན་ཆུང་དུས་སུ་ཕོར་བའི་རིན་ཐང་མི་ཤེས་ནའང་ཕོར་བ་ནི་ཨ་མའི་བདག་ལ་བདག་ལ་གནང་བའི་ཟས་སྣོད་ཁྱད་པར་ཞིག་ཡིན་པ་ཤེས་ཡོད།ང་རང་ལོ་ན་སོན་རྗེས་ངས་གཞི་ནས་ཕོར་བའི་རིན་ཐང་ཤེས་སོང་།མ་གཞི་ཕོར་བ་ནི་ཤིང་དང་རྡོ་བ།ལྕགས་ཟངས་དངུལ་གསེར་སོགས་གྲུབ་ཆ་མི་གཅིག་པའི་མིའི་རིགས་ཀྱི་འཚོ་བའི་ཡོ་བྱེད་གལ་ཆེན་ཞིག་རེད།དེ་ཡང་མི་རིགས་སོ་སོ་དང་ཡུལ་ལུང་སོ་སོ་ལ་རང་རང་གི་ཡུལ་སྲོལ་གཤིས་དང་མཐུན་པའི་ཕོར་བ་སྤྱོད་སྟངས་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་རེད།དཔེར་ན་རྒྱའི་ལུགས་ལ་ཕོར་བའི་བདག་པོ་ངོས་བཟུང་མེད་ལ།བོད་ལུགས་ལ་ངོས་བཟུང་ཡོད་པ་ཡིན།ང་ཚོ་བོད་ལ་མཚོན་ན་ཕོར་བ་ནི་མི་ཚེ་གཅིག་གི་ནང་ཆེས་བེད་སྤྱོད་རིང་ཤས་ཀྱི་ཅ་ལག་ཤིག་ཡིན་ལ་ཅ་ལག་འདི་སྐྱེས་བ་ནས་འཆི་བའི་བར་དུ་བདག་པོ་རང་ཉིད་མ་གཏོགས་དེའི་ཕ་མ་སྤུན་མཆེད་ཀྱིས་ཀྱང་བེད་སྤྱོད་མི་གཏོང་བ་དང་གལ་སྲིད་ཕོར་བའི་བདག་པོ་དེ་ཚེ་རྫོགས་ནས་འཆི་བ་ཡིན་ན་དེའི་ཕོར་བ་དང་དངོས་བསགས་ཚང་མ་ཡང་བླ་མར་འབུལ་བའི་ཡུལ་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཡོད།ཕོར་བ་ནི་བདག་པོ་དང་འགྲོགས་ནས་སྟོད་ཉི་མ་ལྷ་སར་སོང་མྱོང་ལ་བདག་པོ་མཉམ་དུ་བར་དབུས་གཙང་རི་བཞི།སྨད་མདོ་ཁམས་སྒང་དྲུག་དག་ལའང་སྐྱོད་མྱོང་།དེ་བས་ཕོར་བ་ནི་མི་ཚེའི་འགྲུལ་བཞུད་རིང་མོ་ཁྲོད་དུ་མེད་ཐབས་མེད་པའི་ཅ་ལག་བཟང་བོ་ཞིག་རེད།

             ཕོར་ལའང་ཤིང་གི་ཕོར་བ་དང་རྡོ་བའི་ཕོར་བ།ལྕགས་ཀྱི་ཕོར་བ།ཟངས་ཀྱི་ཕོར་བ།དངུལ་གྱི་ཕོར་བ།གསེར་གྱི་ཕོར་བ་ལ་སོགས་ཀྱི་དབྱེ་མང་པོ་ཡོད་པ་དང་དེ་ཉིད་བེད་སྤྱོད་སྟངས་ནི་ཤིང་བཟོ་པའི་ཤིང་ཕོར་དང་རྡོ་བཟོ་བའི་རྡོ་ཕོར།ལྕགས་བཟོའི་ལྕགས་ཕོར།དངུལ་བཟོ་བའི་དངུལ་ཕོར།གསེར་བཟོ་བའི་གསེར་ཕོར་བཀོལ་བ་འམ་ཡང་ན་མི་སེར་དཀྱུས་མ་ཚོས་ཤིང་ཕོར་དང་དམག་མིས་ལྕགས་ཕོར།དམག་དཔོན་གྱིས་ཟངས་ཕོར་དང་བློན་པོས་དངུལ་ཕོར།རྒྱལ་བོའི་གསེར་ཕོར་འཛིན་པ་ཞིག་ཡིན་མོད།ཕྱིས་སུ་དུས་རབས་འཕོ་འགྱུར་གྱི་དབང་གིས་གོམས་གཤིས་དེ་དག་རིམ་གྱིས་ཉམས་ནས་ད་ལྟ་འབྱོར་ལྡན་གྱི་ཁྱིམ་ཚང་རེ་འགའ་མ་གཏོགས་དངུལ་ཕོར་དང་གསེར་ཕོར་མཐོང་སྣང་དུའང་མི་སྣང་།

               ང་ཚོ་བོད་ལ་མི་རེ་ལ་ཕོར་བ་རེ་ངོས་བཏགས་ཡོད་པ་འདི་ཡིས་དེང་དུས་སུ་འགོས་ཁྱབ་ཏུ་འགྲོ་བཞིན་པའི་གློ་གཅོང་དང་མཆིན་ཚད་ལ་སོགས་པའི་འགོས་ནད་སྣ་ཚོགས་སྔོན་འགོག་བྱེད་ཐུབ་པ་དང་དེ་མིན་གསེར་དངུལ་ཟངས་ལ་སོགས་པའི་ཕོར་བ་རྣམས་ལ་ཡང་རང་རང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་དང་རང་རང་ལ་དུག་རིགས་སྔོན་འགོག་གི་ནུས་པ་མི་འདྲ་བ་རེའང་ལྡན་པ་ཡིན་ནོ།།

             ངས་ཕོར་བ་བེད་སྤྱོད་ལས་ང་ཚོ་བོད་ལ་གནའ་སྔ་མོ་དུས་ནས་ནད་རིགས་སྔོན་འགོག་གི་ཐབས་ལམ་གསལ་བོར་ཡོད་པ་ཤེས་པ་མ་ཟད།ང་ཚོ་བོད་མི་ཀུན་ལ་ཐུན་མོང་གིས་མ་སྐུལ་རང་འགུལ་ངང་འགོས་ནད་སྣ་ཚོགས་ལ་འཐབ་རྩོད་བྱེད་པའི་འཚོ་བའི་ཡོ་བྱེད་གལ་ཆེན་ཞིག་ཡོད་པའང་ངང་གིས་ཤེས་སོང་ངོ་།།

  

གཞིས་བདག(ladeshensui)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情