མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
     
   
     
 
ནང་བསྟན་དང་མི་ཚུལ་རིང་ལུགས།
[ 2012-1-4 10:48:26 | By: zhongjiwa ]
 

ནང་བསྟན་དང་མི་ཚུལ་རིང་ལུགས།

 

 

དུས་སྐབས་གང་ཞིག་ཡིན་ཀྱང་།རེབ་དེའི་ཕུན་སུམ་ཚོགས་པའི་བྱུ་བ་སྣ་ཚོགས།རྩོམ་ཐུང་ཞིག་ཏུ་ནམ་ཡང་ཤོང་ཐུབ་པ་མིན།རིག་རྩལ་བསྐྱར་དར་མ་ཡོང་བའི་ཡར་སྔོན་གྱི་དུས་དེར།དུས་རབས་བར་མ་འམ།གཞན་དུ།བླུན་རྨོངས་རིང་ལུགས་སུའང་འབོད་ཀྱི་ཡོད།དོན་དུ།རིག་རྩལ་བསྐྱར་དར་ཀྱང་མཐའ་གཅིག་ཏུ།འོད་ཟེར་གྱི་དུས་སྐབས་ཤིག་ཏུ་སུས་ཀྱང་སྒྲོ་འདོགས་ག་ལ་ཐུབ་སྟེ།མི་ཡོད་ས་ན་བླུན་རྨོངས་རིང་ལུགས་ཀྱང་ཡོད་དུ་ཟད་ཀྱི།མི་ཡི་སྦྱོར་བ་དག་བླུན་རྨོངས་རིང་ལུགས་དང་ཡོངས་སུ་ཁ་གྱེས་མ་མྱོང་བ་ནི་ལོ་རྒྱུས་ཀྱི་སྐུད་པ་དམར་རྗེན་དུ་བསྟར་ཡོད།རིག་རྩལ་བསྐྱར་དར་ནི་གྲིབ་མ་དང་འགྲོགས་ཏེ་འོད་ཀྱིས་ཐོན་པ་ཞིག་སྟེ།ཡར་སྔོན་གྱི་དུས་སྐབས་དག་དང་བསྡུར་ན།ཉི་མའི་ཆ་ཤོས་སྐོར་ཅིག་སྤྲིན་གྱི་བསྒྲིབ་པ་ལས་ཕྱི་ལ་རྗེན་ནེར་མངོན་བྱུང་བ་སྟེ།ཡོ་རོབ་ཀྱི་ལོ་རྒྱུས་ནི་ཉི་མ་ཞིག་ཡིན་པའི་དབང་དུ་བཏང་ན།རིག་རྩལ་བསྐྱར་དར་ནི་ཡར་སྔོན་གྱི་དུས་སྐབས་དག་ལས་ཉི་མའི་སྟེང་གི་རྡུལ་འགའ་ཞིག་གློ་བུར་ཕྱིས་བྱུང་བའི་སྐབས་ཤིག་ཏུ་ངོས་འཛིན་རྒྱུ་ལས།ཉི་མ་མཐའ་གཅིག་ཏུ་བསྒྲིབ་པ་ཡོད་དོ་ཅོག་ལས་བསྒྲལ་བར་བྱས་པའི་སྐབས་ཤིག་ཏུ་ཁས་ལེན་ག་ལ་ནུས་སམ།ཡིན་ཀྱང་།ཐུ་མེད་ཅིག་ལ།དེ་ནི་ལོ་རྒྱུས་གསར་བ་ཞིག་གི་དབུ་འཁྱིད་དེ།ཡང་ན།ནུབ་གླིང་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་བོ་ཆེ་ཞིག་རེད་ལ།ད་ལྟའི་ནུབ་གླིང་གི་རང་དབང་དང་མང་གཙོ།འདྲ་མཉམ་སོགས་ཀྱི་ཐོག་མའི་ས་བོན་ཀྱང་དེ་རེད་དོ།།

རིག་རྩལ་བསྐྱར་དར་གྱི་སྐབས་སུ།ནུབ་གླིང་བ་དག་གིས་རྙེད་སོང་བ་གཙོ་བོ་ནི་གཞན་གང་ཡང་མ་རེད་དེ།གཙོ་བོ་ནི་མྱི་རེད་དོ།དེ་ནི་སྤྱིར་བཏང་གི་མྱི་རྙེད་པ་ཞིག་ཀྱང་མ་རེད་དེ།མཐར་ན་༼སྒེར༽རྙེད་སོང་བའི་སྐབས་ཤིག་རེད།མི་རིགས་སམ།རྒྱལ་ཁབ་བམ།ཚོགས་པ་འམ།རིང་ལུགས་སམ།རིག་རྩལ་བསྐྱར་དར་མ་ཐོན་པའི་ཡར་སྔོན་དུ།མི་རྣམས་ཀྱིས་༼ཚོགས་པ༽ལས་༼སྒེར༽ནི་རྦད་དེ་མཐོང་གི་ཡོད་པ་མ་རེད་ལ།སྒེར་ནི་ཉེས་པའམ།སྒེར་ནི་ཉམ་དམས་སམ།སྒེར་ནི་འཐས་ཤོར་རམ།སྒེར་ནི་མི་སྡུག་པ་འམ།གང་ལྟར་ཀྱང་སྒེར་ནི་གླེང་རན་མེད་པའི་ཆུང་ཆུང་ཞིག་ཏུ་རློམས་ཏེ།མི་ཡི་བསམ་སྦྱོར་ཐམས་ཅད་ཀྱིས།ངེས་པར་དུ་ཚོགས་པ་འམ་རྩ་འཛུགས།ཐུན་མོང་གང་རུང་ཞིག་གི་མཐའ་ནས་བསྐོར་ཏེ།དེ་ཉིད་གཙོ་སྐུའམ་དཀྱིལ་སྙིང་དུ་བཟུང་ནས་བཞུད་ལམ་འཚོལ་གྱི་ཡོད་པས།དེ་ལས་ལྡོག་ན་དོན་སྙིང་མེད་པར་འཆེས་ཀྱི་ཡོད།དེ་རྣམས་ནང་བསྟན་གྱི་བདག་གཞན་མཉམ་བརྗེའི་ལྟ་བ་དང་ཡང་ཤིན་ཏུ་མཚུངས་ཏེ།རང་གཞན་བརྗེ་དོན་ཀྱང་།རང་ལས་གཞན་དེ་མང་པོ་ཡིན་པས་རེད་ཀྱི།དེ་འང་།ཚོགས་པ་གཙོ་བ་ལས་སྒེར་ནི་མི་གཙོ་བའི་དྲི་མ་ལྡན་པས།ལྟ་བ་དེའི་མཇུག་འབྲས་ཀྱིས།སྔར་བཞིན་དུ།༼སྒེར༽བོར་འགྲོ་བའི་ཉེན་ཁ་ནི་ལྷག་ཏུ་ཆེ་ཞིང་།སྒེར་བོར་ཚེ།༼ཚོགས་པ༽ནི་རང་བཞིན་གྱིས་སྟོང་བའོ།རིག་རྩལ་བསྐྱར་དར་གྱི་ཡར་སྔོན་དུ།ཚོགས་པ་ག་གེ་མོའི་ཆེད་དུ།རིང་ལུགས་ག་གེ་མོའི་ཆེད་དུ།ཁ་གཡང་དང་དྲིལ་བསྒྲགས།གཡང་འབོད་དང་རྨོངས་དད།གཟུགས་མེད་ཀྱི་བདག་ཉིད་དེར་རིན་དོད་རབ་དང་རིམ་པ་ཕུད་དེ།སྒེར་གཅོད་རིང་ལུགས་ལ་ཚོར་མེད་ཤེས་མེད་ཀྱིས་མཐུན་རྐྱེན་ཞོར་དུ་བསྐྲུན་གྱི་ཡོད་པ་རེད།རིག་རྩལ་བསྐྱར་དར་གྱིས།ཚོགས་པའི་ཆེས་རྩ་བར་གྱུར་བའི་གྲུབ་རྒྱུ་སྟེ།༼སྒེར༽རྙེད་མ་ཐག།ནུབ་གླིང་གི་ལོ་རྒྱུས་དེ་མ་ཉིད་དུ་མདུན་དུ་མཆོངས་ཤིང་།ཁོ་ཅག་གིས་༼སྒེར༽དང་༼ཚོགས་པ༽འི་བར་དུ་རྩ་བའི་ཆ་ནས་འགལ་བ་མེད་པར་བསྒྲུབ་ཅིང་།ལམ་ལུགས་དང་སྦྱོར་བ་་དག་གིས་ཀྱང་༼སྒེར༽གྱི་མཐའ་ནས་བསྐོར་ཏེ།༼སྒེར༽དཀྱིལ་སྙིང་དུ་བྱས་ནས་ཚུགས་དགོས་པའི་འབོད་པ་དང་པོ་གདེང་ཡོད་པའི་ངང་ནས་བསྒྲགས་ཤིང་།༼སྒེར༽་ནི་མཛེས་སྡུག་ཡིན་པ།རྩ་བ་ཡིན་པ།ཉ་གང་ཡིན་པ།གཞན་དང་མི་འདྲ་བའི་ཁོ་ན་བ་དེ་ཡིན་པའི་རྟོགས་པ་སད་ཅིང་།ལས་འགུལ་དེའི་ཁྱབ་ཁུངས་ཀྱང་ཤེས་ཡོན་པའི་སྡེ་ཙམ་ལས་འདས་ཏེ།སྤྱི་ཚོགས་ཧྲིལ་བོས་ངེས་ལེན་འཐོབ་པར་གྱུར།དེ་རྗེས།༼སྒེར༽གྱི་སྟེང་དུ་༼མྱི་གཤིས༽དང་༼འདོད་བཀྲོལ༽།༼སྒེར་གཤིས༽དང་༼གསར་གཏོད༽།༼རང་འགུལ༽དང་༼རང་རྟོགས༽།༼སྤྲོ་སྣང་༽།ལ་སོགས་པའི་གཞུང་ལུགས་སྣ་ཚོགས་ཀྱིས་ངར་བླུད་དེ།༼སྒེར༽གང་དེ་ལེགས་པོ་ཞིག་འགྲུབ་ཐུབ་ཚེ།༼སྒེར༽གྱིས་འགྲུབ་པའི་༼ཚོགས་པ༽དེ་འང་ཕུན་སུམ་ཚོགས་སོང་བར་འདོད་ཀྱང་།ལྡོག་སྟེ།༼སྒེར༽བོར་ཟིན་པའི་ཚོགས་པ་གང་ནི།བྱེ་མའི་འཆིང་བུ་དང་།སྡོང་བོ་ཁོག་རིལ།ཕྱི་རྫིག་ནང་སྟོང་ཞིག་ཏུ་འདོད་ཀྱི་ཡོད།དེ་ཡི་མིང་གཞན་ལ།མི་ཚུལ་རིང་ལུགས་ཟེར་ཞིང་།ད་དུང་ཁ་གསབ་ཅིག་རྒྱག་རྒྱུ་ཡོད་པ་ནི།ཁོས་བློ་ཐོག་གི་དགེ་(善)་ལས་ཀྱང་མངོན་པའི་དགེ་རྣམས་གཙོ་རུ་སྐུལ་བ་རེད་དོ།།

དེ་ཡང་།མི་ཚུལ་རིང་ལུགས་དང་ནང་བསྟན་གཉིས་ཀ།རང་གི་ནུས་ཚོད་ཀྱིས་དོད་ཙམ་བསྡུར་ན།ཁོ་གཉིས་ཀྱི་བར་དུ་འགལ་བ་ཡོད་ལ་འབྲེལ་བ་འང་ཡོད་པ་ཞིག་རེད།ནང་བསྟན་ནི་རྩ་བའི་ཆ་ནས་བདེན་པ་བཞི་རུ་བསྡུས་ཆོག་པ་ཞིག་རེད་དེ།མ་མཐར་ཀྱང་།ཆོས་འཁོར་ཐེངས་དང་པོ་ནི་རྩ་བ་རུ་བཟུང་ཆོག་ས་རེད།སྡུག་བསྔལ་བདེན་པ་དང་།ཀུན་འབྱུང་བདེན་པ།འགོག་པའི་བདེན་པ།ལམ་གྱི་བདེན་པ་སྟེ།ཁོ་གཉིས་ཀྱི་འགལ་བ་དེ་ལམ་གྱི་བདེན་པའི་སྟེང་ནས་བྱུང་གིན་པ་འདྲ་ཡི།བདེན་པ་གོང་མ་གསུམ་པོ་ནི་མི་ཚུལ་རིང་ལུགས་དང་རྩ་བའི་ཆ་ནས་འགལ་བ་ཡོད་པར་མ་མཐོང་།ནང་བསྟན་གྱིས་མཐར་ཐུག་གི་བདེ་བ་དེ་འཚོལ་གྱིན་པ་བཞིན།མི་ཚུལ་རིང་ལུགས་ཀྱིས་ཀྱང་མཐར་ཐུག་གི་བདེ་བ་ནི་གཏན་ནས་བགག་ཡོད་པ་མ་རེད་ཀྱང་།ཁ་གསལ་དགོས་པ་ཞིག་ལ།གཅིག་གིས་ལྷ་གཤིས་དང་།ཅིག་ཤོས་ཀྱིས་མྱི་དྲི་བྲོ་བའི་མྱི་གཤིས་བསྙེག་ཅིང་འཚོལ་གྱི་ཡོད་པ་རེད།ཡིན་ན་འང་།ནང་བསྟན་གྱིས་མཐར་ཐུག་གི་བདེ་བ་འཐོབ་དགོས་ཚེ།ཆེས་རྩ་བའི་ཆ་རྐྱེན་ཞིག་འདོན་གྱི་ཡོད་པ་རེད།དེ་ནི་འཇིག་རྟེན་བློས་གཏོང་དགོས་པ་དང་།ཁྱིམ་བློས་གཏོང་དགོས་པ།ལུས་པོ་ནི་འཚང་རྒྱ་བའི་རྟེན་ཏེ།ལག་ཆ་རུ་ལྟ་བ་ལས་དམིགས་ཡུལ་དུ་ལྟ་གིན་མེད་པ་དེ་རེད་ཅིང་།འཁོར་བ་ལ་སྐྱོ་སྣང་གིས་ལྟ་ཞིང་བློ་གཏོད་རྒྱུ་མེད་པ་རུ་འདོད།མི་ཚུལ་རིང་ལུགས་ནི་དེ་ལས་ལྡོག།དེ་བཞིན།མི་ཚུལ་རིང་ལུགས་ཀྱི་ནང་ཚན་ལས།༼འདོད་བཀྲོལ༽་གྱི་ཉེ་སར་བཅར་ཚེ།ནང་བསྟན་གྱི་༼འདོད་སྡོམས༽བསམ་བློ་དང་འགལ་བ་ཡོད་ཙང་།གཞན།བཀའ་གདམས་པ་སྟེ།རྒྱལ་བའི་བཀའ་ཐམས་ཅད་ཡིག་འབྲུ་རེ་རེ་བཞིན་དུ་གདམས་པ་རུ་ཤར་ཏེ།ཇི་མ་ཇི་བཞིན་དུ་འཇུག་པའི་ལམ་དེས་མི་ཚུལ་རིང་ལུགས་ཀྱི་ནང་ཚན་དུ་གྱུར་བའི་༼སྒེར་གཤིས༽་དང་༼གསར་གཏོད༽་ལ་བཀག་རྒྱ་བཟོས་ཡོད།གཞན་རྒྱལ་བ་གོང་མའི་བཀའ་ཐམས་ཅད་སྣོད་དུ་འདྲེན་ཐབས་སུ་སྐྱབས་འགྲོ་དང་དགེ་རྒན་བསྟེན་ཚུལ་སོགས་གཞན་དབང་(被动)ཤུགས་ཆེ་བའི་འཇུག་ཚུལ་དང་། མི་ཚུལ་རང་ལུགས་ཀྱི་༼རང་འགུལ་ལམ་རང་རྟོགས་༽(主动)ཀྱི་ལྟ་བ་གཉིས་ཀྱང་ཕན་ཚུན་སྤངས་འགལ་དུ་གྱུར་ཡོད།དེ་བས་ན།རང་ཅག་བོད་ཀྱི་རིག་གནས་ཀྱི་སྲོག་ཤིང་ལྟ་བུ་རུ་ཆགས་ཡོད་པའི་ནང་བསྟན་དང་།འགྲོ་བ་མྱིའི་ཉིང་བཅུད་རིག་པ་ལྟ་བུའི་མི་ཚུལ་རིང་ལུགས་གཉིས་ཀྱི་འགལ་བ་འདི་རྣམས་ཅི་ལྟར་མཐུན་སྦྱོར་བྱ་འམ།གང་དག་ལེན་རྒྱུ་ཡིན་ནམ།གང་དག་འདོར་རྒྱུ་ཡིན་ནམ།ཁ་ཅིག་གིས།ནང་བསྟན་གྱིས་བྱམས་དང་སྙིང་རྗེ་བཤད་ཀྱི་ཡོད་པས་གང་ལའང་འགལ་བ་མེད་ཟེར་བ་རེད།དེ་དག་ནི་མཐུན་ཐབས་སྨྲ་བ་དང་འོད་ཚོལ་སྨྲ་བ།འགལ་བ་ལ་གདོང་གཏོད་མི་ཕོད་པའི་བྲོས་བཤོལ་བ་དང་།འཐོམ་སྦྲིད་པ་འབའ་ཞིག་ལས་གང་ཡང་མིན་པས།དེའི་རིགས་ལ་ང་ལ་ཅི་ཡང་བཤད་རྒྱུ་མེད་དེ།འགལ་བ་ནི་ཡོད་ཏན་ཏན་དུ་འདུག་པས་ན།འགལ་བ་འདི་དག་ལ་ཅི་ལྟར་གདོང་གཏོད་རྒྱུ་ཡིན་མིན་ནི།ལོ་རྒྱུས་ཀྱི་འགན་འཁུར་ཆེ་བོ་ཞིག་ཡིན་པ་རེད་ཀྱི།ང་ཡི་ལངས་ཕྱོགས་ནི་ཧ་ཅང་གསལ་བོ་ཡིན་ཏེ།འགལ་བར་གྱུར་བའི་ཆོས་གང་ཞིག་ཡིན་ཀྱང་རུང་གིས།དེ་གཉིས་ཀྱི་མཐུན་ཆོས་སུས་ཀྱང་འཚོལ་ཆོག་ཆོག་རེད་ཀྱང་།ངེས་པར་དུ་གཅིག་གྱུར་རམ།གཅིག་ཡོད་དགོས་ཚེ་ཅིག་ཤོས་རྩ་བརླགས་གཏོང་དགོས་པའི་རྒྱུ་མཚན་ནི་གཞར་ཡང་མེད་ན།དཀྱེལ་ཡངས་དང་མཉམ་གནས་ལ་གཏིང་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད།མཐར་དེད་ན།འདི་ནི་ཆོས་ལུགས་པ་དང་རིག་གནས་པའི་དབར་གྱི་འགལ་བ་ཞིག་ཏུ་འང་འདོད་ཀྱང་།འགལ་བ་དེ་འང་།ཆོས་ལུགས་པས་འདི་ཕྱི་གཉིས་ཀ་གཅིག་ལྕོགས་བྱེད་འདོད་ཀྱི་སྒེར་གཅོད་དང་ཧམ་སེམས་དེ།ཆོས་ལུགས་ཀྱི་དབང་ཟིལ་ལ་བརྟེན་ཏེ།འཇིག་རྟེན་གྱི་བྱ་བའི་ཐོག་ཏུ་བསྲིངས་ཤིང་།དེ་བས་ཀྱང་།འཇིག་རྟེན་སྐྱོངས་པའི་རིག་གཞུང་གི་མ་ལག་གདོད་ནས་ནང་འཇུག་བྱས་མེད་པའི་གང་གི་མ་རིག་པའི་བདག་ཉིད་དེ་དང་།རིག་གནས་པ་རྣམས་ད་དུང་༼མྱི༽རུ་ཆགས་མེད་པའི་ནུས་མེད་འཁོས་ཞན་གཉིས་ཀྱིས་དེ་རིང་གི་སྐྱ་ཆད་སྔོ་སྡུག་ལྟ་བུའི་གནས་སྟངས་འདི་བཞེངས་པར་འདོད་ཅིང་།ཡང་ན།ཆོས་ལུགས་པ་དང་ཆོས་ལུགས་པ་རྣལ་མ།རིག་གནས་པའམ་ཤེས་ཡོན་པ་སོགས་ཀྱི་དབྱེ་མཚམས་གསལ་ཐག་ཆོད་པ་ཞིག་དགར་རྒྱུ་ནི་གཙོ་བོར་འདོད་དེ།རྩ་བའི་ཆ་ནས་རང་རང་གི་སྦྱོར་བས་རང་རང་གི་ལམ་སྣ་དེ་བསྐྱོར་ནས།གཅིག་གི་རིན་ཐང་ལྟ་ཚུལ་གྱིས་ཅིག་ཤོས་ལ་ཆོད་སྡོམས་འཇོག་རྒྱུ་ཉུང་ཉུང་བྱས་ཚེ།མཉམ་གནས་ཀྱི་ཁྲོད་ནས།གཉིས་ཀ་རྒྱས་ཡོང་བར་འདོད་དོ།།

གོང་དུ་བཤད་ཟིན་པ་བཞིན་དུ།དུས་སྐབས་གང་རུང་ཞིག་དང་།ལྟ་བ་གང་རུང་ཞིག་ནི།སྐད་ཆ་རེ་ཤོས་དང་རྩོམ་ཐུང་རེ་ཤས་ཀྱིས་ཡོངས་སུ་ཤོད་ཐུབ་པ་ཞིག་ནི་རྦད་དེ་མ་ཡིན་ལ།རིག་རྩལ་བསྐྱར་དར་གྱི་བསམ་བློ་དེ།ཀུན་སྤྱོད་དང་།ལམ་ལུགས།སྒྱུ་རྩལ་དང་བརྐོས་རིས།གཞན་རྒྱལ་ཁབ་རེ་རེ་དང་།དེའི་ཤེས་ཡོན་པ་རེ་རེ།ལ་སོགས་པའི་ཆ་དང་ཤོས་བྱེ་བ་ཕྲག་བརྒྱ་བོ་གླེང་ཡོང་ཚེ།ཀླད་སྒྲོམ་གོས་འགྲོ་བའི་ཉེན་ཁ་ཆེ་མོད།ཁོ་ཅག་ཐུན་མོང་གི་དམ་བཅའ་དེ་རྣམས་ཕྱོགས་བསྡུས་ཀྱིས་འདི་ཙམ་བཤད་པ་ཡིན་ལ།རིག་རྩལ་བསྐྱར་དར་གྱི་ཕྲ་ཞིབ་ཀྱི་ཆ་དང་།མཚན་རིག་གི་ཆ་ནས།ད་དུང་སྨིན་མེད་ས་འགའ་རེ་འང་རྗེས་ཀྱི་མཁས་རྒན་དག་གིས་བགྲེང་གི་ཡོད་པ་རེད་ཀྱང་།དེ་དག་དྲངས་ཡོང་དགོས་པའི་རྒྱུ་མཚན་མ་རྙེད་པས་བཞག་པ་ཡིན།ལར་སྤྱི་ཚོགས་ཀྱི་ནང་དུ་ཐིམ་ཚར་བའི་ནང་བསྟན་ལ་དཔྱད་འཇོག་རེ་བྱས་ཚེ།ནང་བསྟན་མི་དགོས་ཟེར་གྱི་འདུག་ཟེར་བའི་གླེང་འགེལ་བྱེད་མཁན་དག་ལ།ཁོ་བོས་བསྐྱར་དུ་གསལ་ཐག་ཆོད་པའི་ངང་ནས།ངས་ནས་འགལ་བ་སྔོག་གི་ཡོད།འབྲེལ་བ་འཚོལ་གྱི་ཡོད།མཉམ་གནས་ཤོད་ཀྱི་ཡོད།ད་དུང་།རིག་ཚན་རེ་རེ་ནས་ནང་བསྟན་གྱི་དབང་གྲགས་ལས་ཐར་དགོས་པའི་འབོད་སྐུལ་གཏོང་གི་ཡོད་པ་ལས།གཞན་གང་ཡང་ཤོད་ཀྱི་མེད་དེ།ཉོག་གི་རིག་གནས་འདིའི་འཛིང་བར་གྱུར་བའི་སྐྱ་རྣམས་རེ་རེ་ནས་སངས་པའི་སྨོན་ལམ་དུ།སྐྱ་སེར་བར་གྱི་ཚད་མཐོ་བའི་འཚེ་མེད་བསྟུན་མེད་ལའང་འབོད་པ་ཤུགས་ཀྱིས་གཏོང་ངོ་།།

 

 

 

 

 
རྩོམ་ཡོངས་ཀློག་པ།(1910) | ལན་སློག(18)
 
འབྲེལ་ཡོད་ནང་དོན་ 18 ཡོད།<<<12>>>
 
RE:ནང་བསྟན་དང་མི་ཚུལ་རིང་ལུགས།
[ 2012-1-4 11:16:33 | By: poiuy ]
 
བཀླགས་ཟིན།
 
 
 
RE:ནང་བསྟན་དང་མི་ཚུལ་རིང་ལུགས།
[ 2012-1-4 11:22:03 | By: tuorang ]
 
སྙན་ངག་གི་ཆ་ནས་བཤད་ན་བབས་ཞན་པ་འདྲ་ཡང་འབོལ་རྩོལ་གྱི་ཕྱོགས་ནས་གསར་བུ་ཁྱོད་ལ་དེ་རྩོམ་པའི་ལྷན་སྐྱེས་ཀྱི་ཕྲ་ཕུང་འདྲ་ཞིག་ལྡན་པ་བདག་གིས་མཐོང་།                                             ཐོ་རངས་ནས།
 
 
 
RE:ནང་བསྟན་དང་མི་ཚུལ་རིང་ལུགས།
[ 2012-1-4 11:49:01 | By: jimaocai ]
 
 
 
 
RE:ནང་བསྟན་དང་མི་ཚུལ་རིང་ལུགས།
[ 2012-1-4 12:40:32 | By: guang ]
 
ནམ་རྒྱུན་དྲ་བའི་སྟེང་དུ་བལྟས་ཏེ།  གྲོགས་པོ་དག་གི་རྩོམ་ཡིག་དང་གཞན་གྱི་རྩོམ་ཡིག་ལེགས་ཤོས་དག་འཚོལ་ནས་ཀློག་ཅི་ཐུབ་བྱ་ཞོར།   གྲོགས་པོ་དག་ལ་དཔྱད་གཏམ་སྤེལ་ནས་རྒྱབ་སྐྱོར་དང་གླེང་རི་བའི་རྩོམ་ཡིག་ལེགས་ཤོས་དག་ལ་དཔྱད་གླེང་འདྲ་བོ་བྱ་བཞིན་ཡོད།   ཡིན་ཡང་།  ཁ་སང་དེ་རིང་གྲོགས་པོ་དག་གིས་རྩོམ་ཡིག་ཇེ་ཉུང་དུ་སོང་འདུག་ལ།  གླེང་རི་བའི་རྩོམ་ལེགས་ནི་དེ་བས་ཀྱང་བརྒྱ་ལམ་ན་རེ་གཉིས་ཡོད་མེད་དུ་གྱུར་འདུག་པས།   ཁ་སང་དེ་རིང་ང་དངོས་གནས་ཁོམ་ཡོད།    ཡིན་ཡང་གྲོགས་པོའི་བྲིས་རྩོམ་འདི་གླེང་རི་བའི་བྲིས་རྩོམ་ལེགས་ཤོས་ཤིག་མཐོང་སོང་།  འུར་ཟིང་གིས་གང་བའི་ཁང་ཆེན་ཞིག་ནས་སྒྲ་གཟན་པོ་དག་ལ་རྣ་བ་སུན་བཞིན་དུ་བྲིས་རྩོམ་འདི་ཞིབ་བཀླགས་ཙམ་བྱས་པས།  བསམ་གཞིགས་ཀྱི་འཆར་སྒོ་མང་དུ་བསྩལ་བྱུང་།   ཚིག་ཉུང་གནད་འདུས་ཀྱི་བྲིས་རྩོམ་ལེགས་པོ་ཞིག་ཏུ་མཐོང་སོང་།  ཡིན་ཡང་ནང་བསྟན་ དང་མྱི་ཚུལ་རིང་ལུགས་ཞིབ་བསྡར་གྱི་སྐབས་སུ།   ནང་བསྟན་མཚན་ཉིད་ལྟ་བའི་ཕྱི་ཤུན་མ་གཏོགས་དགོངས་སྙིང་ལ་སྔོག་རེག་བྱ་དེ་ཙམ་མ་ཐུབ་པའི་ཆ་ཞིག་འདུག་པའི་ཚོར་བ་ཞིག་བྱིན་བྱུང་ལ།   རེད་དེ་གྲོགས་ཀྱིས་སྔོག་རེག་མ་ཐུབ་པའི་ནང་བསྟན་མཚན་ཉིད་ལྟ་བའི་ཆ་དེ་འདི་རེད་ཅེས་རྡོག་རྡོག་ཅིག་རང་ངོས་ནས་ཀྱང་ད་ལྟ་ཉིད་ནས་བཤད་ཐུབ་པ་མི་འདུག    དེ་བས་ང་ཚོས་མུ་མཐུད་ནས་འཚོལ་ཞིབ་ཀྱི་སྦྱོར་བ་ཕྲག་ཏུ་ལེན་ཞེས་བསྐུལ་བར་འདོད།   གང་ལྟར་གྲོགས་ཀྱི་བྲིས་རྩོམ་འདི་ཡང་བྲིས་རྩོམ་རང་ཚུགས་ཅན་ནམ་བཤད་འདོད་པའི་གནད་རིག་ཏུ་ཡོད་པའི་བྲིས་རྩོམ་ལེགས་ཤོས་ཤིག་རེད་དོ།།     འོད་ནག་ནས།
 
 
 
RE:ནང་བསྟན་དང་མི་ཚུལ་རིང་ལུགས།
[ 2012-1-4 12:42:47 | By: guang ]
 
ཁོམ་སྐབས་ཤིག་ལ་ལྷིང་འཇགས་ཀྱིས་ད་དུང་བྲིས་རྩོམ་འདི་བཀླགས་ནས་རང་ཚོད་ཀྱིས་བསམ་བློ་གཏོང་ངེས་ཡིན།   ཧེ་ཧེ།
 
 
 
RE:ནང་བསྟན་དང་མི་ཚུལ་རིང་ལུགས།
[ 2012-1-4 17:24:50 | By: mmmm ]
 
ཡིན་དུ་མ་ཞིག་ཁྱེད་རང་མ་མཐོང་མོད་ད་ལམ་མཇལ་སོང་བས་དགའ་ཞོར་དུ་རྩོམ་ཡིག་དེ་རིང་བྲེལ་བྲེལ་བྱས་ན་བཀླགས་ཟིན།  གང་གནད་ལ་ཐེབས་འདུག་པ་ཞིག་བཤད་འདུག་གི   རྟེན་འབྲེལ་ཞུ།
 
 
 
RE:ནང་བསྟན་དང་མི་ཚུལ་རིང་ལུགས།
[ 2012-1-4 20:19:42 | By: zhong ]
 
དེ་རིང་ང་དང་ཕ་ཡུལ་གཅིག་པའི་རྩོམ་པ་པོ་གླག་མཐོང་སོང་།རྩོམ་པ་པོ་གླག་གི་གོམ་ཞེང་མཐོང་སོང་།གླག་གི་སྡེར་མོ་དང་རྣོ་ཡི་སྤུ་ཐུར་མཐོང་སོང་།ཉིག་ལྡང་ལུང་ཁོག་ནས་གཤོག་པ་ཐོགས་པའི་གླག
 
 
 
RE:ནང་བསྟན་དང་མི་ཚུལ་རིང་ལུགས།
[ 2012-1-4 20:22:31 | By: msms2 ]
 
གྲོགས་ཀྱི་གནད་དེ་འཁེལ་ཞིང་གླིང་རི་བའི་བརྩམས་ཆོས་དག་གིས་ང་ལ་བློ་སྐྱེད་མི་ཉུང་བ་སྟེར་མྱོང་།ཐེངས་འདིའི་རྩོམ་ཡང་ཐེངས་དུ་མར་ཀློག་པ་ཡིན།མང་དུ་སྤེལ་རོགས།
 
 
 
RE:ནང་བསྟན་དང་མི་ཚུལ་རིང་ལུགས།
[ 2012-1-4 21:26:56 | By: lamaojie123 ]
 
གྲོགས་པོའི་རྩོམ་ཡིག་ཞིབ་ཀྱིས་བཀླགས་ཡོད།  ཁ་ཡག་མ་ཡིན་པར་བཟང་གི་ཟེར་རྒྱུ་ཡིན།  འགྲོ་ཞོར་དུ་རང་གི་བསམ་ཚུལ་ཞིག་ཀྱང་ཞུས་ན།  ༡རིག་རྩལ་བསྐྱར་དར་དེ་དག་གི་ཐོག་མའི་༼ས་བོན༽ལ་བཤད་ན་ཅུང་ཞིབ་ཆ་མ་ཐོན་པའི་ཆ་ཞིག་ཡོད་པར་སྙམ།  རྒྱུ་མཚན་དེ་ནི་གནའ་བོའི་ཀེ་རེ་སི་ནས་ས་བོན་བཏབ་ཞིང་རོ་མ་ནས་ཉར་ཚགས་བྱས་ཏེ་དུས་རབས་བར་མའི་མུན་ནག་གི་དུས་སྐབས་ཡལ་རྗེས་སླར་ཡང་དར་བར་བྱས་པས་དེ་ལ་རིག་རྩལ་བསྐྱར་དར་ཟེར་བ་མ་ཡིན་ནམ།    དེ་མ་གཏོགས་བསྐྱར་དར་ཟེར་བའི་ཐ་སྙད་འདི་དགོས་དོན་མེད།༢ནང་བསྟན(佛学)་དང་སངས་རྒྱས་ཆོས་ལུགས་(佛教)གཉིས་ཀྱང་ཉ་ཉུང་མཉམ་བསྲེས་བྱས་ན་མི་འགྲིག་པར་འདོད་དེ།སྔ་མ་མཚན་ཉིད་རིག་པའི་ཕྱོགས་ལ་གཞོལ་ཆེ་ཞིང་ཕྱི་མ་ནི་ཆོས་ལུགས་ཤིག་ལ་བརྩིས་ན་རན་པས་ཡིན།  འདི་ནི་གྲོགས་པོའི་འདོད་ཚུལ་ལ་དག་ཐེར་བྱས་པ་མ་ཡིན་པར་རང་གི་བསམ་ཚུལ་ཙམ་ཞིག་ཞོར་ནས་རྩོམ་ཡིག་འདིའི་ཐད་ལ་བཀོད་པ་ཙམ་ཡིན།ང་ཚོས་འདི་དག་གི་ཕྱོགས་ནས་མུ་མཐུད་དུ་བགྲོ་གླེང་བྱེད་པར་གྲོགས་པོ་ཚོ་གཙོ་བྱས་ནས་དྲ་གྲོགས་གཞན་པ་རྣམས་ལའང་འབོད་སྐུལ་བྱས་པ་ལགས།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:བསྐྱར་དར་ཞེས་པ་ནི་ཐབས་ཤིག་རེད་ཀྱི།དོན་གྱིས་གསར་འཛུགས་རེད།རིག་རྩལ་བསྐྱར་དར་སྐབས་ཀྱི་མཁས་རྒན་མང་ཤོས་ཤིག་སྔོན་གྱི་མཁས་རྒན་རྣམས་ལ་དགའ་ཞིང་།དེ་དག་ལ་ཕྲིན་པ་བྲིས་པ་འང་མང་དུ་འདུག་པ་རེད་ཀྱང་།སྔར་བཞིན།ལས་བྱ་ཐམས་ཅད་དངོས་ཡོད་ཀྱི་སྟེང་ནས་བྲིས་ཏེ་དངོས་ཡོད་བོར་ཡོད་ཀྱི་མ་རེད།རིག་རྩལ་བསྐྱར་དར་ནི་ནུབ་གླིང་གི་ལོ་རྒྱུས་ཀྱི་དབྱེ་མཚམས་ཤིག་རེད་དེ།དེའི་སྔ་གཞུག་གཉིས་ཀ་རྦད་དེ་ཁ་ཁ་ཡིན་གྱི་རེད།དཔེར་ན།དུམ་ཚན་གོང་མ་ལ།རང་དབང་དང་མང་གཙོ་སོགས་ཀྱི་གོ་དོན་ཡོད་པར་མ་མཐོང་ལ།དེ་བས་ཀྱང་།སྤྱི་ཚོགས་དང་མྱི་བུའི་སྟེང་དུ་བཞག་ནས་ལབ་ཡོད་པ་མ་རེད།ལྡོག་སྟེ།དུམ་བུ་རྗེས་མར་ཏག་ཏག་ཡོད་པ་རེད།ངས་ནས་ནང་བསྟན་དང་སངས་རྒྱས་ཆོས་ལུགས་གཉིས་ཀ་དོན་གཅིག་མིང་གི་རྣམ་གྲངས་སུ་གོ་བཞིན་ཡོད།(佛学)ནི་ནང་བསྟན་རིག་པ་རེད་ལ་གཏོགས།ནང་བསྟན་དང་འདྲ་གི་མ་རེད། གྲོགས་ལགས་ཀྱིས་དྲི་བ་གནད་ཅན་འཕངས་པར་སྙིང་ཐག་པ་ནས་གུས་ཞུ་བ་ཡིན།བྱེ་བྲག་གི་ཆ་ནས་མང་པོ་ཞིག་འབྲི་ཤེས་མ་སོང་བས།ལྷན་དུ་འཛོམས་ནས་ངག་ཐོག་ལབ་གླེང་བྱས་ཆོག བཀའ་དྲིན་ཆེ།
 
 
 
RE:ནང་བསྟན་དང་མི་ཚུལ་རིང་ལུགས།
[ 2012-1-4 21:31:27 | By: zhongjiwa ]
 
གོང་དུ་ཕེབས་པའི་གྲོགས་དག་ལ་བསུ་མ་ཡོད།ཉིན་འདི་འགར་ཁོམ་པ་དང་བྲལ་བས།དྲ་བའི་སྒང་གི་འགྱུར་བ་དག་ཀྱང་ཤེས་ཐུབ་ཀྱི་མེད།ཁྱེད་ཅག་རེ་རེ་ལ་བསུ་མ་ཆེ་བོ་ཡོད།ཟིན་བདག་གིས།
 
 
粗体 斜体 下划线 插入引用 插入表情

ང་ཁྱེད་ཀྱི་ཨ་ཕ་ཡིན།

—— གླག

མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་

འདམ་གྱི་དྲི་མས་མ་གོས་སོ།།


སྐྱེས་ལོ། 1989

ཁ་པར། 182xx

QQ:  475461853

འབྲེལ་ཟམ་འདི; zhongjiwa2013@163.com



སེམས་ཁམས་ལོ་ཐོ།
དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་ཐོ་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཟིན་བདག་ནང་འཇུག
མཛའ་འབྲེལ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.