མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
     
   
     
 
དྲང་མོ་ཤོད།ཁྱོད་དྲ་འདྲེ་བཅའ་ཨེ་མྱོང་།
[ 2012-4-14 16:32:40 | By: zhongjiwa ]
 

 

 

༡སྔོན་ཆད་ཅིག་ལ།ངས་འདི་ལྟ་བུའི་དངོས་བྱུང་ཞིག་གོ་མྱོང་།དྲི་ཞིམ་པ།མདོག་ཡག་པ།འདབ་མ་ཡ་ལེ་བ།མིའི་ལུས་སེམས་ཀྱི་བདེ་ཐང་ལ་སྨན་པའི་མེ་ཏོག་ཅིག་གི་ས་བོན།དེ་མ་ཡིན་པའི་ས་ཆ་གཞན་ཞིག་ཏུ་བཏབ་ཚེ།མདོག་མི་སྡུག་པ།དྲི་མི་ཞིམ་པ།འདབ་མ་ཁུམ་པ།མིའི་བདེ་ཐང་ལ་གནོད་པའི་འབྲས་བུ་ཞིག་འཐོག་འགྲོ་བར་བཤད།བྱེ་བྲག་ཏུ་ས་ཆ་གང་ཞིག་དང་མེ་ཏོག་གི་མིང་ལ་ཅི་ཟེར་སོགས་རེ་རེ་ནས་དྲན་སོས་མི་ཐུབ།ཡིན་ནའང་།གཏམ་རྒྱུད་འདི་དང་ཆ་འདྲ་བ་ཞིག་ལ།ནུབ་གླིང་གི་རང་དབང་དང་འདྲ་མཉམ།སྒེར་གཤིས་དང་སྒལ་ཚིགས་སོགས་ཐ་སྙད་མཛེས་པོ།སྙིང་ལ་སྡུག་པ།ཡི་ག་འདྲེན་པ།ཡིད་དབང་འགུག་པ་དག་རང་ཅག་ཁ་བའི་ཡུལ་དུ་ཐོན་ཚེ།ཞེ་འགྲིས་པར་བྱ་བ།རྣ་བར་གཟན་པ།སྐྱུར་ལྡང་བ།བློའི་ཡུལ་དུ་མི་མཛའ་བ་ཞིག་ཏུ་འགྱུར་གྱི་འདུག།དེ་དག་རང་ཅག་གི་པོད་ཁུག་ཁོ་ན་ལས་ཀྱང་གསལ་བོར་མཐོང་ཐུབ་པ་རེད།ཡང་ན།རང་དབང་ཟེར་བ་ནི་གལ་སྲིད་ངས་ཁྱེད་ཀྱི་གདོང་ལ་མཆིལ་ཞགས་འཕེན་སྙམ་ཡོད་ཚེ་དེ་ལྟར་ཡོང་དགོས་ཀྱི།མ་ཡོང་ཚེ་ཁྱོད་ནི་ངས་རང་དབང་གཅུན་མཁན་གྱི་གཅོད་པ་པོར་ཆགས་འགྲོ་བ་ལྟ་བུ།འདྲ་མཉམ་ཟེར་བ་ནི་ཆ་སྙོམས་རིང་ལུགས་ལ་གོ་བ་ལེན་ཅིང་།ཡང་ན།ང་ལ་ལུག་བརྒྱ་ཡོད་ཚེ།ཁྱོད་ལ་ལུག་ཉིས་བརྒྱ་ཅིས་ཀྱང་ཡོད་མི་ཆོག་པའི་རང་ལུགས་ཤིག་སྟེ།གལ་སྲིད་ཞི་ཐི་ལིའི་ལྟ་དགོངས་ནི་ཉམ་ཆུང་འཁས་ཞན་ཐ་དག་མེད་བརླགས་བྱས་རྗེས་སྟོབས་ཆེན་བརྗིད་པོ་ཁོ་ན་འཚོ་ཆོག་པ་ཞིག་ཡིན་ན།ཁོ་ཅག་གི་གཏན་ཚིགས་ནི་སྟོབས་ཆེན་བརྗིད་པོ་ཐ་དག་མེད་བརླགས་བྱས་ཚར་རྗེས།ཉམ་ཆུང་ནུས་ཞན་ཁོ་ན་འཚོ་ཆོག་པའི་ནག་རོག་རོག་གི་འཚོལ་སྙེགས་ཤིག་ཡིན་པ་འདྲ།སྐབས་འདིར་ཁྭ་ཏས་རང་སེམས་ལ་དྲང་སྙོམས་ཡོང་སླད།བྱ་གཞན་རྣམས་ཀྱི་སྒྲོ་སྤུ་འཐོག་པའི་གཏམ་རྒྱུད་ཅིག་ཡོད་པ་དེ་དྲན་འོང་མོད།ཡིག་ཚོགས་སྐྱོངས་ཕྱིར་རེ་ཞིག་བསྐུང་ཆོག་པ་ཞུ།དེ་བཞིན་སྒལ་ཚིགས་ཟེར་བ་ནི་ཆེད་དུ་གྲོགས་པའི་སྟེང་ལ་བཀོལ་རྒྱུའི་རྡོ་ནར་ཞིག་དང་།སྒེར་གཤིས་ཞེས་པ་ནི་རྭ་བཟི་རྗེས་མོ་མཚན་སོགས་འུར་གྱིས་གླེང་སྤྱད་ཅིག་ཏུ་འང་ཆགས་ཀྱི་འདུག།དེ་བཞིན་བོད་ཀྱི་ན་གཞོན་ཚོ་བོད་ཀྱི་ན་གཞོན་ཚོར་འཐོག་ཅིང་།འཐོག་ནས་འགྱེལ།འགྱེལ་ནས་ཕར་མ་བུད་པར་འཆི་བཞིན་འདུག་སྟེ།ད་དུང་།ཁྱོད་ཀྱིས་ང་ལ་ཅིག་བཤད་ཀྱི་འདུག་ཟེར་བ་ཨེ་བདེན་དང་།ཡང་ན།ཁྱོད་ཀྱིས་ངའི་སྟེང་ལ་བསམ་ངན་འཆིང་ཡོད་ཡོད་འདྲ་སོགས་ཀྱི་དོགས་པ་འདྲ་མིན་ཟོས་ཏེ་ཕན་ཚུན་བར་དུ་དབྱེན་དཀྲུགས་ཁ་མཆི་རྩོད་ཀྱིན་ལུས།སྤྱི་ཚོགས་དང་འཚོ་གནས་ཞེས་པ་ནི་རྒྱང་རིང་རྒྱང་རིང་གི་གྲོང་རྡལ་ཞིག་སྟེ།སྤྱི་ཚོགས་ཀྱིས་ཁོ་ཅག་མ་མཐོང་ཞིང་།ཁོ་ཅག་གིས་ཀྱང་སྤྱི་ཚོགས་མ་མཐོང་བར།རང་སར་འཁང་ར་འབའ་ཞིག་གི་ལས་ཀ་སྐྱུར་བོ་ཞིག་བསྐྱར་བཟློས་ནས་འདུག་པའི་སྣང་བ་སྐྱེས་བྱུང་།།

༢བོད་དུ་དྲ་བའི་རིག་གནས་ཐོན་ཏེ་དུས་ཚོད་མང་ཙམ་འགོར་མེད།དེ་ནི་རྒྱལ་ནང་དང་འདྲ་བོ་འདུག་སྟེ།བྱ་དངོས་གསར་པ་ཕལ་མོ་ཆེ་རྣམས།རྒྱལ་ནང་དུ་དར་བ་དང་བོད་ཡུལ་དུ་ཐོན་པ་ཕལ་ཆེར་དུས་མཉམ་པ་འདྲ།རི་མོ་བ་ཁྲིན་ཏན་ཆིན་གྱིས་བཤད་པ་ཡིན་ན།ཧན་ཧན་ལོ་བཅོ་བརྒྱད་ཡིན་དུས་རྒྱལ་ནང་དུ་ཟིན་བྲིས་དར་མེད་ཟེར།དེ་ལྟར་ན།རྒྱལ་ནང་དུ་ཟིན་བྲིས་དར་ནས་མང་མཐར་ལོ་བཅུ་གྲངས་ལས་འགོར་མེད་པ་གསལ།དེ་བཞིན་བོད་དུ་འང་དེ་འདྲ་ཡིན་ནམ་སྙམ།ང་རང་མཐོ་འབྲིང་གི་སྐབས་སུ་གངས་ལྗོངས་གཞོན་ནུ་ཟེར་བ་ཞིག་ཐོན་ཡོད་པ་རེད།དེའི་རྗེས་སུ་བོད་ཡིག་ཟིན་བྲིས་དང་མཆོད་མེ་ཟིན་བྲིས།དེ་དག་གི་སྔ་གཞུག་གང་ཡིན་ཞིབ་རྩད་ཆོད་མ་ཐུབ་ཀྱང་།བསྟུད་མར་ཁ་གཏན་རྗེས་སུ།ཧི་གཟུགས་ཟིན་བྲིས་ཐོན་ཅིང་།དེའི་སྒོ་བརྒྱབ་རྗེས་མཚོ་སྔོན་ཟིན་བྲིས་ཐོན་པ་རེད།སྤྱིར་དྲ་ཚིགས་ཀྱི་ཐད་ནས་ཕལ་ཆེར་བརྒྱ་གྲངས་ཤིག་ཡོད་ན་སྲིད་ཀྱང་།ངེད་ནས་ཅུང་འགྲིམ་ཆེ་ཞིང་གསར་སྤེལ་གྱི་གྲངས་ཀ་བལྟོས་བཅས་ཀྱིས་མང་པོའི་མཆོད་མེ་དྲ་བ་དང་།དགེ་ཆོས་དྲ་བ།རང་གྲོལ་སྨྱུག་གསར་དྲ་བ།གཞོན་གསར་དྲ་བ་བཅས་དྲ་ཚིགས་བཞི་དང་།ཟིན་བྲིས་ཀྱི་ཐད་མཚོ་སྔོན་པོ་དང་སེང་རྡོར་དྲ་བ༼དྲ་བ་དང་ཟིན་བྲིས་འདྲེས་རུང༽སོགས་གླེང་གཞི་འཛིན་ས་ཡིན།གོང་དུ་བཤད་པའི་དྲ་བ་འདི་དག་གི་རྩོམ་གྱི་སྤེལ་གྲངས་དང་ཀློག་གྲངས་སོགས་གང་ཅི་ཐད་ནས་ཀྱང་།ལས་ཁུངས་དང་མི་སྒེར་གང་རུང་གིས་བཙུགས་པའི་དྲ་ཚིགས་གཞན་དག་ལས་ཆེས་ཆེར་འགོང་ཡོད་པ་གསལ།སྤྱིར་དྲ་བའི་རིག་གནས་གླེང་འོང་ཚེ་ལག་རྩལ་གསར་པ་དང་རིག་གནས་ནང་དོན་གཉིས་ཀྱི་ཆར་གླེང་དགོས་པ་ཡིན་མོད།ངེད་ཀྱིས་གླེང་འདོད་པ་ནི་དེ་དག་རེ་རེ་ནས་མིན་ཏེ།ཡང་ན་།དེ་དག་དང་འབྲེལ་ཞིང་།རིག་གནས་ནང་དོན་གྱི་ཁོངས་སུ་འདུ་བ།དེ་ལས་ཀྱང་བཤད་རིན་ཡོད་པའི་དོན་དག་ཅིག་སྟེ།དྲ་འདྲེ་ཞེས་པ་འདི་གླེང་རྒྱུ་ཡིན།

༣གོང་གི་དྲ་བ་འདི་དག་གིས་རྒྱ་ཆེའི་ཀློག་པོ་མང་པོའི་རེ་འདོད་སྐོང་ཞིང་ཞོར་དུ་ལྟ་ཚུལ་ཐད་ཀྱི་རྩོད་ཤག་རེ་འང་ཐོན་ཏེ།རིག་གནས་ཀྱི་ཁ་དབུགས་ཤིག་ཕྱོགས་སུ་གཏོར་གྱིན་པའི་སྐབས་སུ།དྲ་བའི་སྟེང་དུ་༼དྲ་འདྲེ༽སྐོར་ཞིག་ཐོན་ཏེ།སྣང་ཚུལ་འདིར་བཅོམ་བརླག་འབའ་ཞིག་གཏོང་རྐྱང་བྱེད་ཀྱི་ཡོད།ང་ཚོས་རྒྱུན་འབྱམས་སུ་དེར་དྲ་འབུ་ཞེས་འབོད་ཀྱི་འདུག།སྤྱིར་དྲ་འབུ་ནི་ཕྱི་ཡོང་ཐ་སྙད་ཅིག་རེད།ཡང་ན།དྲ་བའི་སྤྱི་དམངས་ཞེས་ཏེ།ནམ་རྒྱུན་རོལ་རྩེད་སོགས་སྣ་ཚོགས་དྲ་བའི་ནང་དོན་གྱི་དབང་དུ་ཚུད་ནས་དྲ་རྒྱའི་ནང་དུ་ནམ་ཞར་ཕུར་ཚུགས་སུ་ཅེར་ནས་བཟི་འདུག་ཡོད་པའི་མི་དེ་དག་གི་མིང་རེད།དེ་བས།བོད་ཀྱི་དྲ་ཚིགས་དག་ཏུ་ཐོན་ཡོད་པའི་དྲ་འབུ་འདི་དག་ནི་དེ་དག་དང་མི་འདྲ་བའི་དམིགས་གསལ་བ་ཞིག་རེད་པས།ངས་ནས་རྗེས་གྲུབ་ཀྱི་མིང་ཞིག་སྟེ།ཁོ་ཚོར་༼དྲ་འདྲེ༽ཞེས་པའི་མིང་འདི་ཤེལ་དམ་དང་བཅས་ཏེ་བསྩལ་བ་ཡིན།ཡང་ན།ང་ཚོའི་སྤྱི་ཚོགས་སུ་བཟའ་འདྲེ་ཟེར་རྒྱུ་ཞིག་ཡོད་པ་དེ་ལས་མིང་འདི་རྙེད་པ་ཡིན་ཏེ།བཟའ་འདྲེ་ཟེར་བ་ནི་འགྲིག་མཐུན་ཡོད་པའི་གཟའ་ཚང་གི་བར་དུ་ལྡང་སྟེ།ཁྱིམ་ཚང་དང་མི་སྡེ་བའི་བར་དུ་ཀླན་ཀ་ཚོལ་བའི་བྱ་སྤྱོད་སྤེལ་མཁན་གྱི་ཕོ་མོ་གང་རུང་ལ་གོ་བ་ལྟར།ངས་ནས་གོང་དུ་བཤད་པའི་བོད་རིགས་ན་གཞོན་གྱི་གནད་དོན་དེ་དག་ཀྱང་དྲ་འདྲེ་དང་འབྲེལ་བ་དམ་ཟབ་ཡོད་པ་རིམ་གྱིས་ཡོད།

༣དྲ་འདྲེ་ཡིས་རང་གི་མིང་དུ་བོང་རྫི་དང་རྟ་རྫི་གང་རུང་བཀོལ་ཏེ།གཞན་གྱི་བྲིས་རྩོམ་གྱི་འགབ་ཏུ་ཁྱི་སྐྱག་དང་གསང་མྱུལ་བ།དམར་སྲུངས་པ།རྙིང་གཏོར།སྐྱག་པ་དང་གནའ་ཤི་བོ།བྱིས་པ་བསམ་མེད།ད་དུང་སྐྱེས་མ་རྩོམ་པ་པོའི་རྩོམ་འགབ་ཏུ་ངས་ཁྱོད་སྤྱོད་འདོད་སོགས་ཐ་སྙད་རྫོབ་པོ་དག་བསྒྲིགས་ནས་བརྩམས་ཆོས་དང་མ་འབྲེལ་བར།ཐད་ཀར་རྩོམ་པ་པོར་དམའ་འབེབ་དང་ཞྭ་མོ་བཟོ་རུ་ཡོད་པ་རེད།ཉེ་སྔོན་དུ་དྲ་འདྲེ་བོང་རྫི་ཟེར་བ་ཞིག་གིས་དྲ་བའི་རིག་གནས་ལ་བཅོམ་བརླག་མང་དུ་ཐེབས་ཡོད་ཅིང་།རྗེས་སུ་ཁོ་རང་ལྷང་དུའང་བུད་ཡོད་ཚོད་རེད།དེ་བས།ཁོང་ལྟ་བུ་དབྱིན་ཇི་སོགས་རང་དབང་གི་ཁོར་ཡུག་ཏུ་སོང་རྗེས།ཕྱིར་ནང་ཁུལ་དྲ་བ་དག་གི་བདེ་སྡུག་གཏན་མི་སེམས་པར།མཆན་དུ་ཆབ་སྲིད་ཀྱི་ཐད་དང་འདུ་ཤེས་འཛིན་སྟངས་ཀྱི་ཐད་ནས་མིག་ལ་མཚེར་བའི་ཐ་སྙད་དག་བཀོལ་ཅི་ཐུབ་བྱ་བཞིན་འདུག་པས།ལོ་སྔོན་མར་རང་གྲོལ་སྨྱུར་གསར་དྲ་བའི་སྒོ་བསྟུད་མར་ཐེངས་འགའ་ལ་བརྒྱབ་དགོས་བྱུང་བ་འང་མདོར་ན་དྲ་འདྲེ་ཡིས་ཐད་ཀར་བཟོས་པ་ཞིག་རེད།དྲ་འདྲེ་ལ་ཅིའི་ཕྱིར་དེ་འདྲའི་སྙིང་སྟོབས་ཤིག་མངའ་བ་ཡིན་ནམ་སྙམ་ན།དེ་ནི་ཁོ་ཅག་གིས་མ་གཞི་ནས་རང་ཉིད་ཀྱི་སྐད་ཆར་འགན་འཁུར་མི་དགོས་པས་རེད་དེ།དེའི་སྟབས་ཀྱིས་ཁོ་ཅག་གིས་མི་སྒེར་གྱི་ཆགས་སྡང་དང་ཞེ་མཁོན།ཕྲག་དོག་སོགས་ཀྱི་ན་ཚ་དག་རྒྱུ་མཚན་མེད་པར་སུ་ཡིན་ཡིན་གྱི་སྟེང་དུ་གཡུགས་རྐྱང་བྱེད་ཀྱི་ཡོད་པ་རེད།དེ་ནི་ཁོ་ཚོས་འདོད་པའི་རང་དབང་ཡང་རེད།

༤སྤྱིར་དར་དང་རྒུད་ཀྱི་ཁ་མཚམས་གླེང་རྒྱུ་ནི་ཧ་ཅང་ནས་ཁག་པོ་ཞིག་རེད་ཀྱང་།མཐའ་གཅིག་ཏུ་བཤད་ཆོག་པ་ཞིག་ནི།དྲ་འདྲེ་ཡིས་དྲ་བའི་རིག་གནས་ལ་རྒུད་པའི་ནུས་པ་ལས་གཞན་ཐོན་གྱི་ཡོད་པ་མ་རེད་དེ།༡དྲ་འདྲེ་ཡིས་དྲ་ཚིགས་ཀྱི་ཚེ་སྲོག་ལ་གནོད་པ་ཆེ་ཞིང་།སྤྱིར་མི་རེ་རེའི་རང་རང་གི་སྐད་ཆར་རང་རང་གིས་འགན་ཁུར་ཚེ།གཞན་ཞིག་ལ་གནོད་མི་སྲིད་མོད།དྲ་འདྲེ་ཡིས་ཏག་ཏག་ཁོས་སྤེལ་བའི་བྱ་སྤྱོད་ལ་གཞན་གྱིས་འགན་འཁུར་དགོས་པར་བྱས་ཡོད།༢དྲ་འདྲེ་ཡིས་གྲོགས་པོའི་བར་གྱི་མཛའ་བརྩེ་ལ་གས་ཆག་བཟོས་ཡོད།སྤྱིར་རང་ཅག་ལ་མཚོན་ན།ཀློག་པ་པོ་དང་རྩོམ་པ་པོ་གཉིས་ཁྱུ་གཅིག་ཏུ་གྱུར་ཏེ་སོ་སོར་ཕལ་ཆེར་མེད་པ་ལྟ་བུ་ཆགས་ཡོད།དེ་བས།གལ་སྲིད་ངའི་བྲིས་རྩོམ་གྱི་འགབ་ཏུ་མིང་ཁྱད་མཚར་བོ་ཅན་ཞིག་གིས་བསྙད་འདོག་སྙོན་འཛུགས་ཀྱི་སྐད་ཆ་ལུང་པ་གང་བཤད་འདུག་སྐབས།ངེད་ནས་དེ་མ་ཐག་དོག་པ་ཟ་བའི་ཡུལ་ནི་ངོ་ཤེས་མིན་གྱི་གྲོགས་པོ་ཚོ་ཡིན་ཏེ།དེ་ལས།དྲ་འདྲེ་ཡིས་ང་ཚོ་མི་སྒེར་རེ་རེ་ལ་གཟུགས་མེད་ཀྱི་ཉེས་འདོགས་ཤིག་བྱས་ཡོད་དེ།རྒྱུ་མཚན།ང་ཚོ་སུ་ཡིན་ཀྱང་།རྩོམ་པ་པོ་གང་གི་དོགས་པ་ཟ་ཡུལ་དུ་མི་འགྱུར་བའི་ངེས་པ་ནི་གཞར་ཡང་མེད།འདི་ལྟར་གཅིག་གིས་གཅིག་ལ་དོགས་པ་ཟས་ཤིང་ཡོང་ནས་ཞེ་སྡང་སྐྱེས།དེའི་རྗེས་ཕྲག་དོག་ལངས།དེའི་རྗེས་འཁོན་སེམས་སྐྱེས།དེའི་རྗེས་སུ་ཁོ་རང་ཉིད་ཀྱང་དེ་འཕྲད་དྲ་འདྲེ་རུ་གྱུར་ཏེ།དོགས་པ་ཟ་ཡུལ་དེར་མིང་གསང་ནས་བསྙད་འདོག་བྱས་པ་རེད།ད་ལྟའི་རང་ཅག་གི་དྲ་བའི་སྒང་དུ་དྲ་འདྲེའི་རླུང་འཚུབ་ལྡང་ཞིང་།ལྟ་ཚུལ་མི་རྩོད་པར་མི་སྒེར་བར་གྱི་ཙག་ཙིག་རྩོད་པ་འང་མདོར་ན་དྲ་འདྲེའི་རིག་གནས་ཤིག་དར་སོང་བ་རེད།ངེད་ཀྱིས་ཁྱོད་ཀྱི་སྐྱོན་ཚོལ།ཁྱོད་ཀྱིས་ངའི་སྐྱོན་ཚོལ་བར་རྩེ་གཅིག་ཏུ་ལུས།རྒྱུ་མཚན་ནམ་ཞིག་ཁྱོད་རང་དྲ་འདྲེ་རུ་གྱུར་ཚེ།ང་འང་དེ་མ་ཐག་དྲ་འདྲེ་རུ་འགྱུར་དགོས་པས་ཕྱིར་རོ།དེ་བས་ངས་གོང་དུ་བོད་ཀྱི་ན་གཞོན་ཚོ་ན་གཞོན་ཚོའི་ནང་ན་བུད་ཀྱི་མི་འདུག་ཟེར་བ་ནི།ཁོ་ཚོས་དུས་ཚོད་མ་ལུས་ཕན་ཚུན་གྱི་མི་སྒེར་ཞན་ཆ་ཚོལ་བར་བཀོལ་ཚར་བས།ལྟ་ཚུལ་དང་རིག་གནས་ཐད་ནས་རྩོད་ཤག་བྱེད་རྒྱུ་ཅང་མ་ཡོང་བའང་རེད།བར་སྐབས་འདིར།ངེད་ནས་མི་སྒེར་སུ་ལ་འང་སྐྱོན་མེད་པ་ཞིག་མི་སྲིད་པས།ཕན་ཚུན་གྱི་སྐྱོན་ཕྲ་མོ་ཙམ་ལ་འང་ཤོང་ཡངས་བྱ་མི་བཏུབ་ཚེ།ང་ཚོས་ཅི་ཞིག་ནུས་སམ་ཟེར་རྒྱུ་དེ་ཙམ་ཞོར་ནས་ཤོར།༣དྲ་འདྲེའི་ལས་ཀ་ནི་ཆེས་ཐ་ཤལ་གྱི་སྤྱོད་པ་ཞིག་རེད་དེ།ཁོ་ཚོ་ནི་གཞུག་ནས་འཇབ་རྒྱུགས་བྱེད་པའི་ཁྱི་སྨྱོན་དང་འདྲ།ཁོ་ཚོས་དྲ་བའི་མཛེས་རྟོགས་ལ་གནོད་པ་བཏང་ཡོད་དེ།རྩོམ་ཡིག་ནི་གཟུགས་ཤེས་ཀྱི་མྱང་བྱ་རེད་ན།རྩོམ་ཡིག་གང་དང་མ་འབྲེལ་བའི་རྩོམ་པ་པོར་ཉེས་འདོག་བྱས་པ་དེས།རྩོམ་ཡིག་གང་ལ་ལྟ་འདོད་ཀྱི་ཀློག་པ་པོའི་ཡི་ག་གཅོག་པར་བྱེད་ཅིང་།པར་གཞི་ཧྲིལ་བོར་འབག་བཙོག་ཐེབས་འགྲོ་ཞིང་།དེས་དོ་དམ་པ་དང་རྩོམ་པ་པོ།ཀློག་པ་པོ་ཡོད་ཚད་ཀྱི་སེམས་ཤུགས་ལ་འོས་མཚམས་ཀྱི་བརྡབ་གསུག་ཐེབས་ཀྱི་ཡོད་པ་རེད།ད་དུང་མང་པོ་ཞིག་གིས་དྲ་བའི་རྩོམ་རིག་ཅེས་པ་ནི་དྲ་འདྲེ་དག་གི་སྐད་ཆའི་མཚོན་པར་གོ་བ་ལོན་ཏེ་གང་སར་གླེང་སྤྲོ་བྱེད་པ་ནི་དེ་བས་སྐྱོ།༥དྲ་འདྲེ་ཡིས་ན་གཞོན་སྙུག་ཐོག་པའི་མི་གཞི་ལ་གས་ཁ་ཤོར་དུ་བཅུག་ཡོད་དེ།ཁོ་ཚོས་མིང་འདྲ་མིན་སྣ་ཚོགས་སྤྱད་དེ།བསྙད་འདོག་བསྙོན་འཛུགས་བྱས་པས།ན་གཞོན་གང་དེ་སྤྱི་ཚོགས་ལ་སྡང་སེམས་སྐྱེས་ཤིང་།འཁྲུལ་སྣང་གི་སུན་པས་གཏུགས།གཞན་གྱི་ལས་བྱ་གང་ཅི་མིག་སྔར་མི་ལོབས་པར་ནད་ཚིག་ཟོས།ཕྱིར་དེ་དག་ལ་ཡ་ལན་བསློག་སྙམ་གྱི་བློ་སྐྱེས།དེ་བཞིན་ཁོའི་བྱ་སྤྱོད་དང་སྐད་ཆ་བཤད་སྟངས་མ་ལུས་དྲ་འདྲེ་དག་ལས་ཀྱང་རྫིག་པོར་འགྱུར་ཏེ།ཁོའི་ངག་ཏུ་བཤད་ཀྱིན་པའི་རང་དབང་འདྲ་མཉམ་སོགས་དང་བྱ་སྤྱོད་སྟངས་མངོན་བཞིན་པའི་བར་དུ་གྲོག་རོང་གིས་ཆོད་སོང་བ་རེད།མདོར་ན།མེ་ཏོག་དྲི་ཞིམ་པ་དེ།རང་ཅག་ཡུལ་དུ་དུག་ལྟ་བུ་ཞིག་ཏུ་སྨིན་གྱིན་ཡོད་པ་དེའང་གཅིག་ན་དྲ་འདྲེ་ལ་འང་འགན་འཁུར་ཡོད་པ་རེད་ཟེར་རྒྱུ་ཡིན།དེ་བཞིན།ད་ལྟར་བོད་ཀྱི་དྲ་ཚིགས་མང་ཤོས་དང་།རྒྱ་ནག་གི་ཞིན་ལང་སོགས་དྲ་བ་མང་ཤོས་ལ་ངེས་པར་ཐོ་འཇུག་བྱས་རྗེས་མ་གཏོགས་ཞབས་མཆན་སྤེལ་མི་ཆོག།དེ་ལའང་དྲ་འདྲེ་ཡིས་ནུས་པ་ཆེན་པོ་ཐོན་ཡོད་ཤག་རེད།།

༦རང་ཉིད་ལ་ཆ་མཚོན་ན།མཐོ་འབྲིང་གི་སྐབས་སུ་གངས་ལྗོངས་གཞོན་ནུའི་གླེང་སྟེགས་སུ་དྲ་མིང་ལ་འདྲེ་ཀེག་ལངས་ཟེར་རྒྱུ་བཏག་ནས་ངོ་ཤེས་མིན་མང་པོ་ལ་ཁྱི་རྒན་དང་བྱིས་བློ་ཅན།ད་དུང་དཔེ་ཆ་ལྟོས་སོགས་མང་པོ་ཕྱོ་མྱོང་བས།དེ་ལ་འདིར་ཆེད་དུ་དགོངས་དག་ཞུ་བ་ཡིན།དེ་མིན་ཐེངས་ཤིག་གྲོགས་ལྷམ་ཀོག་ལགས་ལ།༼ཁྱོད་ཀྱི་སྙན་ངག་ལ་ཞན་ཆ་མང་ན་འང་།བརྗོད་རྒྱུ་མིན།བརྗོད་ཚེ་ཁྱོད་གདོང་དམར་བོར་འགྱུར་འགྲོ༽ལྟ་བུའི་ཞབས་མཆན་ཞིག་སྤེལ་རྗེས་མིང་མ་བྲིས་པ་ཞིག་དངོས་གནས་ཡོད།དགོངས་དག་ཡོད།དེ་ལས་གཞན།མཚོ་སྔོན་མ་ཡིན་པའི་དྲ་ཚིགས་གཞན་དུ་ཞབས་མཆན་སྤེལ་མྱོང་དུས་ཡོད་ཀྱང་།མིང་ཆེ་བར་ཟུར་དུ་རང་གི་མིང་བཀོལ་ཡོད།མ་བཀོལ་པ་རེ་ཡོད་ན།རྒྱབ་སྐྱོར་ཡོད་དམ་རེ་བ་ཅན་པོ་སོགས་ལས་ཉག་ཉོག་གི་ཞབས་མཆན་གཏན་ནས་སྤེལ་མྱོང་མེད་པ་སེམས་དག།ཡིན་ཏེ།ངེད་ཀྱིས་སྤྱིར་དྲ་བའི་སྟེང་གི་རྩོམ་ཡིག་ལན་རེར་མ་གཏོགས་ཀློག་ཐུབ་ཀྱི་མེད་པས་དེ་འདྲ་སྲིད་ཀྱང་མི་སྲིད།གོང་གི་དེ་དག་ནི་འདས་ཟིན་པ་རེད་ན།སྐབས་འདིར་ངའི་བཤད་འདོད་པ་ནི།རྗེས་མའི་ལམ་དུ་ང་རང་དྲ་འདྲེ་མི་བཅའ་ཞེས་པ་དེ་ཡིན་ལ།ངའི་རྩོམ་ཡིག་འདིས་སུ་ལ་འང་རྔོ་མི་ཐོག་པ་ངས་ཤེས་ཡོད་ཅིང་།དྲ་འདྲེ་སྔར་བཞིན་དུ་ཡོང་སྲིད་པ་འང་ངས་ཤེས་ཡོད།ཡིན་ནའང་།ངའི་རྩོམ་ཡིག་འདིས་མི་གཅིག་ལ་ཅིས་ཀྱང་རྔོ་ཐོག་སྲིད་དེ་།དེ་ནི་ཁོ་བོ་རང་ཉིད་ཡིན།ངས་ནས་རྗེས་མའི་ལམ་དུ་དྲ་མིང་གཞན་བཀོལ་བ་འམ་མིང་མི་བཀོལ་བ་སོགས་ཀྱིས་སུ་ལའང་གཤེ་ཚིག་མི་གཏོང་ཞེས་དང་།གཞན་དུ།མཚོ་སྔོན་ཟིན་བྲིས་སུ།སྔར་བཞིན།བཀླགས་ཡོད་ལྟ་བུ་དང་།དགག་བཞག་ལྟ་བུའི་ཞབས་མཆན་སྤེལ་སྲིད་ཀྱང་།དེ་དག་རང་གི་མགོ་རིས་དང་མཉམ་དུ་ཡོད་པས་དྲ་འདྲེ་རང་མིན།དྲ་ཚིགས་གཞན་དག་ཏུ་གལ་སྲིད་ངས་ནས་ཞབས་མཆན་སྤེལ་ཚེ།ཉུང་མཐར་ཀྱང་ཡིག་འབྲི་ལྔ་བཅུའི་གཡས་གཡོན་ལས་ཉུང་བ་སྤེལ་རྒྱུ་མིན་ཏེ།འདི་འང་དྲ་འདྲེ་གང་རུང་གིས་ངའི་མིང་བཀོལ་ཏེ་གཞན་ལ་ཞབས་མཆན་འདྲ་མིན་བཞག་པར་དབྱེ་བ་ཕྱེ་ཆེད་ཡིན།གོང་གི་དམ་བཅའ་འདི་དག་ནི་ངས་ནས་རང་ཉིད་ཀྱི་རྒྱུ་འབྲས་བློ་མིག་དཔང་དུ་བཞག་ནས་ལབ་པ་ཡིན་ལ།ཡང་ན།འདིའི་ཐད་གྲོགས་པོ་དག་གི་ཁྲོད་ངོ་གནོང་མི་དགོས་པ་ཞིག་ཡོང་ཆེད།རང་ཉིད་ནས་དགོ་རྩོམ་སྟངས་ཤིག་ཏུ་གོའང་ཆོག།གོང་དུ་དྲ་འདྲེ་ཡི་ནག་ཉེས་རོབ་ཙམ་བཤད་ཚར།ཁ་གསལ་དགོས་པ་ཞིག་ནི།དྲ་འདྲེ་མི་བཅའ་བའི་རེ་བ་དང་བཅའ་མྱོང་དག་གིས་ཀྱང་མཚམས་འཇོག་རོགས་ཀྱི་རེ་སྐུལ་ཡོད་པ་ལས།ཕན་ཚུན་བར་གྱི་རིག་ལམ་དགག་སྒྲུབ་དང་ལྟ་ཚུལ་ཐད་ཀྱི་རྩོད་པར་ནམ་ཞར་རེ་འབོད་ཡོད་དེ།རིག་གནས་ཀྱི་འགྲུལ་བཞུད་རིང་མོ་ནི་ངེས་པར་དགག་བསྒྲུབ་དང་དོགས་སློང་གིས་རྒྱུན་མཐུད་དགོས་པའི་ངེས་ཤེས་གཏིང་ནས་སྐྱེས་ཡོད་དོ།།

 

༨དྲང་མོ་ཤོད། ཁྱོད་དྲ་འདྲེ་བཅའ་ཨེ་མྱོང་།

 

བསྐྱར་བལྟ་ཐེངས་གཅིག་མ་གཏོགས་མ་ཡོང་བས་ནོར་སྐྱོན་མང་ན་ཤོད་རོགས།

 

 

 
རྩོམ་ཡོངས་ཀློག་པ།(2478) | ལན་སློག(24)
 
འབྲེལ་ཡོད་ནང་དོན་ 24 ཡོད།<<<123>>>
 
RE:དྲང་མོར་ཤོད།ཁྱོད་དྲ་འདྲེ་བཅའ་ཨེ་མྱོང་།
[ 2012-4-14 16:54:15 | By: hemaba ]
 
རྩོམ་གྱི་ཁ་བྱང་ན་ཡིག་ནོར་ཤོར་འདུག   གཞན་དངོས་གཞི་ན་མང་རྒྱུ་རེད།
 
 
 
RE:དྲང་མོར་ཤོད།ཁྱོད་དྲ་འདྲེ་བཅའ་ཨེ་མྱོང་།
[ 2012-4-14 17:24:19 | By: arddcr ]
 
གྲོགས་པོ་གླག་གིས་འབོལ་རྩོམ་འདིའི་ནང་དོན་སྤྱི་ཁོག་ཙམ་ཞིག  ཐེངས་ཞིག་གི་རྩོམ་རིག་བགྲོ་གླེང་ཐོག་གླེང་མྱོང་བས། དེ་དུས་ནས་བདེན་ཁ་བྱིན་ཏོ།།དེ་ནི་ཉེས་རབས་སུ་ཀྲོང་གོའི་ན་གཞོན་དག་གིས་མར་ཁེ་སིའི་གཞུང་ལུགས་ཐད་གར་ལག་ལེན་ཡོད་ཚད་དང་བསྟར་བ་དང་ཨ་ན་མ་ན་རེད། ཡིན་ཡང་དེ་འབྱུང་སྲིད་པ་ཞིག་ཀྱང་ཡིན་སྙམ་གི།
 
 
 
RE:དྲང་མོར་ཤོད།ཁྱོད་དྲ་འདྲེ་བཅའ་ཨེ་མྱོང་།
[ 2012-4-14 17:26:26 | By: kanggongqiu ]
 
གྲོགས་པོ་གླག་གིས་རྩོམ་ཆོས་ངས་བརྩམས་ཆོས་སུ་བསྒྱུར་བཞག་ཡོད།      འདི་ལྟ་བུའི་གསུངས་རྩོམ་ཡག་པ་སྤེལ་དུས་མཛེས་མ་གཅིག་གི་མགྲོན་ཁ་ཡོད །  རྒྱུ་མཚན་བཟང་པོར་བསྟོད་པའི་ཉན་ཤར་ཡིན།
 
 
 
RE:དྲང་མོར་ཤོད།ཁྱོད་དྲ་འདྲེ་བཅའ་ཨེ་མྱོང་།
[ 2012-4-14 17:45:49 | By: lzcljc ]
 
གཞན་ལ་ཡ་ལན་བྱིན་པ་དང་ཐོན་ཡོད་སོགས་མང་དུ་བཀོད་མྱོང་བ་ལས་ཁྱོད་དང་བོང་རྫི་ལྟར་མིང་མ་བཀོད་པ་དང་གསང་མིང་བཀོལ་ནས་གཞན་པ་ཉེས་པའི་ཐལ་དོང་དུ་འཕངས་མེད་ནོ་སེམས་ཐག་གོར་མོ་རྡོ་ཡིན  སྐད་ཆའི་ཡག་བཙོག་གཞན་གྱིས་བཤད་དགོས་མོད་རང་གི་སེམས་ལ་ཤར་བ་དག་མིང་དང་བཅས་ཏེ་བཀོད་ཡོད་པས་གཞན་ལ་ངོ་གནོང་དགོས་ས་ཅི་ཡང་མེད  ལོ་ཆུང་གིས
 
 
 
RE:དྲང་མོར་ཤོད།ཁྱོད་དྲ་འདྲེ་བཅའ་ཨེ་མྱོང་།
[ 2012-4-14 19:30:48 | By: lhachen ]
 
དྲང་མོ་ཤོད་དང་། ང་ཚོས་ང་ཚོར་ཚ་འདྲི་བྱེད་དགོས།
 
 
 
RE:དྲང་མོར་ཤོད།ཁྱོད་དྲ་འདྲེ་བཅའ་ཨེ་མྱོང་།
[ 2012-4-14 20:30:21 | By: gbcr8899 ]
 
དགག་སྒྲུབ་ནི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་ལ་འཕེལ་རྒྱས་ཤིག་ཀྱང་རེད།འོན་ཀྱང་དྲ་འབུ་ནི་གྲོགས་ཀྱིས་བཤད་པ་དེ་བཞིན་རིག་གནས་སྣང་ཚུལ་ལ་གདོང་ཁ་གཏད་ནས་གཏམ་ཤོད་པ་དག་མ་ཡིན་པར།གང་དྲན་དྲན་དང་གང་བདེ་བདེའི་གཏམ་མདོ་མེད་བཤད་པར་ཞུགས་དང་འཇུག་མུས་སུ་འདུག་པ་དག་གོ།གཟའ་འདྲེས་གཟའ་ཚང་གཏོར་བའི་རྗེས་སུ་འགན་འཁུར་དགོས་པ་དང་།དྲ་འདྲེས་ཀྱང་དེ་བཞིན་རང་གཏམ་ལ་འགན་མི་ཆགས་ན་གཏམ་དེ་འདྲ་ཤོད་པ་དང་འཁོན་དེ་འདྲ་སློང་བའི་དབང་ཆ་གང་ནས་འོང་བ་ཡིན་ནམ།དྲ་འདྲེ་ཚོ།ཤོད།ཁྱོད་ཅག་ཅིས་ཕྱིར་དེ་འདྲའི་རང་བཟོས་ལ་འགན་མི་འཁུར་བ་དང་མདོ་མེད་ཀྱི་དབྱིན་དཀྲུག་ལ་དགའ་བ་ཞིག་བྱུང་སོང་བ་ཡིན།ཉྭ་སྲིན་པོས།
 
 
 
RE:དྲང་མོར་ཤོད།ཁྱོད་དྲ་འདྲེ་བཅའ་ཨེ་མྱོང་།
[ 2012-4-14 20:43:16 | By: xbwx ]
 
བོད་ཡིག་ཟིན་བྲིས་ཡོད་དུས་སུ་རྩོམ་ཡིག་འབྲི་མི་ཤེས་པས་ཉིན་རྒྱུན་དྲ་འདྲེ་བྱས་པ་ཡིན་མོད།ཕལ་ཆེར་རྩོམ་པོའི་མི་གཞིར་གནོད་པའི་གཏམ་ཚིག་གཅིག་ཀྱང་མ་བཞག་པ་འདྲ།  དེ་ནས་རང་ཉིད་ཀྱིས་ཟིན་བྲིས་བཟོས་རྗེས་དྲ་འདྲེ་ཐེངས་གཅིག་ཀྱང་བྱེད་མ་མྱོང་ལ།ད་དུང་ཡང་མི་བྱེད་པའི་གདེང་ཚོད་ཆེན་པོ་ཡོད། གྲོགས་པོའི་རྩོམ་ལ་རྒྱབ་སྐྱོར་ཡོད་དོ།
 
 
 
RE:དྲང་མོར་ཤོད།ཁྱོད་དྲ་འདྲེ་བཅའ་ཨེ་མྱོང་།
[ 2012-4-14 23:36:01 | By: zhongjiwa ]
 
གོང་དུ་ཕེབས་པའི་གྲོགས་དག་ལ་བསུ་མ་ཡོད།དྲ་འདྲེའི་རིག་གནས་འདི་དར་ཆེ་བས་ན།སྤྱིར་བཏང་དྲ་རྩོམ་ལ་ཆ་རྒྱུས་མེད་མཁན་དག་གིས།རྩོམ་ཡིག་མི་ཀློག་པར་དེའི་ཞབས་མཆན་རྣམས་བཀླགས་རྗེས་སུ།སུ་ཡིས་སུ་ལ་ཅི་ཞིག་བཤད་རྗེས་དེས་ཕྱིར་ཅི་བཤད་འདུག་སོགས་རྒྱུན་ལབ་དུ་གྱུར་ཏེ།མ་གཞིར་བོད་ཀྱི་རྩོམ་འབྲི་བ་དག་གི་བྱ་བ་ནི་དེ་ལྟ་བུ་ཞིག་ལོས་ཡིན་དུ་གོ་སྟེ།ད་དུང་བོད་ཀྱི་དྲ་བའི་རྩོམ་རིག་ཅེས་པའི་གོ་དོན་དེ་ཞབས་མཆན་དག་ལས་གཞན་མེད་པ་ལྟ་བུ་ཞིག་ཆགས་ཀྱི་འདུག་པས་ཡིད་སེམས་གཏིང་ནས་སྨྲེང་བར་བྱས་ཡོང་།དེ་རྣམས་དགེ་ཆོས་དྲ་བའི་ནང་གི་རྒན་དཔལ་མོ་དང་དྲ་བ་གཞན་དང་གཞན་གྱི་རྩོམ་འགབ་ཀྱི་ཞབས་མཆན་དག་ཁོ་ན་ལ་ཅིག་གཟུགས་དང་ཤེས་འོང་གི་རེད།མང་པོ་དྲང་དགོས་མེད།དངོས་གནས་ཞེ་མེར་བོ་ཞིག་རེད། ཟིན་བདག་གིས།
 
 
 
RE:དྲང་མོ་ཤོད།ཁྱོད་དྲ་འདྲེ་བཅའ་ཨེ་མྱོང་།
[ 2012-4-15 9:33:43 | By: longdouri ]
 
འགྲོ་ཁར་ཞིག་ལ་ཐོལ་གྱིས་བཀླགས་ཏེ་བུད་སོང་།
 
 
 
RE:དྲང་མོ་ཤོད།ཁྱོད་དྲ་འདྲེ་བཅའ་ཨེ་མྱོང་།
[ 2012-4-15 10:06:59 | By: msms2 ]
 
དངོས་ཡོད་ལ་བབས་འདུག དྲ་བ་དག་དྲ་འདྲེ་ཚོ་རྩེད་མོ་རྩེ་ས་མ་རེད།
 
 
粗体 斜体 下划线 插入引用 插入表情

ང་ཁྱེད་ཀྱི་ཨ་ཕ་ཡིན།

—— གླག

མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་

འདམ་གྱི་དྲི་མས་མ་གོས་སོ།།


སྐྱེས་ལོ། 1989

ཁ་པར། 182xx

QQ:  475461853

འབྲེལ་ཟམ་འདི; zhongjiwa2013@163.com



སེམས་ཁམས་ལོ་ཐོ།
དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་ཐོ་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཟིན་བདག་ནང་འཇུག
མཛའ་འབྲེལ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.