མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
     
   
     
 
རྒྱུད་སྟོད་གྲྭ་ཚང་གིས་འགྱོད་བཤགས་བྱ་སྲིད་དམ།
[ 2012-4-2 0:07:49 | By: zhongjiwa ]
 
 

         _________ཁ་བྱང་གཞན།སྐྱེས་མའི་གནས་སྟངས་ཟུར་བལྟས་ཕྱེད་མཐོང་།

 

ཀུན་སྤྱོད་ཅེས་པའི་ཐ་སྙད་འདི་ཕྱི་ནང་མཁས་པའི་བརྩམས་ཆོས་མང་པོའི་ཁྲོད་ན་རིག་རྒྱུ་འདུག་སྟེ།ཐ་སྙད་འདིའི་ཆེས་ཐོག་མའི་ཡོང་ཁུངས་ནི་ལ་ཏེན་གྱི་ཡི་གེ“Mores” ཡིན་པར་བཤད་ཅིང་།དེ་ལ་ཡུལ་སྲོལ་ལམ་གོམས་གཤིས་ཞེས་པའི་དོན་ཞིག་ཡོད་པ་རེད།དེ་ཡང་བོད་པར་མཚོན་ན།ཐ་སྙད་འདི་ཉེ་ལམ་གསར་དུ་ཐོན་པ་ཞིག་ཀྱང་མ་རེད་དེ།དཔེ་བྱད་བཟང་བོ་བརྒྱད་ཅུའི་གྲས་སུ་ཀུན་སྤྱོད་གཙང་བ་དང་ཀུན་ནས་ལྟ་ན་སྡུག་པ་ལྟ་བུ་སྔོན་ནས་ཡོད་འདུག།དག་ཡིག་ཏུ་ཀུན་སྤྱོད་ཅེས་པ་ནི་ཀུན་ནས་སྤྱོད་པ་སྟེ།ལུས་ངག་ཡིད་གསུམ་མམ་དེ་གསུམ་གང་རུང་གི་བྱ་སྤྱོད་དང་སྤྱོད་ལམ་ཞེས་འགྲེལ་འདུག་པ་རེད།དེ་ལྟ་ན།ཀུན་སྤྱོད་ནི་བྱ་སྤྱོད་དང་དོན་གཅིག་པ་འདྲ་ཞིག་ཆགས་འདུག་ན་འང་།ཆེ་གེ་མོ་སུ་ལ་ཀུན་སྤྱོད་ཡོད་མེད་བཤད་དུས་སུ།བྱ་སྤྱོད་དག་ལས་ཅུང་ཡ་རབས་ཀྱི་ཆ་ལྡན་པ་དག་ལ་ཀུན་སྤྱོད་ཅེས་བོས་ན་ཡིན་པར་འདོད་ཀྱི།གང་ལྟར།དེ་ནི་མ་གཞིར་འཚོ་བའི་ཁྲོད་ཀྱི་མི་དག་གི་ཡ་རབས་སུ་ལྟ་བའི་བྱ་སྤྱོད་དག་གི་སྤྱི་སྡོམས་ཤིག་ཡིན་པར་འདུག་སྟེ།བྱ་སྤྱོད་འདི་ཡོད་ན་ཆོག།གན་ཡོད་ན་མི་ཆོག་ཅེས་ཏེ།ཡང་ན།ཚད་གཞི་དེ་ནི་སྤྱི་ཚོགས་གང་དེའི་རིན་ཐང་ལྟ་ཚུལ་དང་སྤྱི་ཚོགས་གླེང་ཕྱོགས་སོགས་ཀྱི་དབང་གིས་ཡུན་རིང་དེ་ལ་སློབ་ཅིང་བསླབ་ནས་གོམས་ཏེ་ཆགས་པ་ཞིག་རེད་བཞག།དེ་བས་གང་གི་བྱ་སྤྱོད་དེ་ཉིད་ཆགས་ཟིན་པའི་ཚད་ཤིང་དེ་དང་མཐུན་སོང་ཚེ་ཀུན་སྤྱོད་ལྡན་པ་ཡིན་ཀྱང་།ལྡོག་ཚེ།ཀུན་སྤྱོད་མེད་པའམ་ཀུན་སྤྱོད་འཆོལ་འདུག་ཅེས་ཆད་པ་ཕོག་ཡོང་བ་རེད་དོ།།

རིག་གནས་མི་འདྲ་བ་ལ་ཀུན་སྤྱོད་ཀྱི་ཚད་ཤིང་ཡང་མི་འདྲ་བ་ཡོད་དེ།དཔེར་ན།ཁ་ཆེ་བའི་ཡུལ་དུ་གཉེན་མ་བསྒྲིག་པའི་ཕོ་མོའི་བར་ལུས་འབྲེལ་བྱུང་ཚེ།དེ་ནི་ཀུན་སྤྱོད་མེད་པར་བརྩི་ཞིང་།བོད་ཡུལ་དུ་དེ་རྣམས་རྒྱུན་ལྡན་ཞིག་ཏུ་བལྟའ༼མ་མཐར་ཨ་མདོ་དེ་འདྲ་ཞིག་རེད་བཞག༽།ས་ཁོངས་སོ་སོ་བའི་ཀུན་སྤྱོད་ཀྱི་ཚད་གཞི་ལ་མི་མཐུན་ས་མོད་ན་འང་།དེ་ལ་འདི་ནི་མཆོག་དང་གན་ནི་དམན་ཞེས་བཤད་དཀའ་འོ།མ་མཐར་བཤད་ཆོག་པ་ཞིག་ནི་ཀུན་སྤྱོད་ཀྱི་ཚད་གཞི་གང་དེ་ཁོ་རང་གྲུབ་སའི་སྤྱི་ཚོགས་གང་དེའི་གནས་བབས་དང་ཁ་འཕྲོད་པོ་འདུག་སྟེ།དེས་ནི་ཀུན་སྤྱོད་ཀྱི་ཚད་གཞི་དེ་དག་རྩ་བར་བཟུང་སྟེ་སྤྱི་ཚོགས་ཀྱི་སྒྲིགས་གཞིའི་ཕན་འབྲས་ལ་གདེང་འཇོག་གནང་ཆོག་གི་ཡོད་པ་དང་།རང་ཉིད་དང་མི་གཞན།ད་དུང་ཁྱིམ་ཚང་བཅས་ལ་འགན་འཁུར་བར་སྐུལ་བའི་ནུས་པ་ཞིག་ཞོར་ན་ཐོན་གྱི་ཡོད་རེད།

ཉེ་ལམ་ཨ་རུ་ན་ཅལ་མངའ་སྡེའི་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་བྱུང་བའི་དོན་རྐྱེན་དེ་ལས་ང་ཚོས་ཀུན་སྤྱོད་དང་འགལ་བའི་མཇུག་འབྲས་ཤིག་མཐོང་ཐུབ།གཉེན་བསྒྲིགས་ཟིན་པའི་བསྟན་པ་དང་སྐྱེས་མ་རིག་འཛིན་གཉིས་ཀྱི་བར་དུ་ལུས་འབྲེལ་བྱུང་རྗེས།བསྟན་པ་ལ་ཀུན་སྤྱོད་ཀྱི་ཉེས་ཆད་ཅི་ཡང་མ་ཕོག་ཀྱང་།ལྡོག་སྟེ།བསྟན་འཛིན་ལ་དེ་འདྲའི་གདུག་རྩུབ་ཀྱི་ཉེས་ཆད་ཅིག་ཕོག་སོང་བ་དེ་ཅིའི་ཕྱིར་རམ།དེ་ཡང་།སྐབས་འདིར།སྐུ་ཞབས་ཨུན་ཀི་སིས༼ཀུན་སྤྱོད་ལ་གྲལ་རིམ་གྱི་རང་བཞིན་ལྡན་ནོ།༽ཞེས་པ་ལ་ངེས་ཤེས་གསར་པ་ཞིག་རྙེད་རྒྱུ་འདུག་སྟེ།ཀུན་སྤྱོད་ལ་གྲལ་རིམ་གྱི་རང་བཞིན་ལྡན་ཚེ།ཀུན་སྤྱོད་ཀྱིས་དབང་སྒྱུར་གྲལ་རིམ་གྱི་ཁེ་ཕན་མཚོན་གྱི་ཡོད་ཅིང་།ཡང་ན།གང་ཞིག་དབང་སྒྱུར་གྲལ་རིམ་གྱི་དགོས་མཁོ་དང་མཐུན་ཚེ་ཀུན་སྤྱོད་ཀྱི་ཚད་གཞི་དང་ཡང་མཐུན་ཞིང་།དབང་སྒྱུར་གྲལ་རིམ་གྱི་ཁེ་ཕན་ལས་འགོང་ཚེ།དེ་ནི་ཀུན་སྤྱོད་དང་མི་འཚམས་པ་ཞིག་ཆགས་ཡོད་པ་གོ་འོང་རྒྱུ་རེད།དབང་སྒྱུར་གྲལ་རིམ་ཞེས་པ་ནི་དབང་ཆ་དང་ཁེ་དབང་ཆེ་ཤོས་རེག་གིན་པའི་སྐོར་དང་སྒེར་ལ་གོ་བས་ན་སྲིད་སྟེགས་ཙམ་དུ་མ་ཟད།བདེ་ཐང་མ་ཡིན་པའི་སྤྱི་ཚོགས་སུ།ཁྱིམ་ཚང་དང་མི་སྡེ།གྲོང་ཚོ་དང་རྫོང་ཁུལ་རེ་རེ་ནའང་དབང་སྒྱུར་གྲལ་རིམ་གྱི་ཕྱོགས་ཤིག་ནི་ངེས་པར་ཡོད་པ་ཡིན་པས།སྐབས་འདིར་རྟགས་ཀྱི་གྲལ་རིམ་ལ་ཟེར་བ་ཡིན་ཏེ།གསལ་བོར་བཤད་ན།ཕོ་མོ་འདྲ་མཉམ་མ་ཡིན་པ་ལ་ཟེར་བ་ཡིན།སྐྱེས་མ་བསྟན་འཛིན་ལ་རྡུང་རྡེག་རེག་པ་ནི་ཕར་ཕྱོགས་ཀྱི་མི་ལ་གདུག་རྩུབ་ཆེ་བ་དང་ཚུར་ཕྱོགས་ཀྱི་མི་ལ་ཁོག་རྒྱ་ཆེ་བས་མིན་ལ།དེ་བས་ཀྱང་།སྐྱེས་མ་བསྟན་འཛིན་ལ་ཁྱོ་ཀ་མེད་པས་ཀྱང་མིན་ཏེ།གལ་སྲིད་མོ་རང་ལ་ཁྱོ་ཀ་ཞིག་ཡོད་པའི་དབང་དུ་བཏང་ན།རྡུང་རྡེག་རྗེས་མ་དེ་སེལ་ཐུབ་ན་སྲིད་ཀྱང་།རྡུང་རྡེག་རྗེས་མ་བོ་དེ་མ་ཐོན་པའི་ཡར་སྔོན་དུ།རང་གི་ཁྱོ་ཀས་རྡུང་རྡེག་སྐྱི་གཡའ་བ་ཞིག་མི་གཏོང་བའི་ངེས་པའང་གཞར་ཡང་མེད།སྐད་ཆ་འདི་ནི་རྒྱུན་ལྡན་གྱི་འཚོ་བའི་ངོས་ཐད་ནས་བཤད་པ་ཡིན་ལ།དེ་ཡང་གཉེན་སྒྲིགས་བྱས་ཟིན་རྗེས་ཕོ་མོ་གཞན་དང་ལུས་འབྲེལ་འབྱུང་མི་ཆོག་པ་ནི་བོད་པའི་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་ཡིན་པར་བཤད་ཆོག་ཀྱང་།ཀུན་སྤྱོད་དེ་ཁྲིམས་ཤིག་ཡིན་པའི་དབང་དུ་བཏང་ན༼ཀུན་སྤྱོད་ནི་ཁ་ནང་ལ་ཕྱོགས་པའི་གཟུགས་མེད་ཀྱི་ཁྲིམས་ཤིག་ཡིན་ཀྱང་རེད།༽།ཁྲིམས་དེའི་ཁྱབ་ཁོངས་སུ་སྐྱེས་མ་མ་གཏོགས་སྐྱེས་པ་ཡོད་ས་མ་རེད་ལ།སྐྱེས་པ་ནི་ཏག་ཏག་ཁྲིམས་དེའི་ཕྱི་རྒྱབ་ན་གཅུན་མེད་རང་དབང་གིས་རྒྱུ་བའི་༼སྒེར་གཅོད་པ༽་དེ་རེད་བཞག།དེ་བས་དོན་རྐྱེན་འདིའི་གནད་དོན་ནི་སྐྲ་བྲེག་པ་དང་སྣ་ལ་འཇེམ་ཙེ་བརྒྱབ་མ་བརྒྱབ་ཀྱི་སྟེང་དུ་མེད་ཅིང་།དེའི་ལྟག་རྒྱབ་ཀྱི་ཀུན་སྤྱོད་ཀྱི་སྟེང་དུ་འང་མེད་པར།ཀུན་སྤྱོད་དེའི་རྒྱབ་ཀྱི་གྲལ་རིམ་གྱི་སྟེང་དུ་ཡོད་དེ།དོན་རྐྱེན་འདི་ལས་ང་ཚོས་ཕོ་མོ་འདྲ་མཉམ་མ་ཡིན་པའི་ཟུར་ཀ་ཞིག་གསལ་རྗེན་དུ་མཐོང་ཐུབ་པ་ཡིན།།

དེ་ཡང་མི་སྣ་དེ་བདུན་པོས་མོ་ལ་ཡ་ང་བའི་གཅར་རྡུང་བྱས་ཤིང་དམར་ཧྲེང་དུ་ཁྲོམ་ལ་བསྐོར་བ་ནི་མ་གཞི་ནས་ཇག་ལས་འབའ་ཞིག་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་རེད་དེ།ཁྲིམས་ལུགས་ནི་ཀུན་སྤྱོད་ཀྱི་ཆེས་མ་མཐའི་ཚད་ཐིག་དེ་རེད་ན།སྐབས་འདིའི་ཁོ་ཚོའི་བྱ་སྤྱོད་དེ་ཆེས་མ་མཐའི་ཚད་ཐིག་ལས་མར་ལྟུང་འདུག་པས།དུད་འགྲོའི་བྱ་སྤྱོད་ལ་ཀུན་སྤྱོད་ཀྱི་ངེས་ཐད་ནས་ལྷག་དོན་འགྲེལ་བ་གང་ཡང་བསྐྱོན་མི་ཐུབ་པ་བཞིན།ཁོ་ཅག་གི་བྱ་སྤྱོད་འདིར།རྩིས་ཐང་དང་ཐོབ་ཐང་།ཁེ་དབང་དང་འདྲ་མཉམ་སོགས་ཀྱི་ཚད་ཤིང་མཐོ་བོ་དག་གིས་དེ་བས་ཀྱང་གཞལ་ཐུབ་པ་མིན་ནོ།དཔེར་ན།གསེར་འཇལ་བྱེད་ཀྱི་རྒྱ་མའི་ནང་དུ་རྡོ་ལོག་དང་ལྕགས་ནར་འཕང་ཚེ་མི་ཡོང་བ་བཞིན་དུ།མདོར་ན་དེ་ནིརྒྱ་མ་རྫོབ་བྱེད་ཅིག་མིན་པའི་ངེས་པའང་མེད་དེ།དོན་ལ་དེ་ནི་ཇག་པ་སྐོར་ཞིག་གམ།དུད་འགྲོ་འགའ་ཞིག་གམ།གཅན་གཟན་ཁག་ཅིག་གམ།ཀློའུ་རྒན་སྐོར་ཞིག་གི་ཡ་མ་བརླ་ཡི་གཏིམ་སྤྱོད་འབའ་ཞིག་ཡིན་པས།དེ་དག་གི་སྤྱོད་པ་ནི་གཏན་ཚིགས་ཀྱིས་ཡོངས་སུ་སྟོང་ཞིང་བློས་ཡུལ་དུ་ཤོང་ཁག་པོ་ཞིག་རེད་བཞག།སྐབས་འདིར་ངས་ནས་དབྱི་ཐ་ལའི་གློག་བརྙན་འཁྲབ་ཁྲིད་པ་མིང་ཅན་GiuseppeTornatoreགྱིས་༢༠༠༠ལོར་འཁྲབ་ཁྲིད་གནང་པའི་༼ཟི་ཟི་ལའི་མཛེས་སྡུག་གི་ངག་རྒྱུན༽ཞེས་པའི་ནང་དུ་མ་ལེན་ནྰ་རུ་འབོད་པའི་སྐྱེས་མ་དེར༼འཕྱན་མོ༽སོགས་ཀྱི་ཞྭ་མོ་བསྐོན་ཏེ་མྱི་ཁའི་འདམ་རྫིབ་ཏུ་དེད་རྗེས་ཁྲོམ་སྲིང་དུ་དྲུད་དེ་སྟེང་གི་གོས་རྣམས་ཕྱིས་ཤིང་གཤེགས།སྐྲ་ཡི་ལན་བུ་རྣམས་དུམ་བུ་དུམ་བུ་བྱས་ཏེ་འབྲེག་ཅིང་སྤུར།ཁ་ངོ་ལ་སེན་དབྲད་དང་རྐང་ལག་གིས་སྟིག་སྟིག་ཏུ་དྲག་རྡུང་བྱས་སོང་བའི་དུམ་ཚན་དེ་དྲན་འོང་ཞིང་།སྐབས་དེར་མོ་ལ་གཅར་རྡུང་བྱེད་མཁན་དག་ནི་མ་གཞི་ནས་རང་ཉིད་བོར་ཟིན་པའི་རྨོངས་ཐོམ་གྱི་སྨྱོ་ཆུ་བར་མེད་དུ་བཏུང་ནས་སྨྱོས་པར་གྱུར་པ་སྐོར་ཞིག་རེད་པས།དེ་དག་ལ་ནི་ཅི་ཁག་སྟེ།ཁོ་ཚོས་ཅི་ཡང་ཤེས་ཀྱི་ཡོད་པ་མ་རེད།ལྡོག་སྟེ།མཐའ་འཁོར་དུ་ལངས་ནས་ལྟད་མོ་ལ་རོལ་བའི་ཚོགས་དེ་ནི་ཇི་འདྲའི་འཇིགས་སྔངས་སྟེར་བའི་རྔམས་སྟུག་པའི་ཁྱུ་ཚོགས་ཤིག་རེད་ཨང་།སྐབས་འདིར་ང་ཚོས་སྤྱི་ཚོགས་ཤིག་གི་རྒྱུ་འབྲས་བློ་མིག་ལ་ལག་མྱང་བྱེད་ཐུབ་པ་ཡིན་ནོ།།

ཆེས་ཚབ་ཆེ་བའི་གནད་དོན་ནི་ཧ་ཅང་ནས་བཤད་ཁག་ཅིང་།སྨྲ་བསམ་རུང་སྐད་ཆས་མི་མཚོན་པའི་གནད་དོན་དེ་རེད་ཀྱི།ཤུར་ཤུར་དུ་བཤད་བཏུབ་ཅིང་བཤད་མ་ཐག་ཀུན་གྱིས་རྟོགས་ཐུབ་པའི་གནད་དོན་ནི་ཕྱི་བལྟས་སུ་ཅི་ལྟའི་འཇིགས་འཇིགས་འདྲ་ཞིག་ཏུ་སྣང་ཡང་།དོན་དུ་ཆེ་རྒྱུ་མེད་པ་དེའོ།འདིར་བཤད་འདོད་པ་ནི་ཕོ་མོ་འདྲ་མཉམ་མིན་པའི་དོན་དག་དེ་ཡིན་པས།བོད་པར་མཚོན་ན།ཕོ་མོ་འདྲ་མཉམ་མ་ཡིན་པའི་སྣང་ཚུལ་ནི་ག་ས་གང་དུ་ཚོར་རྒྱུ་དང་རེག་རྒྱུ་འདུག་པ་ཞིག་ཡིན་མོད།དེ་རྣམས་ནི་སྣང་ལ་མག་མོག་དང་ཡོད་ལ་རབ་རིབ།དངོས་བསྟན་ན་མེད་ཀྱང་ཤུགས་བསྟན་ན་ཡོད་པ།རྗེན་ནེར་མེད་ཀྱང་ཡིབ་ནས་ཡོད་པ་ཞིག་ཏུ་འདུག་ན།ལྕེ་བརྒྱ་དང་ངག་སྟོང་དུ་སྤྲུལ་རུང་བཤད་ཁག་པོ་ཞིག་ཆགས་འདུག་སྟེ།དཔེར་ན།རྒྱ་ནག་གི་སྲོལ་རྒྱུན་དུ་ཕོ་མོ་འདྲ་མཉམ་མ་ཡིན་པའི་གནད་དོན་ཚབ་ཆེན་ཡིན་རབས་བཤད་ཅིང་།དེ་རྣམས་༼ཆུ་ངོགས་གཏམ་རྒྱུད་༽དུ་དཔའ་བོ་མང་ཤོས་སྐྱེས་པ་ཡིན་པ་དང་།༼ནུབ་ཕྱོགས་སུ་སྐྱོད་པའི་ཟིན་ཐོ༽འི་ནང་གི་འདྲེ་སྲིན་མང་ཤོས་སྐྱེས་མ་ཡིན་པ་སོགས་ལས་ཀྱང་སྐྱེས་མའི་གོ་ཐང་དེ་སྐྱེས་པའི་འཕྲོ་ན་ལུས་ཡོད་པ་ང་ཚོས་ཨེན་ཙམ་རྟོགས་ཐུབ་པ་ཞིག་རེད་འདོད།ཡིན་ཀྱང་།གནའ་བོའི་བོད་ཀྱི་བརྩམས་ཆོས་དག་གི་ཁྲོད་ཀྱི་མི་སྣ་ནི་ལྷ་གཤིས་ཅན་དུ་བཞེང་བསྐྲུན་བྱས་ཡོད་པས།དེ་ལས་མྱི་ཡི་གནས་སྟངས་ཀྱི་སྐྱ་ཐིག་རྣམས་མག་མོག་ཏུ་བཏང་འདུག་པས།སྐབས་རེར་ལྷ་ཚོགས་ལྟར་གནམ་ལ་འཕུར་ལོས་ཁུལ་དང་།ལན་རེར་བྲན་གཡོག་བཞིན་ས་རུ་བསྣར་ལོས་ཁུལ་བྱེད་པའི་སེམས་ཅན་དེ་དག་གི་སོ་སོ་བའི་ས་མཚམས་ཏག་ཏག་ཟིན་དཀའ་ཞིང་།ཡང་ན།མ་གཞི་ནས་མི་བུའི་གོ་གནས་སྟོང་བར་གྱུར་ཡོད་པས་ན།དེ་ལས་ལྷག་དོན་སྐྱེས་མ་རྣམས་དམིགས་བཙུགས་ཀྱིས་མཛུམ་མོ་རི་སྟོན་བྱ་ཁག་པོ་ཞིག་ཡིན་པ་རེད།ངས་འདིར་རང་གི་རིག་གནས་ལ་དམའ་ཕབས་ཀྱི་ཡོད་པ་མིན་ཏེ།འདིའང་མ་གཞི་ནས་རིག་གནས་མི་འདྲ་བའི་(文化差异)བསྐྱེད་འབྲས་ཤིག་རེད་མོད།དེ་ནི་གླེང་གཞི་གཞན་ཞིག་རེད་པས་སྐྱུར་ལ་ཞོག།ཡིན་ན་འང་།གནའ་བའི་བོད་ཀྱི་མྱི་སྟོང་འཇལ་བའི་སྐབས་སུ།མི་ལ་རབ་འབྲིང་ཐ་གསུམ་དགར་ཡོད་ཅིང་།དེ་དག་ལས་རབ་ལའང་རབ་ཀྱི་རབ།རབ་ཀྱི་འབྲིང༌།རབ་ཀྱི་ཐ་མ་དང་གསུམ།འབྲིང་ལའང་འབྲིང་གི་རབ།འབྲིང་གི་འབྲིང༌།འབྲིང་གི་ཐ་མ་དང་གསུམ། ཐ་མ་ལའང་ཐ་མའི་རབ།ཐ་མའི་འབྲིང༌།ཐ་མའི་ཐ་མ་དང་གསུམ་ཡོད་པ་ལས། སྐྱེས་མ་རྣམས་ཀྱི་ཚེ་སྲོག་ནི་ཐ་མའི་ཐ་མ་ཡི་གྲལ་ཏུ་བཞག་ཡོད་ཅིང་།༼བུད་མེད་བསད་པ་ཆེར་མི་ཡོང༌།གལ་སྲིད་བསད་པ་བྱུང་ན་སྟོང་སྲང་བཅོ་ལྔ་ནས་བཅུའི་བར་གྱི་་་་་་་༽ཁ་གསབ་ཀྱིས་ཆོག་པ་བཅས་ལོ་རྒྱུས་ཡིག་ཆ་རུ་གསལ་བ་དང་།༼བཀའ་ཆེམས་ཀ་ཁོལ་མ༽དང་བཅས་པའི་ཆོས་འབྱུང་དེབ་ཐེར་དག་གི་ཧྲེག་བར་ནས་༼བུད་མེད་ནི་སྐྱེས་པ་དམན་པས་ག་གེ་མོ་་་་་་༽ཞེས་པའི་སྐད་ཆ་སྐབས་དང་སྐབས་སུ་མཐོང་རྒྱུ་འདུག་པ་དང་།མ་ཟད་མི་ཆོས་གཙང་མ་བཅུ་དྲུག་དང་ཁོད་སོ་དྲུག་སོགས་ཀྱི་བཅའ་ཁྲིམས་དོན་ཚན་འགས་ཀྱང་མངོན་སུམ་འཛེམ་མེད་ཀྱིས་སྐྱེས་མའི་ཐོབ་ཐང་ལ་དམན་ཆ་འཕང་ཡོད་པ་སོགས་ཀྱིས་ང་ཚོའི་བག་ཆགས་ཀྱི་ངོས་སུ་སྐྱེས་མར་ཕྱོགས་ལྷུང་གི་ལྟ་ཚུལ་ཞིག་ཡོད་པ་ནི་ཅིས་ཀྱང་མཚོན་ཐུབ་ཀྱི་ཡོད་དོ།།

དེ་ཡང་ཕྱིར་ཀུན་སྤྱོད་ཅེས་པའི་ཐ་སྙད་ཀྱི་སྟེང་དུ་བབས་ན།ཧྥ་རན་སིའི་བསམ་བློ་བJean-Jacqes-Rousseau,(1712-1778)ཡིས་༼སྤྱི་ཚོགས་གན་ཆིངས༽ཀྱི་ནང་དུ་༼རང་དབང་འཚོང་སྒྱུར་བྱས་པ་ནི་དོན་དུ་མྱི་བྱེད་པའི་ཐོབ་ཐང་དོར་བ་དང་གཅིག་པ་ཡིན་ཏེ།ཁེ་དབང་དང་རང་ཉིད་ཀྱི་འོས་འགན་ཀྱང་མཉམ་དུ་དོར་བ་དང་ཆ་མཚུངས།་་་་་་་་་ང་ཚོས་ཡོད་དོ་ཅོག་དོར་ཟིན་པའི་མི་ཞིག་ལ་ཁ་གསབ་གང་ཡང་བྱེད་བཏུབ་པ་མིན་ཏེ།དེ་བས་ཀྱང་།སྐབས་འདིའི་ཁོའི་བྱ་སྤྱོད་དེར་ཀུན་སྤྱོད་ཀྱི་རང་བཞིན་བ་སྤུ་ཙམ་ཡང་གླེང་དུ་མེད་པའོ།༽ཞེས་པའི་ནང་གི་ཀུན་སྤྱོད་ཀྱི་ཚད་ཤིང་ནི་གོང་གི་ཀུན་སྤྱོད་ཀྱི་ཚད་ཤིང་དག་དང་གཅིག་པ་མིན་ཏེ།སྐབས་འདིའི་ཀུན་སྤྱོད་ཀྱི་ཚད་ཤིང་ནི་རང་དབང་རིང་ལུགས་པའི་གོ་དོན་ལྟར་དུ་གོ་བ་ལེན་དགོས་པ་འདྲ་ཡི།རང་དབང་རིང་ལུགས་པའི་ཀུན་སྤྱོད་ཀྱི་ཚད་ཤིང་དེ་ཧ་ཅང་གོ་བདེར་ཕབས་་ན།____མི་གཞན་གྱི་རང་དབང་དང་རང་ཉིད་ཀྱི་རང་དབང་གཉིས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དེ་ཡིན་ཞིང་།གཅིག་ནི་གཅིག་གི་གནོད་བྱར་གྱུར་ཚེ་ཀུན་སྤྱོད་ཤོར་སོང་བ་སྟེ།རང་གི་རང་དབང་ལ་བསྙོན་ཏེ་གཞན་གྱི་རང་དབང་སྲུང་བ་ནི་མིན།གཞན་གྱི་རང་དབང་ལ་བསྙོན་ཏེ་རང་གི་རང་དབང་སྲུང་བ་འང་མིན།མདོར་ན།རང་གི་རང་དབང་སྲུང་བ་དང་མཉམ་དུ་གཞན་གྱི་རང་དབང་ལ་བརྩི་འཇོག་བྱེད་དགོས་ཞེས་པ་དེའོ།མི་ཞིག་གིས་རང་དབང་དོར་བ་ནི་དོན་དུ་མི་གཞན་གྱི་རང་དབང་ལ་སྲུང་སྐྱོབ་བྱེད་སླད་རང་ཉིད་ཀྱི་རང་དབང་ལ་འཚེ་བར་བྱས་ཡོད་པས་ན།སྔར་བཞིན་དུ་རང་དབང་རིང་ལུགས་པའི་ཀུན་སྤྱོད་ཀྱི་ཚད་ཤིང་ལ་བསྙོན་པར་བྱས་ཡོད་པས།༼བྱ་སྤྱོད་དེར་ཀུན་སྤྱོད་ཀྱི་རང་བཞིན་བ་སྤུ་ཙམ་ཡང་གླེང་དུ་མེད་པའོ༽ཞེས་གསུངས་པ་རེད་པས།སྐབས་འདིར་ང་ཚོས་སྐྱེས་མ་རིག་འཛིན་གྱི་རྩིས་ཐང་བརླགས་མཁན་གྱི་གཏེ་བོ་དོན་དམ་སུ་ཡིན་པ་དང་བརླགས་དོན་ཅི་ཡིན་པར་རོབ་ཙམ་ལྟ་ན།༼བོད་མི་དེ་དག་གི་བྱ་སྤྱོད་ཀྱིས་ས་གནས་ཡུལ་མི་ཚོར་ཁོང་ཁྲོ་ཆེན་པོ་བསླངས་ཡོད་འདུག་ལ།དེ་ནི་ས་ཁུལ་དེ་ནང་པའི་ཡུལ་ལུང་གལ་ཆེན་ཞིག་ཏུ་ཆགས་ཡོད་སྟབས།བུད་མེད་དམར་ཧྲེང་ལ་ཁྲིད་པ་དེས་ཡུལ་ལྷ་གཞི་བདག་ཁྲོས་པའི་ཉེན་ཁ་ཡོད་པ་དང་།ཡུལ་ལུང་ནང་ལོ་ཉེས་ཆག་འཇིག་སྣ་ཚོགས་འབྱུང་ཉེན་བཅས་ལ་བརྟེན་ཏེ།དེ་དག་ཟློག་ཐབས་སུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ལ་ཐུགས་དམ་ཞུས་ཏེ་ཞབས་བསྟན་མང་པོ་ཞིག་ཕེབས་འདུག་པ་རྣམས།ས་གནས་གྲྭ་ཚང་དང་རྒྱུད་སྟོད་གྲྭ་ཚང་གིས་བསྒྲུབ་ཡོད་པ་དང་།ཞབས་རིམ་དེ་དག་གི་འགྲོ་དྲོན་ཡོང་རྫོགས་ཀྱང་ཉེས་ཅན་དེ་དག་གིས་གཏོང་རྒྱུ་ཐག་གཅོད་བྱས་ཡོད་འདུག།༽དྲ་བ་ལས་དྲངས།

འོ་རེད་དེ།འདི་ནི་བོད་མི་རང་བཞིན་པའི་དོན་དག་ཐག་གཅོད་བྱ་སྟངས་ངོ་མ་ཞིག་རེད།སྐབས་འདིར་ང་ཚོས་ཀུན་སྤྱོད་ལ་གྲལ་རིམ་གྱི་རང་བཞིན་ལྡན་པ་ཡིན་ཞེས་པའི་སྐད་ཆ་དེ་ཡང་བསྐྱར་དྲན་འོངས་ངེས་ཏེ།སྐབས་འདིའི་ཁོ་ཅག་གིས་ཐག་གཅོད་བཞིན་པའི་གནད་དོན་ནི་ལུས་འབྲེལ་བྱས་མ་བྱས་མིན་ལ།དེ་བས་ཀྱང་མི་སྣ་བདུན་པོས་བསྟན་འཛིན་ལ་རྡུང་རྡེག་ག་ཙམ་བཏང་ཡོད་མེད་ཀྱང་མིན་པར།མཐར་ན་བུད་མེད་ཅིག་གཅེར་བུར་བུད་པའི་གནད་ཀྱི་སྟེང་དུ་བབས་ཡོད་པ་ཡིན་པས།ཧ་ཅང་ངུ་དགོད་ཤོར་འོང་བ་ཞིག་ནི།དོན་རྐྱེན་འདིའི་ཁྲོད་ཀྱི་གནོད་པ་ཐེབས་ཡུལ་དུ་གྱུར་བའི་བསྟན་འཛིན་ལགས་ཀྱི་ལུས་སེམས་ཀྱི་རྨ་ཁ་དང་དེ་ལ་དེ་འཕྲོད་ཀྱི་ཁ་གསབ་ནི་རྩ་བ་ཡན་ལག་དང་བཅས་བོར་ཟིན་འདུག་པ་མཐོང་ཡོང་ཞིང་།བལྟས་མ་ཐག་འདི་ནི་དེང་རབས་ཀྱི་དོན་སྙིང་ལྡན་པའི་ཉེས་ཆད་གཅོད་སྟངས་ཤིག་གང་ནས་ཡིན་ཏེ།དེ་བས་ཀྱང་ཡིད་སེམས་བློང་བློང་བོར་འགྱུར་འགྲོ་བ་ཞིག་ལ།ཁོ་ཅག་གིས་ནི་སྐྱེས་མ་རིག་འཛིན་གྱི་རྩིས་ཐང་ལ་མངོན་སེམས་འཛེམ་མེད་དང་ངེས་པ་དོན་གྱིས་རྡོག་བརྫིས་བྱས་སོང་བ་དེ་རེད་འདུག་སྟེ།མདོར་ན།སྐྱེས་མ་རིག་འཛིན་གཅིག་པུའི་རྩིས་ཐང་ལ་རྡོག་རྫིས་བཏང་བ་ཙམ་གྱིས་ཀྱང་གང་ནས་ཚད་དེ།དོན་དུ་སྐྱེས་མ་ཡིན་ཚད་ཐམས་ཅད་ཀྱི་རྩིས་ཐང་ལ་རྡོག་བརྫིས་དང་ཁྱད་གསོད་བཏང་ཡོད་པ་རེད།འདིས་སྐྱེས་མའི་གཟུགས་པོ་ནི་ཉེས་པ་རུ་བལྟས་ཤིང་བཀྲ་མི་ཤིས་པར་བརྩིས་ཡོད་པ་སྟོན་ཅིང་།འདིས་སྐྱེས་མ་ལ་འདྲེ་གདོན་གྱི་གོ་ཐོབ་སྤྲད་དེ་དགྲ་བོ་རུ་འཁེལ་ཡོད་པ་མཚོན།འདིས་སྐྱེས་མ་ནི་མྱི་གྲལ་ནས་ཕར་གཡུགས་ཏེ་གནོད་འཚེ་དང་གཅིག་མཚུངས་ཀྱི་ལྟ་སྟངས་བཟུང་ཡོད་པ་གོ།གཞི་བདག་དང་ལྷ་ཚོགས་ལ་མཆོད་འབུལ་སྐབས་ཁོ་ཅག་ལ་ཁོང་ཁྲོ་བཞེང་མི་འོངས་ཤིང་།ལྡོག་སྟེ།གཅེར་བུར་བུད་པ་ཙམ་གྱིས་ཁོ་ཅག་ཁྲོས་འགྲོ་ཞིང་གྲུབ་ཕོག་སྟེ་ལོ་ཉེས་བསུས་འོང་བ་འདི་སུ་ཞིག་གི་གཏན་ཚུགས་ཡིན་ནམ།དེ་ཡང་ཀུན་སྤྱོད་ཀྱིས་དབང་བསྒྱུར་གྲལ་རིམ་གྱི་ཁེ་ཕན་མཚོན་ཡོད་པ་བཞིན།ནང་པའི་གྲྭ་ཚང་གི་འདོད་སྡོམས་ལ་ལྷག་དོན་བུད་མེད་ནི་བེད་མེད་པ་ཞིག་ཆགས་ཡོད་པས།༼ཨ་ལག་རེ་ཤས་ལ་མ་གཏོགས།༽སྐབས་འདིར་རང་དབང་རིང་ལུགས་ཀྱི་ཀུན་སྤྱོད་རྩ་དོན་གྱི་ངོས་ནས་བལྟས་ན།འདི་རྣམས་ཀྱིས་རང་གི་འདོད་པ་སྡོམས་པའི་རང་དབང་དེ་སྲུང་སླད་དུ།སྐྱེས་མའི་རྩིས་ཐང་དང་ཐོབ་ཐང་ལ་བརྩི་འཇོག་ཕར་ཞོག།གང་དྲན་དྲན་དུ་རྡོག་རོལ་བཏང་འདུག་པ་དེ་རེད་ཀྱང་།ཤ་བཟའ་མཁན་རྣམས་ནི་ལུག་ཚེ་ཐར་ལ་སྡང་ཞིང་།ཤ་མི་བཟའ་བ་རྣམས་ནི་ལུག་ཡིན་ཚད་ལ་སྡང་བའི་གཏན་ཚིགས་དེས།ང་ཚོས་ཡོད་ཚད་དབང་བསྒྱུར་བ་༼སྒེར་གཅོད་པ༽གང་གི་ཁེ་ཕན་དང་འབྲེལ་ནས་ཚུགས་པའི་ཀུན་སྤྱོད་ཀྱི་མ་ལག་ཅིག་ཤར་སེ་མཐོང་འོང་ཞིང་།གལ་སྲིད་གང་གི་ཁེ་ཕན་དང་འབྲེལ་བ་མེད་པ་ཞིག་ཡིན་ཕྱིན།ཕ་རོལ་བའི་རང་དབང་དང་རྩིས་ཐང།བདེ་སྡུག་དང་ཁེ་དབང་སོགས་ལ་ཅི་མི་སྙམ་པར་དངོས་ཤུགས་གང་རུང་ནས་ཧ་ཅང་འགྲིག་འགྲིག་གི་སྦྱོར་བས་རྩ་བརླག་གཏོང་རྐྱང་བྱེད་པ་རེད་ཀྱི།མདོར་ན།རྒྱུད་སྟོད་གྲྭ་ཚང་ནི་ཆེས་ཀུན་སྤྱོད་མེད་པའི་རུ་དཔུང་ཞིག་དང།སྐྱེས་མའི་རྩིས་ཐང་ལ་ངེས་དོན་གྱིས་རྐང་འགོམ་བྱེད་མཁན་དེ་དག་རེད་ལ།འདིར་རྒྱུ་འབྲས་ཟེར་བ་འང་སྐྱག་རྫུན་ཁོ་ནར་གྱུར་ཡོད་པ་གསལ་མི་ཡོང་ངམ།།

སྐབས་འདིར་ངའི་སེམས་སུ།གལ་སྲིད་ཨ་རིའི་རང་དབང་ལྷ་མོ་བོད་ཡུལ་ལུང་པ་རུ་གདན་དྲངས་ཡོང་ཚེ།དེ་ནི་བདུད་མོ་ཞིག་ཏུ་མི་འགྱུར་བའི་ངེས་པ་འང་ཁྱོན་ནས་མེད་དེ།རང་ཅག་གི་ཡུལ་ལྷ་གཞི་བདག་རྣམས་ཁྲོས་ནས་ཁ་ཤ་ལྗང་ནག་དང་ངོ་ཤ་ཁམ་ནག་ཏུ་འགྱུར་ངེས་ཤིང་།ཡུལ་ལུང་ནང་གྲུབ་ཕོག་འདུག་པས་ལོ་ཉེས་ཆག་འཇིག་སྣ་ཚོགས་འབྱུང་ཉེ་སོགས་བསྒྲག་ནས།ཟློག་ཐབས་སུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ལ་ཐུགས་དམ་ཞུས་ཏེ་འགྲོ་སོང་ཡོད་ཚད་བསུ་མཁན་གང་དེས་སྟེར་དགོས་མི་ཟེར་བའི་ངེས་པ་འང་ག་ལ་ཡོད་ཨང་།མི་སྣ་བདུན་པོར་དངུལ་རྡོག་འགའི་ཆད་པར་འཐོག་ཡོད་མོད།དེ་ནི་རིག་འཛིན་གྱི་རྨ་ཁ་དང་འབྲེལ་བ་ཅི་ཞིག་ཡོད་དམ།ཁོ་ཚོས་དོན་རྐྱེན་འདི་ཐག་གཅོད་བྱེད་སྐབས།གནོད་འཚེ་དང་བརྙོས་བཅོས་ཐེབས་ཟིན་པའི་སྐྱེས་མ་རིག་འཛིན་ལ་ཁ་གསབ་གང་ཡང་མ་སྤྲད་པར་མ་ཟད།ལྡོག་སྟེ།དེ་ལས་ཀྱང་ཚད་རིམ་མཐོ་བའི་སྦྱོར་བ་ཞིག་གིས་དམའ་ཕབས་དང་བརྙས་བཅོས་ལྷག་མ་ཞིག་བྱས་ཡོད་པ་ཡིན་ཏེ།ཁ་དཔེར།མིག་སྐྲང་བའི་སྟེང་ལ་ཁུ་ཚུར་ཞེས་པ་དེའོ།སྔོན་གྱི་མི་སྣ་བདུན་པོས་སྐྱེས་མ་རིག་འཛིན་གྱི་ཕྱི་ལུས་པོར་རྡུང་རྡེག་བཏང་བ་ནི་ཚད་ངེས་ཅན་ཞིག་ནས་མི་སྐྱོན་ཏེ།ཡིན་ཀྱང་།རྒྱུད་སྟོད་གྲྭ་ཚང་གིས་སྐྱེས་མ་རིག་འཛིན་གྱི་རྣམ་ཤེས་ལ་དམའ་ཕབས་དང་རྡོག་རོལ་བཏང་ཡོད་པ་ཡིན་ཏེ།ཕྱི་ཤ་གཟུགས་ནི་ཕྱེ་མར་འཐག་ཀྱང་དེས་ནི་མི་བུ་ཞིག་གི་རྩིས་ཐང་ལ་གནོད་པ་གང་ཡང་ཐེབས་མི་སྲིད་མོད།གསེར་དང་འདྲ་བའི་རྣམ་ཤེས་ལ་རྡོག་རྫིས་བཏང་བ་འདི་རིགས་ནི་ཅི་འདྲའི་སྐྱི་གཡའ་བར་བྱེད་ཅིང་བཟོད་དུ་མེད་པ་ཞིག་གོ།འདི་ལས་ང་ཚོས་ཤེས་ཡོང་བ་ནི་ཆོས་ལུགས་ཀྱི་བྱེད་སྒོས་ཡོད་ཚད་ལ་འགྲེལ་བ་དང་ཁ་གསབ་རྒྱག་མི་ཐུབ་པ་དེ་ཡིན་ཞིང་།དཔེར་ན།ཉེ་ལམ་བོད་ནང་ཁུལ་དུ་རང་ལུས་མེར་བསྲེགས་པའི་དོན་དག་མང་དུ་བྱུང་གིན་འདུག་པ་ལའང་།གལ་སྲིད་ཆོས་ལུགས་ཀྱི་ཐད་ནས་འགྲེལ་བ་ཞིག་གནང་དགོས་ཚེ།རང་སྲོག་བཅད་པ་ནི་གཞན་སྲོག་བཅད་པ་དང་གཅིག་མཚུངས་ཡིན་པས་འདི་ནི་སྡུག་བསྒྲུབ་ཁོ་ནའོ་ཟེར་རྒྱུ་ལས་ཐུ་མེད་དེ།ལན་དེས་ནི་ཤུལ་དུ་གསོན་པ་དག་ལ་ཁོང་ཁྲོ་བསླང་རྒྱུ་ལས་དབུགས་དབྱུང་ཅི་ཡང་སྩོལ་མི་བཏུབ་པར་མ་ཟད།འདས་པོ་འདས་མོ་དག་གིས་ཀྱང་ཕྱི་མའི་ཡུལ་དུ་མིག་ཟུང་ག་ལ་བཙུམ་ཐུབ་བམ།དེ་བས་ན།ཆོས་ལུགས་ལ་ནི་ཆོས་ལུགས་ཀྱི་བྱེད་ནུས་ཤིག་ཡོད་པ་ཤ་སྟག་ཏུ་ཟད་ཀྱང་།དེ་བས་ཀྱང་བོད་རིགས་ནི་ཆོས་ལུགས་ཀྱི་མི་རིགས་ཤིག་རེད་པས།བོད་བརྒྱུད་ནང་བསྟན་ཟེར་བ་དེ་མདོར་ན་ལོ་ངོ་ཆིག་སྟོང་སུམ་བརྒྱའི་རིང་གི་བོད་ཀྱི་ཆབ་སྲིད་རེད་པས།གནའ་ནས་ད་ལྟའི་བར་དུ།མི་གཙང་ཆུ་ཡིས་མི་གཙང་བ་བཀྲུ་ཞིང་ཡོང་བའི་བཙོག་པ་འཁོར་རྒྱུགས་ཀྱི་གཏམ་རྒྱུད་འདི་འདྲ་བ་སྒང་པ་བོད་དུ་བྱུང་བ་ཉུང་ཉུང་གཏན་ནས་མིན་པས།བཙན་པོ་ལ་བཙན་ཚད་མེད་ཅིང་གཉོམ་པོར་གཉོམ་ཚད་མེད་པའི་ཁྲག་དྲི་ཆིལ་བའི་དོན་རྐྱེན་འདི་ལྟ་བུ་ད་དུང་མི་འབྱུང་བའི་ངེས་པ་ནི་དེ་བས་ཀྱང་མེད་མོད།མཐར་ན།རྒྱུད་སྟོད་གྲྭ་ཚང་དང་རྒྱུད་སྟོད་གྲྭ་ཚང་དག་གིས་ག་དུས་ཤིག་ལ་སྐྱེས་མ་རིག་འཛིན་དང་སྐྱེས་མ་རིག་འཛིན་དག་ལ་རྣམ་པར་དག་པའི་འགྱོད་བཤགས་བྱས་ཡོང་ན།ཡང་ན་སྐྱེས་མ་དག་མྱི་གྲལ་ཏུ་བརྩི་ན།འདི་འང་བརྟག་པ་མཐའ་བཟུང་གི་སྒོ་ནས་ལབ་པ་ཡིན་ཏེ།རྒྱུད་སྟོད་གྲྭ་ཚང་གིས་འགྱོད་བཤགས་ཞེས་པའི་ཐ་སྙད་འདི་མཐོང་མ་ཐག་དགོད་ཁ་གཏིང་ནས་ཤོར་འགྲོ་ཡང་སྲིད་མོད།གལ་སྲིད་དེ་ལྟ་བུའི་དུས་ཤིག་ཡོད་ན།སྐབས་དེ་ནི་ཏག་ཏག་ང་ཚོ་སྐྱེས་མའི་གནས་སྟངས་ལ་འགྱུར་བ་ཨེན་ཙམ་འབྱུང་རྒྱུ་ཡིན་པའི་རྟེན་འབྲེལ་ཡིན་ནམ་སྙམ་ཡོད།ཡིན་ཀྱང་།རྒྱུད་སྟོད་གྲྭ་ཚང་གིས་འགྱོད་བཤགས་བྱ་སྲིད་དམ།ཁོ་བོར་མཚོན་ན།དེ་ནི་ནམ་ཡང་དྲི་བ་ཞིག་རེད།།

                          

 

                                                                                                2012/03/04

 

 

 
རྩོམ་ཡོངས་ཀློག་པ།(2735) | ལན་སློག(21)
 
འབྲེལ་ཡོད་ནང་དོན་ 21 ཡོད།<<<123>>>
 
RE:རྒྱུད་སྟོད་གྲྭ་ཚང་གིས་འགྱོད་བཤགས་བྱ་སྲིད་དམ།
[ 2012-4-2 10:40:41 | By: msms2 ]
 
གངས་ཅན་སྐྱེས་མའི་ལས་དབང་གི་ཐད་དུ་བྲིས་པའི་རྩོམ་རིང་འདི་མགོ་མཇུག་མེད་པར་ཐེངས་གཉིས་ལ་བཀླགས་ཡིན།གྲོགས་པོའི་སྐུ་ལུས་འཚམས་པོ་བདེ་མོ་ཡིན་ཤག་ཆེ་སོང་།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:བསུ་མ་བྱེད་ཀྱི་ཡོད།
 
 
 
RE:རྒྱུད་སྟོད་གྲྭ་ཚང་གིས་འགྱོད་བཤགས་བྱ་སྲིད་དམ།
[ 2012-4-2 16:07:13 | By: xbwx ]
 
གྲོགས་པོའི་རྩོམ་ཡིག་དག་གིས་དུས་རྒྱུན་བློ་བསྐྱེད་གནང་བྱུང་། ནུབ་བྱང་གི་གླག་རྒོད།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:བསུ་མ་ཇ་དང་ཆང་ཡིན།
 
 
 
RE:རྒྱུད་སྟོད་གྲྭ་ཚང་གིས་འགྱོད་བཤགས་བྱ་སྲིད་དམ།
[ 2012-4-2 17:44:11 | By: cuoyuanhaier ]
 
མཚོ་སྔོན་པོ་ཚང་གིས་ཡང་བསྐྱར་དྲ་སྒོ་ཕྱེ་བ་དང་ལྷན་ཁྱེད་ཚང་གི་རྩོམ་ལ་རོལ་མྱོང་བྱས་ཟིན། མུ་མཐུད་དུ་ཡོང་རྩིས་ཡིན།  མཐོ་སྒང་གི་གླག་རྒོད།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:དགའ་བསུ་ཞུ།
 
 
 
RE:རྒྱུད་སྟོད་གྲྭ་ཚང་གིས་འགྱོད་བཤགས་བྱ་སྲིད་དམ།
[ 2012-4-2 19:13:46 | By: lhachen ]
 
ལེགས་འདེམ་བྱེད་འོས་པའི་ཟིན་བྲིས་ཤིག་གོ
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:གྲོགས་ལགས་ཕེབས་པས་དགའ་སོང་།རྗེས་མུར་མཇལ་ཤོག
 
 
 
RE:རྒྱུད་སྟོད་གྲྭ་ཚང་གིས་འགྱོད་བཤགས་བྱ་སྲིད་དམ།
[ 2012-4-2 20:57:06 | By: mmmm ]
 
གྲོགས་པོ་ལ་སྐོར་ཞིག་བརྒྱབ་ནས་བུད་སོང་།    དེ་རིང་གང་ན་ཡོད།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:གྲོགས་ལགས་ཕེབས་པས་དགའ་ཡོད།སློབ་གྲྭར་ཡོད།
 
 
 
RE:རྒྱུད་སྟོད་གྲྭ་ཚང་གིས་འགྱོད་བཤགས་བྱ་སྲིད་དམ།
[ 2012-4-2 21:57:14 | By: sangjicuo ]
 
སྤྱི་ཚོགས་སྣང་ཚུལ་ལ་ཤིན་ཏུ་ཟབ་མོས་རིག་གཞུང་གིས་འགྲེལ་བ་རྒྱོབས་གདའ་བའི་བརྩམས་ཆོས་འདི་ནི་འོ་སྐོལ་གྱི་ཀློག་པ་པོས་ནང་དོན་གསལ་བོ་ཞིག་གོ་ཐུབ་དཀའ་བར་སྙམ་ནེ་ཡོད་མུས་སུ།དངོས་གནས་ཡིད་སེམས་དྲང་འགྲོ་བ་ཞིག་རེད་ཅེས་བཟང་བསྟོད་སྣ་ཚོགས་བཤད་འདོད་བྱུང་།མུ་མཐུད་དུ་འབྲི་རོགས།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:གྲོགས་ལགས་ཕེབས་པར་བསུ་མ་བྱེད་ཀྱི་ཡོད།
 
 
 
RE:རྒྱུད་སྟོད་གྲྭ་ཚང་གིས་འགྱོད་བཤགས་བྱ་སྲིད་དམ།
[ 2012-4-3 12:28:57 | By: jimaocai ]
 
གྲོགས་པོར་འཚམས་འདྲི་ཞུ།ཀློག་བཞིན་ཡོད།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:འཚམས་འདྲི་ཡོད།
 
 
 
RE:རྒྱུད་སྟོད་གྲྭ་ཚང་གིས་འགྱོད་བཤགས་བྱ་སྲིད་དམ།
[ 2012-4-3 14:32:10 | By: sufei ]
 
གླག་རྒོད་ལ་བར་སྣང་གསར་བ་འདི་རེག་མ་ཐག་ནས་གཤོག་ལྕག་གིས་གང་སར་བྲབས་ཀྱིན་འདུག   ངོ་མ་ཉམས་དགའ་བ་ཞིག་འདུག
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:གྲོགས་སུ་བསུ་མ་ཡོད།
 
 
 
RE:རྒྱུད་སྟོད་གྲྭ་ཚང་གིས་འགྱོད་བཤགས་བྱ་སྲིད་དམ།
[ 2012-4-3 14:42:30 | By: smzhjc ]
 
སུ་ཞིག་གི་གསང་བ་ལྟ་བུའི་འབོལ་རྩོམ་རིང་མོ་འདིས་བློ་སྒོ་ཆེན་པོ་ཞིག་ཕྱེས་སོང་བས་ཐུགས་རྗེ་ཞུ་བཞིན་ཡོད་དོ།།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:བསུ་མ་བྱེད་ཀྱི་ཡོད།
 
 
 
RE:རྒྱུད་སྟོད་གྲྭ་ཚང་གིས་འགྱོད་བཤགས་བྱ་སྲིད་དམ།
[ 2012-4-3 15:02:01 | By: wmpmdzh ]
 
གླག་གིས་འབོལ་རྩོམ་གྱི་སླེ་བོ་རྒྱབ་ཏུ་འཁུར་ཏེ།        རྩོམ་རིག་གི་གནམ་མཐའ་ནས་གཤོག་འགྱུར་གྱིས་ཨག་སྐད་དྲག་པོ་རེ་འདེབས་དུས།       ངོ་མ་ཁོ་སོད་པའི་སྣང་བ་འགོག་མེད་ཅིག་སྐྱེས་ཀི       གཉན་པོ་གསང་བ་འདི་ད་ལྟ་འུ་ཅག་གིས་དམྱལ་བའི་གཏེར་ལས་འདོན་རན་འདུག       ཐོག་གིས།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:གྲོགས་པོ་ཐོག་ལ་བསུ་མ་ཡོད།
 
 
粗体 斜体 下划线 插入引用 插入表情

ང་ཁྱེད་ཀྱི་ཨ་ཕ་ཡིན།

—— གླག

མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་

འདམ་གྱི་དྲི་མས་མ་གོས་སོ།།


སྐྱེས་ལོ། 1989

ཁ་པར། 182xx

QQ:  475461853

འབྲེལ་ཟམ་འདི; zhongjiwa2013@163.com



སེམས་ཁམས་ལོ་ཐོ།
དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་ཐོ་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཟིན་བདག་ནང་འཇུག
མཛའ་འབྲེལ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.