མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
     
   
     
 
དགེ་བཅུའི་ཁྲིམས་དང་དྲི་བ་དྲིས་ལན།
[ 2012-12-4 16:36:06 | By: zhongjiwa ]
 
 

 

 དགེ་བཅུའི་ཁྲིམས་དང་དྲི་བ་དྲིས་ལན།

 

ཉེ་ལམ་བདག་གིས་ཞིན་ལང་ཟིན་ཕྲན་དུ༼ཚུལ་ཁྲིམས་བློ་གྲོས་ལགས།དགེ་བཅུའི་ཁྲིམས་མཚམས་འཇོག་རོགས༽ཞེས་པའི་ཟིན་ཐུང་ཞིག་སྤེལ།དེ་མ་ཐག་མི་མང་པོས་བརྒྱུད་རེས་བྱས་ཤིང་ཁ་ཅིག་གིས་དྲི་བ་རེའང་བཏོན་ཡོང་།གཤེ་གཤེ་གཏོང་མཁན་དང་མོས་མཐུན་བྱ་མཁན་ཅི་རིགས་ཤིག་མཆིས་མོད།དེ་དག་ལས་དྲི་བ་འགའ་ཟུར་དུ་བཏོན་ཏེ་ལན་ཙམ་བརྒྱབ་དགོས་འདུག་སྟེ།ཟིན་ཕྲན་དུ་ཡི་གེ་མང་པོ་ཞིག་མ་ཤོང་བས་འདིར་འགོད་རྒྱུ་ཡིན་ནོ།།

༡ཁྲིམས་དེ་ཚུལ་བློ་ཁོ་ནས་བཅས་པ་ཞིག་རེད་དམ།

ལན།ཡིན་ཀྱང་ཆོག་སྟེ་མ་ཡིན་ཀྱང་རུང་གིས།ཚུལ་བློ་གཙོས་ཁ་ཅིག་གིས་མཉམ་དུ་བཅས་པ་ཡིན་ཀྱང་ཆོག །སྔོན་ཆད་ཁྲིམས་ཟེར་བ་རྒྱལ་བོས་བཅའ་རྒྱུ་ཞིག་སྟེ།རྒྱལ་བོས་ཅི་གསུངས་མ་ལུས་ཁྲིམས་སུ་ཆགས་ནས།རྒྱལ་བོའི་མངའ་ཁུངས་སུ་གྱུར་བ་ཐ་དག་གིས་རྒྱལ་བོ་གང་གི་དགོངས་པ་ནི་ཆེས་བསྙོན་དུ་མེད་པ།གོང་ན་མེད་པ།བླ་ན་མེད་པ།སྒུལ་དུ་མི་རུང་བའི་སྲུང་བྱ་ཞིག་ཏུ་འཛིན་གྱི་ཡོད་ཅིང་།སྒྲུང་ལྡེའུ་བོན་སོགས་རྒྱལ་བོའི་ཆེ་བ་བརྗོད་པ་དང་མི་མང་གི་མགོ་བོ་གུག་ཏུ་འཇུག་སྤྱད་ཀྱི་རིག་པའང་ཤིན་ཏུ་དར།སྐབས་རེར་མི་མང་གི་བདེ་སྡུག་ལ་རྒྱབ་ཀྱིས་ཕྱོགས་པ་ཐལ་དྲག་ཚེ་དེའི་ཁ་གཏད་དུ་སྡེ་གཟར་དང་གྱེན་ལོག་ཟམ་མི་འཆད་པར་འབྱུང་ཞིང་།རྒྱལ་བོས་ཕྱིར་དྲག་པོའི་སྦྱོར་བས་གཞོམ་གཞིག་གཏོང་ཐབས་བྱས་ཏེ་སིལ་བུར་མ་འཐོར་བ་ཙམ་རྒྱུན་སྲུང་ཅིང་།སྐབས་རེར་འཐོར་ཀྱང་འགྲོ་སྟེ།དེ་མ་ཐག་སླར་ཡང་དེ་ལྟ་བུ་ཞིག་གིས་ཚབ་བྱས་ཏེ་ལོ་རྒྱུས་ཀྱི་གཡབ་མོ་བསྐྱར་དུ་འཁྲབ་པར་བྱེད།དེ་ལ་ལོ་རྒྱུས་མཁས་པ་ཚོས་སྔ་མོའི་རྒྱལ་བོས་སྲིད་དབང་སྒེར་སྡོམས་ལམ་ལུགས་ཞེས་ཏེ་འབོད།དེང་གི་དམངས་གཙོའི་རྒྱལ་ཁབ་ཏུ་ཁྲིམས་ཟེར་བ་ཁྲིམས་འཛུགས་སྡེ་ཁག་གིས་བཅའ་བཞིན་ཡོད་ཅིང་།དེའང་སྤྱི་དམངས་ཀྱི་མངོན་འདོད་མཚོན་ཐུབ་པ་རྨང་གཞི་བྱས་ཐོག་རྩ་ཁྲིམས་དང་དེ་ལ་གཞི་བྱས་པའི་བཅའ་ཁྲིམས་བསྒྲིག་གི་ཡོད།དེའང་དུས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་འགྱུར་བ།སྤྱི་འབངས་ཀྱི་དགོངས་པ་ལ་ལྟོས་ཏེ་སྣོན་འཕྲི་དང་ཞུ་དག་ཡོ་སྲོང་ཡང་ཡང་གནང་པ་ཡིན།ཡིན་ནའང་།ཚུལ་བློ་སོགས་སུ་རེད་དམ།སྔོན་མ་དེ་རེད་དམ་རྗེས་མ་དེ་རེད།ཁོ་ཅག་ལ་ཁྲིམས་ཤིག་བཅའ་རྒྱུའི་དབང་ཆ་ཞིག་གང་ན་ཡོད་དམ།དེ་སུས་སྤྲད་པ་རེད།

 

༢ཁྲིམས་མ་རེད་སྲོལ་རེད།དགེ་བཅུའི་སྲོལ་རེད།

ལན།ཁྲིམས་མ་རེད་ལ་སྲོལ་ཀྱང་མ་རེད།ཁྲིམས་དང་སྲོལ་གཉི་ཀར་ཁྱད་པར་ཆེ་ནའང་།སྲུང་བྱ་ཞིག་ཡིན་པའི་ཆ་ནས་འདྲ་ཞིང་།གཅིག་ལ་བཙན་ཤུགས་ཀྱི་རང་བཞིན་དང་ལྡན།ཅིག་ཤོས་སུ་བཙན་ཤུགས་ཀྱི་རང་བཞིན་དང་བྲལ།དེ་ལྟ་ན།དགེ་བཅུའི་ཁྲིམས་དང་འགལ་བྱུང་བ་དག་རྒྱང་ཕུད་དུ་གཏང་བ་དང་།ཆོས་སྒོ་བརྒྱབ་པ།ཆད་པ་ཅི་རིགས་གཅོད་པ་སོགས་བཙན་ཤུགས་ཀྱི་ཆ་དང་ལྡན་པས་སྲོལ་ཙམ་མིན།ཁྲིམས་རེད་ཟེར་ན།ཁྲིམས་ཀྱི་གཅུན་ནུས་དེ་གང་ནས་ཐོན་པ་དང་གཅུན་ཚད་ཇི་འདྲ་ཡིན་པ།མི་མང་གིས་ཁེས་ལེན་མིན་དང་།ཁེས་ལེན་ཚེ་ཇི་ལྟ་བུར་ཁེས་ལེན་པ་སོགས་ཀྱི་ངོ་ནས་བལྟས་ན།ཁྲིམས་ཀྱི་ཁྱད་ཆོས་དང་ཡང་མི་ལྡན་ན།འདི་ནི་ཚུལ་བློ་སོགས་ཀྱིས་དད་པ་ལག་ཆར་བྱས་ཏེ་གང་འདོད་འདོད་དུ་མང་ཚོགས་ལ་བརྙོས་བཅོས་གཏོང་ཐབས་ཤིག་ལས་གང་ཡང་མིན།དེ་སྔོན་དགེ་བཅུའི་ཁྲིམས་ཞེས་གསལ་བོར་འདུག་ཀྱང་།ཉེ་ཆར་དགེ་བཅུའི་སྲོལ་ཞེས་ཁ་བྱང་ཙམ་པོ་བརྗེ་སྤོར་བྱས་འདུག།ཁ་བྱང་གི་འགྱུར་བ་ཙམ་པོ་ལས་ནང་དོན་དང་བྱེད་ཚུལ་སྔོན་དང་གཅིག་པ་རེད།འདིའང་མདོར་ན་ཚུལ་བློ་སོགས་ཀྱིས་ཨ་ཞང་ཚང་གི་འཁྲབ་སྟོན་ལ་སློབ་སྦྱོང་བྱས་པའི་གྲུབ་འབྲས་ཤིག་རེད།ཡིག་ཐོག་ནས་ཡག་བཅོས་བྱས་ཏེ་དངོལ་ཚུལ་ལ་འགྱུར་མ་མི་གཏང་བ་འདི་རེད།

༣དགེ་བཅུའི་ཁྲིམས་ཚུལ་བློ་སོགས་ཀྱིས་གསར་དུ་བཅས་པ་ཞིག་རེད་དམ།

ལན།མ་རེད་དམ།སྲུང་བཙན་སྒམ་པོས་ལྷ་ཆོས་དགེ་བ་བཅུ་ལ་གཞི་བྱས་ཏེ་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་ཞེས་ཡོད།ཡིན་ཀྱང་།དེ་ནི་དོགས་པ་ཟ་འོས་པ་ཞིག་རེད།མི་ཆོས་གཙང་མ་བཅུ་དྲུག་ལའང་ལོ་རྒྱུས་ཐོག་འདྲེན་ཚུལ་མི་མཐུན་པ་གཉིས་བྱུང་ཡོད་པ་རེད།ཡིན་ཀྱང་དེ་ནི་སྐབས་སུ་བབས་པ་རང་མ་རེད།དེ་ལྟ་ཡིན་པའི་དབང་དུ་བཏང་ཡང་སྔ་གཞུག་གཉིས་ཀྱི་ནང་དོན་ཁ་ཁ་སོ་སོ་རེད།རྦད་དེ་གཅིག་པ་མ་རེད།བརྒྱ་ལ་བཙན་པོའི་སྐབས་ཀྱི་དགེ་བཅུའི་ཁྲིམས་འདས་ལོག་བྱས་བཏང་པ་ཡིན་རུང་།ད་ལྟ་དུས་རབས་ནམ་ཞིག་རེད།ཡང་ན།སྔོན་མ་དེ་བཅའ་མཁན་རྒྱལ་བོ་རེད།ཚུལ་བློ་སོགས་སུ་རེད།

༤དགེ་བཅུའི་ཁྲིམས་ནི་མི་མང་ལ་དྲིས་ཏེ་དམངས་གཙོས་བཅས་པ་ཞིག་རེད།

ལན།ཨེ་རེད།དམངས་གཙོ་ནི་སྤྱི་དམངས་རེ་རེ་སྒེར་ཚུགས་ཐུབ་པའི་སྔོན་འགྲོའི་འོག་ཏུ་མི་གཅིག་ལ་འདེམ་འོག་གཅིག་འཕེན་དབང་ཡོད་པའི་སྲིད་ལུགས་ཤིག་རེད།དད་ལྡན་མང་ཚོགས་རྣམས་ནི་ཚུལ་བློ་སོགས་ཀྱི་དབང་དུ་ཡོངས་སུ་གྱུར་ཡོད་པས་ན།དམངས་གཙོ་ཟེར་བ་ཞིག་ཡོང་དཔེའམ།ཡང་ན།དེར་མ་འཐད་པའམ་དེར་འགལ་བྱུང་བ་དག་ལ་སྦྱོར་བ་གང་འདྲ་ཞིག་བརྩམས་ཡོད་པ་སོགས་ས་དེ་གའི་མི་ལ་དྲིས་དང་གསལ་བོ་རེད་དོ།

༦མཚམས་འཇོག་དགོས་དོན་གང་རེད།

ལན།རང་ཅག་བོད་པར་ཆ་མཚོན་ན།འབྲོག་ལས་རྐྱང་བ་ལས་ཞིང་ལས་མེད།ཡང་ན་མཚན་ཉིད་དང་ལྡན་པའི་ཞིང་ལས་ཤིག་མེད།དེའང་ས་ཁམས་ཀྱིས་ཐག་བཅད་པ་རེད།དགེ་བཅུའི་ཁྲིམས་ཀྱིས་རང་ཅག་གི་འཚོ་བའི་རྟེན་གཞི་ཡེ་མེད་བཟོས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད།ད་དུང་མཐོ་སྒང་རིག་གནས་ཀྱི་རྨང་རྐང་ཧྲིག་ཧྲིག་བྱེད་ཀྱི་ཡོད་པ་རེད།

༧དཀར་ཟས་བསྟེན་ན་མི་ལེགས་སམ་།དམར་ཟས་ལེགས་སམ།

ལན།འདི་ནི་དཀར་ཟས་བསྟེན་ནམ་དམར་ཟས་བསྟེན་ཙམ་གྱི་གནད་དོན་ཞིག་མ་རེད།འཚོ་གནས་ཀྱི་གནད་དོན་ཞིག་རེད།དཔལ་འབྱོར་རྨང་གཞིའི་གནད་དོན་ཞིག་རེད།རིག་གནས་ཀྱི་གནད་དོན་ཞིག་རེད།དཀར་དམར་གང་བསྟེན་མིན་ནི་མི་སྒེར་སོ་སོས་གདམ་གསེས་ཤིག་རེད།

༨མོས་མཐུད་ཡོད། ཡིན་ཀྱང་ཉལ་ཐ་འཐེན་མི་ཆོག་སོགས་བཟང་བོ་འདུག

ལན།མང་ཚོགས་ཀྱི་ཁྲོད་དུ་ཉལ་ཐ་འཐེན་མཁན་ཀྱང་ཡོད་དམ།ཁོ་པ་ཚོས་ཉལ་ཐ་ཁུག་གམ།ཡང་ན་ཉལ་ཐ་ཟེར་བ་ཞིག་མཐོང་ཡོད་མེད་ཀྱང་བཤད་དཀའ་ཞིང་།ངས་གློག་བརྙན་ལས་མ་གཏོགས་མཐོང་མྱོང་མེད་དོ།

   སྨད་ཚོང་མ་མི་བསྟེན་པ།རྔོན་མི་བྱ་བ།གཅན་གཟན་གྱི་པགས་པ་མི་གྱོན་པ་སོགས་ཀྱང་འདུག་ཨེ།

ལན།རྔོན་མི་བྱ་བ་དང་གཅན་གཟན་གྱི་པགས་པ་མི་གྱོན་པ་སོགས་ནི་བོད་ཀྱི་སྤྱི་ཚོགས་སྟེང་སྔོན་ནས་ཐག་བཅད་ཟིན་པ་ཞིག་རེད།གྲངས་ཀྱིས་མ་ལོངས་པ་ཡིན་ནམ་ཅི་རེད།

༩ཁྱོད་ཅག་བཤད་ལ་དགའ་བ་དག་གིས་རང་རིགས་ལ་ཤ་ཚ་བའི་་་་་་་་་་་

ལན།ང་རང་བཤད་ལ་དགའ་བ་མིན།འདི་རྣམས་ང་ཡི་འོས་འགན་རེད།

ཞོར་འཕྲོས་རྣག་ཏུ་འགུག་པ།

ལོ་ངོ་མང་པོའི་ཡར་སྔོན་དུ།ཧིན་རྡི་ཕྱེད་གླིང་དང་ཡ་གླིང་སྐམ་ས་གཉིས་ཀྱི་གདོང་ཐུག་འོག་ཧི་མ་ལ་ཡའི་རི་རྒྱུད་དང་།དེའི་མཐའ་འཁོར་དང་བཅས་པ་སའི་གོ་ལའི་ངོས་ནས་ཡར་འབུར་དུ་བཅུག་སྟེ།གཟེངས་ཆེས་མཐོ་ཞིང་།རྒྱ་ཁྱོན་ཆེས་ཡངས་པའི་མདོ་དབུས་མཐོ་སྒང་དུ་གྲགས་པ་འདི་གསར་དུ་བསྐྲུན།ས་ཁམས་རིག་པས་འདིར༼ཧི་མ་ལ་ཡས་རི་གཏོད་ཡོ་འགུལ༽དུ་འབོད་དེ།ལྷོ་སྣེ་གླིང་དང་བྱང་སྣེ་གླིང་ལ་དཔུང་བ་མཉམ་གཤིབ་ཏུ་འཛམ་གླིང་གི་སྣེ་གསུམ་པ་ཞེས་ཀྱང་ཐོགས་ཡོད་ཅིང་།མཐོ་སྒང་འདི་ད་དུང་ཡང་ཟམ་མ་ཆད་པར་ཡར་སྐྱེ་བཞིན་ཡོད་པས།ས་ཁམས་རིག་པས་འདིར་ཆེས་ལོ་ན་གཞོན་པའི་མཐོ་སྒང་ཞེས་ཀྱང་བྱ།དེའི་སྟབས་ཀྱིས་བྱང་འཕྲེད་ཀྱི་ཏུའུ་ཉེར་བདུན་ནས་སོ་བདུན་དུ་ཡོད་པའི་གནས་འདིའི་བྱང་མཐའ་སྤྱིར་བཏང་ཅི་ནན་དང་ཐེ་ཡོན།ལོ་ཧྲན་ཅི་དང་ཐིགས་གཅིག་གི་སྟེང་འཁེལ་ཡོད་ཅིང་།ལྷོ་མཐའ་ཁྲང་ཧྲ་དང་ནན་ཁྲང་།ཞིན་ཏི་ལི་སོགས་དང་ཚོད་གཅིག་པའི་ཡ་གླིང་དྲོད་ཁུལ་གྱི་ཆར་གཏོགས་པ་ཡིན།གལ་སྲིད་རང་ཅག་འཚོ་ས་འདི་མཐོ་སྒང་མ་ཡིན་པར་ས་ཆ་གཞན་དེ་དག་དང་གཅིག་མཚུངས་སུ་ཡོད་ཚེ།དེ་དག་ཏུ་ཡོད་ཐུབ་པའི་ཞིང་ལས་ཀྱི་རྣམ་གྲངས་གང་ཡིན་འདིར་ཀྱང་ཡོད་ཆོག་ཆོག་ཡིན་མོད།རང་ཅག་གི་ས་བབས་འདི་མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་སུ་བཞི་སྟོང་དང་ལྔ་སྟོང་དུ་ཡོད་ཅིང་།རི་མང་ཤོས་ཤིག་དྲུག་སྟོང་ལས་བརྒལ་བར་བྱས་ཏེ།སའི་གོ་ལའི་ཕྱི་ངོས་སུ་ཉལ་ཐུལ་གྱིས་བཞིན་གཡོགས་པའི་རླུང་ཁམས་ཆེན་མོའི་དྲོད་འཛིན་ཁྱབ་ཁུངས་ལས་ཡར་བུད་དེ།དབྱང་རླུང་དཀོན་ཅིང་གྲང་ལྷག་དང་བུ་ཡུག་གི་འཚུབ་མ་ཆེས་རྒོད་པའི་གནས་ཤིག་ཏུ་གྱུར་ཡོད་པས་ན།འདི་རུ་མཚན་ཉིད་དང་ལྡན་པའི་ཞིང་ལས་ཤིག་གི་མགོ་ཚོས་མ་ཐུབ་པ་རེད་ཅིང་།དེ་དག་ཀྱང་ནམ་ཟླའི་དཔེ་གཟུགས་སྟེང་།རང་ཅག་གི་གནས་མལ་འདིའི་གནོན་མཚུངས་ཐིགས་དང་གནམ་གཤིས་སྙོམས་ཁྱད།དྲོད་མཚུངས་ཐིགས་ལ་སོགས་ཀྱི་དཔེ་རིས་ཟུམ་གོར་ཅན་དག་ལ་བལྟས་ན།ཆར་ཆུ་མི་སྙོམས་པ་དང་ས་རྒྱུ་སྲ་འགྱུར་དུ་ཡོད་པ་སོགས་ཀྱང་ཤེས་ཐུབ་ཀྱི་རེད།དེ་བས་བོད་པ་དག་གིས་ལོ་ངོ་ཆིག་སྟོང་མང་པོའི་རིང་འབྲོག་ལས་ཁོ་ན་ལ་བསྟེན་ཏེ་འཚོ་བ་རོལ་ནས།མཐོ་སྒང་འདིར་བདག་པོ་བརྒྱབ་ཐོག་ལྷུ་ལག་དང་སོ་ཁ་འགྲིག་པའི་འབྲོག་ལས་རིག་གནས་ཤིག་དཀའ་བས་གསར་དུ་བསྐྲུན་ཡོད།དེ་ནི་རང་ཅག་གིས་མཐོ་སྒང་མ་དོར་ཞིང་།མཐོ་སྒང་གིས་རང་ཅག་མ་བསྐྱུར་བར་སྒོ་ཕྱུགས་དང་ཕན་ཚུན་གཅིག་ལ་གཅིག་བསྟེན་གྱིས་བསྐྱལ་བའི་འདས་པ་དང་ད་ལྟའི་ལོ་རྒྱུས་རང་རེད།ཡང་ན།ལོ་ངོ་སྟོང་ཕྲག་གི་རིང་བོད་པ་དག་ཕས་རྒོལ་གྱིས་མ་ཐུལ་བའང་།མདོར་ན་བོད་པ་དག་དཔའ་ངར་དང་ལྡན་པས་མ་ཡིན་མོད།ཕ་རོལ་གང་དེ་མཐོ་སྒང་གི་ས་བབས་འདིར་འཕྲོད་བྱེད་ཀྱི་རིག་གནས་ཀྱིས་དབུལ་བས་མ་ནུས་པ་རང་རེད་དོ།

དེ་ཡང་དུས་རབས་ཉི་ཤུ་བའི་ནང་དབྱིན་ཇིས་བོད་ལ་བཙན་འཛུལ་བྱེད་སྐབས་ཀྱང་།ང་ཚོ་སྐྲག་ས་ནི་བོད་མ་ཡིན་པར་བོད་ཀྱི༼གནམ༽རེད་ཅེས་དམག་དཔོན་རུང་ཧོ་ཧྥང་གིས་བཤད་དེ།ཁོ་ཚོའི་དམག་མི་མང་པོ་ཞིག་རྫ་གདུག་བརྒྱབ་པ་དང་ན་ཆུར་ཚུད་པ།རི་གཟར་དུ་འགྲིལ་བ།གྲང་ལྷག་ཁྲོད་འཁྱགས་ཤི་ཐེབས་པ་ལ་སོགས་པར་ཕྱིར་དྲན་བྱས་ཡོད་འདུག།དེ་བས་ཀྱང་།དེའི་རྗེས་སུ་དམར་དམག་ཕོན་ཆེ་བ་བོད་དུ་དཔུང་བསྐྱོད་བྱེད་དུས་སུ།ཁོ་པ་ཚོས་བོད་ཡུལ་གྱི་གྲང་ལྷག་ལ་གཞན་ལས་ལྷག་པའི་འཚེར་སྣང་བྱས་ཡོད་པ་མ་ཟད།དོ་ནུབ་ང་ཚོ་འདིར་གཉིད་དུ་ཡུར་རྗེས་སང་ཉིན་འཕགས་རྒྱུ་ཡོད་མེད་ནི་སེམས་ཁུར་ཆེ་ཤོས་ཡིན་ཞེས་སོགས་འདུག།དེ་ཡང་ཡིན་ཏེ།མེ་སྦར་བྱེད་ཀྱི་འབར་རྒྱུ་ལག་ཏུ་མ་ཐོག་པར་འཁེང་ནས་ཕྱིད་སོང་བ།དབྱང་རླུང་གིས་མ་ལྡང་བར་འགྱེལ་སོང་བ།ལྟོགས་ནས་གྲིར་སོང་བ་གྲངས་ཀྱིས་མི་ལང་པར་བཤད།།

མི་ནི་མ་གཞི་ནས་བཟང་ངན་སྐྱ་འཐབ་ཅིང་།བསམ་པའང་ལན་རེར་དཀར་ཞིང་མཚམས་རེར་གནག་པ།འདི་ལ་བྱམས་མོད་གན་ལ་སྡང་བ།སྙིང་རྗེ་དང་ལྡན་ཞིང་གཤིས་ངན་ཀྱང་ཡོད་པ།ཁེ་ཕན་ལ་ནི་འབུར་ཚུགས་སུ་ལྟ་མཁན་ཞིག་ཡིན་པ་མི་ཇུས་རིང་ལུགས་པ་ཚོས་ཁེས་ལེན་ཅིང་།དེ་ལྟ་ནའང་།གང་གི་རང་དབང་ལ་མ་བསྙོན་པའི་སྔོན་འགྲོའི་འོག་དེ་སོགས་ཡོད་ཆོག་ཆོག་ཏུ་སྟོན་ཅིང་དེར་འཐད་ཀྱང་འཐད་དོ།ནོར་ལུག་ལ་ཆ་མཚོན་ན།བོད་པ་དང་ཆེས་ཐད་ཀའི་ཁེ་ཕན་ནི་བཤས་འཚོང་བྱ་རྒྱུ་རང་རེད་དེ།གལ་སྲིད་དེའང་གཅད་དགོས་པ་ཞིག་ཏུ་ཆགས་ཚེ།ཏག་ཏག་ས་དེ་གའི་མི་རྣམས་ཀྱིས་༼ད་ནི་ང་ཚོས་ཟོག་ལུག་རྣམས་ཨེ་འཆི་ལ་སྒུག་བསྡད་ཡོད༽ཅེས་པ་ནང་བཞིན།ལོ་ངོ་འགའ་ཙམ་མ་འགོར་བར་ཟོག་ལུག་གི་གཏིང་རྩ་བ་ནས་འཆད་རྒྱུ་ཡིན་པ་དེ་རེད།ལོ་ངོ་སྟོང་ཕྲག་གི་རིང་བསྲུ་ཚགས་དང་སེར་སྣས་བསོགས་ཤིང་ཤ་མ་ལྷོད་པར་འཚོས་ནས་འོང་ནའང་།ཁ་བ་སོགས་རང་བྱུང་གི་གནོད་འཚེ་དང་།སྤྱང་ཀི་སོགས་ཤ་བཟན་གྱི་ཁ་གདུག་འོག་སྔར་བཞིན་དུད་ཁྱིམ་རེར་ཆ་སྙོམས་སུ་ཟོག་ལུག་ཉིས་བརྒྱ་ཡས་མུས་ལས་ལྷག་ཏུ་བཅུག་མི་འདུག་ན།གལ་སྲིད་རྫི་བོ་རྣམས་ཀྱིས་ཤ་ཅུང་ཟད་གློད་པར་བྱས་ཚེ།ལོ་འགའ་ཙམ་ཞིག་ཀྱང་འགོར་མིན་ཤིན་ཏུ་བཤད་དཀའ།གལ་སྲིད་དེ་འདྲ་ཞིག་དངོས་གནས་ཡིན་ཚེ།དེ་དང་དེ་འབྲེལ་གྱི་སྦྲ་ནག་གི་རིག་གནས་དང་།སྐྱེལ་འདྲེན་གྱི་རིག་གནས།གྱོན་ཆས་དང་བཟའ་བཅའི་རིག་གནས་ཀྱིས་བསྒྲུབ་པའི་ལུས་དང་སྟོབས།དེ་འབྲེལ་གྱི་ཀླད་པ་དང་ཤེས་ནུས།ལ་སོགས་རྟེན་དང་རྟེན་འབྱུང་གིས་གས་ཆག་ཏུ་འཐོར་ཏེ།ཇི་མྱུར་གང་མགྱོགས་ཀྱིས་དུས་ཀྱི་མཐའ་ཅན་དུ་བྱ་རྒྱུར་ཤིན་ཏུ་མི་རིང་།ཡང་ན།བོད་པ་རྣམས་ཀྱིས་དེ་འདྲའི་གྲང་ལྷག་གི་མདུན་དུ་བུད་ཤིང་དང་ནོར་གྱི་ལྕི་བ་ཉི་མར་ལྡེ་སྟེ་ཨོང་བ་མེ་རུ་སྦར་ནས་ལུས་ཀྱི་དྲོད་ཚད་གོར་ཐིག་གི་མན་དུ་ལྷུང་མ་བཅུག་པ་ཡིན་ཏེ།རང་ཅག་གི་དམངས་ཁྲོད་གཏམ་རྒྱུད་དུའང་།བུ་དབུལ་བས་བུད་ཤིང་འཐུས་ཏེ་རང་ཁ་གསོས་སོགས་དང་།ཡང་ན་ཆེ་གེ་མོ་བུད་ཤིང་འཐུ་རུ་སོང་སྟེ་འདྲེ་སྲིན་དང་ཕྲལ་སོགས་འབར་རྒྱུ་དང་འབྲེལ་བའི་བཤད་ཚུལ་མང་པོ་ཞིག་ཐོན་ཡོད་པ་འདིའང་མདོར་ན་རང་ཅག་གིས་ཅི་ལྟར་མཐོ་སྒང་འདིའི་གྲང་ལྷག་ལ་ཁ་གཏད་འཇལ་བའི་སྐྱ་ཐིག་ཅིག་རང་རེད།དེའི་རྗེས་སུ་ནགས་ཚལ་རིམ་གྱིས་བྲུ་ཞིང་ཞོར་དུ་རི་རྒྱ་ཀློང་རྒྱ་སྡོམས་པ་སོགས་ཀྱི་ངེས་ཤེས་རྙེད་པ་ནས་བོད་པ་རྣམས་ཀྱིས་བུད་ཤིང་བསྐྱུར་ཏེ་ལྕི་བ་སྐེམ་ནས་ཨོང་བ་འབར་རྒྱུ་རང་བྱས་པ་རེད།གལ་སྲིད་ནམ་ཞིག་ནོར་རྣམས་མེད་པ་ཆགས་ཚེ་ལྕི་བའང་ཡོད་མི་སྲིད་ཅིང་།དེ་ལྟ་ན་མེའི་འབར་རྒྱུའང་ཆད་མི་འགྲོ་བའི་ངེས་པ་གཞན་དུ་མ་མཆི།སྔོན་ཆད་ད་དུང་བུད་ཤིང་ཟེར་བ་ཞིག་ཡོད་ཀྱང་།དེ་རྣམས་ད་ལྟའི་ཁོར་ཡུག་སྲུང་སྐྱོབ་སོགས་འཛམ་གླིང་གི་དགོངས་པ་དང་ཡང་མི་མཐུན་པས་ཁྲིམས་གཞན་ཞིག་ལ་འགལ་ཡོད་ཀྱང་སྲིད།ཡང་ཚུལ་བློ་སོགས་ཀྱིས་གཡོག་རྒྱུགས་བྱོས་དང་ཆོག་ཟེར་༼འོད་སྡེར་ལས་་་༽གྱི་འདུག་མོད།མི་རིགས་ཤིག་ཧྲིལ་གྱིས་གཞན་གྱི་གཡོག་རྒྱུགས་སུ་ཆགས་ན་དེ་ནི་ཇི་འདྲའི་འཇིགས་སུ་རུང་བ་ཞིག་ཡིན་ཨང་།།

དུས་རབས་བཅོ་བརྒྱད་པའི་ནང་དུ།དབྱིན་ཇི་བས་བཟུང་བཙོན་རྣམས་ཨོ་གླིང་སོགས་སུ་ཐོན་སྐྱེད་སྤེལ་དུ་མངགས་པ་རེད།དེའང་མི་སྒེར་གྱི་རླངས་འཁོར་གླས་ཏེ་མི་ཅི་ཙམ་རླངས་འཁོར་དུ་བུད་པ་ལྟར་གླ་ཆ་སྤྲད།ཁ་ལོ་པས་ཁེ་སྤོགས་མང་པོ་ལེན་ཆེད་དུ།མིའི་ཤོང་ཚད་ལ་མ་བལྟས་པར་རླངས་འཁོར་དུ་རྫོང་ཅི་ཐུབ་བྱས་ཏེ་ཐ་མར་དམིགས་ཡུལ་གྱི་སར་ཐོན་དུས།མི་མང་པོ་འཚང་ཀའི་ཁྲོད་གཅིར་གནོན་རྐང་སྣོག་ཐེབས་ཏེ་ཤི་ཚར་ཡོད།རྗེས་སུ་དབྱིན་ཇའིི་སྲིད་གཞུང་ལ་བྱ་ཐབས་ཟད་དེ།དམིགས་ཡུལ་གྱི་སར་ཐོན་དུས་མི་དུ་མར་འབབ་རྒྱུ་ཡོད་ན་དེའི་གྲངས་ཀ་ལྟར་གླ་ཆ་སྤྲོད་རྒྱུ་བྱས་པས།མི་གྲངས་ཤི་ཚད་དེ་མ་ཐག་མར་འགྲིབ།འདི་ལས་ཤེས་ཐུབ་པ་ནི།ལམ་ལུགས་ངན་པས་མི་བཟང་མི་ངན་དུ་བསྒྱུར་འགྲོ་ཞིང་།ལམ་ལུགས་ཡག་པོས་མི་ངན་མི་བཟང་དུ་བསྒྱུར་འགྲོ་བ་དེ་རེད།ངས་ནས་དགེ་བཅུའི་ཁྲིམས་ཀྱི་ཉེས་པ་དེ་ཨོང་བ་ཚར་རྒྱུ་ཡིན་པའི་སྟེང་ནས་གླེང་ཡོད་ཅིང་།གལ་སྲིད་དེ་ལྟ་བུའི་དུས་ཤིག་དངོས་གནས་སླེབས་ཚེ།རྐུ་བྱ་མཁན་དང་ཇག་བྱེད་མཁན།མེ་གཏོང་མཁན་དང་།གྲི་འཛིང་བྱེད་མཁན།བོའུ་ཉོ་མཁན།རྔོན་བྱེད་མཁན།སྨད་འཚོང་མཁན་ལ་སོགས་པ་ལྡབ་འགྱུར་གྱིས་ཇེ་མང་དུ་འགྲོ་སྲིད་པ་བརྟག་པས་ཤེས་ཐུབ་ཅིང་།རྒྱུ་མཚན་མི་ནི་ཐལ་མཐའ་རུ་དེད་དྲག་ན་ཐ་མར་ཅི་ཡང་བསྒྲུབ་ཐུབ་པའི་སྲོག་ཆགས་ཤིག་ཡིན་པས་སོ།དུ་ཆང་བསྟེན་ཆོག་མིན་སོགས་ཀྱང་མི་སྒེར་སོ་སོའི་གདམ་གསེས་ཤིག་ལས་བཙན་པོ་གཉའ་འཇོག་གིས་འགོག་རྒྱུ་ཞིག་ཡིན་མིན་བཤད་དཀའ་ཞིང་།བཟའ་ཆས་རིགས་གང་ཡིན་ཀྱང་དེ་ལ་ཕན་གནོད་གཉིས་ཀྱི་ཆ་དང་ལྡན་པ་ཡིན་པས།དེའི་གནོད་པ་ཁོ་ནར་གཅེར་ཏེ་ཡོད་ཚད་གཅད་དགོས་ན།ནམ་ཞིག་རྩམ་པའང་གཅད་མི་དགོས་པའི་ངེས་པ་གཞན་དུ་མེད།དེ་བས་ཀྱང་།ཁམས་ཕྱོགས་སུ་དགེ་བཅུའི་ཁྲིམས་དང་འགལ་བ་རྣམས་ལ་ཆོས་སྒོ་བརྒྱབ་པ་ཡིན་སོགས་མང་ཞིང་།སྨིན་དྲུག་གི༼དགེ་བཅུའི་ཁྲིམས་དང་དངོས་ཚུལ༽ཞེས་པའི་མུ་འགྲེལ་ཟིན་བྲིས་སུའང་གསལ་ཏེ།དཔེར་ན།ཞོ་ཚང་གི་ཚོ་བ།རྭ་མང་པད་མ་ཟེར་བ་ཞིག་གིས་ཁོ་རང་གི་སྒོ་ཟོག་བཙོངས་པས་དགེ་བཅུའི་ཁྲིམས་ལ་འགལ།དེའི་རྐྱེན་གྱིས་ཁོ་ལ་ཆོས་སྒོ་བརྒྱབ།དེ་རྗེས་དེ་ཚང་གི་བྱིས་པ་ཞིག་ཤི་བ་དང་།ཆོས་སྒོ་ཕྱེ་རྒྱུར་ཞུ་བ་མང་བོ་བཏོན་ཀྱང་ཆོས་སྒོ་མ་ཕྱེས།མཐར་བླ་སེར་གཅིག་ཀྱང་མ་ལོན་པར།སྡུག་ཐུག་ནས་བྱིས་པའི་རོ་དེ་ཁོ་རང་གིས་ཆུ་ནང་དུ་གཡུགས་དགོས་བྱུང་ངོ་།།

ངོས་དོན་གྱི་ཆོས་ལུགས་པ།མིང་དོན་མཚུངས་པའི་རི་ཁྲོད་པ།འཁོར་བ་རྒྱབ་ཏུ་དོར་ཏེ་བློ་ཕུགས་ཆོས་དང་ཆོས་ཕུགས་བྲག་ལ་གཏོད་མཁན་གྱི་ཤར་སྐལ་ལྡན་རྒྱ་མཚོ་དང་།མི་ལ་རས་པ་ལ་སོགས་ཀྱིས་ལྷུད་གཟེད་ཕྱག་ཟུང་གིས་བསྐྱོར་ཏེ་དུད་ཁྱིམ་རེ་རེའི་སྒོ་ཉུལ་བྱེད་སྐབས།ཡོན་བདག་གི་ཞལ་ངོ་སྤྲིན་ནག་ལྟར་འཐིབ་ཅིང་ཆུ་ཁོལ་ལྟ་བུར་གདུ་བཞིན།ཟས་ཏུལ་འབྲུ་ཙམ་ཞིག་ཀྱང་མ་བྱིན་པ་མ་ཟད།ད་དུང་གཤེ་གཤེ་གཏང་བཞིན་སྒོར་དེད་བྱུང་བའི་དངོས་ཚུལ་འགའ་རེ་ཁོང་རྣམས་ཀྱི་རྣམ་ཐར་ལས་མཐོང་མྱོང་ཡང་།ཞིབ་ཏུ་སེམས་ཚེ་དེ་ལའང་ཅི་ཁག་སྟེ།འཁོར་བའི་ནང་གི་མི་རྣམས་ལ་ནི་འདང་རྒྱག་བྱེད་ས་མང་ཞིང་།ལྷག་དོན་བླ་མ་དང་སྤྲུལ་སྐུ་ཡིན་ཟེར་བ་མང་པོས་མགོ་སྐོར་དང་བསླུ་བྲིད་བཏང་པ་གྲངས་ཀྱིས་མི་ཟིན་པས་ན།སྐབས་རེར་ངོས་དོན་གྱི་སེམས་དཔའ་ཞིག་སྒོ་དྲུང་དུ་སླེབས་རུང་རྡོར་གཅོད་ཆུ་ལ་སྐྱུར་ཉེན་ཆེ་ཞིང་།ལྡོག་སྟེ།ཆོས་ལུགས་པས་མང་ཚོགས་ལ་ཆོས་སྒོ་བརྒྱབ་བཏང་ཟེར་བ་ཞིག་གོ་ཐོས་སུ་ད་ལྟའི་བར་དུ་མྱོང་ཡོད་པ་མིན་ཏེ།མང་ཚོགས་རྣམས་ཀྱིས་སྔ་ལངས་རྒྱུགས་དང་དུད་པ་གདང་རྒྱུགས་ཀྱིས་ཁབ་གསོགས་འབིགས་གསོགས་བྱས་པའི་རྒྱུ་ནོར་རྣམས་དགོན་པར་ཕུལ་ཞིང་།བླ་མ་དང་གྲྭ་ཚང་གི་སྐུ་སྲུང་ཞིང་ཞོ་ཤ་སླར་འབུལ་བར་ཨ་ཐང་བྱས་བྱས་པའི་ཐ་མར།ཁྱེད་ཅག་གིས་ཆོས་སྒོ་བརྒྱབ་པ་ཡིན་ཟེར་བ་དེ་སྟོན་པའི་ཆོས་ཕོགས་བཟའ་བའི་ཆོས་ལུགས་པ་ཞིག་ཕར་ཞོག།སྤྱིར་བཏང་གི་མི་ཀུན་སྤྱོད་དང་ལྡན་པ་ཞིག་གིས་ཀྱང་དེ་འདྲ་ཞིག་སྙིང་སྟོབས་ཀྱིས་མི་ལྡང་ཨང་།ཡང་ན།ཉེས་མེད་ཀྱི་བྱིས་པ་དེས་ནི་ཅི་ཞིག་ལན་ཡོད་དམ།འདི་རྣམས་ཁྱེད་ཅག་གིས་བྱིས་པ་ཤི་བོ་ཞིག་གི་སྟེང་ལ་བཀོལ་བའི་གདུག་རྩུབ་རང་རེད་དེ།ནང་བསྟན་ཚོང་རྫས་ཅན་དང་ཁེ་ཕན་ཅན།ཕྱོགས་རེ་བ་ཅན།བརྩེ་བ་དམིགས་ཡོད་ཅན་འདི་དག་ནི་རང་ཅག་གི་སྟོན་པས་༼གང་ཟག་ལ་མི་རྟོན་ཆོས་ལ་རྟོན༽ཅེས་པའི་རླབས་ཆེན་གྱི་དགོངས་པ་དང་དངོས་གནས་འགལ་མེད་དམ།སྐབས་འདིར་ངས་གཏམ་རྒྱུད་ཅིག་དྲན་སོས་འོངས་ཏེ།སྤྲང་པོ་ཞིག་གིས་ཁྱིམ་ཚང་ཕྱུག་པོ་ཞིག་གི་སྒོ་དྲུང་དུ་ཡོང་སྟེ་སློང་མོ་བྱས།ཁྱིམ་བདག་གིས་སྒོར་བཅུ་བྱིན།སྤྲང་པོ་དེ་ཟམ་མ་ཆད་པར་འོངས་པས་ཕྱུག་པས་ཉིན་བཞིན་དེ་ལྟར་བྱིན།ལོ་གཅིག་འགོར་རྗེས་ཕྱུག་པོས་སྤྲང་པོ་དེར་སྒོར་ལྔ་རེ་སྤྲད།ཉིན་འགའི་རྗེས་སུ་སྤྲང་བོ་ཐུགས་ཁྲོས་བཞིན་ཁྱོད་ཀྱིས་སྔོན་ཆད་ངར་སྒོར་བཅུ་རེ་སྟེར།ད་ལྟ་ལྔ་རེ་ལས་མེད་པ་འདི་ཅི་ཡིན་དྲི།ཕྱུག་པོས་ང་རང་གསར་དུ་གཉེན་བསྒྲིགས་བྱས་བཏང་བས་ད་ནས་ཁྱོད་ལ་ལྔ་རེ་མ་གཏོགས་མེད་ཅེས་པར།སྤྲང་པོའི་ཞེ་སྤོ་གཏིང་ནས་ལངས་ཏེ།ཁྱོད་ཀྱིས་ངའི་སྒོར་མོ་སྤྱད་དེ་བུད་མེད་པ་རོལ་ཏེ་ཟེར་ནས་ཕྱུར་པོར་དྲག་རྡུང་ཚ་བོ་བྱས་སོ་སྐད།།

རིག་རྩལ་བསྐྱར་དར་མ་ཐོན་པའི་གནའ་བོའི་རོ་མ་སོགས་སུ།ཆོས་བདག་ཚོས་རྒྱལ་བའི་བསྟན་པ་གོང་དུ་སྤེལ་བ་དང་།ཉམས་སུ་ལེན་པའམ་དག་ཐེར་བྱེད་པ་ལ་སོགས་ལོགས་སུ་བསྐྱུར་ཏེ།མི་སེར་གྱི་འཚོ་གནས་དང་འཇིག་རྟེན་གྱི་འཁོར་བའི་ནང་ལག་ཟུང་རིང་དུ་བརྐྱངས་ནས།ལྕེ་ཆོས་ལུགས་ལ་གཡར་ཏེ་རྣམ་རིག་རང་སྟེང་དུ་འགུལ་བཞིན།༼ཉེས་བཤགས་སྲུང་འཁོར༽ཟེར་བ་སོགས་བཙོང་ནས་རང་གི་ཁེ་ཕན་ཁོ་ན་དོན་དུ་གཉེར་ཐབས་སུ་ཅི་ཞིག་བསྒྲུབ་རྒྱུར་ངོ་མི་གནོངས་པའི་སྐབས་ཤིག་བྱུང་མྱོང་ཡོད།ཡིན་ཀྱང་།དེ་ནི་གནའ་བའི་རོ་མ་སྟེ།མང་དག་གིས་དུས་རབས་བར་མ་རུ་འབོད་པའི་མཚམས་ཤིག་རེད།ཚུལ་བློ་སོགས་ནི་དེ་དག་དང་ཡོངས་སུ་བསྡུར་ཐབས་ཡོད་མེད་བཤད་དཀའ་མོད།ཆོས་ལུགས་ཀྱི་ཕུགས་བསམ་ལྟ་བུའི་དག་ཞིང་དེ་ལུང་པ་ཉམ་ཆུང་ཞིག་ཏུ་ཇི་བཞིན་ཨུ་ཚུགས་ཀྱིས་བསྟར་ཏེ།གླིང་ན་མེད་པའི་ལྟོས་མེད་ཀྱི་ཞི་བདེ་ཞིག་ལ་མགོ་འཁོར་བ་དེས།རང་ཅག་གི་རྐང་སྣེ་རྡོ་ལ་ཐོགས་ཀྱིན་པ་ཚོར་བས་ཟིན་གྱི་མེད་མེད་འདྲ་སྟེ།འདིའང་བྱམས་བརྩེ་ལས་འཁྲུངས་པའི་ཤེས་རྨོངས་རིགས་ཤིག་ཅི་ལ་མིན་ནམ།།

མི་མང་གི་མངོན་འདོད་དང་དཔལ་འབྱོར་གྱི་འཕེལ་རྒྱས།བསམ་བློའི་ཡར་འཕེལ་བཅས་ལ་གེགས་བྱེད་པའི་རྣམ་བཞག་གང་དང་གང་ཞིག་ཡིན་ཀྱང་།དེ་རྣམས་སྐད་ཅིག་རིང་ལས་མི་སྡོད་ཆུ་ཁར་ཐོན་པའི་ལྦུ་བའི་ཚེ་ཚད་ཙམ་ལས་མི་ལྡན་པར་དེ་མ་ཐག་ཞིག་འགྲོ་བ་ཡིན་མོད།དགྱ་ནག་གི་མཁས་པ་ཚོས་རིག་གསར་གྱིས་དགྱ་ནག་གི་འཕེལ་རྒྱས་ལ་ལོ་ངོ་བཅུ་ཕྲག་གིས་ཕྱིར་སྣུར་རྒྱག་གི་བཅུག་ཡོད་ཅེས་མཐའ་སྡོམས་གནངས་པ་ནང་བཞིན།དགེ་བཅུའི་ཁྲིམས་ཀྱིས་རང་ཅག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོག་རྩ་འགུལ་མེད་དམ་དུ་བསྡམས་ཤིང་།དབུགས་ཀྱི་རྒྱུ་བ་ཧད་ཧད་དུ་བཏང་ཡོད་པས།འདི་ནི་དུས་རབས་ཉི་ཤུ་བའི་སྟོད་དུ་བྱུང་བའི་བོད་ཀྱི་ལོ་རྒྱུས་ཐོག་གི་ཆེས་ཞབས་འདྲེན་གྱི་དངོས་ཚུལ་ཞིག་ཏུ་གོ་དགོས་ཏེ།རྒན་གྲས་དག་གིས་ངའི་སྐད་ཆ་འདི་དག་གི་ཧ་གཏན་ནས་གོ་མི་ཡོང་ཞིང་།དེ་དག་ལ་མཁོ་སྔ་མོ་ནས་གཏིང་ཆད་ཡིན་པས་ཨེ་གོ་ལྟ་བུའི་རེ་བའང་བཟུང་མེད།ཡིན་ཀྱང་།ན་གཞོན་གྱི་ཚོགས་ཀྱིས་ངེས་པར་ཤེས་དགོས་ཤིང་།ཤེས་ནས་ཀྱང་བཤད་དགོས།མི་མང་པོ་སྨན་ཁང་དུ་འགྲོ་ཐུབ་ཀྱི་མེད་པར་ནད་ཀྱིས་ཀུམ་ཞིང་།བྱིས་པ་མང་པོས་ད་དུང་སློབ་རིན་ལྡང་གིན་མེད་པ་སོགས་དྲན་འོངས་ཚེ།ཁོ་ཅག་གི་སྦྱོར་བ་འདི་རྣམས་ནི་ཞེན་ཁ་ལོག་པ་ཞིག་ལས་མིན་མོད།ཐ་ན་དགེ་བཅུའི་ཁྲིམས་ཀྱིས་ཟོག་ལུག་དག་གི་བདེ་བའང་རྐེད་ཙམ་སྲུང་ཐུབ་ཡོད་པ་མིན་ཏེ།འདི་ལྟར་མུ་མཐུད་དུ་སོང་ཚེ།ཟོག་ལུག་གི་གཏིང་རྩ་བ་ནས་འཆད་རྒྱུ་ཡིན་ན།ཟོག་ལུག་དེ་དག་གིས་ཀྱང་ང་བཞིན་སྐད་ཆ་བཤད་མི་ཤེས་པ་མ་གཏོགས།ཁྱེད་ཚོས་ངེད་ཅག་གི་རབ་དགུ་རྩ་ནས་གཅོད་རྩིས་རེད་ཅེས།དགེ་བཅུའི་ཁྲིམས་ལ་རྒོལ་བ་མཐའ་གཅིག་ཏུ་གཏང་ངེས་སོ།།

 

 

 

                                                           2012-12-04ཉིན་བླ་བྲང་དུ་བྲིས།        

 

 

 

 

 

 

 

 

 
རྩོམ་ཡོངས་ཀློག་པ།(2938) | ལན་སློག(25)
 
འབྲེལ་ཡོད་ནང་དོན་ 25 ཡོད།<<<123>>>
 
RE:དགེ་བཅུའི་ཁྲིམས་དང་དྲི་བ་དྲིས་ལན།
[ 2012-12-4 17:21:58 | By: duodanjia ]
 
ངོ་མ་བལྟ་རྒྱུ་ཡོད་གི ཡང་དང་བསྐྱར་དུ་བལྟ་གི་ཡིན།
 
 
 
RE:དགེ་བཅུའི་ཁྲིམས་དང་དྲི་བ་དྲིས་ལན།
[ 2012-12-4 17:45:20 | By: sufei ]
 
 
 
 
RE:དགེ་བཅུའི་ཁྲིམས་དང་དྲི་བ་དྲིས་ལན།
[ 2012-12-4 19:29:25 | By: lhakpa ]
 
ད་་་སྨྱོ་བཤད་དང་སྟོང་ལབ་དེ་ཚི་མུ་མཐུད་ནས་རྒྱོབ།  སྲོག་གཅོད་། རྐུ་ཇག་འཕྲོག་བཅོམ་གྱི་ལས་བརྩམ།  གཞན་ལ་བརྣབས་སེམས་དང་གནད་སེམས་བྱོས། བརྫུན་དང་ཕྲ་མ་ཚིག་རྩུབ་སོགས་ཀྱིས་དབྱེ་དཀྲུག་བྱོས། ལོག་གཡེམ་བསྟེན་ཏེ་སྨད་ཚོང་མ་དང་འདྲེས། ནད་རིམ་ཚང་མ་ནང་དུ་འདྲེན། བོད་མི་རིགས་འདི་རྩ་མེད་བཟོ་ཨེ་ཐུབ་ལྟོས།  གཡས་དཀྲི་གཡོན་དཀྲི་ར་ནད་ལུག་དཀྲི་སོགས་ཀྱིས་ཉེས་པ་ཡོད་ཚད་དམ་པ་ཁོང་གི་སྟེང་དུ་གཡུག་ཞིག   བོད་མི་རིགས་ཀྱི་སེམས་ཁམས་ལ་རྨ་ཅི་ཐུབ་བཟོས་ཤིག  དགྲ་བོའི་རྒྱུགས་ཁྱི་ཁྱེད་ཚོའི་མི་བྱེད་རྒྱུ་ཅི་ཡོད།རྟོག་ཞིབ་བས།
 
མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
 
 
RE:དགེ་བཅུའི་ཁྲིམས་དང་དྲི་བ་དྲིས་ལན།
[ 2012-12-4 20:29:58 | By: cairen898 ]
 
དགེ་བཅུས་བོད་རང་གི་རིག་གནས་དང་དཔལ་འབྱོར་ལ་གནོད་པ་ཆེན་པོ་སྐྱེལ་དང་བསྐྱལ་མུས་སུ་ཡོད།ཟ་དེའི་མང་ཚོགས་རྣམས་ལྟོགས་སྐོམ་གྱིས་འཆི་ལ་ཁུལ་བྱེད་བཞིན་མོད།ད་དུང་དགེ་བཅུ་དང་འགལ་ཚེ་རྒྱང་ཕུད་བྱེད་པའི་གནས་ཚུལ་ཀྱང་འདུག དགེ་བཅུ་ཟེར་ནའང་མི་འགྲིག་པ་འདྲ་སྟེ།ངོ་མ་བཤད་ན་འདི་མི་དགེ་བཅུ་རེད་དོ་་་་་་་་་
 
 
 
RE:དགེ་བཅུའི་ཁྲིམས་དང་དྲི་བ་དྲིས་ལན།
[ 2012-12-4 21:24:14 | By: sjdjcd111 ]
 
དེ་ཚོའི་ལྕགས་ཀྱི་ཕོར་བ་ཞིག་གི་ནང་དུ་བཅུག་ནས་གང་ཞིག་ལ་འཕེན་རྒྱུ་ཡིན་པ་སུས་ཤེས་དབྱེ་བ་འགར་རྒྱུ་མེད་པར་སྐྱ་སེར་གཉིས་ལ་ཁྲིམས་དེ་འདྲའི་ཟོ་ཆེན་ཞིག་སྐོར་གྱིན་པ་ནི་གང་ཞིག་གཙུབ་ཤ་འཁོར་ལོ་བྱེད་ཀྱི་ཡིན་འདྲ་འདིའི་སྐོར་ལ་ན་གཞོན་རྣམས་ཀྱིས་བསམ་གཞིག་གི་རྣོ་དབུལ་སྐོར་བར་དང་བཅས་རང་ཉིད་ཀྱིས་ཀྱང་དགེ་བཅུའི་ཁྲིམས་ལ་རྒོལ་བ་གཏོང་བར་སྔ་མོ་ནས་མགོ་བརྩམས་ཡོད།   རླུང་བུ།
 
 
 
RE:དགེ་བཅུའི་ཁྲིམས་དང་དྲི་བ་དྲིས་ལན།
[ 2012-12-4 22:29:52 | By: tblamaocaidan ]
 
ལེགས་སོ།   ཡི་རངས་ཡོད། སློང་མོ་བས།
 
 
 
RE:དགེ་བཅུའི་ཁྲིམས་དང་དྲི་བ་དྲིས་ལན།
[ 2012-12-5 11:51:24 | By: dongcaiduo ]
 
ཉེ་ལམ་བདེ་མོ།   ད་རེབ་གང་ན་ཡོད།      ཉིད་ཀྱི་སྔོན་གྱི་ཁ་པར་དེར་སྐུད་ལམ་མི་འཕྲོད་པས་བདག་ལ་འབྲེལ་ལམ་ཞིག་སྐད་འཇོག་རང་བཞིན་གྱིས་བསྐྱུར་རྒྱུ་མི་བརྗེད་པར་མཁྱེན།   ཞོགས་མིང་བས།
 
 
 
RE:དགེ་བཅུའི་ཁྲིམས་དང་དྲི་བ་དྲིས་ལན།
[ 2012-12-5 14:12:29 | By: dorjeeraldri ]
 
ངོ་མ་བོད་མི་དག་བསོད་ནམས་ཟེར་བ་དེ་ཟད་ཚར་སོང་བ་འདྲ།    དངོས་དོན་ལ་ཕན་པའི་བྱ་བ་ཞིག་མགོ་བརྩམས་མ་ཐག་ཆོས་ལུགས་ཞེན་ཁོག་གིས་ཞར་བའི་མི་ཚོས་ཁ་མཆུག་ནག་པོ་རྐྱང་རྐྱང་བཙུགས་ཀྱིན་འདུག    ཡིན་རུང་དོན་ངོ་མ་རང་གིས་རང་གཅོད་ཅིང་རང་གིས་རང་གཞོག་གིན་པ་ཤེས་ཀྱིན་མེད་པ་འདྲ།    ངོ་བོའི་ཆ་ནས་དགེ་བཅུ་ཁྲིམས་ནི་དགེ་བཅུའི་ཁྲིམས་རང་རེད།    ཡིན་རུང་བེད་སྤྱོད་གཏོང་མཁན་གྱིས་ནོར་འཕྲུལ་ཤོར་བ་ཡོད་སྲིད་པ་རེད་མོད།     དེ་ཙམ་གྱིས་དབྱེ་གསལ་མེད་པར་དབྱུག་པས་ལེབ་རྡུང་བྱེད་པ་ནི་བླུན་རྟགས་ཤིག་ཡིན།ལྷག་པར་དུ་གོང་གི་ཡིག་ཉོག་འདི་ལ་རྒྱུ་མཚན་དང་གནས་ལུགས་སྣ་གཅིག་མི་འདུག་ལ།   ཟིན་མཆན་པ་འགས་ཀྱང་ཕྱོགས་ཞེན་གྱི་སྐད་ཆ་རྐྱང་བཤད་ཀྱིན་འདུག    དོན་ངོ་མ་མི་འདི་དག་ནི།    མི་རིགས་ལས་ཆོས་ལུགས།    ཆོས་ལུགས་ལས་ཆོས་བརྒྱུད།  དེ་ལས་ཀྱང་རང་དགོན།   དེ་ལས་ཀྱང་རང་རང་གི་ཉེ་འཁོར།   དེའི་ནང་ནས་ཀྱང་རང་ཉིད་ལས་བསམ་རྒྱུ་དྲན་རྒྱུ་སྣེ་གཅིག་མེད་མཁན་གྱི་གྲས་རེད་ལ།   མདོར་ན་མི་འདི་རིགས་ལ་མཚན་ཞིག་ཕུལ་ན་“བསམ་ཤེས་མེད་པའི་མི་”ཟེར་བ་འདི་འབུལ་བ་ལས་འོས་མེད་པ་རེད་དོ།།
 
 
 
RE:དགེ་བཅུའི་ཁྲིམས་དང་དྲི་བ་དྲིས་ལན།
[ 2012-12-5 14:25:14 | By: dorjeeraldri ]
 
བླ་བྲང་ཨ་ཁུས་སྐད་ཆ།༦མཚམས་འཇོག་དགོས་དོན་གང་རེད། ལན།རང་ཅག་བོད་པར་ཆ་མཚོན་ན།འབྲོག་ལས་རྐྱང་བ་ལས་ཞིང་ལས་མེད།ཡང་ན་མཚན་ཉིད་དང་ལྡན་པའི་ཞིང་ལས་ཤིག་མེད།དེའང་ས་ཁམས་ཀྱིས་ཐག་བཅད་པ་རེད།དགེ་བཅུའི་ཁྲིམས་ཀྱིས་རང་ཅག་གི་འཚོ་བའི་རྟེན་གཞི་ཡེ་མེད་བཟོས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད།ད་དུང་མཐོ་སྒང་རིག་གནས་ཀྱི་རྨང་རྐང་ཧྲིག་ཧྲིག་བྱེད་ཀྱི་ཡོད་པ་རེད། ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ།ང་ཚོས་མི་མང་ལ་བཤས་ཚོང་མ་རྒྱག་ཅེས་བཤད་པར་རྒྱུ་མཚན་ཡོད།   དེ་ཡང་ངས་བསམ་ན།    ང་ཚོ་དཔལ་འབྱོར་ཡར་རྒྱས་མེད་པ་དང་དཔལ་འབྱོར་མཐའ་བརྡིབས་ནས་བྱ་ཐབས་མེད་པ་ཆགས་སྤྱད་ཀྱི་འགག་རྩ་ངོ་མ་དེ་བཤས་ཚོང་ལ་མགོ་འཁོར་བཅུག་ནས་རིག་གནས་ལག་རྩལ་སོགས་འཚོ་ཐབས་གཞན་སློབ་པར་སྐུལ་འདེད་མ་བྱས་ཤིང་དེའི་ཕྱོགས་ལ་བསམ་བློ་གཏོང་མ་བཅུག་པས་རེད།    ལས་ཀ་ལས་སྟངས་འདིར་ང་ཚོས་དོགས་པ་སློང་དགོས་ཤིང་།    དཔལ་འབྱོར་ཡར་རྒྱས་མི་འགྲོ་བའི་རྩ་བའི་གནད་འགག་གཅིག་འདི་ལ་ཐུག་ཡོད་པ་དེ་ཚང་མས་ཧ་གོ་དགོས།     དེ་ངའི་བསམ་བློ་དང་ལྟ་གྲུབ་ཡིན།     གལ་ཏེ་གཞན་ལ་དེ་ལྟར་མིན་པའི་རྒྱུ་མཚན་ཞིག་བཤད་རྒྱུ་ཡོད་ན་དེ་རེད།     མེད་ན་ཨུ་ཚུགས་བྱ་རྒྱུ་གང་ཡང་ལྷག་མེད།     དེ་ཡང་འབྲོག་པ་ཞིག་ལ་མཚོན་ན་ཕའི་རིང་ལ་བཤས་ཚོང་ལས་ཅི་ཡང་མ་ཤེས།     བུའི་རིང་ལ་ཡང་དེ་ལས་མ་ཤེས།      བུའི་བུའི་རིང་ལ་ཡང་བཤས་ཚོང་རྒྱག་རྒྱུ་ལས་ཅི་ཡང་མི་ཤེས་པ་ཡིན་ན་སྒོ་རྩ་ན་བཤས་ཚོང་གི་མ་རྩ་ཅི་ཙམ་འདུག    འབྲོག་པ་ཧ་ཅང་ཕྱུག་པོའི་གྲས་ཤིག་ཡིན་ན་ཡང་ཟོག་གནག་སུམ་བརྒྱ་ཡར་མར་རེ་ལས་ཨེ་ཡོད་མི་ཤེས།     ཟོག་གནག་སུམ་རྒྱ་ཟེར་ན་དོས་སྐྱེལ་རླངས་འཁོར་བཅུ་ཐམས་པ་རེད།    དེ་ཡང་ཟོང་འཁོར་ཆེ་གྲས་ཤིག་ཏུ་ཟོག་སུམ་ཅུ་ཤོང་གི་རེད།    ལོ་གཅིག་གིས་རླངས་འཁོར་བཅུ་པོ་ཡོངས་རྫོགས་བཙོངས་ཟིན་པའམ།        དེ་མིན་ཡང་ལོ་གཉིས་ཀྱི་ནང་ལ་ད་ལོ་རླངས་འཁོར་ལྔ་དང་།     ལོ་རྗེས་མར་རླངས་འཁོར་ལྔ་བཙོངས་པ་ཡིན་ན་དེ་ནས་རྔ་མ་བུད་ཚར་བ་རེད།     ཉག་རོང་ལུང་པའི་ནང་གི་ཤིང་ནགས་གཅིག་པུ་ལ་བསམ་བློ་བཏང་ན་ཡང་ཅི་འདྲའི་གཞི་རྒྱ་ཆེན་པོ་ཡོད་པ་རེད་དེ།      རྒྱལ་ཁབ་ཀྱིས་ཡུན་རིང་པོར་བཅད་ནས་མཐར་འབྲི་ཆུའི་སྨད་རྒྱུད་ལ་ཆུ་ལོག་རྒྱུག་ཏེ་མི་རྣམས་རྩ་བ་ནས་འདུག་མ་བཅུག་པའི་དབང་གིས་ད་ལྟ་སྒེར་གྱི་ཁང་ཤིང་ཙམ་ཡང་གཅོད་མི་ཆོག་པ་བཟོས་ཡོད་པ་ཡང་ཤིང་ནགས་ཟད་སོང་བའི་དབང་གིས་རེད།   ཤིང་ནགས་ཀྱང་དེ་ལྟར་ཟད་འགྲོ་བ་ཡིན་ན་འབྲོག་པའི་སྒོ་རྩ་ན་ཡོད་པའི་ཕྱུགས་ཟོག་ཉུང་ཉུང་དེ་དག་དེ་བས་ཀྱང་ད་ལྟ་ད་ལྟ་ཟད་འགྲོ་གི་རེད།        འོན་ཀྱང་ང་ཚོ་འཕེལ་རྒྱས་དགོས་སམ་མི་དགོས་ཟེར་ན།      ང་ཚོ་བནྡེ་དག་གིས་ཀྱང་བོད་ཀྱི་ཁྱིམ་ཚང་དག་ལ་དཔལ་འབྱོར་ཡར་རྒྱས་གཏོང་དགོས་ཟེར་བ་ལས་མི་དགོས་ཟེར་རྒྱུ་མེད།    འོན་ཀྱང་ཡར་རྒྱས་གཏོང་སྟངས་དེ་བཤས་ཚོང་གི་འཚོ་ཐབས་མིན་པ་གསལ་པོ་བྱེད་དགོས།གསོལ་འདེབས།ཕྲག་དོག་གདོན་གྱིས་ཡིད་མ་དཀྲུགས་པའི་སྤུན་ཟླ་ཡོངས་ཀྱིས་བཟན་ངན་བདེན་རྫུན་ཤན་འབྱེད་དོན་དང་ལྡན་པར་མཛད་དུ་གསོལ།།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:མའོ་ཡིས་ཀྱང་ཞིང་ལས་ལ་མགོ་འཁོར་བས་བཟོ་ལས་རྒྱལ་ཁབ་ཅིག་ཆགས་དཀའ་ཞེས་མཆོངས་སྐྱོད་ཆེན་མོ་སོགས་ཀྱི་སྲིད་ཇིས་བསྟར།མཇུག་འབྲས་མི་མང་པོ་ལྟོགས་ཤི་ཐེབས་པ་ལ་སོགས་དེར་དེང་གི་ལོ་རྒྱུས་སྨྲ་བ་དག་གིས་དཔྱད་འཇོག་ག་འདྲ་གནངས་ཡོད་པར་ལྟོས།འཕེར་རྒྱས་ནི་སྔར་ཡོད་དཔལ་འབྱོར་རྨང་གཞིའི་སྟེང་འཛུགས་རྒྱུ་ལས།དེ་ཡེ་མེད་བཟོས་རྗེས་མི་ཡོང་བ་ལ་སོགས་པར་གོང་དུ་གསལ་བཤད་བྱས་ཡོད་པ་དེར་ཡང་བསྐྱར་ལྟོས།
 
 
 
RE:དགེ་བཅུའི་ཁྲིམས་དང་དྲི་བ་དྲིས་ལན།
[ 2012-12-5 15:26:50 | By: gamadanzen ]
 
དགེ་བཅུའི་ཁྲིམས་ནི་ཚུལ་བློ་སོགས་ཀྱིས་མི་རིགས་ཀྱི་འཚོ་གནས་མ་མཐོང་བའི་སྐྱིད་གཏམ་ཞིག་རེད།གང་ལྟར་བདག་གིས་དུས་ནམ་ཡང་དགེ་བཅུའི་ཁྲིམས་འདི་རྒྱང་ཕུད་བཏང་བ་ཡིན།
 
 
粗体 斜体 下划线 插入引用 插入表情

ང་ཁྱེད་ཀྱི་ཨ་ཕ་ཡིན།

—— གླག

མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་

འདམ་གྱི་དྲི་མས་མ་གོས་སོ།།


སྐྱེས་ལོ། 1989

ཁ་པར། 182xx

QQ:  475461853

འབྲེལ་ཟམ་འདི; zhongjiwa2013@163.com



སེམས་ཁམས་ལོ་ཐོ།
དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་ཐོ་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཟིན་བདག་ནང་འཇུག
མཛའ་འབྲེལ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.