མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
     
   
     
 
བཅད་གསར་གླེང་བ་ཞེས་བྱ་བ་བཞུགས་སོ།།
[ 2012-5-11 19:12:40 | By: zhongjiwa ]
 
 

བཅད་གསར་གླེང་སྟངས་ཤིག་ལས།

 

 

དེ་སྔོན་གྲོགས་པོ་རེ་ཤོས་ཀྱིས་ང་ལ་བཅད་གསར་ཐད་དུ་ལྟ་ཚུལ་ག་རེ་ཡོད་ཅེས་འདྲི་མྱོང་།དེ་དུས་སུ།ངས་ཕྱིར་ཁྱོད་ཀྱིས་བལྟས་ན་ཞེས་ལྡོག་འདྲི་རེ་བཏང་པ་ལས་ཅང་མ་བཤད།དེའི་རྒྱུ་མཚན་ཀྱང་ཤིན་ཏུ་གསལ་ཏེ།ཁོ་བོ་བཅད་གསར་སྙན་ངག་ཅེས་པའི་འབྲི་ལུགས་འདིར་ཆ་རྒྱུས་ཏོག་ཙམ་ཀྱང་མེད་པས་ཡིན།གང་ཞིག་ལ་ཆ་རྒྱུས་མེད་སྐབས་འདི་ནི་འདི་འམ་འདི་འདྲ་ཞིག་ཨེ་ཡིན་ནམ་ལྟ་བུ་ལ་སོགས་བཤད་དཀའ།དེའི་རྗེས་སུ།དྲ་ཐོག་དང་དྲ་ཐོག་མ་ཡིན་པ་གང་རུང་དུ།བཅད་གསར་དང་བཅད་གསར་གྱི་མིང་ཐོག་ཡོད་མེད་ཀྱི་སྲོལ་རྒྱུན་སྙན་ངག་ལས་ཅུང་འདས་པའི་བྲི་ལུགས་དེའི་རིགས་ཡང་སྐོར་བསྐྱར་དུ་མིག་ལམ་དུ་བརྒྱུད་རྗེས།ད་ནི་འདིའི་ཐད་དུའང་སྐད་ཆ་རེ་གཉིས་བརྗོད་ཆོག་པ་ལྟ་བུའི་གདེང་སྐྱེ།།

དེ་ཡང་བཅད་གསར་སྙན་ངག་ཅེས་པའི་ལུས་འདི་དྲ་བའི་སྒང་ན་གཉོམ་ལག་རྒྱས་ཀྱིན་པའི་སྐབས་འདིར།མང་པོ་ཞིག་གིས་འདིའི་སྲོལ་བཏོད་པ་སུ་ཡིན་མིན་ནི་ཁེ་གྱོང་ཆེ་ས་ཞིག་ཏུ་ལྟ་བཞིན་འདུག་མོད།ཁོ་བོས་དེ་རྣམས་གཙོ་ཆེར་གླེང་རྒྱུ་མིན་ཞེས་ནའང་།སྐབས་འདིར་སྐུ་ཞབས་སེང་རྡོར་ལ་གོ་ས་ཆེ་ཤོས་ཤིག་ཡོད་པ་ནི་སུས་ཀྱང་ནག་གསུབས་བྱེད་མི་འདོད་པ་ཞིག་ཡིན།དེ་ལྟར་བཅད་གསར་སྙན་ངག་གི་ཁྱད་ཆོས་དང་ཕལ་ཆེར་མཐུན་པའི་འབྲི་སྲོལ་ཞིག་སྔོན་ནས་ཡོད་པའང་བསྙོན་དུ་མེད་དེ།དཔེར་ན།དགེ་ཆོས་ཀྱི་བླ་བྲང་ལ་སྐུར་བའི་ཀ་རྩོམ་གྱིས་མཚོན་པའི་སྙན་ངག་འགའ་རེ།ཤེལ་དཀར་གླིང་བའི་ལྷ་ས་དྲན་གླུ་དང་གུང་ཐང་བསྟན་པའི་སྒྲོན་མེའི་མཉམ་མྱོང་རྒན་པོའི་འབེལ་གཏམ་ལྟ་བུ།རྫ་དཔལ་སྤྲུལ་གྱི་གཏམ་པདྨའི་ཚལ་གྱི་ཟློས་གར་ལྟ་བུ།དེ་དང་དེ་བཞིན་དུ།མི་ལ་རས་པ་དང་ཞབས་དཀར་བ།ད་དུང་སྐལ་ལྡན་རྒྱ་མཚོའི་མགུར་མ་ལ་སོགས་པ་དང་།དེ་དང་ཆ་འདྲ་བ་ད་དུང་འདྲེན་རྒྱུ་ཡོད་ངེས་མོད།འདིར་ཆོས་ཀྱི་རྣམ་གྲངས་འབྲི་བ་མིན་པས་རེ་ཞིག་བསྐུང་ཆོག་པར་བྱ།དེ་བས་ན།ཁ་ཅིག་གིས་བཅད་གསར་སྙན་ངག་ནི་སྔོན་ཞིག་ནས་བྱུང་འདུག་ཅེས་ཀྱང་འུར་སྲིད་མོད།དོན་དུ་དེ་ནི་ཅུང་རང་སྣང་གང་ཤར་ཞིག་ལས་ཅང་མིན་ཏེ།དེ་ལྟར་ན།སྤུ་དེ་གུང་རྒྱལ་གྱི་རིང་ནས་བོད་དུ་རང་མོས་སྙན་ངག་འབྲི་བའི་སྲོལ་བྱུང་ཡོད་དོ་ཟེར་མཁན་དག་གི་བདེན་པ་འཚོལ་སྟངས་ཀྱི་རྗེས་ཆོད་མི་འགྲོ་བའང་ག་ལ་སྲིད།མདོར་ན།གོང་དུ་དེ་དང་དེ་འདྲ་བ་རྩི་རྩི་གྲངས་མེད་ཅིག་འདྲེན་རྒྱུ་ཡོད་པའི་དབང་དུ་བཏང་ཡང་།བཅད་གསར་སྙན་ངག་ཅེས་པའི་གོ་དོན་དེ་ནམ་ཞིག་ལ་སུ་ཞིག་གིས་རྩོམ་སྟེགས་སུ་ཁྱེར་ཡོང་ཐུབ་ཡོད་མིན་ནི་གནད་ཀ་སྦས་མི་རུང་བ་ཞིག་ཏུ་ཟད་དེ།དཔེར་ན།དོན་གྲུབ་རྒྱལ་གྱིས་ལང་ཚོའི་རྦབ་ཆུ་མ་བྲིས་པའི་ཡར་སྔོན་དུ།རང་མོས་སྙན་ངག་ལྟ་བུ་རེ་བོད་དུ་འབྲི་མཁན་སྔོན་ནས་བྱུང་ཡོད་ཀྱང་།རང་མོས་སྙན་ངག་ཅེས་པའི་འབྲི་སྲོལ་འདི་དང་འདིའི་གོ་དོན་དང་བཅས་པ་བོད་ཀྱི་རྩོམ་རིག་གར་སྟེགས་སུ་ཁྱེར་ཡོང་ཐུབ་ཡོད་མཁན་ནི་ལང་ཚོའི་རྦབ་ཆུ་ལས་མ་འདས་ན།འདི་ནི་རྣམ་བཞག་གང་ཞིག་གི་འགོ་ཁུངས་ཚོལ་བའི་གནད་གལ་ཆེན་ཞིག་ཡིན་ཅིང་།དེའི་ཡན་གྱི་དེ་རྣམས་ལྷན་ཅིག་བྱེད་རྐྱེན་ནམ་ཉེར་ལེན་གྱི་རྒྱུའམ།ས་བོན་ནམ་བར་བརྒལ་གང་རུང་ཞིག་ཏུ་བལྟ་རྒྱུ་ལས་འོས་མེད་དོ།༼ལུས་གང་ཞིག་ཡིན་ཀྱང་།དེ་སྲོལ་བཏོད་མཁན་འགའ་རེ་ཡོད་ཆོག་པ་ལས་མི་སྣ་གཅིག་ཁོ་ནའི་སྟེང་དུ་ཨུ་ཚུགས་ཀྱིས་སྦྱོར་དགོས་པ་ཞིག་ཀྱང་མ་རེད།༽

བཅད་གསར་སྙན་ངག་གི་ཐུན་མིན་གྱི་ཆ་དེ་སྤྱིའི་ཐད་ནས་ཕྱོགས་གསུམ་དུ་ཡོད་པར་སེམས་ཏེ།༡བཅད་ཅེས་པའི་སྟེང་ནས་སྲོལ་རྒྱུན་སྙན་ངག་དང་ཡོངས་སུ་མཐུན་ཞིང་།དེ་ནི་ཁོ་གཉི་ཀའི་འབྲེལ་ཟམ་ཉག་གཅིག་པོའང་རེད།༢བཅད་གསར་གྱི་གསར་གྱི་སྟེང་ནས་གཉིས་ཕྱེ་ཆོག་སྟེ།དེ་ནི་ཐ་སྙད་དང་བརྡ་སྤྲོད་ལུགས་གཉི་ཀ་རེད།སྤྱིར་ན་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་རེད་ཅེས་གསུངས་སྲོལ་ཡོད་མོད།ཁོ་བོ་ཚིག་དུམ་དེར་འཐད་པ་རྩེ་གཅིག་ཏུ་མེད་ཀྱང་།དེ་ཡང་མདོར་ན།རྩོམ་རིག་ནི་སྐད་ཆ་ལས་འཕག་པའི་སྒྱུ་རྩལ་ཞིག་རེད་ཅེས་ཅུང་ཟད་བཅོས་ཚེ།གནས་སྐབས་སུ་གོ་ཆོད་པར་འགྱུར་ཏེ།དཔེར་ན།ཕོ་བྲང་པོ་ཏ་ལ་ནི་བཟོ་རྩིག་གི་སྒྱུ་རྩལ་ཞིག་ཏུ་བཤད་མོད།དོན་དུ་དེའང་གྱོ་མོ་རེ་རེ་དང་འདམ་སྦྱར་གྱིས་གྲུབ་པ་བཞིན་དུ།རྩོམ་རིག་གི་གྲུབ་རྒྱུ་ནི་སྐད་ཆ་ཡིན་པ་དང་།སྐད་ཆའི་གྲུབ་རྒྱུ་གཙོ་བོ་ཞིག་ནི་ཐ་སྙད་རེ་རེ་རེད་ན།ཐ་སྙད་ཇི་ལྟ་བུ་དེས་ཐད་ཀར་སྐད་ཆ་ཅི་ལྟ་བུ་བཞེངས་ཤིང་།སྐད་ཆ་ཇི་ལྟ་བུ་དེས་ཐད་ཀར་སྒྱུ་རྩལ་ཅི་ལྟ་བུ་ཞིག་བཞེང་མིན་ཕལ་ཆེར་ཐག་གིས་གཅོད།དེ་བཞིན་དུ།བཅད་གསར་སྙན་ངག་དང་སྲོལ་རྒྱུན་སྙན་ངག་གཉི་ཀའི་མ་འདྲ་ས་དེ་གཅིག་ཐ་སྙད་ཡིན་ཏེ།སྔོན་མ་དེས་བསྟན་བཅོས་ཀྱི་ཐ་སྙད་དམ་ཡིག་ཐོག་གི་ཐ་སྙད་གཙོར་སྤྱོད་ན།རྗེས་མ་དེས་ཁ་སྐད་དང་ཡུལ་སྐད་ཀྱི་ཐ་སྙད་དེ་གཙོ་བོར་སྤྱོད།དེ་ཡང་འདིར་ཆེད་དུ་བརྗོད་འདོད་པ་ཞིག་ལ།ད་ལྟའི་གྲོགས་པོ་བྲེལ་བ་ལངས་སླ་བ་འགའ་རེས།རྩོམ་ཡིག་ནང་དུ་ཁ་སྐད་བསྲེ་མི་རུང་།དེས་སྐད་ཡིག་གི་ཚེ་སྲོག་དགུམ་རྒྱུ་རེད་ཅེས་རི་བོང་གནམ་རྡིབ་ཀྱི་སེམས་ངལ་ལྷག་མ་ཞིག་སྟོན་གྱིན།མྱོང་བ་དང་ཆགས་སྡང་ཕྲ་ཞིབ་མཚོན་ནུས་པའི་ཁ་སྐད་ཀྱི་ཐ་སྙད་དག་ལ་མཐོང་ཆུང་དང་རྐང་འགོམ་བྱེད་མུས་ཡོད།དེ་བས།རང་ཅག་གི་ཁ་སྐད་དང་ཡིག་སྐད་བར་དུ་གྲོག་རོང་གིས་ཆོད་ཡོད་ཀྱང་།ལར་ནས་ཡིག་སྐད་ཀྱི་ཐ་སྙད་དག་ཀྱང་དག་ཡིག་གི་ཧྲེག་བར་ནས་ལོ་ཟླས་ཟད་དེ།ཇེ་ཉུང་ནས་ཇེ་ཉུང་དུ་བྱིན་པས་ན།བོད་ཀྱི་རྩོམ་པ་པོ་ལ་ཤོས་ཀྱི་ངག་ལས་བོད་ཡིག་ལ་ཐ་སྙད་ཀྱིས་མི་ལྡེང་གི་ཞེས་པའི་སྐད་ཆ་འང་ཤོར་ཡོད་དེ།དོན་དུའང་དེ་ལྟ་བུ་ཞིག་ཏུ་གྲུབ་ཡོད་པ་རེད།དེ་ལྟར་བསྟན་བཅོས་ཀྱི་ཐ་སྙད་དག་རྒས་ཤིང་སྡུད་རྙིང་དུ་གྱུར།དུས་ཀྱི་འཕོ་འགྱུར་ཁྲོད་མི་རྣམས་ཀྱི་ཚོར་བ་དང་རིག་པ་རྣམས་རྩི་ཇེ་ཞིབ་ཏུ་གྱུར་བས་ན།བོད་སྐད་ཡིག་གི་ཐ་སྙད་ཀྱི་གྲངས་ཀས་མི་རྣམས་ཀྱི་དགོས་མཁོ་སྐུང་བའི་ནུས་པ་ཇེ་ཞན་དུ་གྱུར་ཡོད།དཔེར་ན།སྙན་ངག་སོགས་སུ་ཁ་སྐད་ཐ་སྙད་སྤྱོད་པ་ནི།ལས་ཁུངས་ཤིག་ཏུ་ལས་མི་ཁུ་བསྡུ་བྱེད་པ་དང་གཅིག་མཚུངས་རེད་དེ།ལས་མི་རྒན་པ་དག་རྒས་པའམ་ཡུལ་འཁྱེར་ངལ་གསོ་སོགས་བྱས་རྗེས་སུ།ས་ཆ་སོ་སོ་ནས་ལས་མི་གསར་བ་བསྡུས་ཏེ་ལས་མའི་ཁ་གྲངས་རྒྱ་བསྐྱེད་པ་ཞིག་དང་འདྲ་སྟེ།ཡང་ན།ཐུན་མོང་གིས་སྤྱོད་རི་ཡོད་པའི་ཁ་སྐད་ཐ་སྙད་དག་རིམ་གྱིས་ཡིག་སྐད་དུ་འགྱུར་ཏེ།བོད་མི་བྱིངས་ལ་ཁྱབ་ཅིང་ཞོར་དུ་ཐ་སྙད་ཀྱི་གྲངས་ཀ་འང་བླ་ལྷག་གིས་རྒྱ་བསྐྱེད་ཐུབ་རྒྱུ་རེད།དེ་བཞིན་སྤྱོད་རི་མེད་པའམ་ཡོངས་ཁྱབ་ཀྱི་རིན་ཐང་སྟོང་བ་རྣམས།སུ་ཞིག་གིས་ཨུ་ཚུགས་ཅི་འདྲ་བྱས་ཀྱང་།རིམ་གྱིས་ཞིག་ནས་ཐལ་ཏུ་འགྱུར་འགྲོ་བ་སྐད་ཆ་འཕེལ་བའི་ཆོས་ཉིད་ཀྱིས་ཐག་བཅད་ཡོད་པ་རེད་དོ།དཔེ་དེ་དང་ཆ་འདྲ་བར།བཅད་གསར་སྙན་ངག་གིས་རང་ཅག་གི་ཤི་ལ་ཉེ་བའི་སྐད་ཡིག་གི་ཚེ་སྲོག་ལ་ནུས་པ་བླ་ལྷག་ཅིག་ཐོན་ཡོད་ཤག་རེད།སྤྱིར་ན་སྙན་ངག་གི་ལུས་ཤིག་གི་མཛེས་པ་དེ་སྐད་ཡིག་འཕེལ་རྒྱས་ལ་ནུས་པ་ག་ཙམ་ཐོན་ཡོད་མེད་ཀྱིས་གླེང་ཚེ།རྟ་སྒ་བཤད་དུས་གླང་སྒ་གླེང་བ་དང་ཡང་འདྲ་མོད།དོན་དུ་བཅད་གསར་སྙན་ངག་ལ་གློ་རྡེག་ཏུ་ཚེ་སྲོག་འཐོག་ཐུབ་སྤྱད་དེ་གཙོ་བོ་འདི་གཅིག་ཡིན་པས་ན།ཆེད་དུ་ཅུང་རྒྱས་པར་གླེང་བ་ཡིན་ནོ།དེ་བཞིན་སྲོལ་རྒྱུན་སྙན་ངག་དང་བཅད་གསར་སྙན་ངག་གཉི་ཀའི་སྒྱུ་རྩལ་མཚོན་ནུས་ཀྱང་བསྡུར་དགོས་པ་ཞིག་མ་རེད་དེ།བསྡུར་ནའང་ཚབ་མཚོན་སྙན་ངག་གང་རུང་ལ་གཞི་བཅོལ་སྟེ་མ་གཏོགས་མི་ཡོང་བས་ན།དེ་ནི་སྐབས་སུ་བབས་པ་མིན་ནོ།ཡིན་ཀྱང་།མ་མཐའི་གྲུབ་རྒྱུ་ལ་ཁྱད་པར་ཤོར་བ་དེས།སྒྱུ་རྩལ་མཚོན་ནུས་ལའང་ཧེ་བག་ཆེ་ཤོས་ཤིག་ཤོར་སྲིད་པ་རྗེས་དཔག་གིས་མྱང་ཐུབ་བོ།གཉིས་ནི་བརྡ་སྤྲོད་སྟངས་ཀྱི་ཁྱད་པར་རེད་དེ།རྩོམ་རིག་གི་སྒྱུ་རྩལ་གསར་བཞེང་གི་ཁྲོད་དུ་ཐ་སྙད་དང་གོ་གནས་འདྲ་མཚུངས་ཟིན་ཡོད་པའི་གྲུབ་རྒྱུ་གཞན་དེ་འང་འདི་རེད།དཔེར་ན།སྲོལ་རྒྱུན་སྙན་ངག་ཏུ་རྣ་ཡིས་གོ།མིག་གིས་མཐོང་།སྣ་ཡིས་སྣོམ།ལུས་ཀྱིས་ཚོར་ལྟ་བུའི་བརྡ་སྤྲོད་སྟངས་ཤིག་ཡིན་ཚེ།བཅད་གསར་སྙན་ངག་གིས་དེ་དང་ཡོངས་སུ་བསྟུན་མེད་པར།རྣ་ཡིས་མཐོང་།མིག་གིས་ཉན་ལྟ་བུའི་ཚོར་བརྗེའི་འབྲི་ཐབས་དང་།དེ་བས་ཀྱང།སྐར་ཁྱུ་ལྟ་བུ།མིག་ཆུའི་ཚོན་རྩི་ལྟ་བུ།ཉི་ཐིག་ཆག་རོ་ལྟ་བུ།ཞོགས་པ་སྨུག་པོ་ལྟ་བུ་ལ་སོགས་པ་རང་མོས་སྙན་ངག་ལ་ཆེད་དུ་༼ཡིད་བརྙན་དང་གབ་པ་སོགས༽ཡོད་པའི་ཁྱད་ཆོས་སྐོར་ཞིག་ཀྱང་དང་ལེན་བྱ་བཏུབ་ཡོད་པས་ན།སྔོན་གྱི་བརྡ་སྤྲོད་ལུགས་དག་གཏོར་ཏེ་སྲ་གཟུགས་སུ་འགྱུར་ལ་ཉེ་བའི་རང་ཅག་གི་བརྡ་སྤྲོད་སྟངས་ལའང་དབུགས་དབྱུང་བསྩལ་ཡོད་པ་རེད།དེ་ཡི་ཁྱད་པར་གྱིས་སྒྱུ་རྩལ་གྱི་ཁམས་ཀྱང་མི་མཚུངས་པ་ཞིག་བཞེང་ནུས་རྣམས་སྔར་བཞིན་རྗེས་དཔག་གིས་འཇུ་བར་གྱིས་དང་།རོབ་ཙམ་གཤམ་དུ་བརྗོད་པར་བྱའོ།།

དེ་ཡང་སུ་ཞིག་གིས།ཅི་ཞིག་ནི་སྒྱུ་རྩལ་ཞེས་དྲི་ཚེ།དེ་ནི་མཛེས་པ་ཞིག་གོ་ཅེས་ལན་བཏབ་ཡོང་བ་རེད།འོ་ན།ཅི་ཞིག་ནི་མཛེས་པ་རེད་ཅེས་དྲི་ཚེ།དྲི་བ་དེར་ལན་འདེབ་ཁག་པའི་གནས་ཤིག་ཏུ་བསྐྱལ་ཡོད་པ་རེད།སྔོན་གྱི་མཁས་དབང་དག་གིས་མཛེས་པའི་ཐད་དུ་ལན་གནངས་ཡོད་པ་རེད་ཀྱང་།དེ་དག་ལའང་གཅིག་མཐུན་གྱི་ལྟ་ཚུལ་ཞིག་ཡོད་པ་མ་རེད་ལ།དོན་དུ་དེ་འདྲ་ཡོད་ཀྱང་སྲིད་པ་མ་རེད།པོ་ལ་ཐུས་མཛེས་པ་ནི་གང་དེ་མཛེས་པར་བྱ་བའི་ཆོས་སམ་ངོ་བོའོ་ཞེས་གསུངས་ཤིང་།སླར།མཛེས་པ་ནི་དཀའོ་ཞེས་དཀའ་མོ་ཞིག་ཡིན་ཚེ་མཛེས་པའོ་ཅེས་པ་ལས་ཅང་གསུང་མེད་ཅིང་།དེའི་རྗེས་སུ།ནུབ་གླིང་གི་མཁས་པ་མང་པོས་མཛེས་པ་ནི་ཅི་ཞིག་ཡིན་མིན་བཙལ་ཡོད་ཅིང་།དབྱིན་ཇིའི་བསམ་བློ་བ་ཞའུ་མུས་མཛེས་པ་ནི་སེམས་ན་ཞེས་དང་།མྱོང་བ་ལ་རྩོད་སྟོང་ཞེས་ཀྱང་གསུངས་ཡོད་པ་དེས།མཛེས་པ་ནི་གཟུགས་མེད་སེམས་༼སྣང་བ༽ཀྱིས་ཚོར་རྒྱུ་ཞིག་ཡིན་པས་ན།རེ་རེའི་སེམས་ཀྱི་མཛེས་སྡུག་གི་འཛིན་པ་མི་གཅིག་ན།གཅིག་ནི་འགྲིག་ཀྱང་གཅིག་ནི་འཕྱུག་ཟེར་ན་མི་ཡོང་ཞེས་གསུངས་ཡོད་པ་དེས།མཛེས་སྡུག་གི་ཡོངས་ཁུངས་ལ་ལན་གསལ་བོ་ཞིག་བཏབ་ཡོད་པ་རེད།ཁོང་གི་ལྟ་བ་དེ་རང་ཅག་གི་ཁ་དཔེ་ཞིག་ན་མཛེས་མ་ཐམས་ཅད་རྫུན་མ་ཡིན།རང་བློར་བབས་པ་མཛེས་མ་ཡིན་ཟེར་རྒྱུའི་དོན་དང་ཡང་ཤིན་ཏུ་འདྲ་མོད།ཁོང་གིས་དེ་རྣམས་བཀྲམ་སྟེ་མཚན་རིག་གི་ཁྱབ་ཁོངས་ནས་རྒྱས་པར་འགྲེལ་ཡོད་པས་ན་ཐ་གཅིག་ཏུ་འདྲ་བར་ཀྱང་རློམ་མི་ནུས་སོ།འོན་ཀྱང་།འཇར་མན་གྱི་མཚན་རིག་པ་ཁན་ཐུ་ལགས་ནི་མ་གཞི་ནས་ཆོས་ཐམས་ཅད་ཀྱི་ཡོངས་ཁྱབ་རང་བཞིན་ཚོལ་བར་ཤིན་ཏུ་སྤྲོ་བས་ན།ཁོང་གིས།མཛེས་དཔྱོད་བརྡར་གཅོད་ནི་རང་ངོའི་བརྩེ་གདུང་ངམ་སྣང་བ་ཞིག་ཡིན་ཅིང་།དེར་ཡོངས་ཁྱབ་རང་བཞིན་ནི་ཡོད་ངེས་སོ།ཅེས་གསུངས་ཤིང་།དེ་ལའང་ཁོང་གི་དམིགས་མེད་ཀྱི་ལྟ་བས་ཟུར་རྒྱན་སྤྲད་དེ།ཁེ་ཕན་གྱིས་ཟིན་མེད་པ་ཞིག་ལ་གོ་ཞེས་ཀྱང་གསུངས་ཡོད།དཔེར་ན།རང་ཅག་གིས་གླུ་དབྱངས་བསོར་མོ་གང་ཞིག་ལ་ཉན་པའི་སྐབས་སུ།གླུ་དབྱངས་དེ་རང་ཉིད་ཀྱིས་མི་མང་ཞིག་གི་གྲལ་ཏུ་ལེན་གྱིན་པ་ལྟ་བུའི་སྟོང་སེམས་འཆིང་ནས།ལར་དབྱངས་ཀྱི་ནང་དུ་ཚུད་དེ་ཅུང་སྟབ་སྟབ་པོར་ལུས་ཏེ་ཧ་ཅང་སྙན་སྣང་ཆེ་ཙམ་ཞིག་ཤར་ཀྱང་།ཁན་ཐུ་ལགས་ཀྱིས་དེ་ནི་ཁེ་ཕན་དང་དམིགས་ཡུལ་གྱིས་ཟིན་པ་ཡིན་པས།མཛེས་པ་རུ་མི་འཇོག་གོ།དེའི་རྗེས་སུ།ཧེ་གྰིའར་གྱིས།མཛེས་པ་ནི་ཀུན་གཞིའི་བརྩེ་གདུང་ཕྱིར་མངོན་པ་ཞིག་གོ་ཞེས་སོགས་མཚན་རིག་གི་ཁྱབ་ཁུངས་ནས་ཀྱང་མཛེས་པར་འགྲེལ་བ་མང་པོ་བསྐྱོན་ཡོད་པ་རེད་དོ།ད་དུང་།མཛེས་པ་ནི་རང་ངོ་ཟེར་མཁན་དང་།མཛེས་པ་ནི་གཞན་ངོ་ཟེར་མཁན།ཡང་ན།མཛེས་པ་ནི་ཕྱག་རྒྱ་ཟེར་མཁན།མཛེས་པ་ནི་དམིགས་བསལ་བ་ཞིག་ཟེར་མཁན།མཛེས་པ་ནི་ཆ་སྙོམས་པའོ་ཟེར་མཁན།ཡང་མཛེས་པ་ནི་སྤྱི་ཚོགས་ཀྱི་ལག་ལེན་ནོ་ཟེར་མཁན་ཀྱང་བྱུང་ཡོད་ཅིང་།དེ་དང་དེ་བཞིན་དུ།རང་བྱུང་རིང་ལུགས་ཀྱི་མཛེས་རིག་པ་དང་ཧྥ་ལན་ཁི་མཛེས་རིག་པ་སོགས་རིག་ཚན་ཀྱང་བཅུ་གྲངས་ཤིག་བྱུང་ཡོད་པ་རེད་ན།དེ་དག་རེ་རེ་ལ་བྱེ་བྲག་གི་བརྩམས་ཆོས་ཁང་བའི་གཏས་དང་མཉམ་པ་ཡོད་ཚོད་རེད་དོ།དེ་དང་དེ་བཞིན་དུ།སྒྱུ་རྩལ་ཞེས་པ་དེ་འཛིན་དུ་མི་བཏུབ་པ།ཤུན་ཏུ་ལྐོག་གྱུར་བ།རྒྱ་ཁྱོན་དང་ཆེ་ཆུང་།རིང་ཐུང་དང་ཁ་ཞེང་གཅོད་མི་བཏུབ་པ།ལར་སྐྱབས་ཆེན་བདེ་གྲོལ་ལགས་ཀྱི་སྐད་ཆས་བཤད་ན།གསང་བའི་ཕུག་པ་ལྟ་བུ།རྨི་ལམ་སྒྱུ་མ་ལྟ་བུ།སྨྲ་བསམ་བརྗོད་འདས་ལྟ་བུ་ཞིག་ཡིན་ཏན་ཏན་རེད་ཅིང་།སྐབས་རེར་སྐྱག་པ་ཞིག་གམ་ལྕི་བ་ཞིག་ལས་མཛེས་པ་རྙེད་ཉེན་ཆེ་ཞིང་།ལན་རེར་འཛའ་ཚོན་དང་རོལ་དབྱངས་ལའང་སྐྱུག་མེར་ལྡང་བ་ལྟ་བུ་ཞིག་ན།འདིར་མཛེས་རིག་པའི་གཞུང་དུ།མཛེས་རྟོགས་འབྲེལ་བ་ཞེས་པ་དེར་ཐུག་བསྡད་ཡོད་ཡོད་འདྲ་ཞིང་།ཡང་ན་ཁ་པར་གཉིས་ཀྱི་བར་དུ་བརྡ་རྟགས་ཀྱིས་ཟིན་མ་ཟིན་ལྟ་བུ།གང་ལྟར་སྐབས་འདིར།མཛེས་རིག་པའི་ལོ་རྒྱུས་སྟེང་དུ་ནག་བསུབས་བྱེད་མི་བཏུབ་པའི་སྐུ་ཞབས་པའོ་ལོས་གསུངས་པའི་མཛེས་རྟོགས་བར་ཐག་ཅེས་པ་དེས་དབྱིབས་མེད་གཟུགས་མེད་ཀྱི་བདེན་པ་གཅེར་རྗེན་མ་ཞིག་ཁྱེད་ཀྱི་བློ་ངོས་སུ་ཁྱེར་ཡོང་ངེས་སོ།ལར་སྒྱུ་རྩལ་ཞེས་པ་ནི་སྟོབས་ཤུགས་ཤིག་རེད་ཟེར་ན།དེ་ནི་ཐད་ཀར་རྒྱལ་གླུ་དང་དམག་སྐུལ་གྱི་གླུ་ལ་བལྟོས་ཏེ་བཞག་པ་ཞིག་ལས།ཧྥན་གོའི་སྐར་མའི་དབྱིངས་ལྟ་བུའི་མདུན་དུ་ཚུགས་མི་བཏུབ་པར་སྟོང་ཞིང་།ལར་སྒྱུ་རྩལ་ནི་ཉ་གང་ཞིག་གོ་གསུངས་ཚེ།ཝེ་ན་སི་ལྟ་བུའི་ཆད་ལྷག་གི་མཛེས་སྡུག་གི་མདུན་དུ་གོ་མི་ཆོད་པར་འགྱུར་རོ།བསམ་གཞིག་བཏང་བཏང་མཐར།ངས་ནས་སྒྱུ་རྩལ་ནི་གསོན་པོ་ཞིག་གོ་ཟེར་རྒྱུ་ལས་ཐུ་མེད་པར་གྱུར་ཞིང་།དེ་ན་ཇི་ལྟ་བུ་ཞིག་ནི་གསོན་པོ་ཞེས་ཚེ་སླར་ཡང་དཀའ་བའི་གནས་སུ་བསྐྱལ་ཡོད་པ་རེད།གང་ལྟར།སྒྱུ་རྩལ་གླེང་ནས་བར་སྐབས་འདིར་ཐོན་དུས།ཀློག་པོ་ཁྱོད་ཀྱིས་སྒྱུ་རྩལ་ཞེས་པ་དེ་ཨེན་ཙམ་གོ་ཡོད་དམ་སྙམ་ན།ཕལ་ཆེར་གོ་ཡོད་རྒྱུ་མ་རེད་དེ།དོན་དུ་ཅང་མ་གོ་ཚེ་འགྲིག་བསྡད་ཡོད་པ་རེད་དེ།དོན་དམ་དུ་ངས་ཀྱང་ཅི་ཞིག་བཤད་ཀྱིན་པ་རང་གིས་མི་ཟིན་ཞིང་།དེའི་རྒྱུ་མཚན་ནི་སྒྱུ་རྩལ་ལ་འགྲེལ་བ་རྒྱག་མི་བཏུབ་ཟེར་མཁན་དག་གི་ངག་རྗེས་སུ་འབྲང་བ་གཏན་ནས་མིན་མོད།ལར་ནས་སྒྱུ་རྩལ་ནི་ཞེས་ཚེ།དེར་འགྲེལ་བ་ཞིག་བསྐྱོན་རྒྱུ་ཅིས་ཀྱང་ཡོད་དུ་ཟད་མོད།ཡིན་ཀྱང་།དེས་ནི་གཅིག་གི་སྟེང་དུ་གཅིག་བསྣན་ན་གཉིས་ལྟ་བུ།དངོས་པོ་ལ་དབྱེ་ན།གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ལྟ་བུའི།གྲངས་ཀ་རང་བཞིན་པའི་ལན་ཞིག་གམ།དེ་བས་ཀྱང་གྲུ་བཞི་འམ་ནར་མོ།ཟླུམ་པོའམ་ཕྱྭ་ལེ་བ་ལྟ་བུའི་དབྱིབས་རང་བཞིན་པའི་ལན་ཞིག་ཁྱེད་ལ་ཅིས་ཀྱང་སྟེར་མི་དཔེ་ན།སྤར་ཁ་ཕྱེ་ཚེ་སྤར་བའི་ནང་དུ་མ་གཏོགས་གང་དུའང་ཡོད་ཡོད་ལྟ་བུ།སྤར་ཁ་བསྡམ་ཚེ།སྤར་བའི་ནང་དུ་མ་གཏོགས་གང་དུའང་མེད་མེད་ལྟ་བུ།དེ་ལྟར་ན།སྐབས་འདིར་སྒྱུ་རྩལ་ནི་ཙ་ཡ་ཞིག་ཡིན་པ་བསྒྲུབ་ཀྱིན་མེད་དེ།སྒྱུ་རྩལ་ཟེར་བ་དེ་མ་གཞི་ནས་འདི་འདྲ་བ་ཞིག་རེད་ཅེས་པ་དེའི་དོན་ཡིན་པ་སྐབས་སུ་གོ་དགོས་ཤིང་།གཞན་དུ་སྒྱུ་རྩལ་ནི་མཛེས་པ་དང་མཛེས་པ་ནི་སྒྱུ་རྩལ་ཞེས་སྤྱི་ཐད་ནས་དོན་གཅིག་མིང་གི་རྣམ་གྲངས་སུ་གོ་བ་བླངས་ཆོག་མོད།ཁ་གསལ་དགོས་པ་ཞིག་ལ།མཛེས་པ་ཟེར་བ་ནི་རང་ཅག་གི་ཁ་སྐད་དུ་ཡག་པ་ཞེས་པ་དང་གོ་ནོར་ཐེབས་མི་རུང་སྟེ།ཡག་པ་ནི་བཙོག་པ་ལ་ལྟོས་ཏེ་བཞག་པ་ཞིག་རེད་པས།ཡག་བཙོག་གི་འཇོག་ལུགས་ཏེ་འཇིག་རྟེན་ཐ་སྙད་ཀྱི་བཙོན་དུ་ཤོར་ཡོད་པ་རེད་ན།འདིར་བཤད་པའི་མཛེས་པ་ནི་ང་ཅག་གིས་བཤད་པའི་བཙོག་པ་ལ་ལྟོས་ཏེ་བཞག་པ་ཞིག་མིན་པས།འདི་ན་ལྟ་བའི་གནད་ཅིག་ཡོད་པ་ཤེས་པར་གྱིས་སོ།།

སྐབས་འདིར་མི་ཤེས་བཞིན་དུ་སྒྱུ་རྩལ་གླེང་དོན་ནི།རྒྱུ་མཚན་གཞན་ཞིག་ཡོད་པས་ཡིན་ཏེ།བཅད་གསར་སྙན་ངག་གི་སྒྱུ་རྩལ་གྱི་མཚོན་ནུས་དེ་སྲོལ་རྒྱུན་སྙན་ངག་ལས་འགོང་ཡོད་པ་ཤ་སྟག་ཏུ་ཟད་མོད།རང་མོས་སྙན་ངག་དང་བསྡུར་ཚེ།ཁོ་ལའང་ཞན་ཆ་ཞིག་ཡོད་ཏན་ཏན་ཡིན་ཏེ།དེ་ཡང་གཙོ་བོ་བཅད་ཅེས་པ་འདིའི་སྟེང་དུ་ཡོད་སྲིད་ལ།བཅད་ཅེས་པ་ནི་བཅད་གསར་སྙན་ངག་གི་ཁྱད་ཆོས་ཤིག་ཡིན་ཏེ།ཞོར་དུ་བཀག་རྒྱ་ཞིག་ཀྱང་ཡིན་པ་ཤེས་དགོས།དེ་བས་ངས་ནས་བཅད་གསར་སྙན་ངག་ཟེར་བ་འདི་རང་ཅག་རྩོམ་རིག་ལོ་རྒྱུས་སྟེང་།སྲོལ་རྒྱུན་སྙན་ངག་ནས་དེང་རབས་སྙན་ངག༼རང་མོས༽ཏུ་བསྐྱོད་པའི་བར་བརྒལ་གྱི་དུས་ཤིག་ཏུ་བལྟ་བཞིན་ཡོད་དེ།སྤྱིར་ནས།རང་ཅག་གི་རྩོམ་བྱུང་ལོ་རྒྱུས་སུ།འདི་ནས་འདིའི་སྐབས་ཀྱི་རྩོམ་རིག་དང་དེ་ནས་དེའི་བར་གྱི་རྩོམ་རིག་ཅེས།རྩོམ་རིག་གི་བསམ་བློའི་བྱུང་འཕེལ་དེ་ལོ་གྲངས་ག་ཚོད་ཀྱིས་ཁ་ཐུམ་བརྒྱབ་སྟེ་ཚོད་བཟུང་ཡོད་མོད།དེ་ནི་འཛིན་བདེ་བའི་དབང་དུ་མ་ཟད།ངེས་དོན་གྱི་རྩོམ་རིག་ལོ་རྒྱུས་ཀྱི་འཕེལ་འགྲིབ་དེ་དུས་ཚོད་ཀྱིས་གཅད་ཐུབ་པ་ཞིག་གང་ནས་ཡིན་ཏེ།ཡང་ན།ང་རང་འདིའི་བར་དུ་འཕེལ།དེའི་གཞུག་ནས་ཁྱོད་འཕེལ་རྒྱུ་བྱོས་ལྟ་བུའི་གྲོས་ཁ་ཡོད་པ་ལྟ་བུ་ཞིག་གཏན་ནས་མིན་པས།སྲོལ་རྒྱུན་སྙན་ངག་ནས་དེང་རབས་སྙན་ངག་ཏུ་འཕོ་བ་དང་དེའི་བར་བརྒལ་སོགས་ནི།སྣེ་མི་མཉམ་པ།ཡང་ན་མཉམ་དུ་འཛིང་སྟེ་ཐོན་པ།སྣང་ཚུལ་གྱི་ཐད་ནས་བལྟས་ཚེ།བར་བརྒལ་གྱི་སྣང་ཚུལ་དེ་རྗེས་ནས་ཐོན་ཡོང་བ་ལྟ་བུའང་སྲིད་པས་ན།གནས་སྐབས་ཀྱི་རྩོམ་སྟེགས་སུ་བཅད་གསར་སྙན་ངག་གི་རླབས་རྒྱུན་དར་སྲིད་རྒྱུ་རེད་ཀྱང་།དེའི་རྗེས་ཕྱོགས་སུ་སྔར་བཞིན་རང་མོས་སྙན་ངག་ནི་རླབས་རྒྱུན་གཙོ་བོ་ཡིན་པ་ཆོས་ཉིད་ཀྱིས་གྲུབ།འདིར་མ་འོངས་སྔོན་མཐོང་གིས་ཅི་ཞིག་གཏན་ལ་འཕབ་ཁུལ་བྱེད་པ་མིན་མོད།རབ་རིབ་ཡན་ཡུན་ལྟ་བུའི་སྒྱུ་རྩལ་ལ་སྡོམས་རྒྱ་མེད་པ་དེས།དེ་སྟོན་བྱེད་ཀྱི་ལུས་གང་ལའང་སྡོམས་རྒྱ་བཟོ་མི་རུང་བ་རྟོགས་ཤིང་།དེ་ནི་མ་གཞི་ནས་གཟུགས་མེད་ཀྱི་མྱོང་བ་གང་ཞིག་ཡི་གེ་དང་ཚོན་རྩིས་ཇི་ལྟ་བུ་བཞིན་གཟུགས་ཅན་དུ་རྩིག་པ་ཡིན་པས་ཀྱང་རེད།དེ་ཡང་ཁ་གསལ་དགོས་པ་ཞིག་ནི།མི་འགྱངས་པར་བཅད་གསར་སྙན་ངག་གི་མཐོ་རླབས་དེ་དམའ་རླབས་སུ་ཕྱོགས་ངེས་སོ་ཟེར་རྒྱུ་ལས་རྒྱུན་ཆད་རྒྱུ་རེད་ཟེར་བ་གཏན་ནས་མིན་ཏེ།དེས་ནི་བར་བརྒལ་གྱི་ནུས་པ་བླ་ལྷག་ཏུ་ཐོན་སྲིད་པར་མ་ཟད།ལར་ད་དུང་འཕེལ་སྲིད་པ་ཤ་སྟག་ཏུ་ཟད་ཀྱང་།འཕེལ་ནས་ཚད་ཅི་ཙམ་ཞིག་ལ་སླེབས་རྒྱུ་ཡིན་མིན་ནི་སུས་ཀྱང་ཁ་ཚོན་གཅོད་ཁག་སྟེ།དེ་ནི་མི་བུ་སྒེར་གྱི་ཆེས་བླ་ན་མེད་པའི་གསར་གཏོད་ཀྱི་རྩལ་ལ་ཐུག་བསྡད་ཡོད་པས།གང་ཟག་གི་ཚད་གང་ཟག་གིས་མི་ཟིན་ཟེར་རྒྱུ་དེའང་སྐབས་འདིར་གོ་ཆོད་པར་འགྱུར་རོ།།

དེ་ཡང་།འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ།འཇར་མན་གྱི་དམག་གིས་ཧུ་ལན་གྱི་རྒྱལ་ས་ཨ་རྨུ་སུ་ཏིག་ཏན་དུ་སྐོར་བཅོམ་བྱས་ཤིང་།མཚམས་དང་མཚམས་མེད་པར་མི་རོས་ས་སྟེང་བཀང་སྟེ་ཁྲག་གི་ཡུར་བ་བསྐྱིལ།མི་རྣམས་དོང་ཕུག་དང་གྲུ་འཁྱམས་གང་རུང་ལ་ཀུམ་ནས་གཤེད་མའི་གནར་གཅོད་ལ་སྒུག་བསྡད་ཡོད་སྐབས།ཧ་ལས་པ་ཞིག་ལ།བུ་མོ་ཆུང་ཆུང་ཞིག་གིས་གྲུ་ཟུར་ཞིག་ཏུ་ཁོང་ཚོའི་སྙན་ངག་པ་ཞིག་གིས་བྲིས་པའི་སྙན་ངག་ཅིག་བློ་ལ་སྐྱོར་བཞིན་བག་ཕེབས་ངང་ལུས་ཡོད་ཟེར།དེ་ལྟར་ན།འཆི་བདག་གི་མདུན་དུའང་མི་སེམས་ལ་བག་ཕེབས་སྩོལ་ཅིང་ཚེ་སྲོག་ལ་རྒྱབ་རྟེན་རྙེད་ཐུབ་པའི་སྙན་ངག་དེ་དང་།དེ་ཀློན་གྱིན་པའི་བུ་མོ་དང་བཅས་པ་སླར་ཡང་སྙན་ངག་ཚན་པ་ཞིག་ཏུ་གྲུབ་སྟེ།རང་ཅག་གིས་ཧ་ལས་པའི་ངང་ཀློག་སྐབས་སྙན་ངག་ཅེས་པ་འདིའི་རིན་ཐང་གཞན་ཞིག་ཀྱང་ག་ལེར་རྟོགས་འོངས་ངེས།དེ་བས་ན།དུས་སྐབས་རེ་རེའི་སྙན་ངག་གང་རུང་ལའང་བརྗོད་པ་རེ་སྤེལ་རྒྱུ་འདི་གལ་ཆེན་ཞིག་ཏུ་འདོད་དེ།སྔོན་ཆད་ཅིག་ལ།སྐུ་ཞབས་ཞི་བདེ་ཉི་མས་ངས་སྙན་ངག་འབྲི་བ་ནི་ཞིང་བས་ཞིང་འདེབ་པ་དང་འབྲོག་པས་ཕྱུག་འཚོ་བ་དང་འདྲ་ཞེས་གསུངས་འདུག་མོད།དེ་ལྟ་ན།ཕྱུག་རྫིས་ཕྱུག་འཚོ་བ་དང་ཞིང་བས་ཞིང་འདེབ་པ་ནི་ནམ་ཡང་བསྐྱར་ཟློས་ཁོ་ནའི་ལས་ཤིག་རེད་ན།དོན་དུ་སྙན་ངག་སོགས་སྒྱུ་རྩལ་གྱི་ལས་ཀ་ནི་ནམ་ཡང་གསར་གཏོད་དང་བསྐྱར་ཟློས་མ་ཡིན་པའི་འགྲུལ་བཞུད་ཅིག་རེད་པས།འདིར་རི་མོ་མཁན་པེ་ཁ་སོའི་སྐད་ཆས་བཤད་ན།རི་མོ་བྲི་བ་ལ་གསར་རྟོགས་ལས་མེད་དོ་ཅེས་པ་དེ་རེད་དེ།དེ་བས་ན།རང་ཅག་རྩོམ་མཁན་དག་གི་གསར་གཏོད་ཀྱི་ལམ་ཁར་རང་དབང་འཐོབ་ཅིང་།ཕྱུག་རྫི་བུ་མོ་ཆུང་ཆུང་ཞིག་གིས་ཀྱང་རྩྭ་ཐང་གི་རུམ་དུ་བོད་སྐད་ཡིག་གིས་བྲིས་པའི་སྙན་ངག་ཅིག་ཡང་དང་ཡང་དུ་ཀློག་བཞིན་གྲང་ངར་དང་བུ་ཡུག་གིས་གཙེས་ཀྱང་མ་ཚོར་ནས་བག་ཕེབས་ངང་ལུས་པའི་སྐབས་ཤིག་བྱུང་ན་ཞེས་པའི་རྟེན་འབྲེལ་དུ་བྲིས་རྩོམ་འདི་འདྲ་བ་ཞིག་སྤེལ་བ་དགེའོ།།

 

 

 

 
རྩོམ་ཡོངས་ཀློག་པ།(2380) | ལན་སློག(21)
 
འབྲེལ་ཡོད་ནང་དོན་ 21 ཡོད།<<<123>>>
 
RE:བཅད་གསར་གླེང་བ་ཞེས་བྱ་བ་བཞུགས་སོ།།
[ 2012-5-13 5:12:36 | By: dongzhe ]
 
༼བཅད་གསར་སྙན་ངག་གི་སྒྱུ་རྩལ་གྱི་མཚོན་ནུས་དེ་སྲོལ་རྒྱུན་སྙན་ངག་ལས་འགོང་ཡོད་པ༽འི་གནས་ལུགས་ཞིག་མ་རྙེད་ཐ།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:དེ་ན་དེའི་ཐད་ནས་ཅིག་ཕྲིས་དང་།རྒྱུ་མཚན་ཡོད་པར་འདོད་ཚེ་ངས་ཁྱོད་ལ་ཡ་ལན་གོ་བ་སྐྱེད་པ་ཞིག་སྟེར་ཆོག
 
 
 
RE:བཅད་གསར་གླེང་བ་ཞེས་བྱ་བ་བཞུགས་སོ།།
[ 2012-5-13 20:58:39 | By: zhongjiwa ]
 
གོང་དུ་ཕེབས་པའི་གྲོགས་དག་ལ་བསུ་མ་ཡོད་ཅིང་།ད་དུང་བདག་གིས་ཧེ་གྰིར་གྱི་མཛེས་པའི་སྐོར་གྱི་སྐད་ཆ་དག་ལ་བསམ་གཟས་ནས་ཧེ་ཏི་གྰིར་གྱིས་ཞེས་ཏེ་ནོར་བྲི་བྱས་ཡོད་མོད།སུས་ཀྱང་སྐྱོན་འཛུགས་བྱས་མ་ཡོང་བ་དེར་ཅུང་ཡིད་ཕངས་ཡོད།
 
 
 
RE:བཅད་གསར་གླེང་བ་ཞེས་བྱ་བ་བཞུགས་སོ།།
[ 2012-5-13 21:10:11 | By: cairen898 ]
 
ནུབ་བྱང་ཚང་གི་གླག   མཚོ་སྔོན་ཚང་གི་གཅེས་ཕྲུག རྒྱབ་སྐྱོར་ཞུ
 
 
 
RE:བཅད་གསར་གླེང་བ་ཞེས་བྱ་བ་བཞུགས་སོ།།
[ 2012-5-14 13:56:58 | By: sangjicuo ]
 
བཀླགས་ཡོད།
 
 
 
RE:བཅད་གསར་གླེང་བ་ཞེས་བྱ་བ་བཞུགས་སོ།།
[ 2012-5-14 18:35:20 | By: ogyenling ]
 
ཨོ་ཡ། དཔལ་གྱི་འདབ་མ་ཅན་གྱི་བསམ་བློ་ཞིབ་མོ་བཏང་ཡོད་ཚོད་རེད། བཅད་གསར་ཞེས་པ་དེའི་ཚིག་གི་ཆ་ལ་བཅད་ལྷུག་གཉིས་ཟུང་དུ་ཚོགས་པ་ཞིག་ལས་གཞན་ཁྱད་ཆོས་ཤིག་ཡོད་པར་མ་མཐོང་ཡང་། བརྗོད་བྱ་འདྲེན་སྟངས་ཀྱི་ཐད་ནས་དུས་རབས་དང་མཐུན་པའི་ཚོར་བརླབས་ཤིག་ཡོད་པར་མངོན།
 
 
 
RE:བཅད་གསར་གླེང་བ་ཞེས་བྱ་བ་བཞུགས་སོ།།
[ 2012-5-16 17:19:16 | By: serdorl ]
 
བོད་དུ་མིང་དོན་མཚུངས་པའི་སྙན་ངག་པ་གཅིག་ཀྱང་མེད།ཇི་སྲིད་དུ་སྤྱི་ཚོགས་ཀྱི་སྙིང་བོ་ཀུན་ལ་རྨོངས་ཤིང་ནམ་ཡང་རང་གི་སྣང་བ་ཏུལ་མར་འདྲ་བོ་ཡ་མཚན་པར་བསྒྲུབ་ནས་བསྲུང་ཡང་།རང་གི་རྐང་བར་རུལ་དྲི་བྲོ་བཞིན་པ་ཡང་ཚོར་མེད།ཁོ་ཚོས་སྤྱི་ཚོགས་ཟེར་བ་ནི་ཟ་རྒྱུ་ཞིག་ཡིན་ནམ་ལྡག་རྒྱུ་ཞིག་མིན་ཀྱང་ཤེས་པ་མ་རེད།བོད་ཚར་ཐལ།
 
 
 
RE:བཅད་གསར་གླེང་བ་ཞེས་བྱ་བ་བཞུགས་སོ།།
[ 2012-5-17 15:34:15 | By: zhongjiwa ]
 
གོང་དུ་ཕེབས་པའི་གྲོགས་དག་ལ་བསུ་མ་བྱེད།
 
 
 
RE:བཅད་གསར་གླེང་བ་ཞེས་བྱ་བ་བཞུགས་སོ།།
[ 2012-5-18 17:50:54 | By: wmpmdzh ]
 
གྲོགས་པོའི་རྩོམ་ཡིག་དག་ལ་རྒྱུན་དུ་ལྟ་གིན་ཡོད་མོད།      དེ་འདྲའི་ཁོམ་པ་མེད་པས་སྐད་ཅི་ཡང་འཇོག་མ་ཐུབ།      དེ་རིང་ཡོང་ནས་བསྐྱར་དུ་བལྟས་ཡོད།       ནང་དོན་དང་རྣམ་པ་གཉི་ག་གང་ཐད་ནས་བློར་འབབ་ཅིག་ཏུ་འདུག       ཐོག་གིས།
 
 
 
RE:བཅད་གསར་གླེང་བ་ཞེས་བྱ་བ་བཞུགས་སོ།།
[ 2012-5-18 19:57:01 | By: huazhi ]
 
ངའི་ཟིན་བྲིས་སུ་རྩོམ་འདིར་༼བཅད་དང་མ་བཅད་མི་འདུག ཅེས་པའི་ལྟ་ཚུལ་ཞིག་བྲིས་ཡོད་པས། བལྟ་རྒྱུའི་རེ་བ་ཆེ།
 
 
 
RE:བཅད་གསར་གླེང་བ་ཞེས་བྱ་བ་བཞུགས་སོ།།
[ 2012-5-20 2:12:48 | By: TOKMEI ]
 
གླ་ཡི་འཁྱུག་རྩལ་དང་གཡག་ཞར་གྱི་གོམ་འགྲོས་བར་ན་གྲོགས་བཅད་རྩོམ་ལ་དུངས་ཞེན་གྱི་བདེན་པ་དང་ཕྱོགས་ཀ་ལྕི་མོ་ཞིག་ཡོད་པ་མ་ཡིན་ནམ།
 
 
粗体 斜体 下划线 插入引用 插入表情

ང་ཁྱེད་ཀྱི་ཨ་ཕ་ཡིན།

—— གླག

མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་

འདམ་གྱི་དྲི་མས་མ་གོས་སོ།།


སྐྱེས་ལོ། 1989

ཁ་པར། 182xx

QQ:  475461853

འབྲེལ་ཟམ་འདི; zhongjiwa2013@163.com



སེམས་ཁམས་ལོ་ཐོ།
དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་ཐོ་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཟིན་བདག་ནང་འཇུག
མཛའ་འབྲེལ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.