མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
     
   
     
 
པད་མ་ཚེ་བརྟན་གྱི་ཁྱི་རྒན་ལ་ཨེ་བལྟས།
[ 2011-12-1 20:47:38 | By: zhongjiwa ]
 

པད་མ་ཚེ་བརྟན་གྱི༼ཁྱི་རྒན༽ལ་ཨེ་བལྟས།

 

 

   ཁྱེད་ཀྱིས་པད་མ་ཚེ་བརྟན་གྱི་གློག་བརྙན་གསར་བ༼ཁྱི་རྒན༽ལ་ཨེ་བལྟས།ངས་ནས་གློག་བརྙན་དེར་སྐར་མ་6་བྱིན་པ་ཡིན༼ཆེས་མཐོ་བའི་སྐར་མ་10ལྟར་དུ༽།༩༩ལོར་ཧྥ་རན་སི་ནས་འཁྲབ་པའི་༼ཧི་མ་ལ་ཡ༽དང་ད་ལོར་ཐོན་པའི༼ཁྱི་རྒན༽གཉིས་ནི་ཁོ་བོས་བོད་ཀྱི་འཚོ་བ་བརྗོད་བྱ་རུ་བྱས་པའི་གློག་བརྙན་དག་ལས་སྐར་མ་ཆེས་མཐོ་ཤོས་བརྒྱབ་པ་གཉིས་ཡིན་ཏེ།༼ཧི་མ་ལ་ཡ༽ལ་སྐར་མ་7བྱིན་པ་ཡིན།རྒྱུ་མཚན་གློག་བརྙན་དེ་གཉིས་ནི།༼རི་སིལ་དམར་པོ༽དང་༼བོད་ལྗོངས་ཀྱི་འདས་སོང་གཏམ་རྒྱུད༽།༼བླ་བྲང་གི་གཞིས་ཀ༽།༼མེ་ཏོག་གངས་ལྷ༽སོགས་བཞིན་དུ།བོད་ཀྱི་འཚོ་བ་བརྗོད་བྱ་རུ་བྱེད་དགོས་ཚེ།ནང་དུ་རྒྱ་རིགས་མི་སྣ་ཞིག་གི་༼ལྷག་བསམ༽ངེས་པར་དུ་ཐོན་དགོས་པའི་གཏན་ཚུགས་ལས་རིང་དུ་གྱེས་ཡོད་པས་ཡིན་ཏེ།གློག་བརྙན་དེ་དག་ལ་བལྟའ་དུས།ཁྲང་ཆིང་རྡོ་རིང་སྟེང་གི་ཡིག་འབྲུ་གུག་གུ་ཕྱིར་ལོག་མ་དག་ལས་དྲན་རྒྱུ་གཞན་མི་འདུག་པས་ཀྱང་ཡིན།

ཁྱི་རྒན་ཧི་མ་ལ་ཡ་ལས་སྐར་མ་གཅིག་གིས་དམའ་བ་འང་གཞན་མིན་ཏེ།དེ་ནི་༼ཧི་མ་ལ་ཡ༽ལ་མཚོན་ན།རྒྱབ་ལྗོངས་རོལ་དབྱངས་དང་བཅས་བཀོད་པ་སྣ་ཚོགས་ཀྱིས་ཕྱུག་ཅིང་བརྗོད་བྱ་རྒྱ་ཆེར་བཀྲམས་ཏེ།ནོར་ཁྱུ་ཞོག་པ་དང་ཁ་བ་དང་བྲག་འགག་གི་ཉེན་བསྐྱོད་བརྙན་རིས་སོགས་བརྗིད་ཅིང་རྔམ་ཟིལ་ཆེ་བའི་བརྙན་སྒོར་镜头འབའ་ཞིག་བསྟར་ཆགས་སུ་བསྒྲིགས་ཡོད་པས་ན།གློག་བརྙན་གྱི་མཛེས་ཉམས་ཐད་ནས་ཀྱང་ཁྱི་རྒན་ལས་སྐར་མ་གཅིག་གིས་མཐོ་བ་བྱིན་ཆོག་པ་ཡིན་གྱི།སྤྱིར་ཁྱི་རྒན་ཡིན་ན་འང་འདྲ་སྟེ།སྒྲོ་འདོགས་དང་ཟོལ་བཅོས་ཡལ་བོར་གསང་སྟེ།དངོས་ཡོད་གང་དེ་མེ་ལོང་དུ་སྣང་བ་ལྟར་ཇི་བཞིན་དུ་བཤམས་ཤིང་།ཁྱི་རྒན་དང་འབྲེལ་བའི་གཏམ་རྒྱུད་དེ་འང་།མགོ་མཇུག་འབྲེལ་ཆགས་ཤིང་ཚག་དམ་པོར་འདུག་ལ།མཇུག་ཏུ་ཁྱི་རྒན་བསད་པ་འང་།ཨུ་ཚུགས་ཁོ་ནས་མཐུད་ཐབས་བྱས་པ་ཞིག་མ་ཡིན་པར།རི་ལ་བཏངས་པའམ་ཁྱིམ་དུ་ཉར་ཚེ།རྐུན་མའི་ལག་ནས་ཐར་ཐབས་མ་མཆིས་པ་དང་།འཚོང་ན་ནི་ཅིས་ཀྱང་མི་ཆོག་པའི་གོམས་སྲོལ་གྱིས།ཁྱི་རྒན་ལ་འཆི་ལམ་ཉག་གཅིག་པོ་ལས་ལྷག་མི་འདུག་པའི་མཐའ་འབྲས་དེ་ནི་གཏམ་རྒྱུད་རང་སྟེང་གི་ཆོས་ཉིད་ཀྱིས་གཏན་འཁེལ་བ་ཞིག་རེད་འདུག་ན།པད་མ་ཚེ་བརྟན་ལགས་ཀྱིས་གཏམ་རྒྱུད་ཀྱི་ཆོས་ཉིད་ལ་ཚོད་འཛིན་ཡག་ཤོས་བྱས་ཡོད་པ་ནི་ཧ་ཅང་ནས་ཡིད་ཚིམས་པ་ཞིག་རེད་དེ།དེ་ནི་ངས་ནས་སྐར་མ་6་བྱིན་པའི་རྒྱུ་མཚན་ཀྱང་རེད།།

དེ་ན་སྐར་མ་གཞན་བཞི་བོ་ཅི་ལྟར་ཤོར་སོང་བ་རེད་ཟེར་ན།གཅིག་ནས་རྒད་པོས་ཁྱི་རྒན་རི་ལ་གཏོང་སྐབས་སུ།གྱང་ཧྲིལ་ཞིག་གི་ཕག་ནས་ག་རེ་གནང་སོང་བ་གསལ་བོར་མི་སྣང་ཞིང་།རྗེས་ནས་ཁྱི་རྒན་རི་ལ་བཏང་སོང་ཞེས་པའི་སྐད་ཆ་ཞིག་བཤད་རག་བར་དུ་ཅི་ཞིག་བྱུང་སོང་བ་མི་གོ་ཞིང་།རབ་ཡིན་ན།སྐབས་འདིར་ཁྱི་རྒན་གྱི་སྐེ་ནས་ལྕགས་ཐག་བླངས་ཏེ།རི་ལ་གཏོང་གིན་པ་གསལ་བོར་བསྟན་ཆོག་ཆོག་རེད་ཀྱང་།བརྙན་འཕབ་ཀྱིན་པའི་སྐབས་སུ།ཁྱི་རྒན་རི་ལ་བཏང་རྗེས་སླར་ཡང་བདའ་ནས་ཕྱིར་འཛིན་པའི་ངལ་བ་མ་འདོད་ནས།འཁྲབ་ཁྲིད་པ་ལགས་སྒྱིད་ལུག་གི་དབང་དུ་ཤོར་ཏེ།བསམ་གཟས་ནས་དེ་ལྟ་བུའི་བརྙན་སྒོར་ལེ་ལོ་ཅན་ཞིག་བཟོས་པའང་ཡིན་དུ་སྲིད་པས།འདི་ནས་སྐར་མ་གཅིག་ཤོར་སོང་བ་དང་།གཉིས་སུ།པད་མ་ཚེ་བརྟན་གྱིས་གཏམ་རྒྱུད་ཀྱི་བརྗོད་སྙིང་ལ་རྩེ་གཅིག་ཏུ་གཏད་ནས།བརྗོད་སྙིང་ངམ་གང་སྟོན་པར་འདོད་པའི་དོན་དེ་ལས་དོན་དེ་དང་འབྲེལ་བ་མེད་པའི་སྐད་ཆ་དང་བྱ་སྤྱོད་ཡོད་ཚད།དུམ་སེ་གཅད་པར་བྱས་ཡོད་པས།སྤྱིར་བཏང་བོད་མི་ཕན་ཚུན་འཕྲད་སྐབས་ཀྱི་འཚམས་འདྲི་བ་དང་།སྒོ་འགྲམ་དུ་ཐོན་ཚེ་བདག་པོས་ཁྱིམ་དུ་བསུ་བ།ལ་སོགས་པའི་རྒྱུན་ལྡན་འཚོ་བའི་ཙག་ཅིག་གི་ཆ་འམ།ཕྲ་ཞིབ་(细节)ཀྱི་ཆ་ནས་ཧ་ཅང་ནས་འདང་མེད་པར་མ་ཟད།ད་དུང་བཅད་གཏུབ་བྱས་འདུག་ན།འདིས་གློག་བརྙན་ཧྲིལ་བོར་རྫུན་མའི་མདོག་ཅིག་སྤྲད་ཡོད་ཅིང་།དངོས་སྣང་སྟེར་མི་ཐུབ་པ་ཞིག་རེད་པས།འདི་ནས་སྐར་མ་གཅིག་བཅག་པ་ཡིན༼ད་དུང་ངོ་སོ་བྱིན་ཡོད།༽།གསུམ་ནས།བརྙན་སྒོར་རེ་རེའི་བར་ཐག་ཧ་ཅང་རིང་(长镜头)བས་ན།ལྟ་མཁན་ལ་ངལ་དུབ་དང་བྲེལ་བ།ལན་རེར་སུན་སྣང་རེའང་སྦྱིན་འོང་བ་ཞིག་རེད་འདུག་པས་འདི་ནས་སྐར་མ་གཅིག་འཐེན་སོང་བ་རེད།གཞན་སྐར་མ་གཅིག་ནི།ཁོ་བོས་བསམ་གཟས་ནས་བཅག་པ་ཡིན་ཏེ།པད་མ་ཚེ་བརྟན་ལགས་ནི་བོད་ཀྱི་ཆེས་ཐོག་མའི་ཕུལ་དུ་བྱུང་བའི་འཁྲབ་ཁྲིད་པ་ཡིན་པས།ཁོང་གི་ཕུལ་དུ་བྱུང་བའི་བརྩམས་ཆོས་ཀྱང་རྗེས་སུ་སྟོབས་ཀྱིས་ཡོང་ངེས་པར་འདོད་དེ།ཆེད་དུ་དེར་བསྐྱུར་བ་ཡིན།

ཁྱི་རྒན་ནི་སྲོལ་རྒྱུན་རིག་གནས་ཀྱི་མཚོན་བྱེད་ཅིག་ཏུ་འང་གོ་ཆོག་སྟེ།དུས་རབས་ཀྱི་སོ་མཚམས་འདིར་སླེབས་ནས།ཁོ་ལ་འཇིགས་སུ་རུང་བའི་ལམ་ཁ་ཞིག་ལྷགས་ཤིང་།ད་ནི་གང་དུ་སྤོས་ཀྱང་ལམ་མིན་པ་ལྟ་བུའི་དཀའ་ཁག་ཅིག་ལ་འཕྲད་ཡོད་ཅིང་།ཁྲོམ་རྭའི་དཔལ་འབྱོར་གྱི་མདུན་སོ་ནས་ཚུགས་ཐུབ་ཁག་གིན་པའི་གསལ་བརྡ་ཞིག་བརྒྱབ་པར་གོ་བ་བླངས་ཀྱང་ཆོག་པར་འདོད་དོ།ཡིན་ནའང་།ངས་ནས་ཁྱི་རྒན་དེ་ལྟོགས་ནས་ཤི་བ་འམ།རྒས་ནས་ཤི་བ་གང་རུང་ཞིག་ཡིན་པར་སེམས་ཡོད་མོད།པད་མ་ཚེ་བརྟན་ལགས་ཀྱི་དམ་བཅའ་ནི་ཅི་འདྲའི་གཏིང་ཐག་ཆོད་པ་ཞིག་རེད་དེ།མཇུག་ཏུ་ཁྱི་རྒན་གྱི་སྐེ་བགག་ནས་བསད་པ་དེས།འཁྲབ་ཁྲིད་པ་ཁོང་གི་རལ་གྲི་གཡུག་པ་ལྟ་བུའི་ཆོད་སེམས་ལ་དཔའ་ཉམས་ཀྱིས་ཁེངས་ཤིང་།མ་འོངས་པའི་ལམ་དུ།གློག་བརྙན་དེ་བས་ཀྱང་ཕུལ་བྱུང་རེ་ཐོན་ཡོང་བའི་ཡིད་འཆེས་ཀྱང་ཞོར་ནས་བྱིན་འོང་བ་ཞིག་རེད་ལ།ཡང་ན།ཁྱི་རྒན་ཤི་བའི་མཇུག་འབྲས་དེ།རྒད་པོ་དེའི་མཁྲེགས་འཛིན་གྱི་གདམ་ཀ་དེ་མ་གཞི་ནས་ཕམ་ཁ་ཞིག་ཡིན་པ་གསལ་བོར་བསྒྲགས་པ་འང་ཡིན་དུ་སྲིད།གང་ལྟར།གཏམ་རྒྱུད་འདིའི་ཟ་ཟུར་ནས་དངོས་ཡོད་ཀྱི་དོན་དག་མང་པོ་ཞིག་གསལ་རྗེན་དུ་བསྟན་ཡོད་འདུག་ཀྱང་།རེ་རེ་བཞིན་བཀྲོལ་བར་མི་བྱ་ཞིང་།ཁོ་བོས་སྔོན་དུ་བཀོད་ཚར་བའི་རྩོམ་ཡིག་དག་གི་བརྗོད་བྱ་དང་བསྐྱར་བཟློས་སུ་འགྱུར་འགྲོ་བའི་ཉེན་ཁ་ཞིག་ཀྱང་འདུག་པས་ཡིན་ཏེ།དེ་བས་ཀྱང་།ཁྱི་རྒན་སྲོལ་རྒྱུན་ལ་སྦྱར་ནས་དཔྱད་འདོད་ཡེ་ནས་མེད་སོང་།

གཞན་དུ་ན།གློག་བརྙན་ནི་རྩོམ་རིག་གི་ཁྱབ་ཁོངས་སུ་འདུས་ཤིང་།རྩོམ་རིག་ནི་སྒྱུ་རྩལ་དང་ཕྲལ་དུ་མེད་པ་ཞིག་རེད་ན།སྒྱུ་རྩལ་ནི་མ་གཞི་ནས་སྟོབས་ཤུགས་ཤིག་རེད་པས།སྒྱུ་རྩལ་གྱིས་མི་ལ་བྱིན་པ་འང་སྟོབས་ཤུགས་ཤིག་ཡིན་ན་རེད་དེ།ཡང་ན།གསོན་ཤུགས་དང་དཔའ་གདེང་སྩོལ་ཐུབ་པ་ཞིག་ཡིན་ན་ནི་སྒྱུ་རྩལ་གྱི་ཉིང་དགོས་ཀྱང་གྲུབ་ཡོད་པར་འདོད་ཅིང་།པད་མ་ཚེ་བརྟན་ལགས་ཀྱི་གློག་བརྙན་སྔོན་མ་དག་ནི།དུས་རབས་བཅུ་དགུ་པའི་ཧྥ་རན་སའི་དངོས་ཡོད་རིང་ལུགས་ཀྱི་རི་མོ་བ་ཁུའུ་འར་བྷེ་བཞིན།དངོས་བཤུས་གཙོར་འཛིན་པའི་ཆ་ནས་འདྲ་ན་འང་།དུས་རབས་ཉི་ཤུ་བའི་བག་ཆགས་གྲུབ་མཐའི་མཚོན་བྱེད་དུ་འཇོག་པའི་རི་མོ་བ་ཧྥན་གོ་ནང་བཞིན།བརྩམས་ཆོས་ཀྱི་སྙིང་བོས་མྱི་སེམས་ལ་ཡིད་ཆད་དང་བློ་ཕམ་སྦྱིན་འོང་བ་ཞིག་རེད་པས་ན།རྗེས་ཕྱོགས་ཀྱི་གློག་བརྙན་དག་ལས།དངོས་ཡོད་ལ་འོས་འཚམས་ཀྱི་བཟོ་བཅོས་རེ་བརྒྱབ་སྟེ།ཕུགས་བསམ་གྱི་འཇིག་རྟེན་འབའ་ཞིག་གསར་དུ་བཞེངས་ནས།ཡིད་ཆེས་དང་སྤོབས་པ།དཔའ་གདེང་དང་ཧུར་སེམས་རེ་བསྩལ་འོང་བའི་རེ་བ་ནི་ཆེ་ཞིང་།མིག་སྐྲང་བའི་སྟེང་ལ་ཁུ་ཚུར་གྱི་དཔེར་སོང་ནས།གཏམ་རྒྱུད་ཀྱི་ནང་དོན་ལས།རྒྱུན་དུ་སྐྱོ་ཤག་ཤག་དང་།གྱང་རིམ་པ་འགའི་ཡིད་ཆད་རེ་བསྣན་འོང་བའི་གནས་བབས་ལས་འཕོ་འགྱུར་འབའ་ཞིག་བྱུང་ཡོང་བའི་རེ་བ་འང་ཞོར་ནས་ཞུ་བའོ།།

 

 

 

 

 

 
རྩོམ་ཡོངས་ཀློག་པ།(3002) | ལན་སློག(30)
 
འབྲེལ་ཡོད་ནང་དོན་ 30 ཡོད།<<<123>>>
 
RE:པད་མ་ཚེ་བརྟན་གྱི་ཁྱི་རྒན་ལ་ཨེ་བལྟས།
[ 2011-12-1 22:21:39 | By: xbwx ]
 
གྲོགས་པོ་ཤིན་ཏུ་ཡག་སོང་།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:གྲོགས་ལགས་ཀྱིས་ཡག་སོང་ཞེས་པ་ལ་དགའོ།
 
 
 
RE:པད་མ་ཚེ་བརྟན་གྱི་ཁྱི་རྒན་ལ་ཨེ་བལྟས།
[ 2011-12-1 22:55:18 | By: dawacairang ]
 
བྲིས་ནོ་ཡག་གི   བན་ཤུལ་ཚང་གིས ་ནུབ་ཚ་ཞིག་གི་ཚབ་ཏུ་གཙང་མས་མཆོད་ཚར།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:ནུབ་ཚ་ཞིག་གི་ཚབ་ཐུབ་ཡོད་ན་ནི་ལེགས་སུ་འཁུམས་སོ།
 
 
 
RE:པད་མ་ཚེ་བརྟན་གྱི་ཁྱི་རྒན་ལ་ཨེ་བལྟས།
[ 2011-12-1 23:09:38 | By: cairen898 ]
 
པད་མ་ཚེ་བརྟན་གྱི་གློག་བརྙན་དེ་ཉེ་ལམ་ཕབ་བསྐྲུན་བྱས་པ་ཡིན་ས་རེད་པས་ད་དུང་མཐོང་ཆོས་སུ་མ་བྱུང་བས།ཅི་ཡང་བཤད་རྒྱུ་མེད་སོང་མོད།ཉིད་ཀྱིས་སྐར་མ༧སྟེར་སྟངས་ལ་ལ་བལྟས་ན།བལྟ་འདོད་ཆེ་བོ་ཞིག་རེད་སོང་།གྲོགས་པོ་ལགས།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:ཕེབས་པ་ལ་བསུ་མ་ནི་ནམ་ནམ་ཞ་ཞར་དུ་ཡོད་དོ།
 
 
 
RE:པད་མ་ཚེ་བརྟན་གྱི་ཁྱི་རྒན་ལ་ཨེ་བལྟས།
[ 2011-12-1 23:16:57 | By: RabSeL6929 ]
 
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:
 
 
 
RE:པད་མ་ཚེ་བརྟན་གྱི་ཁྱི་རྒན་ལ་ཨེ་བལྟས།
[ 2011-12-1 23:47:02 | By: zhongjiwa ]
 
གོང་དུ་ཕེབས་པའི་གྲོགས་པོ་དག་ལ་བསུ་མ་ཆེས་ཆེར་ཞུ་ཞིང་།རྩོམ་ཡིག་འདི་མགྱོགས་པོར་བྲིས་ནས་སྦྱར་བས།གོང་དུ་ཚིག་སྐྱོན་ཞིག་འདུག་པ་བསྐྱར་དུ་ཀློག་དུས་མཐོང་སོང་བས་ན།སང་ཉིན་འཆོས་འཇོག བཀའ་དྲིན་ཆེ།
 
 
 
RE:པད་མ་ཚེ་བརྟན་གྱི་ཁྱི་རྒན་ལ་ཨེ་བལྟས།
[ 2011-12-2 1:19:37 | By: mama520 ]
 
བཀླགས་ཟིན་གྲོགས་པོ
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:གྲོགས་ལགས་ལ་བསུ་མ་ཡོད།ཉིད་སོགས་ཀྱིས་བཏོན་པའི་བསམ་འཆར་གང་ཡིན་ཀྱང་།ངས་ནས་བསམ་གཞིགས་ཀྱི་ཡོད།
 
 
 
RE:པད་མ་ཚེ་བརྟན་གྱི་ཁྱི་རྒན་ལ་ཨེ་བལྟས།
[ 2011-12-2 10:50:19 | By: cuoyuanhaier ]
 
གྲོགས་ཅོ་མིང་བས་རྣ་ཅོར་ཅོར་དང་མིག་རིག་རིག་གིས་གླག་གི་རྩོམ་ལ་རོལ་མྱོང་བྱས་སོང་།   ཡག་སོང་།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:གྲོགས་ལགས་རྒྱུན་དུ་ཡོང་ནས་སྙིང་ཕུར་བརྡབ་པ་སེམས་ཀྱི་ནང་ཡིན།བཀའ་དྲིན་ཆེ།
 
 
 
RE:པད་མ་ཚེ་བརྟན་གྱི་ཁྱི་རྒན་ལ་ཨེ་བལྟས།
[ 2011-12-2 13:16:16 | By: lhagon123 ]
 
གཞིས་སུ་བསྒྱུར་བའི་གློག་བརྙན་དག་ལས་འདི་ཡག་གི་སྙམ་སོང་། ཞོར་དུ་གྲོགས་གླག་ལགས་ལའང་འཚམས་འདྲི་རེ་བྱས་པ་ཡིན་ཞེས་སེང་ཆེན་དུ་འབོད་པའི་མི་ཕོ་ཁེར་རྐྱང་དེས་ཙི་ནའི་རྒྱལ་ས་ནས།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:གྲོགས་སེང་ཆེན་ལགས་ལ་ཁམས་འདྲི་བ་ཡིན།ཏག་ཏག་རེད་པས།
 
 
 
RE:པད་མ་ཚེ་བརྟན་གྱི་ཁྱི་རྒན་ལ་ཨེ་བལྟས།
[ 2011-12-2 13:39:08 | By: long ]
 
གྲོགས་པོ་ལགས་བྲིས་པ་ཡག་པོ་འདུག
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:ཆུ་ཐིགས་ཤིག་གི་སྟེང་དུ་ཆུ་ཐིགས་ཞེས་བྲིས་ཡོད་པ་དེ་གྲོགས་པོ་ཆུ་ཐིགས་རེད་འདུག
 
 
 
RE:པད་མ་ཚེ་བརྟན་གྱི་ཁྱི་རྒན་ལ་ཨེ་བལྟས།
[ 2011-12-2 14:19:06 | By: zangacai ]
 
དངོས་གནས་ཡག་སོང་།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:བསུ་མ་ཡོད།
 
 
粗体 斜体 下划线 插入引用 插入表情

ང་ཁྱེད་ཀྱི་ཨ་ཕ་ཡིན།

—— གླག

མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་

འདམ་གྱི་དྲི་མས་མ་གོས་སོ།།


སྐྱེས་ལོ། 1989

ཁ་པར། 182xx

QQ:  475461853

འབྲེལ་ཟམ་འདི; zhongjiwa2013@163.com



སེམས་ཁམས་ལོ་ཐོ།
དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་ཐོ་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཟིན་བདག་ནང་འཇུག
མཛའ་འབྲེལ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.