མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
གཡུ་མཚོའི་གཞིས་ཆུང་།
 
སེམས་ཁམས་ལོ་ཐོ།
ཟིན་བདག་བརྡ་ཁྱབ།

གལ་ཏེ་དགྲ་ལ་གནོད་འདོད་ན།

རང་ལ་ཡོན་ཏན་ལྡན་པར་བྱ།

དེ་ཡིས་དགྲ་ཡང་སེམས་སྲེག་ཅིང་།

རང་ཡང་བསོད་ནམས་འཕེལ་བ་འགྱུར།

ཆེད་དོན་རིགས་དབྱེ།
ཟིན་བྲིས་གསར་བ།
དཔྱད་བརྗོད་གསར་བ།
སྐད་གསར་བཞག
འཚོལ་བཤེར།
མཛའ་འབྲེལ།
ཟིན་བྲིས་ཆ་འཕྲིན།
 
 
བཀྲ་ཤིས་ཚང་བསྐྱར་དུ་རི་ལ་བུད་སོང་།
[ 2012-5-29 9:20:51 | By: yucuo ]
 
 

བཀྲ་ཤིས་ཚང་བསྐྱར་དུ་རི་ལ་བུད་སོང་།

བཀྲ་ཤིས་ཚང་ནི་མི་རབས་ནས་མི་རབས་ལ་འབྲོག་པ་ཡིན་པ་དང་།དྲིན་ཅན་གྱི་ནོར་ལུག་འདི་དག་ལ་བརྟེན་ནས་ཁོ་ཚོའི་ཁ་ནས་ཤ་མར་དེ་ནམ་ཡང་ཆད་མ་མྱོང་ཟེར་ཆོག  དེ་ཡང་ཁོ་ཚོའི་དགུང་ལོ་བདུན་ཅུ་ལ་ཟིན་པའི་ཨ་ཕས་བཤད་པ་ལྟར་ན་རྒྱལ་ཡོངས་སུ་ལོ་ངོ་གསུམ་གྱི་རང་བྱུང་གནོད་འཚེ་བྱུང་ནས་གང་ས་ལ་མུ་གེ་བྱུང་དུས་ཀྱང་ཁོ་ཚོའི་ཁ་ནས་ཤ་མར་ཆད་མ་མྱོང་ཟེར། འདི་ལྟར་དུས་ཚོད་ཀྱི་ཕྲེང་རྡོག་དེ་དལ་གྱིས་མཐེ་བོང་ནས་འགྲིལ་སོང་བ་དང་བསྟུན་ནས་འབྲོག་པ་བཀྲ་ཤིས་ཚང་གི་འཚོ་བ་ལ་ཡང་འགྱུར་ལྡོག་གང་མང་ཞིག་བྱུང་ཡོད། ཁྱད་པར་དུ་ན་གཞོན་དར་ལ་བབས་པའི་བཀྲ་ཤིས་ནི་ཕྱི་རོལ་ཡུལ་གྱི་ཁྲ་ཁྲ་རིག་རིག་གི་འཇིག་རྟེན་འདིས་ཡིད་དབང་འཕྲོག་ལ། ཨ་ཕ་ལ་ནོར་ལུག་འདི་དག་བཙོང་ནས་རོང་ན་ཁང་པ་ཞིག་ལས་ན།གཅིག་ནས་ཕ་མ་ཁྱེད་གཉིས་ཀྱིས་དཀའ་ལས་རྒྱག་མི་དགོས་པ་དང་།གཉིས་ན་ཁོས་ཀྱང་ནོར་ལུག་བཙོང་བའི་མ་དངུལ་གྱིས་ཚོང་རྒྱག་ནས་སྐྱིད་པོ་ཡོང་རྒྱུ་ཡོད་པའི་རྒྱུ་མཚན་གང་མང་ཞིག་བཤད།      ཡིན་ཡང་འཇིག་རྟེན་གྱི་བྱ་བ་སྣ་ཚོགས་བརྒྱུད་མྱོང་བའི་ཨ་ཕས་བུ་ལ། ཨ་ཕའི་ཕ་ལོ།      ང་ཡིན་ན་ཚེ་འདི་ལ་རྩྭ་ཐང་འདི་དང་ནོར་ལུག་འདི་ཚོ་དང་བྲལ་ཐུབ་ས་མ་རེད།      ང་ཚེ་ཕྱི་མ་སོང་རྗེས་ཁྱེད་རང་གིས་འདང་རྒྱོབ་རོགས་ཞེས་བཤད་ནས་བཟུང་།      ཕ་མ་དེ་ལག་གི་ནོར་བུ་བཞིན་དུ་བརྩི་བའི་བཀྲ་ཤིས་ཀྱིས་དེ་ནས་བཟུང་དོན་འདི་ཨ་ཕ་ལ་གླེང་མྱོངས་མེད།      འདི་ལྟར་བགྲང་བྱ་བཅུ་ལྷག་སོང་ལ།བཀྲ་ཤིས་ཀྱི་ཨ་ཕ་ཡང་ནད་ཞིག་ཕོག་ནས་ཚེ་ཕྱི་མའི་ཡུལ་དུ་སོང་།      དེ་ཡང་འབྲོག་པས་རོང་ས་ནས་ཁང་བ་ལས་མཁན་ཇེ་མང་ནས་ཇེ་མང་གྱུར་ལ། རོང་ས་ན་ཁང་པ་ཞིག་ལས་དེ་ནས་འཕྲུལ་རྟ་ཞིག་ཉོས་ནས་གང་སར་ཚོང་ཞིག་རྒྱག་སོང་ན་ཅི་འདྲའི་སྐྱིད་པོ་ཡོད་རྒྱུ་རེད་ཞེས་ བཀྲ་ཤིས་ཀྱིས་ཀྱང་རང་གི་བཟའ་ཟླ་ལ་ནམ་རྒྱུན་བཤད། ཁྱེད་རང་གིས་ལྟ་དགོས་རེད་ངས་ནི་ཅི་མི་ཤེས། ཡིན་ཡང་ནོར་ལུག་འདི་དག་དང་ཁ་བྲལ་དགོས་རེད་ཟེར་དུས་ངོ་མ་སེམས་སྐྱིད་པོ་མི་འདུག་ཅེས་བཀྲ་ཤིས་ཀྱི་བཟའ་ཟླས་ནམ་ཡང་འདི་འདྲ་ཟེར།      དེ་ལྟར་ཡང་ལོ་ངོ་གཉིས་གསུམ་ཙམ་འགོར།      ཉིན་ཞིག་ཀུན་གྱིས་མ་བསམ་ས་ཞིག་ལ་བཀྲ་ཤིས་ཀྱིས་ནོར་ལུག་ཡོད་ཚད་བཙོང་ནས་རོང་ལ་སོང་།      ཡིན་ཡང་ལོ་ངོ་སུམ་ཅུ་ཙམ་གྱི་རིང་ལ་ནོར་ལུག་དང་འཐབ་པའི་ཁོའི་ཐད་ནས་བཤད་ན།      རོང་ལས་དང་རོང་ཟས་ཚང་མ་ནི་ ལོབས་དཀའ་བ་ཞིག་རེད། གང་ལྟར་ཡང་རང་གིས་ཐག་བཅད་པ་ཡིན་པས་འགྱོད་པ་དང་ཁོང་ཁྲོ་བྱེད་ས་མེད་སྙམ་ནས་བཀྲ་ཤིས་ཀྱིས་གང་ཐུབ་ཀྱིས་ལས་ཀ་འདྲ་ལས་པ་རེད།      རོང་དུ་བབས་ནས་ལོ་ངོ་གཅིག་གི་རིང་བཀྲ་ཤིས་ཀྱིས་ཁང་ལས་བྱེད།  གླ་བརྒྱབ་ས་ཡང་སོང་། མདོར་ན་རོང་བའི་ཕོ་རྒོད་ཚོ་དང་མཉམ་དུ་དཀའ་ལས་མ་བྱེད་པའི་བསམ་པ་མེད།མ་གཞི་ཡིན་ན་བཀྲ་ཤིས་རོང་དུ་བབས་པའི་དམིགས་ཡུལ་ནི་འཚོ་བ་སྔར་ལས་སྐྱིད་པོ་ཞིག་ཨེ་ཡོང་བསམ་པ་རེད།      ཡིན་ཡང་ཁོའི་བསམ་ཡས་ལས་འདས་པ་ཞིག་ནི་རོང་དུ་བབས་ནས་ལོ་ངོ་གཅིག་གི་རྗེས་ལ།      དཀའ་ལས་ཇེ་ཆུང་མ་སོང་བ་མ་ཟད་ཤ་མར་ཡང་ཁ་ནས་ཆད་གྲབས་གྱུར། དུས་རྒྱུན་མར་གསར་ཟ་རྒྱུ་དགའ་ལ་ཞོ་འོ་ཁ་ནས་མི་ཆད་པའི་འབྲོག་པ་ཞིག་གིས་ངོས་ནས་བཤད་ན་འདི་དག་ཆད་པ་ནི་ཧ་ཅང་བཟོད་དཀའ་བའི་གནས་ཚུལ་ཞིག་རེད།      བཀྲ་ཤིས་ཀྱིས་ལོ་ངོ་གཅིག་ལ་དཀའ་ལས་བརྒྱབ་ནས་བསགས་པའི་སྒོར་མོའི་ཤ་མར་ཉོས་པ་རེད།   དེ་ཡང་ཁོའི་ཡོང་སྒོ་དང་བསྡུར་ནས་བཤད་ན་ཤ་དང་མར་གཉིས་ཀྱི་གོང་ནི་གསེར་ཉོ་བ་དང་གཉིས་སུ་མི་འདུག་ཟེར་ཆོག      དེ་ལྟར་ཁོའི་མི་ཚེ་གཅིག་ནང་གི་ཆེས་རིང་བའི་ལོ་དེ་འགོར་ནས་ཉིས་སྟོང་བཅུ་གཉིས་ལོར་སླེབས། ང་ནི་ཚེ་འདི་ལ་རྩྭ་ཐང་དང་ནོར་ལུག་འདི་དག་དང་བྲལ་ཐུབ་ས་མ་རེད་ཅེས་ཕ་དྲིན་ཅན་གྱི་སྐད་ཆ་དྲན་ཐེངས་རེ་བཀྲ་ཤིས་ལ་བཤད་མི་ཤེས་པའི་ཚོར་སྣང་ཞིག་འབྱུང་། ད་ངས་ཅི་ལྟར་བྱ་ན་དགའ་གང་ལྟར་བྱ་དགོས་ཞེས་རང་ལ་དྲི་བ་ཡང་ཡང་བཏོན་ལ་དཀོན་མཆོག་ལ་གསོལ་བ་འདེབས་ཤིག་བཟའ་ཟླ་ལ་ཡང་གྲོས་རེ་བྱས། དེ་ཡང་རང་གིས་དཀའ་ལས་ལོ་གཅིག་ལ་བརྒྱབ་ཀྱང་ཤ་མར་ཉོ་བའི་སྒོར་མོ་ཡང་མི་རག་པ་མ་ཟད་རོང་ལས་དང་འབྲོག་ལས་བར་གྱི་ཁྱད་བར་ནི་གནམ་ས་རྒྱུགས་པས། ད་ངོ་མ་འཚོ་བ་འདི་འདྲ་ཞིག་གཏོང་དཀའ་མོ་འདུག་ཟེར་ནས་ཉིན་ཞིག་ཁོ་འབྲོག་ས་ཞིག་ལ་སོང་ནས་ནོར་ལུག་ཁྱུ་ཞིག་ཉོས་ཏེ་བསྐྱར་དུ་རི་ལ་བུད་སོང་། དེ་ཡང་གསལ་བཤད་ཅིག་དགོས་པ་ནི་བཀྲ་ཤིས་ཀྱིས་རང་གི་བུ་དང་བུ་མོ་གཉིས་སློབ་གྲྭ་ཞིག་ལ་སློབ་སྦྱོང་བྱས་སར་མངགས་ཡོད།      འདི་ལྟར་བཀྲ་ཤིས་ཚང་བསྐྱར་དུ་རི་ལ་བུད་སོང་། 

      དེ་ཡང་འཇིག་རྟེན་གྱི་འཚོ་སྟངས་ལ་སྣ་མང་ཕུན་ཚོགས་ཡོད་པས་དེ་ལ་འདི་བཟང་དང་འདི་ངན་ཟེར་བ་དཀའ་མོ་རེད། ཡིན་ཡང་ལོ་ངོ་སྟོང་ལ་ལོབས་བའམ་གོམས་ནས་ཡོད་པའི་འཚོ་སྟངས་དེ་གོ་རིམ་ུད་གང་ཡང་མེད་པ་ཐད་ཀར་དུ་རྣམ་པ་གཞན་ཞིག་ཏུ་བསྒྱུར་བཞག་ན་འདི་ནི་འཇིག་རྟེན་གྱི་ཆོས་ཉིད་དང་ཡང་མི་མཐུན་པ་ཞིག་ཡིན་པས།      མཇུག་འབྲས་དེ་ཅི་འདྲ་ཞིག་ཡོང་རྒྱུ་ངས་མ་བཤད་ཀྱང་ཀུན་གྱིས་གསལ་ངེས།      ༼སྒྲུང་ཐུང་འདི་ནི་ངའི་ཕ་ཡུལ་ནས་བྱུང་བའི་དོན་ངོ་མ་ཞིག་རེད།    མིང་འདི་ངོ་མ་མིན།༽

 
 
༄༅།། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ལ་ཕུལ་བའི་འཕྲིན་ཞིག
[ 2012-4-3 17:11:52 | By: yucuo ]
 
༄༅།།     ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ལ་ཕུལ་བའི་འཕྲིན་ཞིག
     
ད་ནི་ངོ་མ་མགོན་མེད་སྐྱབས་མེད་གྱུར་སོང་།      ད་ནི་ངོ་མ་དྭ་ཕྲུག་བཞིན་ལུས་སོང་ཟེར་ནས་ཨ་མས་མིག་ཆུ་བཏང་ཞིང་ཨ་ཕས་དབུགས་རིང་འབྱིན་ནས་འདུག་སྐབས། དཀོན་མཆོག་གསུམ་གྱིས་ཐུགས་རྗེ་གཟིགས་རོགས་ཞེས་ནས་ཕ་མ་གཉིས་ཀྱིས་གདུང་འབོད་བྱས་པའི་ལོ་དེ་ངའི་སེམས་ནས་ནམ་ཡང་བརྗེད་ཐབས་བྲལ།           སྤྱི་ང་དེ་དུས་ལོ་ན་ཆུང་བས་ཞིབ་ཕྲའི་གནས་ཚུལ་གང་ཡང་མི་དྲན་མོད།      ཡིན་ཡང་དེ་ནི་ངས་དྲིན་ཅན་ཨ་མས་མིག་ཆུ་གཏོང་བ་ཐེངས་དང་པོ་མཐོང་པ་ཡིན་ལ།      དྲིན་ཅན་ཕ་ལོའི་གདུང་འབོད་བྱས་པ་ཐེངས་དང་པོ་ཐོས་པ་ཡིན།     རེད།      ད་བར་ལོ་ངོ་ཉེར་གསུམ་འགོར་སོང་།      ཁྱེད་ང་ཚོ་དང་བྲལ་ནས་ལོ་ངོ་ཉེར་གསུམ་འགོར་སོང་།      དེ་ཡང་བགྲང་བྱའི་ཕྲེང་རྡོག་དེ་ངའི་མཐེ་འོག་ནས་རིམ་བཞིན་འགྲིལ་ནས་འགྲོ་དུས། ངས་དྲིན་ཅན་ཕ་མས་ཟེར་བའི་མགོན་མེད་སྐྱབས་མེད་ཟེར་བ་དང་དྭ་ཕྲུག་བཞིན་ལུས་སོང་ཟེར་བ་དེ་གོ་བ་རིམ་བཞིན་ལེན་སོང་།
ཁྱེད་ཀྱི་གསུངས་སྐད་ཐོས་ཐེངས་རེ་དང་ཁྱེད་ཀྱི་ཕྱག་བརྩམས་མཇལ་ཐེངས་རེ་ལ། ངས་སྐྱབས་མགོན་གྱི་གོ་བ་ལེན་བྱུང་།      ཁྱེད་ཉིད་གངས་ཅན་ལྗོངས་ལ་ཞབས་ཀྱིས་བཅགས་ནས་ཕེབས་པའི་བརྙན་འཕྲིན་མཐོང་ཐེངས་རེ་ལ།      ཕ་མ་འཛོམས་པའི་ཁྱིམ་གཞིས་ཆེན་པོ་དེའི་བདེ་སྐྱིད་ཡོངས་སུ་མྱོང་ཐུབ་ཀྱིན་འདུག      མི་སེར་ཚོའི་གདོང་གི་འཛུམ་མདངས་ལས་བདེ་སྐྱིད་ཟེར་བའི་ཐ་སྙད་དེ་ཡོངས་སུ་རྙེད་ཐུབ་ཀྱིན་འདུག      ཡིན་ཡང་ང་ཚོས་བདེ་སྐྱིད་དེ་ཡུན་རིང་ལ་རོལ་མི་ཐུབ་དོན་ཅི།   ཅི་ཞིག་གི་ལན་ཡིན་ནམ།    ངས་དྲི་བ་འདི་སུ་ལ་འདྲི།      ངས་འཕྲིན་ཡིག་འདི་ཁྱེད་ལ་ཅི་ལྟར་ཕུལ། ཁྱེད་ཀྱིས་ཅིག་གསུངས་རོགས་གནང་དང་།      ཁྱེད་ང་ཚོ་དང་བྲལ་ནས་ལོ་ངོ་ཉེར་གསུམ་འགོར་སོང་། ད་བར་ལོ་ངོ་ཉེར་གསུམ་འགོར་སོང་།      ལོ་ངོ་ཉེར་གསུམ་རིང་གི་འགྱུར་ལྡོག་དེ་ངས་ཅི་ལྟར་བྱས་ནས་ཁྱེད་ལ་ཞུ།      ལོ་ངོ་ཉེར་གསུམ་རིང་གི་བདེ་སྡུག་དེ་ངས་ཅི་ལྟར་བྱས་ནས་ཁྱེད་ལ་བསྐུར།ཁྱེད ་ཉིད་ང་ཚོ་དང་བྲལ་བའི་ཉིན་དེ་ནས་བཟུང་ང་ཚོ་རི་དྭགས་སྐྱོ་གླུ་ནང་གི་ཤེའུ་བཞིན་གྱུར།མདུན་ནས་དྲག་ཆར་གྱིས་བཀག་ཅིང་རྒྱབ་ནས་རླུང་འཚུབ་ཀྱིས་དེད།           ང་ཚོ་མུ་མེད་ཐང་སྟོང་དེ་ནས་རིམ་བཞིན་མདུན་དུ་གོག་ནས་སོང་བ་ཡིན། དེ་ལྟར་ལོ་ངོ་ཉེར་གསུམ་འགོར་སོང་། ལོ་ངོ་ཉེར་གསུམ་རྗེས་ཀྱི་དེ་རིང་ལོ་ངོ་དྲུག་ཅུ་བདུན་ཅུ་ལ་ཟིན་པའི་ཨ་ཕྱི་དང་ཨ་མྱེ་དག་གིས་ཁྱེད་ཀྱི་སྐུ་གདུང་མཇལ་སྐབས་ལོ་གསུམ་བྱིས་པ་ངུ་ངུ་ལྟར་བྱ་དུས།      ངས་ཁོ་ཚོ་བདེ་མོ་སྐྱིད་པོ་རེད་ཅེས་ནས་འབྲི་བའི་སྙིང་སྟོབས་ག་ན་ཡོད།      ད་ངས་ཅི་ལྟར་བྱས་ནས་ཁྱེད་ལ་ཕུལ་བའི་འཕྲིན་ཡིག་འདི་མུ་མཐུད་ནས་འབྲི། ཕ་ཡུལ་ཟེར་བའི་གླུ་དབྱངས་ལས་ས་མཐའི་ཁ་བ་ཆར་དུ་གྱུར་སོང་ཡུལ་ལ་ལོག་ན་བསམ་བྱུང་ཞེས་དབྱངས་སུ་གྱེར་ནས་འབྲི་དང་།           ཡང་ན་ཁྱེད་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་ཆོས་དར་བརྗེ་ཡོད་ཐང་ཀ་བརྗེ་ཡོད་ཅེས་ནས་བསྟོད་གླུ་འབུལ།      བརྗོད་ཀྱི་མི་ལོངས་པའི་སེམས་གཏམ་དེ་ད་ཇི་བཞིན་བརྗོད་པའི་ཐོག་ནས་འབྲི་ཕོད་དམ།      ༧པཎ་ཆེན་རིན་པོ་ཆེ་ལགས།ཁྱེད་ང་ཚོ་དང་བྲལ་ནས་ལོ་ངོ་ཉེར་གསུམ་འགོར་སོང་།      ད་བར་ལོ་ངོ་ཉེར་གསུམ་འགོར་སོང་།དེ་རིང་ཁྱེད་ཉིད་ང་ཚོ་དང་བྲལ་ནས་ལོ་ངོ་ཉེར་གསུམ་འགོར་བའི་དེ་རིང་།      ཁྱེད་ཉིད་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ཉེར་གསུམ་འགོར་བའི་དེ་རིང་།       ངས་དབྱངས་གསལ་སོ་བཞི་ལ་བརྟེན་ནས་བྲིས་པའི་འཕྲིན་ཐུང་འདི་ཁྱེད་ལ་ཕུལ་ཡིན།      ངས་ཕ་སྐད་དག་མའི་གླུ་ཞིག་བླངས་ནས་ཁྱེད་ལ་ཕུལ་ཡིན།      འདི་ནི་ཁྱེད་ཐུགས་དགྱེས་ཤོས་ཀྱི་དོན་ཡིན་པ་ཁྱེད་ཀྱི་བཀའ་སློབ་རེ་རེ་ལས་ཤེས་ཀྱིན་འདུག མདུན་སྐྱོད་ཀྱི་ལམ་བུ་དེ་བལྟས་ན་དཀའ་ཚེགས་སྔར་ལས་ཇེ་ཆེ་ཡིན་ཡང་ཁྱེད་ཀྱི་བསླབ་བྱ་དེ་རྡོ་ལ་རི་མོ་བརྐོས་པ་བཞིན་སེམས་ལ་བཟུང་ནས་མདུན་དུ་སྐྱོད་པའི་ཕུ་ནུ་མིང་སྲིང་ཇེ་མང་ནས་ཇེ་མང་འགྲོ་བཞིན་འདུག      ཁྱེད་ཉིད་ང་ཚོ་དང་བྲལ་ནས་ལོ་ངོ་ཉེར་གསུམ་འགོར་བའི་དེ་རིང་།      ཨ་མས་སྔར་བཞིན་མར་མེད་སྒྲོན་ནས་གསོལ་བ་འདེབས་བཞིན་འདུག      ཨ་ཕས་སྔར་བཞིན་ཡོན་ཆབ་ཕུལ་ནས་སྨོན་ལམ་རྒྱག་བཞིན་འདུག      ལོ་ངོ་ཉེར་གསུམ་རིང་ཁོང་གཉིས་ཀྱིས་ཁྱེད་ལ་ཕུལ་བའི་མར་མེ་དང་ཡོན་ཆབ་ཆད་མ་མྱོང་། ལོ་ངོ་ཉེར་གསུམ་རིང་ཁྱེད་ཀྱི་གཟུགས་སྐུ་དེ་ང་ཚོ་དང་བྲལ་ན་ཡང་ཁྱེད་ཀྱི་བསླབ་བྱ་དང་བཀའ་སློབ་སོགས་ང་ཚོ་དང་དུས་ནམ་ཡང་བྲལ་མྱོང་མེད།      དུས་ནམ་ཡང་།
སྤྱི་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་རྒྱ་ནག་གི་གྲོང་ཁྱེར་ཞིག་ནས།    
                                  
 
 
 
 
བོད་ཀྱི་ཟ་ཁང་དག་ལ་ཕུལ་བའི་བསམ་ཚུལ་འགའ།
[ 2011-12-19 9:36:38 | By: yucuo ]
 

བོད་ཀྱི་ཟ་ཁང་དག་ལ་ཕུལ་བའི་བསམ་ཚུལ་འགའ།

      བོད་མིའི་ཁྲོམ་དུ་ཟ་ཁང་གསར་པ་ཞིག་ཕྱེ་ཡོད་པ་སྔ་ནས་གོ་ཐོས་བྱུང་ཡང་ལས་བྲེལ་གྱི་དབང་གིས་ཡུན་རིང་པོ་ཞིག་ལ་འགྲོ་ཁོམ་མ་བྱུང་།  ད་ཐེངས་ཀྱི་གཟའ་སྤེན་པ་ལ་ཆེད་དུ་གྲོགས་པོ་གྲོགས་མོ་འགའ་ཤས་དང་མཉམ་དུ་ཟ་ཁང་དེའི་ནང་སོང་བ་ཡིན།  སྤྱི་ང་ཚོའི་སྒོར་མོ་ཁ་ཤས་དེས་བོད་པའི་ཟ་ཁང་དག་ཕྱུག་པོ་ཆགས་མི་སྲིད་ལ།  ང་ཚོ་ལྟ་བུའི་འགྲུལ་པ་ཁ་ཤས་མེད་སོང་ན་ཡང་ཁོ་ཚོ་ལ་གྱོང་གང་ཡང་ཐེབས་སྲིད་རྒྱུ་མ་རེད།  ད་དུང་ང་ལྟ་བུའི་ཁ་ངན་པའི་འགྲུབ་པ་མ་ཡོང་བ་ཤོག་ཟེར་ནས་ཞབས་ཞུ་བ་ཚོས་སྨོན་ལམ་བརྒྱབ་བཞིན་ཡོད་ན་ཡང་ཐང་།  གང་ལྟར་ཡང་ང་རང་ལ་མཚོན་ན་བོད་མིའི་ཁྲོམ་དུ་འགྲོ་དུས་ནམ་ཡང་བོད་པའི་ཟ་ཁང་རེ་བཙལ་ནས་འགྲོ་བཞིན་ཡོད་ལ།  དུས་ཚོད་རིང་པོ་རེ་ཡོད་དུས་ནམ་ཡང་བོད་པའི་ཟ་ཁང་ནང་འགྲོ་བཞིན་ཡོད།  འདི་ནི་ང་མི་གཅིག་ཡིན་རྒྱུ་མ་རེད་གྲོང་ཁྱེར་ཆེན་པོ་ནང་འདུག་པའི་བོད་མི་ཚང་མ་འདི་འདྲ་ཡིན་རྒྱུ་རེད།  གང་ལགས་ཟེར་ན་གྲོང་ཁྱེར་ཆེན་པོ་ནང་འགྲན་རྩོད་ཆེ་བས་ཟ་ཁང་དང་ཚོང་ཁང་།  ལས་ཀ་སོགས་བྱས་ནས་ཡག་པོ་རེ་ཡོང་རྒྱུ་ནི་དངོས་གནས་ལས་སླ་བོ་ཞིག་མ་རེད། དེར་བརྟེན་གྲོང་ཁྱེར་ཆེན་པོ་ན་ཡོད་པའི་སྤུན་ཟླ་བར་ལ་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་རེ་སྙམ།   དེ་འདྲའི་བསམ་པ་ཞིག་བཟུང་ནས་གསར་དུ་ཕྱེ་བའི་བོད་ཀྱི་ཟ་ཁང་ནང་དུ་སོང་བ་ཡིན།   ཡིན་ཡང་བོད་ཀྱི་ཟ་ཁང་གང་མང་ཞིག་དང་འདྲ་བ་ཞབས་ཞུ་དང་ཟ་མ་ལས་ཡུན་ཚང་མའི་ཐད་ནས་ཡིད་ཕངས་པོ་བྱུང་བ་མ་ཟད།  ཞབས་ཞུ་མ་ཞིག་ལ་ཆུ་ཚོད་ཕྱེད་ཀ་འགོར་སོང་ད་དུང་དཀྲུག་ཇ་ཁུར་མ་ཡོང་ན་འགྲོ་རྒྱུ་ཡིན་ཟེར་བའི་ཚིག་ཅིག་ཀྱང་ཁ་ནས་རང་དབང་མེད་པ་ཤོར་སོང་།   སྒོར་མོ་འདི་འདྲ་མང་པོ་ཞིག་བཏང་ནས་ཟ་ཁང་འདི་འདྲ་ལེགས་པོ་ཞིག་བཙུགས་པ་ནི་དངོས་གནས་ལས་སླ་བོ་ཞིག་མ་རེད།  དེར་བརྟེན་ང་རང་སེམས་དཀར་ཁུལ་བྱས་ནས་གཤམ་གྱི་བསམ་ཚུལ་འགའ་བཏོན་པ་ཡིན།  

 

དང་པོ། ཟ་མ་བཟང་པོ་ཞིག་ལས་རྒྱུ་ནི་གཙོ་བོའི་ནང་གི་གཙོ་བོ་རེད། 

          དེ་ཡང་ཟ་ཁང་གང་དང་གང་ཞིག་ཡིན་རུང་ཐོག་མ་བཙུགས་པའི་སྐབས་ནས་བསམ་བློ་གཏོང་ཕྱོགས་གཙོ་བོ་འདི་ཡིན་རྒྱུ་རེད།  དེའི་ཕྱིར་ཟ་ཁང་གཅིག་ལ་ངེས་པར་དུ་ཁྱད་ཆོས་ལྡན་པ་ཡང་ན་བྲོ་བ་དམིགས་གསལ་ལྡན་པའི་ཟ་མ་ཞིག་དགོས།  དེ་ཡང་ཤ་མི་ཟ་བའི་ང་ལྟ་བུ་ཞིག་ལ་མཚོན་ན།  ངས་ཟ་ཁང་འདི་ཚང་གི་ཤ་མེད་ཐུག་པ་ཞིམ་པོ་འདུག  ཟ་ཁང་དེ་ཚང་གི་ཞོག་ཁོག་མོག་མོག་ཞིམ་པོ་འདུག་སོགས་ཟེར་བ་བཞིན།  གཞན་པ་ཚོས་ཀྱང་ཟ་ཁང་ཞིག་གླེང་ཡོང་དུས་ཟ་མ་ག་གེ་མོ་ཞིག་ངེས་པར་དུ་ཡིད་ལ་དྲན་དུ་བཅུག་པ་བྱ་དགོས་ལ།  དེ་དང་མཉམ་དུ་ཟ་མ་གཞན་དག་ཀྱང་སྤུས་དག་པ་ཞིག་ལས་རྒྱུ་ཧ་ཅང་གལ་ཆེ་སྙམ། 

གཉིས་པ།  ངེས་པར་དུ་ཟ་མ་ལས་ཡུན་དེ་ཇེ་ཐུང་གཏོང་དགོས།

        དེང་སང་བོད་མིའི་ཁྲོམ་དུ་ཟ་ཁང་གཅིག་གཉིས་ཙམ་མ་གཏོགས་ཕལ་ཆེར་ཟ་མ་ལས་ཡུན་དེ་ཆུ་ཚོད་གཅིག་ནས་ཆུ་ཚོད་གཅིག་དང་ཕྱེད་ཀ་བར་འགོར་གྱིན་འདུག དེར་བརྟེན་ལས་བྲེལ་ཡོད་པའི་མི་ཞིག་ཡིན་ན་བོད་ཟས་ཁང་དུ་འགྲོ་གྲངས་ཧ་ཅང་ཉུང་། ང་རང་ཚོའི་བར་དུ་ཡང་རྒྱུན་དུ་སྐད་ཆ་འདི་འདྲ་ཞིག་བཤད་བཞིན་ཡོད།  རྗེས་མ་ཁོམ་པ་ཡོད་དུས་བོད་ཟས་ཟ་འགྲོ།   ཁ་སང་ཡང་དེ་བཞིན་ཆུ་ཚོད་ཕྱེད་ཀྱི་རྗེས་ལ་ངས་མངགས་པའི་ཟ་མ་དང་པོ་དཀྲུག་ཇ་ཁུར་སོང་ལ།  ཆུ་ཚོད་གཅིག་དང་ཕྱེད་ཀའི་རྗེས་སུ་ངས་མངགས་པའི་ཟ་མ་རྟིང་མ་ཞོག་ཁོག་མོག་མོག་ཁུར་སོང་།  དེ་འདྲ་བྱས་ན་ལས་བྲེལ་ཡོད་པ་དང་སྒུག་རྒྱུ་ལ་མི་དགའ་བའི་འགྲུལ་པ་མང་པོ་ཞིག་ཡོང་རྒྱུ་མ་རེད།  གལ་ཏེ་ཟ་མ་ལས་ཡུན་གྱི་དུས་ཚོད་ཇེ་ཐུང་དུ་གཏོང་ཐུབ་ན།  འགྲུབ་པ་འདུག་པའི་དུས་ཚོད་ཇེ་ཐུང་དུ་གཏོང་ཐུབ་ལ་རྗེས་ཀྱི་འགྲུབ་པ་ཚོ་ཡང་འདུག་ས་ཡོད།  ད་དུང་ལས་བྲེལ་ཆེ་བ་རྣམས་ཀྱང་བོད་ཟས་ཟ་མཁན་དུ་ཡོང་རྒྱུ་རེད།  དེ་འདྲ་ཡིན་ན་ཚོང་དེ་རང་བཞིན་དུ་ཇེ་ཡག་འགྲོ་སྲིད།    

 

གསུམ་པ།  ངེས་པར་དུ་གཙང་སྦྲ་ཡག་པོ་དགོས།  

      འདི་ནི་ཆེད་དུ་ཟ་ཁང་བཙུགས་ནས་ཡུན་རིང་འགོར་བ་རྣམས་ལ་བཤད་པ་ཡིན།  གྲོང་ཁྱེར་ཆེན་པོ་ནི་བོད་ཁུལ་ནང་བཞིན་ས་གཙང་མ་དང་མཁའ་དབུགས་གཙང་མ་ཡོད་མ་རེད།  དེར་བརྟེན་གཙང་སྦྲ་ཡག་པོ་བྱ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད་འདོད།  དེ་ཡང་ང་ལ་གྲོགས་པོ་ཤིག་གིས་སྤྱི་ང་རང་བོད་ཟས་ཟ་རྒྱུ་ལ་ཧ་ཅང་དགའ་ལ་ད་དུང་བོད་མིའི་ཁྲོམ་ལམ་གྱི་ཟ་ཁང་ག་གེ་མོ་ཞིག་གི་ནང་རྒྱུན་དུ་འགྲོ་བཞིན་ཡོད་ཟེར།  ཡིན་ཡང་ཉིན་ཞིག་ལ་དེ་ཚོའི་ཇ་ཁང་དུ་བསེ་སྦྲང༼蟑螂༽་མང་པོ་ཞིག་རྒྱུགས་བཞིན་ཡོད་པ་མཐོང་སོང་།  དེ་ནས་བཟུང་ཟ་ཁང་དེའི་ནང་སོང་མ་མྱོང་ཟེར།  སྐབས་དེ་དུས་ངས་མ་དགའ་བའི་རྣམ་འགྱུར་སྟོན་ནས་བོད་ཀྱི་ཟ་ཁང་ནང་མིན་ན་ཡང་ཡོད་པའི་སྐོར་གྱི་སྐད་ཆ་མང་པོ་ཞིག་བཤད་ཡོད།  ཡིན་ཡང་ཞིབ་ཏུ་བསམ་བློ་ཞིག་གཏོང་ན་འདི་ནི་ངོ་མ་གནད་དོན་ཞིག་རེད་འདོད་ཀྱིན་ཡོད། འདི་ནི་གཙོ་བོ་གཙང་སྦྲ་ལ་ཡིད་གཟབ་མ་བྱེད་པའི་གནད་དོན་ཞིག་རེད།   དེའི་ཕྱིར་ཟ་ཁང་ཞིག་ཡིན་ཕྱིར་ངེས་པར་དུ་གཙང་སྦྲའི་ཐད་ལ་ཧ་ཅང་གཟབ་དགོས་སྙམ་གྱིན་ཡོད།  དེ་ཡང་ཉིན་རེ་ལ་དུས་ཚོད་གཏན་འཁེལ་བྱས་ནས་གཙང་སྦྲ་ཡག་པོ་རེ་བྱ་རྒྱུ་གལ་ཆེན་སྙམ།  གསར་དུ་ཕྱེ་བའི་ཟ་ཁང་དེ་ལ་མཚོན་ན་གནས་སྐབས་གཙང་མ་འདུག་ལ་དེ་རྒྱུན་འཁྱོངས་བྱ་རྒྱུ་གལ་ཆེ་སྙམ། 

བཞི་པ།  ཞབས་ཞུ་བྱེད་མཁན་ཚོ་ལ་ངེས་པར་དུ་སྦྱོང་བརྡར་བྱ་དགོས། 

    བོད་ཀྱི་ཟ་ཁང་གང་མང་ཞིག་ནང་གི་ཞབས་ཞུ་བྱེད་མཁན་ཚོའི་རྣམ་འགྱུར་དེ་འདྲ་ལེགས་པོ་མི་འདུག   འདི་ཡང་ཧ་ཅང་གལ་ཆེན་ཞིག་རེད་སྙམ་བཞིན་ཡོད།  ཟ་མ་ཟ་མཁན་ཚོ་ཟ་ཁང་འདིའི་ནང་འཛུལ་མ་ཐག་ཏུ་དགའ་བའི་འཛུམ་གྱིས་བསུ་མཁན་ཞིག་ཡོད་ན།  ཁྱིམ་ལ་ཐོན་པའི་སྣང་བ་ཞིག་ཡོད་ན།  ཟ་མ་མངགས་པའི་སྐབས་སུ་ཡང་ཞིབ་ཏུ་ཉོན་ནས་ཐོ་འགོད་ལ་ད་དུང་ཁྱེད་ལ་གཞན་པ་ཨེ་དགོས།  ཡ་ལགས་སོ། །  དེས་ན་ཅུང་སྒུག་རོགས་སོགས་གུས་ཞབས་ཀྱི་རྣམ་པ་རེ་ཡོད་ན།  ཞབས་ཞུ་བྱེད་མཁན་ཞེས་འབོད་མ་ཐག་ཏུ་ཨ་ཟེར་ནས་འཛུལ་དམུལ་དམུལ་ངང་ཁྱེད་ལ་ཅི་དགོས་ཟེར་ནས་འདྲི་མཁན་ཞིག་ཡོད་ན།   གལ་ཏེ་ཟ་མ་ཁུར་རྒྱུ་ཅུང་འགོར་སོང་ན་དགོངས་པ་མ་ཚོམས་ཁྱེད་ཀྱིས་ཟ་མ་ཡུན་རིང་སྒུག་དགོས་ཡོང་ཐལ་ཞེས་གུས་གུས་ཞབས་ཞབས་ཀྱིས་ཟེར་མཁན་ཞིག་ཡོད་ན།  ཞབས་ཞུ་བྱེད་ས་ཡང་མི་ཞིག་ཡིན་པས།  འདི་འདྲའི་རྣམ་འགྱུར་ལ་དགའ་ངེས་ཤིང་རྗེས་མ་ལ་ཡང་ཡོང་བའི་བསམ་པ་ཡོད་ངེས།   དེ་ལས་ལྡོག་ཏེ་ཐེངས་མ་དྲུག་བདུན་འབོད་ན་ཡང་ཨ་ལན་མེད་ཅིང་བསྐྱར་དུ་འབོད་ན་མི་དགའ་བའི་རྣམ་འགྱུར་སྟོན་ལ།  ཡོང་དུས་བསུ་མཁན་མེད་ལ་འགྲོ་དུས་སྐྱེལ་མཁན་མེད་པ།  འདི་འདྲ་ཡིན་ན་ཟ་མཁན་ཇེ་ཉུང་འགྲོ་རྒྱུ་རེད་འདོད། དེས་ན་རྒྱ་ཡི་ཟ་ཁང་ནང་བཞིན་སྔ་མོ་ལས་ཀ་འགོ་མ་བཙུགས་དུས་དེ་རིང་ཞབས་ཞུ་བྱེད་མཁན་ཚོས་ཟེར་དགོས་བའི་ཚིག་དང་ངོ་ཡི་རྣམ་འགྱུར་སོགས་སྦྱོང་བརྡར་བྱ་རྒྱུ་ཡང་གལ་ཆེ་སྙམ།  

     ལྔ་པ།   མི་སོ་སོ་ལ་འགན་གསལ་པོ་སྤྲོད་དགོས།

             བོད་ཟས་ཁང་ཞིག་ལ་མཚོན་ན་ཉིན་གུང་དང་ཕྱི་དྲོར་འགྲུལ་པ་མང་ཤོས་རེད།  དེས་ན་སྐབས་དེ་དུས་ཞབས་ཞུ་བྱེད་མཁན་ཚོ་སོ་སོ་ལ་འགན་གསལ་པོ་ཞིག་སྤྲོད་དགོས།  དེ་ཡང་དཔེ་གསར་དུ་ཕྱེ་བའི་ཟ་ཁང་དེ་ལ་ཆ་མཚོན་ནས་བཤད་ན།  སྤྱི་ཞབས་ཞུ་བྱེད་མཁན་མི་མང་པོ་ཞིག་འདུག་ལ།  ཟ་ཁང་ཚང་མར་མིས་གང་ཡང་ཞབས་ཞུ་བྱེད་མཁན་ཚོས་འདང་ས་རེད།  ཡིན་ཡང་ཁོ་ཚོ་ལ་ཁྱེད་ཀྱི་འདི་ལས་ཁོས་འདི་ལས་ཟེར་ནས་གསལ་པོ་ཞིག་བཀོད་སྒྲིག་བྱེད་མེད་པས།  འགྲུལ་པ་ཅུང་མང་ཡོང་དུས་རང་རང་གི་ལས་ཀ་གང་ཡིན་གསལ་པོ་ཞིག་མ་ཤེས་ནས་ཡར་རྒྱུགས་མ་རྒྱུགས་བྱས་པས།  འགྲུལ་པ་མང་པོ་ཞིག་གིས་ཞབས་ཞུ་བྱེད་མཁན་ཚོ་ལ་ཟ་མ་མངགས་དགོས་ཟེར་ནས་ཡང་དུ་བསྐྱར་དུ་འབོད་ན་ཡང་ཡོང་མཁན་མི་འདུག   འདིའི་ཐད་ལ་ཡང་དོ་སྣང་བྱས་ནས་འགན་དེ་ཚོ་རེ་རེ་བཞིན་བཀོད་སྒྲིག་བྱ་རྒྱུ་དེ་གལ་ཆེན་པོ་རེད་སྙམ། 

     དྲུག་པ།  ཞོར་དུ་ཞུ་རྒྱུ་ཞིག

          དེང་སང་ཟ་ཁང་མང་པོ་ཞིག་ཏུ་ཐང་ཀ་གང་མོས་ངང་བཤམས་འདུག འདིར་ཕྲན་གྱིས་ལྟ་ཚུལ་ཡིན་ན་ཡག་པོ་མི་འདུག་སྙམ།  ཆང་འཐུང་ས།  ཤ་ཟ་ས། དུ་བ་འཐེན་ས། འདི་འདྲའི་གནས་ཤིག་ལ་གནའ་ནས་ད་བར་དུ་སྙིང་དབུས་ནས་དད་སའི་ཐང་ཀ་རེ་བཤམས་ནས་འདུག་ན་མི་འགྲིག་སྙམ།   ཁྱིམ་ཚང་རེ་རེ་ལ་ལྷ་ཁང་ཡང་ན་མཆོད་ཁང་ཟེར་བ་ཞིག་ཡོད་པ་ཐང་ཀ་བཤམས་ས་ནི་དེ་ན་རེད་སྙམ། དེ་ཡང་རང་གི་རིག་གནས་ལ་རང་གི་རྩ་ཆེན་འཛིན་ཞིང་རང་གི་སྲོལ་རྒྱུན་བཟང་པོ་རང་གིས་རྒྱུན་སྐྱོང་ནས་མ་ཡོང་ན།  གཞན་གྱིས་ནི་དུས་ནམ་ཡང་བརྩི་ལ་བཀུར་དགོས་ཟེར་ནས་མི་ཡོང་། འདིའི་ཐད་ལ་ཡང་དོ་སྣང་རེ་བྱ་དགོས།  ང་ཚོས་ཀྱང་སོག་པོའི་ཟ་ཁང་ལ་དཔེ་བྱས་ནས་བོད་རང་གི་དཔའ་བོའི་སྐུ་པར་རྣམས་བཤམས་ན་ཧ་ཅང་ལེགས་སྙམ། 

       སྤྱི་ཕྲན་ལ་མཚོན་ན་འདིའི་ཐད་ལ་ཉམས་མྱོང་སོགས་གང་ཡང་མེད།  ཡིན་ཡང་ང་རང་བོད་ཟས་ལ་དགའ་ཞིང་བོད་པ་ལ་དུང་བའི་མི་ཞིག་ཡིན་པའི་ཆ་ནས་འདིའི་ཕྱོགས་ལ་ཡང་གཟབ་དགོས་ཀྱིན་འདུག་སྙམ་ནས་རང་གི་བསམ་ཚུལ་ཙམ་བཤད་པ་ཡིན།  གལ་ཏེ་མ་བསམ་ས་ཕོག་ཐུག་འདྲ་སོང་ན་དགོངས་འགལ་མེད་པ་ཞུ་ཟེར་བ་དེ་ཡིན།  

 

 

 
 
བོད་ཡིག་ཞོར་དུ་སྦྱོང་བའི་གཅེས་ཕྲུག་ལོ་ལོ་ཚོའི་སྙིང་གཏམ།
[ 2011-12-13 15:56:52 | By: yucuo ]
 

བོད་ཡིག་ཞོར་དུ་སྦྱོང་བའི་གཅེས་ཕྲུག་ལོ་ལོ་ཚོའི་སྙིང་གཏམ།

ཨ་མའི་ཡ་ཆུང་སེམས་ལྟར་གཅེས་པའི་ལོ་ལོ།  ཨ་ཕའི་དཔྲལ་བའི་མིག་ལྟར་གཅེས་པའི་ལོ་ལོ།  གཅེས་ཕྲུག་ལོ་ལོ།  ཁྱེད་ཚོ་ངའི་གཡས་གཡོན་དུ་འདུག་ནས་དགེ་རྒན་གཟའ་མཇུག་དེ་མ་ཤར་ན་དགའ་གྱིན་འདུག་ཅེས་བཤད་དུས།   ང་ཡ་མཚར་སོང་།  མི་མང་པོ་ཞིག་གིས་སྐད་ཆ་འདི་ཐོས་ན་ཡ་མཚར་རྒྱུ་རེད། དེ་ལྟར་ཨེ་རེད། རྣམ་པ་ཚོ།   གང་ལགས་ཞེ་ན།  ངས་ཆུང་དུས་ནམ་ཡང་གཟའ་མཇུག་ལ་སྒུག་ནས་ཡོད།  གཟའ་མཇུག་ང་སློབ་གྲོགས་ཚོ་དང་མཉམ་དུ་འཁྱགས་ཤུད་དུ་འགྲོ་ཆོག་རེད།  ང་གྲོགས་མོ་ཚོ་དང་མཉམ་དུ་མེ་ཏོག་འཐུ་འགྲོ་ཆོག་རེད།  ངས་ཨ་མ་ལ་གསང་ནས་ཆུ་རྩེད་འགྲོ་ཆོག་རེད།  གཟའ་མཇུག་ལ་མི་དགའ་དོན་ཅི་རེད་ཅེས་ངས་ཡ་མཚར་བའི་ངང་ན་ཁྱེད་ཚོ་ལ་འདྲི་སྐབས།   དགེ་རྒན།  གཟའ་སྤེན་པའི་སྔ་དྲོ་ལ་ཨང་རྩིས་སྦྱོང་འགྲོ་དགོས།  ཕྱི་དྲོ་ལ་དབྱིན་ཅི་སྦྱོང་དགོས།  དེའི་རྗེས་འདི་ན་བོད་ཡིག་སྦྱོང་ཡོང་དགོས་རེད།  སང་ཉིན་ཞབས་བྲོ་གླུ་ཞེས་གང་མང་ཞིག་བགྲང་སྐབས།  གཅེས་ཕྲུག་ལོ་ལོ་ཚོ། ངས་གཞི་ནས་གཟའ་མཇུག་ཤར་བ་ལ་སྐྲག་དོན་དེ་ཤེས་བྱུང་།  ངས་ཁྱེད་ཚོའི་དེ་འདྲ་མང་པོ་ཞིག་སྦྱོང་ནས་ཤེས་ཀྱིན་འདུག་གམ་ཅེས་འདྲི་དུས།  དགེ་རྒན།  འདི་འདྲ་མ་སྦྱོང་ན་རྗེས་མ་སློབ་འབྲིང་ཡག་པོ་འདོན་ཐུབ་མ་རེད།  སློབ་འབྲིང་ལ་རྒྱུགས་འཕྲོད་ཚད་སོགས་གྲངས་ཀ་གང་མང་ཞིག་གིས་ང་མགོ་འཐོམས་བཅུག་སོང་། སློབ་འབྲིང་དུ་རྒྱུགས་མ་འཕྲོད་ན་སྒོར་མོ་སྟོང་མང་པོ་དང་ཁྲི་མང་པོ་སྤྲོད་དགོས་པའི་གནས་ཚུལ་སོགས་བཤད་དུས་ང་ཧང་སང་བཅུག་སོང་།    སློབ་སྦྱོང་གི་གོ་སྐབས་འདི་འདྲ་ཡག་བས་དགའ་བ་ཡིན་ནམ་ཕ་སྐད་དོར་ནས་མི་འདི་འདྲ་མང་པོ་ཞིག་དང་འགྲན་རྩོད་དགོས་པའི་སྡུག་པ་ཡིན་རྒྱུ་རེད།  གང་ལྟར་ཡང་ངའི་མགྲིན་པ་བརྣངས་ནས་སྐད་ཆ་ཚིག་གཅིག་ཀྱང་བཤད་ཐུབ་མ་སོང་།   རྒྱུན་དུ་ངས་བོད་ཡིག་གི་ལས་བྱ་མ་འབྲི་ན་ཤེས་དཀའ་བའི་གནས་ལུགས་གང་མང་ཞིག་བཤད་དུས།  ཁྱེད་ཚོས་མིག་ཅེར་ནས་དགེ་རྒན་ལས་བྱ་མང་པོ་འབྲི་མ་བཅུག་ན་ཨེ་ཆོག་ཟེར་དུས།  ཁྱེད་ཚོའི་ཉིན་ལྟར་མཚན་མོའི་ཆུ་ཚོད་བཅུ་གཅིག་བར་ལས་བྱ་འབྲི་དགོས་པ་དང་།  སྔ་དྲོ་ཆུ་ཚོད་དྲུག་ཡས་མས་ལོངས་ནས་སློབ་གྲྭ་འགྲོ་དགོས་པའི་གནས་ཚུལ་སོགས་ང་ལ་ཡང་ཡང་བཤད་དུས།  ངའི་ཡ་ཆུང་སེམས་ཀྱི་ན་ཟུག་དེ་ཉར་ནས་མགོ་བོ་ལྕོག་ལྕོག་ཏུ་གཡུག་པ་ལས་ཐབས་ཅི།    གཅེས་ཕྲུག་ལོ་ལོ་ཚོ།  བོད་ཕྲུག་ལོ་ལོ་ཚོ།   འདི་ནི་ཅི་ཞིག་གི་ལས་ཡིན་ནམ།  ཁྱེད་ཚོའི་དབྱངས་གསལ་སོ་བཞི་སྦྱོང་དུས་སྐད་རིགས་གཞན་པ་ཞིག་སྦྱོང་བའི་སྣང་བ་སྟེར་དོན་ཅི་ཡིན་ནམ།  ང་ཚོ་ངེས་པར་དུ་འདི་འདྲའི་ལམ་དཀའ་མོ་ཞིག་ནང་འགྲོ་དགོས་སམ།  བོད་ཡིག་ཞོར་དུ་སྦྱོང་བཅུག་པའི་ཕ་མ་ཚོས་བསམ་བློ་ཞིབ་མོ་རེ་ཐོངས་རོགས།  དེང་སང་རང་གི་བུ་དང་བུ་མོ་རྣམས་ལ་སློབ་གསོའི་ཆ་རྐྱེན་བཟང་པོ་རེ་དགོས་ཟེར་ནས་ཐོབ་དང་དབང་ཆ་རྒྱུ་ཡོད་མཁན་མང་ཆེ་བ་ཡིས་གྲོང་ཁྱེར་ཆེན་པོ་ཞིག་ནང་རང་གི་གཅེས་ཕྲུག་ཚོ་ལ་སྡུག་མྱོང་བཅུག་ནས་འདུག  བསམ་བློ་ཞིབ་ཏུ་ཐོངས།  འདང་ཞིབ་མོ་རྒྱོབ།  ངས་མི་མང་པོ་ཞིག་ལ་འདིའི་ཐད་བཤད་མྱོང་།  ཡིན་ཡང་ཁོ་ཚོས་ང་ལ་རང་ཨ་མ་ཞིག་མ་བྱས་ན་དེ་ཚོའི་བསམ་བློ་ཤེས་མ་རེད་ཟེར།  ཡིན་ཡང་དཔེ་ང་རང་ལ་ཆ་བཞག་ནས་བཤད་ན་ཆུང་དུས་ནས་དབྱངས་གསལ་སོ་བཞི་སྦྱོང་ནས་ཡོང་བ་ཞིག་ཡིན།  དེང་སང་ལ་ཡང་རང་ཁ་རང་གིས་གསོ་ཐུབ་པ་ཞིག་རེད་ཡོད།  འདི་ནི་དབྱངས་གསལ་སོ་བཞིའི་བཀའ་དྲིན་རེད།  འདི་ནི་དྲིན་ཆེན་ཕ་མའི་ལམ་བཟང་པོ་ཞིག་སྟོན་པའི་འབྲས་བུ་རེད་སྙམ་བཞིན་ཡོད།   གང་ལྟར་ཡང་བོད་ཡིག་ཞོར་དུ་སྦྱོང་བཞིན་པའི་གཅེས་ཕྲུག་ཚོའི་སྙིང་གཏམ་ལ་ཅིག་ཉོན་རོགས་ཞུ།  ཁོ་ཚོའི་ཐད་ནས་བསམ་བློ་རེ་གཏོང་རོགས།   ནམ་ཞིག་ན་ཡར་ལྷ་གྲལ་མི་ཚུད་མར་འདྲེ་གྲལ་མི་ཚུད་ནད་བར་དོ་ལ་འཁྱམ་དགོས་ན་དཀའ་མོ་རེད།  

 

 
 
ཤ་ཡུ་མོའི་སྡེ་ཡིས་འཕྲིན་ཞིག་བསྐུར་ཡོད།
[ 2011-12-12 13:20:47 | By: yucuo ]
 

ཤ་ཡུ་མོའི་སྡེ་ཡིས་འཕྲིན་ཞིག་བསྐུར་ཡོད།

     ཐོག་མ་འགུལ་རྒྱུ་མེད་པའི་ཤ་ཡུ་མོ་ཚོ་བྲིས་མཁན་གྱི་ཕོ་རྒོད་དེ་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ།  འདི་ནི་ཁྱེད་མི་གཅིག་གི་སྙིང་གཏམ་མ་ཡིན་པ་འདི་ནི་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ལ་ཞུགས་མཁན་གྱི་མི་སྟོང་ཕྲག་མང་པོའི་སྙིང་གཏམ་ཞིག་ཡིན་ངེས།  གཞིས་ཁྱིམ་དྲོན་མོ་འདི་འདྲ་ཞིག་སྤྲད་ན་ཡང་ད་དུང་འགུལ་རྒྱུ་མེད་དོན་ཅི་ཟེར་བའི་ནང་དོན་འདི་འདྲ་ཞིག་རིག་དུས།  དགུན་ལ་གྲང་རླུང་ལྡང་ཞིང་དབྱར་ལ་ཆར་ཐིགས་བསགས་པའི་སྦྲ་ནག་གྲུ་བཞི་ལས་བྲལ་ཏེ་གཞིས་ཁྱིམ་སྐྱིད་པོ་འདི་འདྲ་ཞིག་བསྐྲུན་ཡང་ད་དུང་སེམས་ན་བཀའ་དྲིན་ཞིག་མི་དྲན་དོན་ཅི་ཡིན་ནམ་ཞེས་པའི་སྐད་ཆ་དེ་རང་དབང་མེད་པ་དྲན་བྱུང་།  འདི་ནི་ཁྱེད་ཀྱི་སྐྱོན་མ་རེད།  འདི་ནི་ཁྱེད་ཤ་ཡུ་མོ་སྡེ་ལ་རྒྱུས་མངའ་མེད་པའི་རེད།  གཞལ་ཡས་ཁང་ལ་འགྲན་ཟེར་བའི་གཞིས་ཁྱིམ་ནང་དུ་བསྡད་པའི་སུན་སྣང་དེ་རྩྭ་ཆུ་གང་འབེལ་ལྟ་ནས་འགྲོ་བའི་འབྲོག་པ་ཚོས་མ་གཏོགས་ཤེས་མ་རེད།  དེ་འདྲ་ཨེ་རེད།  སྟོད་ནས་ཐོབ་ཐང་རྩོད་ཡོད། སྨད་ནས་གོ་ས་རྩོད་ཡོད།  མཐོང་ཆུང་བྱེད་ཀིན་ཟེར་ཡོད། གོ་ས་མི་འདུག་ཟེར་ཡོད།  ཡིན་ཡང་ཕོ་རྒོད་ལགས་འདི་དག་ཚང་མ་ཤ་ཡུ་མོའི་སྡེ་ཁོ་ན་ལ་མེད་པ་ཞིག་མ་རེད།  འདི་ནི་ང་ཚོ་སྤྱི་ལ་མེད་པ་ཞིག་རེད།  འདང་ཞིབ་མོ་རྒྱོབ་དང་།  ཁྱེད་ལ་གོ་ས་ཅི་ཡོད་ཐོབ་ཐང་ཅི་ཡོད།     དེར་བརྟེན་དེང་སང་ཤ་ཡུ་མོའི་སྡེ་ཟེར་བ་མ་དབྱེ་ནས་ང་ཚོ་མཉམ་དུ་འབད་པའི་དུས་ཤིག་རེད།  དེ་འདྲ་ཨེ་རེད།  གལ་ཏེ་ཐོབ་ཐང་དེ་སྤྲོད་ནས་ཡོང་བ་ཞིག་ཡིན་ན། གལ་ཏེ་གོ་ས་དེ་སྦྱིན་ནས་ཡོང་བ་ཞིག་ཡིན་ན།  གལ་ཏེ་འདྲ་མཉམ་དེ་གནང་ནས་ཡོང་བ་ཞིག་ཡིན་ན།  ང་ཚོའི་བརྙན་འཕྲིན་འདི་ནས་གསར་འགྱུར་རེ་ལྟོས་ནས་འདུག་ན་ཡོང་བ་ཞིག་རེད།  དེ་འདྲ་ཞིག་ཨེ་རེད།   གཞིས་ཁྱིམ་དྲོན་མོ་ང་ཚོར་བཟུང་འདོད་ཡོད་མགོ་བོ་མཐོན་པོ་ང་ཚོ་ལ་བཀྱགས་འདོད་ཡོད།  ཡིན་ཡང་འདི་དག་ཚང་མ་ནི་ང་རང་ཚོས་རང་གི་འབད་བརྩོན་ལ་བརྟེན་ནས།  ཁྱེད་ཚོས་རྒྱབ་སྐྱོར་ལ་བརྟེན་ནས་རིམ་བཞིན་འགྲུབ་འདོད་པ་ཞིག་ཡིན་པ་ལས།  གཞིས་ཁྱིམ་དྲོན་མོ་འདི་རེད།  མགོ་བོ་འདི་ལྟར་བཀྱགས་ཤོག་ཟེར་བ་ཙམ་གྱིས་ཆོག་པ་ཞིག་མ་རེད།   དེ་ལྟར་ཨེ་རེད།  ཕོ་རྒོད་ལགས།  དལ་གྱིས་ཤོག་དང་།  འཕག་འཚག་རྒྱག་རན་པའི་དུས་ཤིག་ཡོད་ན།  ཤ་ཡུ་མོའི་སྡེ་རྗེས་ལ་མི་ལུས་ཁོ་ཐག་ཡིན།  དགོས་པ་ཡོད་པའི་དུས་ཤིག་སླེབས་ན།  ཤ་ཡུ་མོའི་སྡེ་དྲ་ངོས་ནས་གཉིད་དུ་མི་ཡུར་ཁོ་ཐག་ཡིན།  ཁ་བདེ་དགོས་བའི་དུས་ཤིག་སླེབས་སོང་ན།  ཤ་ཡུ་མོ་སྡེ་འདིའི་ལྕེ་ཡི་མདུད་པ་རང་གྲོལ་ཡིན།  ཡིད་ཆེས་ཨེ་ཡོད། ཕོ་རྒོད་ལགས།  མི་སོ་སོ་ཡིས་རང་གི་འགན་དེ་ཡག་པོ་ཞིག་བསྒྲུབ་ནས་ཤོག་དང་། མི་སོ་སོ་ཡིས་གཞན་སྐྱོན་འཚོལ་བ་ཁོ་ན་ལ་མ་འབད་ནས་ཤོག་དང་།  མི་སོ་སོའི་གཞིས་ཁྱིམ་དྲོན་མོ་ཞིག་གི་ཆེད་དུ་འབད་ཤོག་དང་། མི་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིམ་ནས་འབད་ཤོག་དང་།   ངས་ལྟོས་ན་དེ་ཡིས་ཆོག དེ་ལྟར་ཨེ་རེད།   

                         

                       

 
 
འོས་སྦྱོར། ཁ་བྱང་མེད་པའི་སྙན་ངག་ཅིག
[ 2011-12-11 18:09:28 | By: yucuo ]
 

གྲོགས་པོ་ཞིག་གི་རྩོམ།  འོས་སྦྱོར།

དབྱངས་ཅན་མགྲིན་པ་འགུགས་པའི་གདེངས་ཀ་ནས།།

སྡེབ་ལེགས་ཚིག་གི་ཤམ་བུ་གྲོལ་བ་ལ།

འཇམ་དཔལ་སྲོག་གི་རྩི་དང་མ་བྲལ་ན།།

 མཁས་དགུའི་ཡིད་དབང་འཕྲོག་པའི་སྙན་ཚིག་སྟེ།

ཚིག་ལ་ཐུ་མི་བཞད་པའི་སྒྲ་དབྱངས་གཅིག།

དོན་ལ་སྲོང་བཙན་དགྱེས་པའི་རོ་མངར་གཉིས།།

ཉམས་ལ་སྟོང་བཙན་རོལ་བའི་འཕྲུལ་ཐབས་གསུམ།།

ཛོམས་ན་གངས་ཅན་བོད་ཀྱི་སྙན་ངག་ཡིན།

བརྡ་སྤྲོད་ཕྱི་མོའི་གཞུང་དང་མི་མཐུན་ཞིང༌།།

འཕགས་བོད་མཁས་པའི་ལུགས་སུ་མ་གྲགས་པར།།

རང་ཉིད་ཁོ་ནས་མགོ་བོ་གཡུག་བཞིན་དུ།།

མགུ་ཞིང་གྱེར་བ་ཙམ་གྱིས་སྙན་ངག་མིན།

ད་བྱེད་དག་སྙོམས་འཇེབས་པའི་བརྡ་སྤྲོད་དགོས།

བརྗོད་བྱ་གསལ་ཡངས་སྙན་པའི་སྡེབ་སྦྱོར་དགོས།

ངག་ཏུ་སྙན་པ་ཚིག་གི་རྒྱན་ཡིན་ཏེ།

ཡིད་དབང་སྒྱུར་ལ་དོན་གྱི་སྲོག་ཅེས་གྲགས།

དེ་ཕྱིར་ཚིག་གི་འདུ་འགོད་མཛེས་ན་ཡང༌།

བརྗོད་བྱ་སྲོག་གིས་སྟོང་ན་སྙན་ངག་མིན།

ཕྱི་གོས་རྒྱན་གྱིས་འཕྱོར་བའི་བུ་མོ་ལ།

ཁྲེལ་དང་ངོ་ཚས་ཡོངས་སུ་དོར་བ་བཞིན།

རང་གིས་བལྟས་ཚེ་གོ་བ་ཟབ་ན་ཡང༌།

ཀུན་ལ་ལྐོག་ཏུ་གྱུར་ན་སྙན་ངག་མིན།

འོ་མ་རང་གི་ལྟོ་བར་མིད་བྱས་ཏེ།

ཚོང་འདུས་འགྲིམ་ནས་ཉོ་མཁན་འཚོལ་བ་བཞིན།

གནག་རྫི་རྒན་པོའི་ངག་ལ་བདེ་ན་ཡང༌།

མཁས་པའི་ལུགས་དང་འགལ་ན་སྙན་ངག་མིན།

ཁྭ་ཏ་མང་པོ་ལྷན་དུ་གྲོས་འཆམས་ཤིང༌།

ཁུ་བྱུག་ལས་ཀྱང་སྙན་ཞེས་བརྗོད་པ་བཞིན།

ཚིག་གི་སྡེབ་སྦྱོར་བདེ་ཞིང་འབོལ་ན་ཡང༌།

འཁྲིག་ཚིག་རྗེན་པར་སྨྲས་ན་སྙན་ངག་མིན།

སྐྱེ་མཆེད་མཛེས་པའི་ལང་ཚོ་གཞོན་ནུ་མ།

གོས་མེད་གཅེར་བུར་ཁྲོམ་དུ་རྒྱུ་བ་བཞིན།

ཚིག་དོན་གཉིས་ཆར་འགལ་བ་མེད་ན་ཡང༌།

རང་གི་ཚུལ་ལས་འདས་ན་སྙན་ངག་མིན།

དྲང་སྲོང་རྒན་པོ་ཆང་གིས་མྱོས་པ་དེས།

རང་གི་བུ་མོར་ཆགས་ཚིག་སྨྲ་དང་མཚུངས།

མཐོན་པའི་ངོ་སོ་འཚོ་བའི་སྙན་ངག་དེ།

ལྕག་ཚན་སྣེ་རུ་རྩེ་བའི་སྤྲེ་འུ་འདྲ།

དམན་པར་བརྙས་བཅོས་གཏོང་བའི་སྙན་ངག་དེ།།

མཐོ་བའི་སྟེགས་ལ་འགྱིང་བའི་ནོར་སྐྱོང་འདྲ།

དམར་མོའི་རྒྱུ་ལ་བཙོང་བའི་སྙན་ངག་དེ།

རང་ལུས་ནོར་ལ་བརྔན་པའི་འཕྱོན་མ་འདྲ།།

རང་ལུགས་གཏད་སོ་མེད་པའི་སྙན་ངག་དེ།

ཕྱུག་པོའི་རུ་མཐའ་ཉུལ་བའི་སྤྲང་པོ་འདྲ།

གྲོང་པའི་ལྟ་མགུར་བཙུན་པའི་འཁྲེན་མགུར་དག

ཕལ་ཆེར་བརྗོད་པའི་འོས་སུ་མི་ཆེ་སྟེ།

སྤྱང་ཀིའི་ཆོས་དང་ཁྲམ་པའི་སྙིང་གཏམ་ལ།།

གཏིང་ནས་ཉན་པར་འདོད་པའི་གང་ཟག་དཀོན།

སྤྱིར་ན་སྙན་ཚིག་དུམ་བུ་འགའ་ཞིག་གིས།།

མཁས་པའི་ཅོད་པཎ་འདྲེན་པར་མི་ནུས་ཀྱང༌།།

བླུན་ཚིག་གཅིག་གིས་རང་གི་གྲགས་པ་དག།

གཏན་ནས་འཇོམས་པའི་གོད་ཁ་འབྱུང་ཏ་རེ།

སྙན་ངག་ཅེས་པ་སེམས་ཀྱི་རྣམ་རྟོག་སྟེ།

དྲན་པའི་ཀློང་ནས་རྡོལ་བའི་ཉམས་མྱོང་ཡིན།

རང་ལ་སྙན་པའི་རྣམ་རྟོག་མ་ཤར་ན།

རེ་ཞིག་ཀློག་པའི་གྲལ་དུ་བཞུགས་ན་མཛེས།

 
 
མཁས་རློམ་དྲེགས་ལྡན་ཚོགས་ཀྱི་སྙན་དུ་གསོལ་བ།
[ 2011-11-2 10:17:03 | By: yucuo ]
 

མཁས་རློམ་དྲེགས་ལྡན་ཚོགས་ཀྱི་སྙན་དུ་གསོལ་བ།  འོས་སྦྱོར།

ཐུབ་བསྟན་ཉི་མ་ནས།

 ཀ་ཁ་ཙམ་གྱི་སྦྱོར་ཀློག་མི་མཁྱེན་པར། ། 

ཁ་ནས་བོད་ཀྱི་རིག་གཞུང་འདིའོ་ཞེས། །

ག་ས་གང་ལ་ངར་སྐད་སྒྲོག་བྱེད་པའི། །  

ང་རྒྱལ་སེངྒེའི་སྡེར་མོ་བགྲད་ལ་ལྟོས། །

ཅ་ཅོ་ཡིད་མཐུན་གཏམ་གྱིས་མི་མགོ་བསྐོར། །

ཆ་ལུགས་ཞི་དུལ་ཚུལ་གྱིས་གཞན་སྣང་བྲིད། །

ཇ་ཆང་དགྱེས་དགུའི་མཆོད་པས་མཉེས་བྱེད་པའི། །

ཉ་པའི་སྒྱུ་ཐབས་མཁན་རྣམས་བག་ཟོན་མཛོད། །

ཏ་ལའི་ལོ་མར་བྲིས་པའི་དཔེ་རྙིང་རྣམས། ། 

ཐ་ན་ཀློག་སྟངས་ཅི་ཡིན་མི་ཤེས་མོད། །

ད་དུང་ཁོ་བོས་ཞིབ་འཇུག་བྱེད་དོ་སྐད། །

ན་ཆུང་ཕོ་རྒོད་ཅན་རྣམས་ཡིད་རེ་འཁྲུལ། །

པ་ཏྲ་བསླས་པ་ལྟ་བུའི་གཡོ་སེམས་ཀྱིས། །

 ཕ་རོལ་དབང་དུ་སྡུད་ལ་མཁས་མོད་ཀྱིས། །

བ་གླང་ས་བརྐོས་རང་གཉར་བླུགས་པ་བཞིན།།

མ་བོས་སྡུག་བསྔལ་མགྲོན་དུ་ཁུག་ལ་གཟིགས། །

ཙ་མ་ར་ལྟར་དྲེགས་ལྡན་ཁོ་བོ་ཡིས།། 

ཚ་བོ་ཉམ་ཐག་བརྩེ་བས་ཡལ་བོར་ནས། །

ཛ་ལང་དྲག་ཤུལ་སྤྱོད་པས་གཙེ་བྱེད་ན། །  

ཝ་སྐྱེས་རྒྱལ་པོར་བསྐོས་དང་ཁྱད་པར་ཅི། །

ཞ་དཔེ་ལྷམ་འགེལ་བྱེད་ལ་རིག་པ་རྣོ། ། 

ཟ་འཚོལ་རྙེད་སྡུད་ལས་ལ་བློ་གྲོས་གསལ། །

འ་འོལ་གཡོ་སྒྱུའི་བྱ་བར་རྟག་བརྩོན་པའི། །

ཡ་མེད་ཅན་ལ་སུ་ཞིག་ཡིད་རྟོན་བྱེད། །

ར་མིན་ལུག་མིན་བོད་མིན་གཞུང་། །

 ལ་ལུང་མང་པོ་འགྲེམས་སྤེལ་བྱེད་པ་ལས། །

ཤ་ཚ་སྙིང་རྗེའི་སེམས་ཀྱི་རང་རིགས་ལ། ། 

ས་སྟེང་ཚན་རིག་ནོར་གྱིས་གང་ན་ལེགས། །

ཧ་ཅང་བདེན་གཏམ་བཤད་ན་ཀུན་ཡིད་དཀྲུགས། །

ཨ་གསར་ལྕེ་གཉིས་རྐྱོང་ལ་འཛུམ་ཡིད་འཕྲོག།

ཧ་ཅང་སྙིགས་མར་གྱུར་པའི་ཚུག་འདི་ལ། །

ཨ་ཀ་ཐེ་ལེ་བརྡུང་ན་ཅི་ལ་ཕན། །

 

 
 
སློབ་ཆེན་པ་ཚོས་ཉན་ཡོད།
[ 2011-9-13 9:02:07 | By: yucuo ]
 

 

སློབ་ཆེན་པ་ཚོས་ཉན་ཡོད།

སྨིས་དབུས་པོ་ལགས་ཀྱིས་བྲིས་པའི་ཕ་ཡུལ་གྱི་སློབ་ཆེན་པ་ཚོཟེར་བ་ལ་ལན་གྱི་ཚུལ་དུ།

ང་ཚོ་ནི་ཕ་མའི་རེ་བ་ཡིན།ང་ཚོ་ནི་མི་རིགས་ཤིག་གི་རེ་བ་ཡིན།ང་ཚོས་རེ་བ་ཡོད་ཚད་སེམས་ལ་བཟུང་ནས་རྒྱང་རིང་ཡུལ་དུ་མཆིས་པ་ཡིན། རང་ལ་རྒྱུས་མངའ་གང་ཡོད་མེད་པའི་གྲོང་ཁྱེར་ཞིག་ཏུ་མཆིས་པ་ཡིན། སློབ་ཆེན། སློབ་མ་ཀུན་གྱིས་ལྷ་ཡུལ་ལྟར་དུ་རྩིས་པའི་སློབ་གྲྭ་ཆེན་མོ། དེ་དུས་ང་ཚོ་ནི་ཨ་ཕའི་མིག་ཟུང་ཡིན། ཨ་མའི་གཅེས་ཕྲུག་ཡིན།  དགེ་རྒན་རྣམས་ཀྱི་ལག་གི་ནོར་བུ་ཡིན།  མི་རིགས་འདིའི་ང་རྒྱལ་ཡིན།  སློབ་གྲྭ་ཆེན་མོ།  ང་ཚོའི་སེམས་ནང་གི་ཞིང་ཁམས། འདི་ནས་ང་ཚོས་ཕ་ཡུལ་ལ་རྒྱང་ལྟ་རེ་བྱས་དུས། གཞི་ནས་རྗེས་ལུས་ཟེར་བའི་ཐ་སྙད་དེ་ཤེས་སོང་། གཞི་ནས་ཕ་ཡུལ་གྱི་སློབ་གསོའི་ཆུ་ཚོད་དེ་རིམ་པ་ཅི་འདྲ་ཞིག་ལ་སླེབས་ཡོད་པ་ཤེས་སོང་ལ། གཞི་ནས་རང་དབང་། དམངས་གཙོ། ཡར་རྒྱས་ཟེར་བ་དེ་ལ་རྒྱུས་ལོན་གསལ་པོ་ཞིག་བྱུང་། གཞི་ནས་ཡུལ་མི་སྤུན་ཟླ་རྣམས་ཀྱི་འཚོ་བ་དེ་ལ་རྒྱུས་ལོན་གསལ་པོ་ཞིག་བྱུང་། དེ་དུས་གཞི་ནས་གཏེར་ཁ་སྔོག་པའི་གནོད་པ་དང་། ཆུ་གློག་ས་ཚུགས་བཙུགས་པའི་གནོད་པ། མདོར་ན་ཕ་ཡུལ་གྱི་རྨ་ཁ་དེ་ཚོ་གསལ་པོ་མཐོང་བྱུང་། འདི་ནས་ང་ཚོས་ངུ་འབོད་བྱེད་ཡོད། འདི་ནས་ང་ཚོས་ཡོད་ཚད་ཕ་ཡུལ་ཆེད་དུ་འབུལ་ངེས་པའི་དམ་བཅའ་འཇོག་ཡོད།  ཐོས་སོང་ངམ། སེམས་ཕངས་ཡིད་ཆད་ཀྱི་མིག་ཆུ་དེ་ཁྱེད་ཚོས་མཐོང་སོང་ངམ།  སྐྱེས་ཕོ་རབ་ཀྱི་ངུ་སྐད་དེ་ངས་ཐོས་མྱོང་། མ་བུ་མོའི་མིག་ཆུ་དེ་ངས་མཐོང་མྱོང་། ཐོས་སོང་ངམ།  རྒྱུས་མེད་གྲོང་ཁྱེར་ཞིག་ནས་ཡོང་བའི་འབོད་སྒྲ་འདི་དག་ཐོས་སོང་ངམ། ང་ཚོ་འདི་འདྲ་ལམ་ལ་མཆིས་པ་ཡིན། རང་གིས་འབད་པ་དང་སྡུག་རུས་བྱ་ན་མི་འགྲུབ་པའི་བྱ་བ་མེད་ངེས་སྙམ་ནས་ལམ་ལ་མཆིས་པ་ཡིན། ཕ་ཡུལ་དེ་མུན་པ་ལས་ཐར་དགོས་ན་ང་ཚོ་ལས་མེད་ཟེར་ནས་ཡོང་བ་ཡིན། དེ་དུས་ང་ཚོ་ལ་སྤོབས་པ་ཡོད། སྙིང་སྟོབས་ཡོད། ཡིད་ཆེས་ཡོད། ང་ཚོ་ལ་ཡོད་པ་ནི་དེ་ཚོ་ཡིན།ང་ཚོ་འདི་འདྲ་བྱས་ནས་ལམ་ལ་མཆིས་པ་ཡིན། དཔོན་པོ་ལ་མགོ་མི་སྒུལ།སྒོར་མོ་ལ་ཡིད་མི་ཤོར། བདེན་དོན་ཞིག་གི་ཆེད་དུ་ང་ཚོས་ཡོད་ཚད་འབུལ་ཟེར་ནས་སྤྱི་ཚོགས་འདིའི་ནང་མཆིས་པ་ཡིན། ང་ཚོ་སྤྱི་ཚོགས་འདིའི་ནང་དང་པོ་མཆིས་དུས། ཁྱེད་ནི་སློབ་ཆེན་པ་ཞིག་རེད་ཟེར་ནས་མཐོང་ཆུང་བྱེད་ཀིན། ཅི་ཡང་ཤེས་མ་རེད་ཟེར་ནས་ཁྲེལ་དགོད་བྱེད་ཀིན། ཉམས་མྱོང་མེད་པ་རྣམས་ལ་སྐད་ཆ་བཤད་དབང་ཡོད་མ་རེད་ཟེར་ནས་སྐད་ཆ་ལ་ཉན་མི་མེད་ཀི། ཕྱི་ནས་རྒྱ་སྐད་ཨེ་ཤེས་ཟེར་ནས་མཐོང་ཆུང་བྱེད་ཀིན། ནང་ནས་ར་མ་ལུག་ཟེར་ནས་ཁྲེལ་དགོད་བྱེད་ཀིན། མི་རིགས་ཟེར་བ་ཁ་ནས་གླེང་དུས་ཕྱི་ཡི་ལྐོག་མདའ་འཕེན་གི། ནང་ནས་རྒྱུགས་ཁྱི་ཟེར་ནས་འཕྱ་སྨད་བྱས་ཀི། འདི་ནི་སློབ་ཆེན་པ་ཚོའི་ལས་དབང་རེད། ཡུལ་མི་སྤུན་ཟླ་ཚོའི་རེ་བ་ང་ཚོས་ཤེས་ཡོད། ཕ་ཡུལ་འདིའི་ལས་དབང་ང་ཚོའི་ལག་ན་ཡོད་པ་ཡང་ཤེས་ཡོད། ང་ཚོས་ཀྱང་འབད་བཞིན་ཡོད། ང་ཚོས་ཀྱང་སྡུག་རུས་བྱེད་བཞིན་ཡོད། སློབ་ཆེན་པ་ཚོ་ཡང་རིམ་བཞིན་རྨོངས་གཉིད་ལས་སད་བཞིན་ཡོད། དེང་སང་གི་སློབ་གསོ་འདི་འདྲའི་འོག་ཏུ་ང་ཚོས་ཀྱང་རང་ནུས་ཀྱིས་འབད་པ་བྱེད་བཞིན་ཡོད། དེང་སང་གི་གནས་ཚུལ་འདི་འདྲའི་འོག་ཏུ་ང་ཚོས་ཀྱང་སྡུག་རུས་བྱས་ནས་བྱ་བ་ཆུང་ཆུང་རེ་ཡང་ཨེ་འགྲུབ་ལྟ་བཞིན་ཡོད།  ང་ནི་སློབ་ཆེན་པ་ཞིག་ཡིན། སྤྱི་ཚོགས་འདིའི་ནང་ཡོང་ནས་ཡུན་རིང་མ་འགོར་བའི་སློབ་ཆེན་པ་ཞིག་ཡིན། ཕ་ཡུལ་གྱི་རྨ་ཁ་ཡོད་ཚད་སེམས་སུ་བརྐོས་ནས་རིམ་གྱི་མདུན་དུ་གོག་ནས་འགྲོ་བཞིན་པའི་སློབ་ཆེན་པ་ཞིག་ཡིན། ཁྱེད་ཀྱི་སེམས་གཏམ་རིག་དུས་མིག་ཆུ་རང་དབང་མེད་པ་ཤོར་བའི་བུད་མེད་སློབ་ཆེན་པ་ཞིག་ཡིན།

རང་གི་རྐང་གཉིས་ལ་བརྟེན་ནས་ལངས་ཤིང་རང་གི་རིག་པ་དང་ལག་ཟུང་ལ་བརྟེན་ནས་མཛེས་སྡུག་གི་མ་འོངས་པ་ཞིག་ལ་རེ་ནས་ཡོད་པའི་སློབ་ཆེན་པ་ཞིག་ཡིན། སློབ་གསོ་འདི་འདྲའི་ཞིག་གི་འོག་ཏུ་སྡུག་རུས་བྱས་ནས་ཀ་ཁའི་ཡིག་རྨོངས་སེལ་ཙམ་བྱུང་བའི་སློབ་ཆེན་པ་ཞིག་ཡིན། ནམ་ཡང་ཁྱེད་དང་ཁྱེད་ལྟ་བུའི་མི་རིགས་འདི་ལ་སེམས་དཀར་བློ་དཀར་བྱེད་མཁན་རྣམས་ཀྱི་གཏམ་ལ་ཉན་ནས་ཡོད་པའི་སློབ་ཆེན་པ་ཞིག་ཡིན། སློབ་ཆེན་པ་ཚོས་ཉན་ཡོད། སྤྱི་ཚོགས་སུ་ཡོང་མ་ཐག་གི་སློབ་ཆེན་པ་ཚོས་ཉན་ཡོད།  སློབ་ཆེན་པ་ནི་དེང་སང་གི་སྐད་གཉིས་སློབ་གསོ་རུ་གྲགས་པའི་སློབ་གྲྭ་ནས་ནར་སོན་ཡོང་བའི་ན་གཞོན་ཁག་ཅིག་རེད།  སློབ་ཆེན་པ་ནི་ཕ་སྐད་གཙང་མ་མི་ཤེས་ལ་གཞན་སྐད་དེ་འདྲ་མི་བྱང་བའི་ཕོ་གསར་མོ་གསར་སྐོར་ཞིག་ཡིན།  སློབ་ཆེན་པ་ནི་ནང་གིས་མར་ཕུད་གཞན་གྱིས་ཡར་དེད་ལ་ག་འགྲོ་མི་ཤེས་ནས་སྡོད་པའི་ན་གཞོན་པ་ཁག་ཅིག་ཡིན།   སློབ་ཆེན་པ་ནི་མཐའ་གཉིས་སུ་ལྷུང་བའི་སྟོང་བསམ་པ་དང་དངོས་ཡོད་པའི་ན་གཞོན་ཚོ་གཅིག་ཡིན།  སློབ་ཆེན་པ་ཚོས་ཀྱང་འདང་བརྒྱབ་བཞིན་ཡོད།  ཡུལ་མི་སྤུན་ཟླ་ཡོངས་ཀྱིས་ཕ་སྐད་གཙང་མ་ལབ་དགོས་ཞེས་ཟེར་ནས་ལོ་ངོ་དྲུག་ཅུ་ལྷག་ལ་ཟིན་པའི་ཨ་མས་ཀྱང་བྱང་ཁྰ་དང་འདྲུད་འཐེན།  འཕྲུལ་རྟ་དང་བརྡ་རྟགས་ཞེས་ནས་བཤད་སྐབས།   སློབ་ཆེན་པ་ང་ཚོས་སློབ་གསོ་འདི་མྱོང་བའི་རིན་ཐང་དེ་ཤེས་མ་སོང་། སྐྱེས་བུ་དམ་པ་རྣམས་ཀྱིས་སྲོལ་རྒྱུན་རིག་གནས་སྐོར་ཆུ་རྒྱུགས་རྒྱུགས་བྱས་ནས་གསུངས་དུས།  སློབ་ཆེན་པ་ང་ཚོས་སློབ་གསོ་མྱོང་བའི་དགོས་པ་དེ་ཤེས་མ་སོང་། སློབ་ཆེན་པ་ཚོས་ཉན་ཡོད།  ན་ཟུག་དེ་བཤད་ས་མ་རྙེད་ནས་བསྲན་ཡོད།  གང་ལྟར་ང་ཚོ་ཡང་རིམ་བཞིན་མདུན་དུ་སྐྱོད་བཞིན་ཡོད་ལ། ང་ཚོ་ལ་ཡང་དམ་བཅའ་རེ་དང་ཕུགས་བསམ་རེ་ཡོད།   ཁྱེད་ཀྱིས་བཅངས་པའི་རེ་བ་ལྟར་དུ་མ་འགྲུབ་ཀྱང་རང་ནུས་ཀྱིས་འབད་པ་བྱ་ངེས་ལགས།   ད་དུང་འདི་འདྲའི་རེ་བ་ཆེན་པོ་བཅངས་པ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་ཡིན།   སློབ་ཆེན་པ་ཚོ་ནི་ཀ་ཁའི་ཡིག་རྨོངས་སེལ་ཙམ་ཡིན་ལ།  གཞན་སྐད་ཐར་ཐོར་རེ་བཤད་ཤེས་པ་ཙམ་ཡིན། འདི་ནི་དེང་སང་སློབ་གསོའི་འབྲས་བུ་རེད་ལ། ཐོབ་དགོས་པའི་འབྲས་བུ་དེ་ཡིན་ཀྱང་སྲིད།  ཡིན་ཡང་ང་ཚོ་ཚང་མའི་སེམས་ཀྱི་ན་ཟུག་དེ་གཅིག་པ་ཡིན་པས།  འདིའི་ཐད་ནས་ཀུན་གྱིས་མཁྱེན་དགོས། 

  

 
 
དགེ་བཅུའི་ཁྲིམས་ནང་མ་འདུས་པའི་ཆང་ཟེར་བ་དེ།
[ 2011-9-7 8:55:47 | By: yucuo ]
 

དགེ་བཅུའི་ཁྲིམས་ནང་མ་འདུས་པའི་ཆང་ཟེར་བ་དེ།

    དེང་སང་སྐྱེས་མཆོག་མང་པོ་ཞིག་གིས་དགེ་བཅུའི་གལ་ཆེན་རང་བཞིན་དེ་ཡུལ་མི་སྤུན་ཟླ་རྣམས་ལ་མང་པོ་གསུངས་པས།   བོད་ཁུལ་དུ་ཆང་འཐུང་མཁན་དང་དུ་བ་འཐེན་མི་རྣམས་རིམ་བཞིན་ཇེ་ཉུང་འགྲོ་བཞིན་ཡོད་པས།  སྤྱི་བཤད་ན་འདི་ནི་དངོས་གནས་དགའ་འོས་པ་ཞིག་རེད་ལ།  ཆང་དང་དུ་བའི་གནོད་པ་ནི་ང་ལྟ་བུ་ཞིག་གིས་བཤད་མ་དགོས་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད།  ཡིན་ཡང་སྐྱོ་དགོས་པ་ཡང་ན་ཡ་མཚར་དགོས་པ་ཞིག་ནི།  དེང་སང་བོད་ཁུལ་དུ་དགེ་བཅུའི་ཁྲིམས་ལ་མ་འདུས་པའི་ཆང་ཟེར་བ་ཞིག་ཡོད་པ་རེད།  གནས་ཚུལ་འདི་ཐོས་དུས་ཁྱེད་ཀྱིས་མིག་ཅེར་ནས་ལྟ་བའམ་ཡང་ན་རྣ་བ་བསྲིངས་ནས་ཉན་ཡོད་རྒྱུ་རེད།  རྒྱུ་མཚན་ནི་སྐབས་དེ་ངའི་གྲོགས་མོས་སྐད་ཆ་འདི་བཤད་དུས་ངས་ཀྱང་རྣམ་འགྱུར་དེ་འདྲ་སྟོན་པ་ཡིན།  དེང་སང་དགེ་བཅུའི་ཁྲིམས་སྲུང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཆང་དང་དུ་བའི་ཚོང་དེ་འདྲ་ཡག་རྒྱུ་མ་རེད་ཅེས་ངའི་གྲོགས་མོ་ཞིག་ལ་དྲིས་པ་ཡིན།  མོས་ང་ལ།  རེད།  དེང་སང་དགེ་བཅུའི་ཁྲིམས་སྲུང་མི་ཇེ་མང་འགྲོ་བཞིན་ཡོད་པས།  ཆང་དང་དུ་བའི་ཚོང་དེ་འདྲའི་ཡག་པོ་མི་འདུག  ཡིན་ཡང་སྨན་ཟྭ་འདྲའི་ཆུ་༼藿香正气水༽ ཟེར་བ་དེ་ཧ་ཅང་བྲིན་པོ་འདུག་ཅེས་ཟེར།  ཆང་དང་སྨན་འདི་གཉིས་ལ་འབྲེལ་བ་ཇི་ཡོད་རྒྱུ་རེད་བསམ་ནས།  ངས་མུ་མཐུད་དུ་འདིའི་སྐོར་གྱི་གནས་ཚུལ་ཞིབ་འདྲི་བྱས་པ་ཡིན།   མོས་ང་ལ།  དེང་སང་དགེ་བཅུ་ཁྲིམས་དེ་སྡེ་བ་དང་སྡེ་བ་བྱས་ནས་ཁས་ལེན་བཞིན་ཡོད་ལ།  ད་དུང་བླ་སྤྲུལ་སྐྱེས་མཆོག་རྣམས་ནི་རང་གི་གཙུག་གི་དཀོན་མཆོག་བཞིན་དུ་རྩི་བས།  ཁོང་ཚོའི་བཀའ་དང་འགལ་ནས་ཐད་ཀར་ཨ་རག་དང་ཆང་ནི་འཐུང་མི་ཕོད་པ་རེད།  ཡིན་ཡང་ཆང་དེ་འཐུང་ཡུན་རིང་སོང་བས་དེ་མ་ཐག་ཏུ་ཐིགས་པ་གཅིག་ཀྱང་མི་འཐུང་ཟེར་ན་དཀའ་མོ་རེད།   དེ་ཡང་སུ་ཞིག་གིས་དང་པོ་སྨན་ ཟྭ་འདྲའི་ཆུ་༼藿香正气水༽ ཟེར་བ་དེ་འཐུང་ནས་གཟིར་བ་ཡིན་པ་མི་ཤེས་མོད།  ཡིན་ཡང་དེང་སང་ཆང་འཐུང་མང་པོ་ཞིག་གིས་ཟྭ་འདྲའི་ཆུ་༼藿香正气水༽ ཟེར་བ་དེ་འཐུང་བཞིན་ཡོད་ལ།   དེ་ཤོག་སྒམ་གང་འཐུང་ན་ཨ་རག་ཤེལ་དམ་གང་འཐུང་བ་དང་གཉིས་སུ་མེད་པ་གཟིར་གྱིན་འདུག་ཟེར།  ད་དུང་ཁོ་ཚོའི་བར་ལ་འདི་འདྲ་ཞིག་ཟེར་གི་རེད།  ཁྱོད་ཀྱིས་དགེ་བཅུའི་ཁྲིམས་ཁས་ལེན་ཨེ་ཡོད།  གལ་ཏེ་ཡོད་ན་འདི་འཐུང་དང་ཆོག་རེད་ཟེར་ནས་ ཟྭ་འདྲའི་ཆུ་༼藿香正气水༽ ཟེར་བ་དེ་འཐུང་བཞིན་ཡོད་པ་རེད།   དོན་འདི་ངས་ཡ་མཚར་བའི་སྒོ་ནས་གྲོགས་པོ་མང་པོ་ཞིག་ལ་བཤད་པ་ཡིན། ཡིན་ཡང་མི་མང་པོ་ཞིག་གིས་ང་ཚོའི་ཕ་ཡུལ་དུ་ཡང་ ཟྭ་འདྲའི་ཆུ་༼藿香正气水༽ ཟེར་བ་དེ་འཐུང་བཞིན་འདུག་ཅེས་ཟེར་མཁན་མང་པོ་འདུག   ད་དུང་ཕོ་གསར་བར་དུ་འདི་འདྲའི་མཚར་གཏམ་རྒྱུན་དུ་ལབ་ཀིན་རེད་ཟེར།  ཁྱོད་ཀྱིས་ཆང་གཅོད་ཡོད་ན་ཡང་སྨན་གཅོད་ཡོད་རྒྱུ་མ་རེད་པ།  དེས་ན་ ཟྭ་འདྲའི་ཆུ་༼藿香正气水༽འདི་འཐུང་ཟེར་ནས་འཐུང་གིན་རེད།    

     འདི་ནི་ང་ལ་བཤད་ན་དངོས་གནས་ཡ་མཚར་བའི་གནད་དོན་ཞིག་རེད་ལ།  ང་ཚོ་ཚང་མས་སེམས་ཁུར་བྱེད་དགོས་པའི་གནད་དོན་ཞིག་ཀྱང་ཅི་ལ་མིན།   དེ་ཡང་ ཟྭ་འདྲའི་ཆུ་༼藿香正气水༽ ཟེར་བ་འདི་ཤོག་སྒམ་གང་འཐུང་ན་སྐྱེས་པ་ཞིག་གཟིར་དོན་ཅི་ཡིན་པ་དང་།    འདི་འཐུང་དྲགས་ན་གནས་ཚུལ་ཅི་བྱུང་བ་དེ་ནི་དངོས་གནས་ང་ཚོ་ཤེས་དགོས་པ་ཞིག་རེད།   དེ་ཡང་འདིའི་སྐོར་ངའི་ཆེད་དུ་དྲ་ཐོག་ནས་བཙལ་བ་ཡིན།  ཟྭ་འདྲའི་ཆུ་༼藿香正气水༽ ཟེར་བ་དེའི་ནང་ལ་ཆང་བཅུད་འདུས་པ་མ་ཟད།  ཆང་བཅུད་ཀྱི་འདུས་ཚད་དེ་ཨ་རག་དང་འདྲ་བ་རེད་ཟེར་ནས་སྨན་པ་ཞིག་གི་དངོས་སུ་བཤད་འདུག་ལ།  ད་དུང་ ཟྭ་འདྲའི་ཆུ་༼藿香正气水༽ ཟེར་བའི་ཤོག་སྒམ་ཐོག་ཏུ་གཟབ་དགོས་པའི་གནད་དོན་ནི་ནད་པ་ལ་ལས་འདི་འཐུང་ན་སིལ་བུ་བུད་པ་འམ།  དྲན་པ་རྒྱལ་བ།  སེམས་ཀྱི་འཕགས་ཚད་དེ་ཇེ་མགྱོགས་འགྲོ་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད་ཅེས་གསལ་པོ་བྲིས་འདུག་ལ།  ད་དུང་ཕོ་གསར་ཞིག་གིས་ཟྭ་འདྲའི་ཆུ་༼藿香正气水༽ ཟེར་བ་དེ་འཐུང་དྲགས་ནས་ཕོ་ཁ་ལས་ཁྲག་བྱུང་བའི་ནད་ལྕི་མོ་ཕོག་པ་རེད་ཟེར། 

         གནས་ཚུལ་འདི་དག་ལྟོས་རྗེས་དངོས་ནས་ང་ལ་རང་དབང་མེད་པ་སྐྲག་སྣང་ཞིག་སྐྱེས་བྱུང་ལ།   གལ་ཏེ་ཁོ་ཚོས་ཉིན་ལྟར་དུ་ཟྭ་འདྲའི་ཆུ་༼藿香正气水༽ ཟེར་བ་དེ་ཤོག་སྒམ་གང་རེ་འཐུང་ན།  དུས་ནམ་ཞིག་ན་དངོས་གནས་ནད་བཅོས་དཀའ་བ་ཞིག་ཕོག་རྒྱུ་རེད།   དེ་དུས་མི་ལ་ན་ཚ་དང་རྒྱུ་ལ་གྱོང་གུན་བྱུང་བ་མ་ཟད།  ད་དུང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་མང་པོ་ཞིག་ཀྱང་སྡུག་ལ་སྦྱར་རྒྱུ་རེད།  གལ་ཏེ་རྣམ་པ་ཚོའི་གྲོགས་པོ།  ཡང་ན་ཡུལ་མི་སྤུན་ཟླ་རྣམས་ཀྱིས་ཟྭ་འདྲའི་ཆུ་༼藿香正气水༽ ཟེར་བ་དེ་འཐུང་བཞིན་ཡོད་ན།   ངེས་པར་དུ་དེའི་གནོད་འཚེའི་སྐོར་བརྗོད་ནས་བཀག་འགོག་རེ་གནང་རོགས་བྱོས་ལ།  འདི་སྤྱི་སྨན་ཞིག་ཡིན་རུང་འཐུང་མང་ན་དུག་ལ་འགྱུར་ངེས་པ་དང་།  མདོར་ན་འདི་ཆང་གི་ཚབ་ཏུ་འཐུང་བཞིན་ཡོད་པའི་སྐྱེས་པ་རྣམས་ལ་མ་འཐུང་ཟེར་ནས་བཀག་འགོག་རེ་བྱེད་རོགས་ཟེར་བ་དེ་ཡིན།

     དགེ་བཅུའི་ཁྲིམས་ནང་མ་འདུས་པའི་ཆང་༼ཟྭ་འདྲའི་ཆུ་༼藿香正气水༽ ཟེར་བ་དེ་༽འདིའི་གནད་པ་དེ་ངོས་ཟིན་དུ་བཅུག་ནས་བཀག་འགོག་བཟོ་རྒྱུ་ནི་ང་ཚོ་ཚང་མའི་འོས་འགན་རེད། 

 

 

 

 
 
རྒྱལ་པོ་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་དང་། འོས་སྦྱོར།
[ 2011-9-5 17:02:52 | By: yucuo ]
 

རྒྱལ་པོ་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་དང་།  འཁྲུངས་དུས།  སྲིད་དབང་གི་མངའ་ཁོངས་སོགས་ལ་རགས་ཙམ་དཔྱད་པ།

ཐུབ་བསྟན་ཕུན་ཚོགས།

རྩོད་ལྡན་དུས་ཀྱི་ཡོ་ལངས་ནང་བྲན་གཡོག་ལམ་ལུགས་སུ་གྱུར་པའི་བོད་ཀྱི་སྤྱི་ཚོགས་དེ་ཉིད་རྒྱལ་ཕྲན་སིལ་མ་བཅུ་གཉིས་སུ་གྱེས་ཤིང་།   དེ་ཡང་ཡུལ་གྲུ་རྒྱ་ཆེ་བ་དང་།  གྲོང་སྡེ་ཁ་མཐོར་བའི་སྟབས་ཀྱིས་རིམ་བཞིན་ལུང་ཤོག་རེ་ལ་དཔོན་འགོ་རེ་ཆགས་ཏེ་རྒྱལ་ཕྲན་སིལ་མ་བཞི་བཅུའི་བར་དུ་ཐོར་ཞིག་སོང་ཡོད་ནའང་།  གཤེན་རབ་མི་བོ་ཆེ་སྤུ་རངས་སུ་འཁྲུངས་ཏེ་སྐུ་ནར་སོན་པ་དང་རྒྱལ་ཕྲན་མང་པོ་ཞིག་གི་ཡུལ་དུ་ཕེབས་ནས་སྲས་མོ་རྣམས་ཁབ་ཏུ་བཞེས་ཤིང་གཉེན་གྱི་འབྲེལ་ལམ་གཙུགས་པ།  དུས་མཚུངས་བོན་ཆོས་དང་རིག་གནས་ཀྱི་སྐོར་མང་པོ་ཞིག་ཆད་སྤེལ་གནང་སྟེ་མཛའ་མཐུན་གྱི་འབྲེལ་ལམ་རྒྱ་ཆེར་བསྐྱེད་པའི་སྟབས་ཀྱིས།  བོད་ཡུལ་ཀུན་ཏུ་བོན་གྱི་ཆོས་དང་རིག་གནས་ལ་དད་ཞེན་དང་།  བྱ་བ་གང་ཞིག་སྒྲུབ་ཀྱང་ལས་འབྲས་བརྩི་སྲུང་བྱེད་ཅིང་ལྷ་འདྲེས་ཕན་གནོད་བྱེད་པ་ལ་ཡིད་ཆེས་ཀྱིས་ལྷ་ཆོས་ཅིང་འདྲེ་བཀར་བའི་སྲོལ་དེ་ཐུན་མོང་ཅན་དུ་ཆགས་ཡོད་པ་རེད།

       སྐབས་དེར་སྤུ་བོའི་ཡུལ་དུ་སྐྱེས་པའི་ཨུ་བེ་ར་བྱ་བ་གཤིས་རྒྱུད་གྱོང་ལ་དཔའ་རྩལ་དང་སྙིང་སྟོབས་འགྲན་ཟླ་བྲལ་བ་ཞིག་ཡོད་པ་དེ་ཉིད།  ཡུལ་ཡར་ལུང་དུ་ཕེབས། སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས།  སྟོད་ཀྱི་མངའ་རིས་སྐོར་གསུམ་ཕུད།  དེ་མིན་རྒྱལ་ཕྲན་ཕལ་ཆེར་དབང་དུ་བསྡུས་ཏེ་སྤུ་རྒྱལ་གཉའ་ཁྲི་བཙན་པོ་ཞེས་པའི་མཚན་སྙན་ཀྱི་ཅོད་པཎ་གསོལ་བ་ནི།  བོད་དུ་རྒྱལ་པོའི་མཚན་ཅན་ཐོག་མར་བྱུང་པའི་རྒྱལ་རབས་དང་པོ་དེ་ཡིན།

     དེ་ནས་བཟུང་ཞང་བོད་གཉིས་སུ་ཆགས་པའི་ཞང་ཞུང་ཞེས་པ་དེ་རྒྱལ་པོ་གཉའ་ཁྲི་བཙན་པོའི་གོང་དུ་བྱུང་བའི་རྒྱལ་ཕྲན སིལ་མ་བཞི་ཅུའི་ནང་ཚན་སྟོད་ཀྱི་མངའ་རིས་སྐོར་གསུམ་གྱི་ཡུལ་དུ་བྱུང་བའི་རྒྱལ་ཕྲན་ཞིག་སྟེ།  གཉའ་ཁྲི་བཙན་པོས་བོད་ཡུལ་གྱི་རྒྱལ་ཕྲན་རྣམས་དང་དབང་སྒྱུར་བྱེད་པའི་དུས་སུ།  ཞང་ཞུང་གི་རྒྱལ་ཕྲན་གྱིས་སྟོད་ཕྱོགས་དབང་དུ་བསྒྱུར་ནས་བོད་དང་ཞང་ཞུང་ཞེས་པ་དེ་ནས་བྱུང་བར་འདོད།

   ཞང་ཞུང་རྒྱལ་ཕྲན་གྱིས་གཉས་ཁྲི་བཙན་པོས་བོད་ཡུལ་དབང་དུ་མ་བསྡུས་གོང་སྲིད་ཕྱོགས་ནས་བོད་ཡོངས་ལ་གཅིག་གྱུར་བྱེད་ཐུབ་པ་ཞིག་བྱུང་མེད་ནའང་།  བོན་ཆོས་དང་རིག་གནས་ལ་བོད་མི་ཡོངས་ཀྱིས་དད་པ་དང་ཡིད་ཆེས་བྱས་པ་དེ།  ཐུན་མོང་ཅན་གྱི་ཁ་ཕྱོགས་ཤིག་ཆགས་ཡོད་སྟབས། བོན་གྱི་ཆོས་དང་རིག་གནས་ཀྱི་འབྱུང་ཁུངས་གཤེན་རབ་མི་བོ་ཆེའི་འཁྲུངས་ཡུལ་ཞང་ཞུང་འོལ་མོ་ལུང་རིང་གི་ཡུལ་འདི་སྙན་གྲགས་ཆེ་ཤོས་ཀྱི་ཡུལ་དབུས་ལྟ་བུ་ཞིག་བརྩི་སྲོལ་བྱུང་ཡོད་པ་ནི།  བོད་ཀྱི་ཡུལ་འདིར་ཞང་ཞུང་སྒོ་ཕུག་བར་གསུམ་ཞེས་འབོད་སྲོལ་ཡོད་པ་འདི་ཡིས་ཤེས་ཐུབ། 

དེང་དུས་ཀྱང་གཉའ་ཁྲི་བཙན་པོའི་གོང་གི་རྒྱལ་ཕྲན་དེ་དག་གི་ནང་དུ། རྒྱལ་རབས་དང་བོན་རབས་སོགས་ཀྱི་ལོ་རྒྱུས་ཅུང་ཟད་གསལ་པོར་མཐོང་རྒྱུ་ཡོད་པ་ནི་ཞང་ཞུང་རྒྱལ་ཕྲན་གྱི་ལོ་རྒྱུས་དེ་ཀོ་ན་ཡིན་ལ།  རྒྱལ་ཕྲན་གཞན་རྣམས་ནི་གཉའ་ཁྲི་བཙན་པོའི་མངའ་ཁོངས་ཀྱི་ཀློང་དུ་ཐིམ་རྗེས།  ཡུལ་དང་རྒྱལ་ཕྲན་གྱི་མིང་ཙམ་ཞིག་ཏུན་ཧོང་གི་ཡིག་ཆ་དང་། ཆོ་འབྱུང་མཁས་པའི་དགའ་སྟོན་བཅས་ལ་གསལ་བ་ལས་གཞན་པའི་ལོ་རྒྱུས་ཀྱི་སྐོར་རྣམས་མཐོང་རྒྱུ་མེད་པར་གྱུར་འདུག 

 གཅིག   གཉའ་ཁྲི་བཙན་པོའི་འབྱུང་ཁུངས་སྐོར། 

བོད་དུ་སངས་རྒྱས་ཆོས་ལུགས་དར་བ་ནས་བཟུང་བོད་རང་གི་གནའ་བོའི་ཆོས་ལུགས་རྙིང་པ་བོན་དང་རིག་གནས་སོགས་ཀྱི་ལོ་རྒྱུས་རྣམས་ཐབས་སྣ་ཚོགས་ཀྱིས་བསུབ་ཅི་ཐུབ་པ་དང་། བོད་ཀྱི་རིགས་གནས་མཐའ་དག་གི་ཁུངས་དེ་རྒྱ་གར་ལ་གཏུགས་གང་ཐུབ་བྱས་པ་མ་ཟད།   བོད་མིའི་རིགས་རྒྱུད་དང་རྒྱལ་པོའི་ཁུངས་ཀྱང་རྒྱ་གར་ལ་གཏུགས་རྒྱུའི་རེ་བ་བཅངས་ཏེ།  རྒྱལ་པོའི་གཉའ་ཁྲི་བཙན་པོ་དེ་རྒྱ་གར་ཤྰཀྱའི་རུས་རྒྱུད་ལས་བྱུང་ཚུལ་སོགས་ཀྱི་བཤད་ཡམས་མི་འདྲ་བ་འགའ་ཞིག་བྱུང་མོད།  འོན་ཀྱང་དེ་ཚོས་སྔོན་འབྱོན་གྱི་མཁས་པ་ཆེན་པོ་དང་དཔའ་བོ་གཙུག་ལག་ཕྲེང་བ་དང་།  དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་པོ་ཆབ་སྤེལ་ཚེ་བརྟན་་ཕུན་ཚོགས་སོགས་མཁས་པ་མི་ཉུང་བ་ཞིག་གིས་དཔྱད་གསུམ་ཚད་མའི་བདེན་དཔང་དང་བཅས་པའི་སྒོ་ནས་སུན་འབྱིན་མཛད་དེ།   ལོ་རྒྱུས་དངོས་ཀྱི་རྣམ་པ་གསལ་སྟོན་གནང་ཡོད་སྟབས།  སླར་ཡང་དེར་སྤྲོས་པ་མང་པོ་དགོས་མེད་དུ་མཐོང་ནས།  འདིར་ཁུངས་ལྡན་གྱི་ཡིག་རྙིང་དག་ལས་གསལ་བ་ཇི་བཞིན་ལོ་རྒྱུས་དངོས་ཁྱི་རྣམ་པ་ཅུང་ཟད་ཞུ་བ་ལ།   དེ་ཡང་སྤྱི་ལོའི་དུས་རབས་བཅུ་གཉིས་པར་བརྩམས་པའི་མཁས་པའི་ལྡེའུ་ཆོས་འབྱུང་ལས།  ཡུལ་སྤོ་བོའི་ཡུལ་ནས།  སྤུའི་མི་མོ་མོ་བཙུན་བྱ་བའི་རུམ་ནས་ཐེ་རང་སྤུན་དགུ་སྐྱེས་པའི་ཆུང་བདག་ཐེ་རང་མ་སྙ་ཨུ་བེ་ར་བྱ་བ་།  ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ། ཕྱག་སོར་དྲ་བ་འབྲེལ་བ།  ཤིན་ཏུ་གདུག་རྩུབ་དང་ནུས་མཐུ་བ་གཅིག་བྱུང་བས།  འདི་ཐུ་དྲག་བཤུག་དགོས་ཟེར་ནས།  སྤུ་བོའི་ཡུལ་གྱི་བན་བོན་ནུས་མཐུ་ཅན་རྣམས་ཀྱིས་ཐེ་རང་སྐྱས་འདེབས་བྱས་ནས།  བོད་དུ་བཤུག་པ་ལ། དེར་བོད་ཀྱི་མིས་རྗེ་འཚོལ་བ་དང་ཕྲད་ནས་ཁྱོད་ཅི་འདྲ་ཞིག་ཡིན་བྱས་པས།  ང་སྤུ་བོའི་ཡུལ་གྱི་མི་གཅིག་ཡིན་ཟེར་བས།  འོ་ན་ཕྱག་སོར་དང་ལྕེ་ངོ་མཚར་ཆེ་བ་གཅིག་འདུག་པ།  ཁྱོད་ལ་ནུས་མཐུ་འདྲ་ཅི་ཡོད་བྱས་པས། ཁོ་ན་རེ།  ནུས་མཐུ་དང་རྫུ་འཕྲུལ་ཆེ་དྲགས་པའི་བཤུག་པ་ཡིན་ཟེར། འོ་ན་ངེད་ཀྱི་རྗེ་བཅོལ་ལོ་བྱས་ནས་གཉའ་བའི་ཁྲི་ལ་བླངས། རྗེ་འདི་གཉའ་ཁྲི་བཙན་པོ་ཡིན་བྱས་ནས་རྗེ་བཅོལ་བའི་ལོ་རྒྱུས་གདའ་སྟེ།  འདི་ནི་རྗེའི་རྔན་ནམ་མཚང་ལགས་སོ། ། ཞེས་དང་།

ཡང་ལྕང་གླང་ཕ་རོལ་པའི་རྡོ་རྗེས་མཛད་པའི་ཡུལ་བུ་གླ་སྒང་གི་དཀར་ཆག་ལས།  སྤོ་བོའི་ཡུལ་དུ།  བྱ་མོ་བཙུན་བྱ་བའི་མངལ་ན་ཐེ་རང་སྤུན་དགུ་སྐྱེས་པའི་ཆུང་མཐར་ཨུ་བེ་ར་བྱ་བ་བཞིན་གྱི་དཀྱིལ་འཀོར་ལེགས་པ།  ཕྱག་སོར་དྲ་བས་འབྲེལ་བ། ཤིན་ཏུ་མཐུ་ཆེ་བ་ཞིག་བྱུང་བ་དེ་ཡུལ་མི་ཀུན་གྱིས་འདྲེར་བརྩིས་ནས་ཡུལ་ཕུད་དེ་བོད་དུ་འོང་བའི་ཚེ།  བོད་རྣམས་རྗེ་བོ་འཞོལ་བ་དང་བྱང་ལམ་གཡའ་ལེ་གོང་དུ་འཕྲད་ནས་ཁྱོད་སུ་ཡིན། གང་ནས་འོངས་དྲིས་པས།  ང་སྤུ་བོའི་ཡུལ་ནས་འོངས།  ད་བོད་ལ་འགྲོ་བྱས་པས། འོ་ན་ཁྱོད་ལ་ནསུ་པ་ཅི་ཡོད་ཟེར། དེ་ན་རེད། ང་ནུས་མཐུ་ཆེ་བས་ཡུལ་ནས་ཕུད་པ་ཡིན་ཟེར།  འོ་ན་ཁྱོད་ཀྱི་རྒྱལ་པོ་བྱེད་དགོས་ཟེར་ནས་གཉའ་བར་ཁྲི་བཏེགས་ཏེ་རྒྱལ་པོ་བསྐོས་པས་མིང་ཡང་རྒྱལ་པོ་གཉའ་ཁྲི་བཙན་པོའི་བཏགས།  ཞེས་སོགས་གསུངས་ཡོད་པ་དེ་དག་དོན་དུ་གཅིག་པར་སྣང་བ་དང་།   ལྡེའུ་ཇོ་སྲས་ཀྱི་མཛད་པའི་ལྡེའུ་ཆོས་འབྱུང་ལས།   ཡང་གསང་ཐེ་རང་མང་སྙ་ཨུ་བེ་ར་ལས་ཆད་པའམ་ཡུལ་སྤུ་ཡུལ་ནས་སྤུ་མི་མོ་བཙུན་གྱི་རུམ་ནས་བྱུང་བ་གཅིག་དང་རྒྱལ་པོ་གཉའ་ཁྲི་བཙན་པོར་མཚན་གསོལ་ནས་བོད་རྗེ་བྱས་པའི་ལོ་རྒྱུས་ཡོད་དོ། །   ཞེས་ཐེ་རང་མང་སྙ་ཨུ་བེ་ར་ཞེས་པ་ནི་གཉས་ཁྲི་བཙན་པོའི་ཡབ་ཀྱི་རིགས་རུས་ཡིན་པར་བཤད་འདུག   འདིར་ཐེ་རང་ཞེས་པའི་ཐ་སྙད་ཡོད་པ་ཐམས་ཅད་འདྲེ་ཐེ་རང་གི་མིང་ཁོ་ན་ཡིན་པར་སེམས་པ་ནི་མི་འཐད་དེ།   དཔེར་ན་དབུས་སུ་ལྷ་ཀླུ་ཞེས་པའི་ཁྱིམ་ཚང་ཞིག་ཡོད་པ་དེའི་ནང་དུ་སྐྱེས་པའི་མི་རྣམས་ལྷ་དང་ཀླུའི་རིགས་སུ་གོ་བར་བྱས་ན་མི་འཐད་པ་དང་།  ཁམས་སུ་བྱ་རྒོད་ཅེས་པའི་ཁྱིམ་དུ་སྐྱེས་པའི་མི་ལ་བྱ་རྒོད་ཀྱི་ཕྲུ་གུ་་ཡིན་པར་བཤད་ན་མི་འཐད་པ་བཞིན་དུ།   འདི་ཡང་ཐེ་རང་མང་སྙ་ཞེས་པ་ནི་སྤུ་བོའི་ཡུལ་གྱི་ཁྱིམ་ཚང་ཞིག་གི་མིང་ཡིན་པར་ངེས།

གཉའ་ཁྲི་བཙན་པོ་སྤུ་བོའི་ཡུལ་དུ་མི་ཚང་ཞིག་གི་ནང་དུ་བུ་སྤུན་དགུའི་ཐང་ཆུང་དུ་སྐྱེས་ཤིང་མཐུ་རྩལ་ཆེ་དྲགས་པས་ཡུལ་མིས་ཕུད་པ་ཞེས་པ་དང་།  བོད་རྣམས་རྗེས་བོ་འཚོལ་བ་དང་ཕྡ་པས་ཁྱོད་ཀྱིས་བོད་ཀྱི་རྗེ་བོ་བྱེད་ཨེ་ནུས་ཞེས་དྲིས་པ་སོགས་ཀྱི་ཚིག་དོན་ལ་དཔྱད་ན།  གཉས་ཁྲི་བཙན་པོ་ཐུགས་རྒྱུད་གྱོང་པོ་ཡོད་པ་དང་།  སྤུན་མཆེད་མང་སྟབས་ཡུལ་གྱི་དཔོན་པོའི་བརྙས་བཅོས་དང་སྡིགས་མོ་སོགས་ལ་མགོ་སྒུར་མ་འདོད་པར་ལོ་གྲངས་མང་པོ་ཞིག་རིང་གྱེན་ལོག་དང་ངོ་རྒོལ་བྱས་ཀྱང་།   མཐར་དཔུང་ཤུགས་མང་ཉུང་གི་མ་བརྟན་པས་ཡུལ་དེར་སྡོད་པའི་ཐབས་ཟད་དེ།  བོད་ཡུལ་དབུས་ཀྱི་ཕྱོགས་སུ་ཡུལ་བུད་ནས་འོང་བ་དང་།  ལམ་བར་དུ་བོད་ཡུལ་དབུས་ཀྱི་རྒྱལ་ཕྲན་དག་གི་མནར་གཅོད་འོག་ནས་བྲོས་བྱོལ་བྱུང་ཞིང་རང་གི་མགོན་དང་དཔུང་རོགས་འཚོལ་ཀྱིན་ཡོད་པའི་བོད་མི་ཚོ་ཁག་གཅིག་དང་ཕྲད་ནས།  དེ་དག་དང་ལྷན་དུ་དཔུང་བསྡེབས་ཏེ་ཡུལ་ཡར་ལུང་དུ་ཕེབས།  ཐོག་མར་ཡར་ལུང་ཕྱོགས་ཀྱི་རྒྱལ་ཕྲན་དེ་དབང་དུ་བསྡུས།  སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས། དེ་ནས་མངའ་ཐང་རིམ་བཞིན་བསྐྱེད་དེ་མཐར་དྭགས་ཀོང་སོགས་བོད་ཡུལ་གྱི་རྒྱལ་ཕྲན་ཕལ་ཆེར་དབང་དུ་བསྡུས་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་ལྟ་བུ་རེད།

  གཞན་ཡང་འདིའི་སྐོར་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ལས།  བཤད་ཚུལ་འདི་ལྟར་ན་གཉའ་ཁྲི་བཙན་པོ་འཁྲུངས་པའི་ས་ཆ་ནི་བོད་ལྗོངས་སྤུ་བོའི་ཡུལ་ཏེ།  ད་ལྟ་ཉིང་ཁྲིང་ས་ཁུལ་ཁོངས་སྤོ་མེས་རྫོང་ནས་ཡིན་པ་དང་།  ཁོང་གི་ཡུམ་ནི་སྤོ་ཡུལ་གྱི་བུད་མེད་མི་བཙུན་བྱ་བ་དེ་ཡིན་པའི་བུ་སྤུན་དགུའི་ཐ་ཆུང་དུ་གྱུར་ཅིང་།  ཕ་ཡུལ་དང་བྲལ་ནས་བོད་ཀྱི་དབུས་སུ་འབྱོན་དགོས་པའི་རྒྱུ་རྐྱེན་ཡང་ཁོང་ཐུགས་རྒྱུད་གྱོང་ལ་རྩལ་སྟོབས་ཆེ་བས་ཡུལ་དེའི་འགོ་པའི་བརྙས་དམོད་དང་བསྡམས་ཁྲིམས་སོགས་ཁུར་དུ་མ་འདོད་པས་ཡུལ་མི་ཚོས་ཕྱིར་འབུད་བྱས་ཚུལ་རྣམས་སྐབས་དེའི་སྤྱི་ཚོགས་འཕེལ་རིམ་དང་།  ས་ཡུལ་གྱི་ཆགས་བབ་སོགས་ཡུལ་དུས་ཀྱི་ལོ་རྒྱུས་དངོས་བབ་ཆགས་པ་ཞིག་ཡིན་པ་མ་ཟད། ལྷག་པར་ལྡེའུ་ཆོས་འབྱུང་ནང་བོན་གྱི་འདོད་ཚུལ་དྲངས་ཏེ་གཉའ་ཁྲི་བཙན་པོའི་གཤེགས་ཉི་ཤུ་རྩ་བདུན་ཞེས་པའི་ནང་གི་ས་མིང་དཔེར་ན་གཡུ་ཡུལ་གཡམ་ཁང་དུ་གཤེགས།  དེ་ནས་བླ་འབྲུམ་གྱང་གཡའ་མ་གོང་དུ་གཤེགས།   དེ་ནས་དྭགས་ཡུལ་ཤིང་ནག་ཏུ་གཤེགས། དེ་ནས་ང་ལ་གཡའ་མ་གོང་དུ་གཤེགས།  དེ་ནས་བཙན་དང་སྒོ་བཞིར་གཤེགས་ཞེས་པ་སོགས་ས་མིང་མང་པོ་ཞིག་ད་ལྟའང་ངོས་འཛིན་རྒྱུ་ཡོད་པ་མ་ཟད།  གོ་རིམ་ཡང་སྤོ་ཡུལ་ནས་ཀོང་པོ་དང་།  དེ་ནས་དྭགས་པོ་བརྒྱུད་ཡར་ལུང་དུ་ཕེབས་པ་གསལ་པོ་མཚོན་ཀྱི་ཡོད།   ལྷག་པར་དུ་བླ་འབྲུམ་གྱང་མདོ་ཞེས་པ་ནི་ཡིག་ཚང་དུ་མའི་ནང་གཉའ་ཁྲི་བཙན་པོ་ཐོག་མ་ལྷ་རི་གྱང་དོར་ཕེབས་ཚུལ་འཁོད་པ་དེ་སྣང་ཞིང་།  ལྷ་རི་གྱང་དོ་ནི་ཀོང་པོ་ཉིང་ཁྲི་རྫོང་ཁོངས་སྟག་རྩེ་ཆུས་ཀྱི་ན་ངུ་གྲོང་ཚོའི་འགྲམ་དུ་ཡོད་པའི་དུས་ཕྱིས་བོན་རིར་གྲགས་པ་སྟོན་པ་བཤེན་རབ་ཁྱི་གནས་རི་དེ་ཡིན་པ་དང་།   ང་ལ་གཡའ་མ་གོང་ཞེས་པ་ནི་ལྕང་གླང་པས་བྱང་ལམ་གཡའ་ལེ་གོང་གསུངས་པ་དང་དོན་གཅིག་ཡིན་ལ།  དེ་ནི་དྭགས་པོ་སྐྱེམ་སྟོང་ནས་སྣང་རྫོང་དུ་ཡོང་བའི་ལམ་བར་ན་ཡོད་པའི་དེང་སང་ཡང་ཀོང་པོ་ང་ལ་ཞེས་ཡོངས་སུ་གྲགས་པའི་ལ་ཆེན་དེ་ཡིན། ཡར་ཁྱིམ་སོག་ཀར་ནི།  ཡར་ལུང་སོག་ཁ་ཞེས་པ་ས་དབྱིབས་སོག་པའི་གཟུགས་ལྟར་ལ་བཤད་པ་ཡིག་ཚང་གཞན་དུའང་གསལ་ཞིང་།  མཐར་ཡར་ལུང་གི་བཙན་ཐང་སྒོ་བཞིར་ཕེབས་པ་སོགས་ངེས་པ་རྙེད་པའི་ར་འཕྲོད་ཐུབ་པ་དང་། དུས་མཚུངས་གཉའ་ཁྲི་བཙན་པོ་དང་ཁོང་གི་གདུང་རྒྱུད་ལ་སྤུ་རྒྱལ་ཞེས་པའི་མཚན་ཐོགས་དོན་ཐད་བཤད་ཚུལ་དུ་མ་ཡོད་ཀྱང་།  སྤུ་བོའི་ཡུལ་ནས་བྱོན་པའི་རྒྱལ་པོ་དེ་ལ་མཚན་སྤུ་རྒྱལ་ཞེས་ཐོགས་པ་ལོ་རྒྱུས་བྱུང་བ་དངོས་ཀྱི་ཐོག་གནས་གསལ་བཤད་གང་ལེགས་བྱུང་བ་བཅས་མདོར་ན་གཉའ་ཁྲི་བཙན་པོ་ནི་ལྷ་དང་ཐེ་རང་མ་ཡིན་ལ།  རྒྱ་གར་དང་རྒྱ་ནག་གི་མི་ཡང་མ་ཡིན་པར་བོད་རང་གི་མི་ཞིག་ཡིན་ནོ། །  ཞེས་སོགས་བྲིས་ཡོད་པ་ནི་ལོ་རྒྱུས་ཀྱི་དོན་དངོས་ལ་རེག་པའི་དཔྱད་གཏམ་ཞིག་རེད།

ང་ཚོས་བོད་ཀྱི་རྒྱལ་རབས་འཆད་པའི་སྐབས་སུ་གཉའ་ཁྲི་བཙན་པོ་གནམ་ནས་བབས་པ་དང་།  ལྷ་ལས་ཆད་པར་བཤད་པ།  སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་སྟབས་དབུ་ཡི་སྟེང་དུ་འོད་དཔག་མེད་པའི་དབུ་ཞིག་ཡོད་པ་སོགས་འཇིག་རྟེན་མི་ལུགས་ལས་འདས་པའི་བཤད་སྲོལ་བྱུང་ཡོད་པ་འདི་དག་ལ་ཡ་མཚན་སྐྱེ་དགོས་པའི་རྒྱུ་མཚན་གང་ཡང་ཡོད་པ་མ་རེད།  བཤད་སྲོལ་འདི་རིགས་ནི་གནའ་བོའི་རྒྱལ་པོ་དང་མི་ཆེན་རྣམས་ཀྱིས་གཞན་ལ་དབང་སྒྱུར་བྱེད་ཆེད་རང་གི་ཆེ་བ་བརྗོད་དེ་རང་ཉིད་ལྷའི་སྤྲུལ་པ་མི་ཡུལ་དུ་ཡོང་བ་ཡིན་ཚུལ་དྲིལ་བསྒྲགས་བྱེད་པ་དེ།  དུས་རབས་དང་བསྟུན་པའི་དབང་སྒྱུར་བྱེད་ཐབས་ཤིག་ཡིན་སྟབས།  བོད་ཡུལ་གཅིག་པུ་ཙམ་མ་ཡིན་པ་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ཡུལ་དུའང་དེ་ལྟར་བྱུང་ཡོད་པ་དཔེར་ན།  ཨེའེ་ཅིའི་རྒྱལ་པོ་ཧྥ་ལའོ་ཟེར་བ་དེས་རང་ཉིད་ལྷའི་བུ་རྒྱུད་ཡིན་ཟེར་བ་དང་།  པ་པིའི་ལུན་གྱི་རྒྱལ་པོ་ཧན་རྨོ་ལ་སྦིས་ཟེར་བ་དེས་མི་དམངས་ལ་དབང་སྒྱུར་བྱེད་པའི་ཁྲིམས་ཡིག་གཅིག་བརྩམས་ཡོད་པ་དེ་ཉི་མའི་ལྷས་གནང་བྱུང་ཟེར།   རྒྱ་ནག་ཏུ་ཧྲང་རྒྱལ་རབས་ཀྱི་དུས་སུ་རྒྱལ་པོ་ནི་ལྷའི་སྲས་པོ་ཡིན་ཚུལ་གྱི་བཤད་སྲོལ་བྱུང་ཡོད་པ་འདི་དག་ལྟ་བུ་རེད།

  གཉིས།   གཉའ་ཁྲི་བཙན་པོ་བྱུང་བའི་དུས་ཚིགས་སྐོར།  

རྒྱལ་པོ་གཉའ་ཁྲི་བཙན་པོ་བྱུང་བའི་དུས་ཚིགས་སྐོར་ལ་བཤད་ཚུལ་མི་འདྲ་བ་ཁ་ཤས་བྱུང་ཡོད་པ་དེ་དག་ལས།  བསྟན་རྩིས་ཀུན་བཏུས་རེའུ་མིག་ཏུ་བཀོད་པའི་སུམ་པ་མཁན་པོའི་བཞེད་པ་དེ་ལོ་རྒྱུས་ཀྱི་དུས་རབས་དང་མཐུན་སྣང་ཆེ་ཤོས་སུ་མཐོང་སྟེ།  དེ་ནི་སྤྱི་ལོའི་སྔོན་གྱི་༤༡༧པའི་ཤིང་བྱི་ལོར་ཡིན་ཞིང་།   བཀའ་ཆེམས་ཀ་ཁོལ་མ་སོགས་བོད་ཀྱི་ཡིག་ཚང་རྙིང་པ་དག་ལས།   རྒྱལ་པོ་གཉའ་ཁྲི་བཙན་པོའི་རིགས་རྒྱུད་ཀྱི་ཁུངས་དེ་རྒྱ་གར་ལ་གཏུགས་ནས་བཤད་པའི་སྐབས་སུ་རྒྱལ་པོ་གཟུགས་ཅན་སྙིང་པོའི་གདུང་རྒྱུད་ཡིན་པར་འདོད་པ་དང་།   ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་གདུང་བརྒྱུད་ཡིན་པར་འདོད་པ། བོད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་གདུང་རྒྱུད་ཡིན་པར་འདོད་པ། གཏུམ་པོ་རབ་སྣང་གི་བུ་ཤར་པའི་གདུང་རྒྱུད་ཡིན་པར་འདོད་པ་བཅས་གདུང་རྒྱུད་ལ་བཤད་ཚུལ་མི་འདྲ་བ་ཁ་ཤས་བྱུང་འདུག་ཀྱང་།  རྒྱལ་པོ་དེ་དག་གི་རྗེས་སུ་གདུང་རབས་བཞི་ཙམ་ཞིག་ན་རྒྱལ་པོ་གཉའ་ཁྲི་བཙན་པོ་བྱུང་ཡོད་པ་ནི་ཕལ་ཆེར་བཞེད་པ་གཅིག་མཐུན་དུ་བྱུང་ཡོད་པ་སྟེ།   དཔེར་ན་ཉང་རལ་ཉི་མ་འོད་ཟེར་གྱི་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས།  ལ་ལ་ན་རེ།  འདི་ནི་རྒྱ་གར་ཡུལ་བདུན་ནས་ཆད་དེ་མ་ག་གྷའི་རྒྱལ་པོ་གཟུགས་ཅན་སྙིང་པོའི་བུ་མ་སྐྱེས་དགྲ།  དེའི་བུ་གཞོན་ནུ་འཆར་བྱེད།  དེའི་བུ་སྟོབས་མཆོག་དང་སྟོབས་ཆུང་ངོ་། །  སྟོབས་ཆུང་ལ་སྲས་ལྔ་ཡོད་པའི་ལྔ་ཚིགས་མཚན་ལྡན་པ་བྲམ་ཟེ་མཚན་མཁན་ལ་བསྟན་པས། མཁན་པོས་མཚན་འཁྲུལ་ཏེ་འདི་མཆེད་པ་ངན་པས་སྤྱུགས་ན་བཟང་ཟེར་ནས་གཡོག་བདུན་དང་བཅས་སྤྱུགས་པ་ཡིན་ཟེར་ཏེ་དེ་ཡང་མ་ཡིན།   ཞེས་གཞན་ལུགས་དགག་པའི་ནང་དུ་རྒྱལ་པོ་གཟུགས་ཅན་སྙིང་པོ་ནས་བརྩིས་པའི་མི་རབས་ལྔ་པའི་སྐབས་སུ་གཉའ་ཁྲི་བཙན་པོ་བྱུང་ཡོད་པ་གསལ་བ་དང་།  ཡང་རང་ལུགས་བཞག་པའི་སྐབས་སུ།  འོ་ན་གང་ལྟར་ཡིན་ཞེ་ན།  རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་ནས།  འདི་ནི་རྒྱ་གར་གྱི་བོད་ས་ལའི་རྒྱལ་པོ་འཆར་བྱེད་ལ།  སྲས་རྒྱལ་པོ་ཤར་པའོ།   དེ་ལ་སྲས་གཉིས་བྱུང་བའི་ནུ་བོའི་རྒྱུད་ལ།  བཙུན་མོ་དམ་པ་ལ་སྲ་ཤིག་བཙལ་ཏེ།  ཕུ་བོ་མིག་བྱ་མིག་ལྟར་མས་ཀྱིས་ཡར་འགེབས་པ།  དཔྲལ་བའི་དབྱེས་ཆེ་བ།  གཡུ་ཡི་སྨིན་མ་ཡོད་པ་སོགས་གཉའ་ཁྲི་བཙན་པོ་བྱུང་ཚུལ་གྱི་ལོ་རྒྱུས་བཤད་པའི་སྐབས་དེ་ལའང་རྒྱལ་པོ་འཆར་བྱེད་ནས་བརྩིས་པའི་མི་རབས་ལྔ་པ་དེའི་སྐབས་སུ་གཉའ་ཁྲི་བཙན་པོ་བྱུང་ཡོད་པ་གསལ་བ་སྟེ།  དང་པོ་དེ་རྒྱལ་པོ་འཆར་བྱེད་དང་། གཉིས་པ་འཆར་བྱེད་ཀྱི་སྲས་ཤར་པ་དང་།   གསུམ་པ་ཤར་པ་ལ་བྱུང་བའི་སྲས་གཉིས་དང་།  བཞི་པ་སྲས་དེ་གཉིས་ལས་ནུ་བོ་ལ་བྱུང་བའི་རྒྱུད་པའམ་སྲས་དང་།  ལྔ་པ་ནུ་བོའི་སྲས་དང་བཙུན་མོ་དམ་པ་གཉིས་ལ་སྲས་ཤིག་བཙས་པ་རྒྱལ་པོ་གཉའ་ཁྲི་བཙན་པོ་ཡིན་པ་གསུངས་ཡོད་པ་དེ་རེད།

དེ་ལྟར་རྒྱལ་པོ་གཉའ་ཁྲི་བཙན་པོ་རྒྱ་གར་གྱི་རྒྱལ་རྒྱུད་ལས་བྱུང་བའི་བཤད་སྲོལ་དེ་ནི་སངས་རྒྱས་ཆོས་ལུགས་ལ་དད་ཞེན་དང་ཆེ་བསྟོད་ཐལ་དྲགས་པ་ཙམ་ལས་རྒྱུ་མཚན་གནང་མེད་ནའང་།   དོན་དེས་གཉའ་ཁྲི་བཙན་པོ་བྱུང་བའི་དུས་ཚིགས་ནི་སྐབས་དེར་ཡིན་པ་གསལ་བཤད་བྱེད་ཐུབ་སྟེ།  བོད་ཀྱི་ལོ་རྒྱུས་དེབ་ཐེར་ཕལ་མོ་ཆེ་ལས་དེ་ལྟར་དུ་གསལ་བའི་ཕྱིར་དང་།  སྔོན་གྱི་མཁས་པ་ཚོས་གཉའ་ཁྲི་བཙན་པོའི་རིགས་རུས་ཀྱི་ཁུངས་དེ་རྒྱ་གར་ལ་བཅོལ་བའི་སྐབས་སུ་དེ་དང་དུས་རབས་མཚུངས་པའི་རྒྱ་གར་གྱི་རྒྱལ་པོ་ཞིག་ལ་གཏུགས་ཡོད་པ་ནི་སྨོས་མ་དགོས་པ་རེད།

འཆར་བྱེད་དང་གཟུགས་ཅན་སྙིང་པོ་ལ་སོགས་པའི་རྒྱལ་པོ་དེ་དག་ནི་སངས་རྒྱས་ཤྰཀྱ་ཐུབ་པ་དང་དུས་མཉམ་ཡིན་པ་རྒྱ་གར་གྱི་ལོ་རྒྱུས་རྣམས་ལས་ཡོངས་གྲགས་ཡིན་ལ།  སངས་རྒྱས་ཤྰཀྱ་ཐུབ་པ་ནི་སྤྱི་ལོའི་སྔོན་གྱི་༦༢༥པའི་མེ་སྤྲེལ་ལོར་སྐུ་བལྟམས།  ༥༤༥པའི་མེ་འབྲུག་ལོར་མྱ་ངན་འདས།  དེའི་ཕྱི་ལོ་སྟེ་༥༤༤པའི་མེ་སྦྲུལ་ལོར་སྟོན་པའི་འདས་ལོ་བརྩི་བའི་འགོ་ཚུགས་པ་ནི་དེང་དུས་ཡོངས་གྲགས་ཡིན་པ་དེ་རེད།  དེ་ལྟར་སངས་རྒྱས་མྱ་ངན་ལས་འདས་ནས་མི་རབས་ལྔ་དྲུག་ཙམ་ཞིག་གི་རྗེས་སུ་གཉའ་ཁྲི་བཙན་པོ་བྱུང་ཡོད་པ་གསལ་བ་དང་།  སུམ་པ་མཁན་པོས་བཞེད་པའི་གཉའ་ཁྲིའི་འཁྲུངས་ལོ་གཉིས་ཕལ་ཆེར་གཅིག་མཐུན་དུ་བྱུང་འདུག

 རིག་པས་བརྟག་ནའང་གྲུབ་སྟེ།  ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་གླང་དར་མའི་བར་རྒྱལ་རབས་བཅུའི་རིང་ལ་ཁྱོན་བསྡོམས་ལོ་གྲངས་༢༢༤ཟིན་ཡོད་པ་དེ་ཆ་སྙོམས་བྱས་ན་རྒྱལ་རབས་རེ་ལ་ལོ་གྲངས་༢༢རེ་ཐོབ་འདུག   དུས་རབས་དེའི་རིང་ལ་བོད་ཆོལ་ཁ་གསུམ་གྱི་ཡུལ་གྲུ་ཐམས་ཅད་གཅིག་གྱུར་བྱས་པ་མ་ཟད།   ཉེ་སྐོར་གྱི་རྒྱ་དཀར་ནག་དང་།  བལ་པོ།  འཇང་ཡུལ་ལ་སོགས་པའི་ཡུལ་དུ་དམག་བརྒྱབ་སནས་ས་རྒྱ་བསྐྱེད་པ་དང་།   བོད་ནང་དུའང་ཆོས་བོན་གྱི་གྲུབ་མཐའ་གཉིས་པོ་མ་མཐུན་པའི་རྐྱེན་གྱིས་དུས་ཟིང་དང་འཁྲུགས་པ་མང་པོའི་ནང་བཙན་པོའི་ནང་བཙན་པོ་རྣམས་ཀྱི་སྐུ་ཚེ་མཐར་མ་ཕྱིན་པར་འགའ་ཞིག་ལྐོག་མདའ་ཕོག་ནས་འདས་པ་དང་།  འགའ་ཞིག་དགུང་ལོ་གཞོན་ནུའི་དུས་སུ་དམག་འཁྲུགས་ཀྱི་ནང་དུ་སྐུ་གཤེགས་པའི་ལོ་རྒྱུས་ཡོད་པ་འདི་དག་ལ་གཞིགས་ན།  སྲོང་བཙན་གོང་གི་རྒྱལ་རབས་དེ་དག་གི་སྐུ་ཚེའི་ཡུན་ཚད་དེ་ཆོས་ལྡན་རྒྱལ་རབས་རྣམས་ལས་ཅུང་ཟད་རིང་དགོས་པའི་དོན་གྱིས་གྲུབ།   སྤུ་རྒྱལ་བཙན་པོའི་རྒྱལ་རབས་རྣམས་ཀྱི་དུས་སུ་སྤྱིར་བཏང་ཟིང་འཁྲུགས་ཅུང་ཟད་རེ་བྱུང་ཡོད་པ་ལོ་རྒྱུས་དེབ་ཐེར་རྣམས་ལས་གསལ་ཀྱང་།  འདི་ལྟ་བུའི་དམག་འཁྲུག་ཀྱི་ཡོ་ལང་ཆེན་པོ་དང་།  ལྷག་པར་དུ་གྲུབ་མཐའ་ནང་མི་མཐུན་པའི་འགལ་རྐྱེན་དེ་འདྲ་མེད་སྟབས།  རྒྱལ་པོ་རྣམས་ཀྱི་དབང་སྒྱུར་བྱེད་པའི་དུས་ཡུན་དེ་ཆོས་ལྡན་རྒྱལ་རབས་ཀྱི་རྒྱལ་པོ་རྣམས་ལས་རིང་དགོས་པ་རང་ཤུགས་ཀྱིས་གྲུབ་ཡོད།

བསྟན་རྩིས་ཀུན་བཏུས་སུ་བཀོད་པའི་སུམ་པའི་ལུགས་ནི་སྤྱི་ལོའི་སྔོན་གྱི་༤༡༧པའི་ཤིང་བྱི་དེ་གཉའ་ཁྲི་བཙན་པོའི་འཁྲུངས་ལོ་ཡིན་ལ།   དེ་ནས་སྤྱི་ལོ་༦༢༩པའི་ས་གླང་སྟེ་གནམ་རི་སྲོང་བཙན་གྱི་འདས་ལོའི་བར་ལོ་ངོ་སྟོང་ཕྲག་གཅིག་དང་ཞེ་དྲུག་ཟིན་ཡོད་པ་དེ་ཆ་སྙོམས་བྱས་ན་རྒྱལ་རབས་རེ་ལ་ལོ་གྲངས་སོ་གཉིས་རེ་ཐོབ་འདུག་པས་འདི་ཡང་དོན་ལ་གནས་པ་ཞིག་རེད་སྙམ། 

བསྟན་རྩིས་ཀུན་བཏུས་སུ་བཀོད་པའི་སུམ་པའི་ལུགས་ནི་སྤྱི་ལོའི་སྔོན་གྱི་༤༡༧པའི་ཤིང་བྱི་དེ་གཉའ་ཁྲི་བཙན་པོའི་འཁྲུངས་ལོ་ཡིན་ལ།  དེ་ནས་སྤྱི་ལོ་༦༢༩པའི་ས་གླང་སྟེ་གནམ་རི་སྲོང་བཙན་གྱི་འདས་ལོའི་བར་ལོ་ངོ་སྟོང་ཕྲག་གཅིག་དང་ཞེ་དྲུག་ཟིན་ཡོད་པ་དེ་ཆ་སྙོམས་བྱས་ན་རྒྱལ་རབས་རེ་ལ་ལོ་གྲངས་སོ་གཉིས་རེ་ཐོབ་འདུག་པས་འདི་ཡང་དོན་ལ་གནས་པ་ཞིག་རེད་སྙམ། 

 དེས་ན་རྒྱལ་པོ་གཉའ་ཁྲི་བཙན་པོ་ནི་སྤྱི་ལོའི་སྔོན་གྱི་༤༡༧པའི་ཤིང་བྱི་ལོར།  སྤུ་བོའི་ཡུལ་དུ་ཡབ་ཐེ་རང་མང་སྙ་ཨུ་བེ་ར་དང་།  ཡུམ་མོ་བཙུན་བྱ་བ་གཉིས་ལ་སྲས་དགུ་བྱུང་བའི་ཆུང་མཐའ་རུ་སྐྱེས།  སྐུ་ནར་སོན་པ་དང་ཐུགས་རྒྱུད་གྱོང་ཞིང་སྟོབས་རྩལ་ཆེ་སྟབས་ཡུལ་གྱི་དཔོན་པོའི་བརྙས་བཅོས་དང་བཀའ་ཁྲིམས་མ་ཁུར་བར་འཐབ་ཡ་བཟུང་།   ཡུལ་དཔོན་དང་ཐེ་རང་མང་སྙ་ཚང་གཉིས་ཀྱི་བར་ལ་འགལ་བ་ཇེ་ཆེར་ཕྱིན་ཏེ་མཐར་མང་སྣེ་ཉུང་གིས་མ་བརྟན་པར་སྤུ་བོ་ནས་ཡུལ་བུད་དེ་བོད་ཡུལ་དུ་བྱོན།   བོད་མི་ཁག་གཅིག་དང་དཔུང་བསྡོངས་ནས་བོད་ཡུལ་གྱི་རྒྱལ་ཕྲན་དབང་དུ་བསྡུས། སྐུ་མཁར་ཡུལ་བུ་བླ་སྒང་བརྩིགས།  དེ་ནས་རིམ་བཞིན་མངའ་ཁོངས་རྒྱ་བསྐྱེད་དེ་དྭགས་ཀོང་སོགས་དང་སྔར་ཡུམ་བུ་བླ་སྒང་བརྩིགས།  དེ་ནས་རིམ་བཞིན་མངའ་ཁོངས་རྒྱ་བསྐྱེད་དེ་དྭགས་ཀོང་སོགས་དང་སྔར་རང་གི་ཡུལ་སྤུ་བོ་བཅས་དབང་དུ་བྱས།  མཐར་སུམ་པ་དང་།  སྣུབས་རྗེ་སོགས་ཀྱང་དབང་དུ་བསྡུས་ནས་བོད་ཀྱི་རྒྱལ་པོ་སྤུ་རྒྱལ་གཉའ་ཁྲི་བཙན་པོ་ཞེས་པའི་མཚན་གསོལ།  སྐུ་གཤེན་ནམ་སྐུ་སྲུང་དུ་བོན་པོ་མཆེ་མི་སྨུ་རྒྱལ་དང་།  ཅོ་མི་ཕྱག་གར་གཉིས་ཀྱིས་བྱས།  བོད་དུ་དབང་སྒྱུར་བྱེད་པའི་དོཔན་པོ་ལ་རྒྱལ་པོ་ཞེས་པའི་མཚན་གསོལ་བའི་སྲོལ་ཐོག་མར་བྱུང་།  ལྡེའུ་ཇོ་སྲས་ཀྱིས་མཛད་པའི་ལྡེའུ་ཆོས་འབྱུང་དུ་གསལ་བ་ལྟར་ན།  སྐུ་མཁར་ཕྱིང་བ་སྟག་རྩེར་ཕེབས་ནས་ལས་ཚན་གྱི་སྒྲིག་གཞི་དང་།  རྒྱལ་སྲིད་སྐྱོང་ཚུལ་གྱི་ཁྲིམས་ཡིག་གཏན་ལ་ཕབ།  ཡིག་ཚང་སྡེ་དགུ་དང་དཔའ་མཚན་རྣམ་བརྒྱད་ཀྱི་བཀའ་རིམ་པར་གནང་སྟེ་མཐའ་སྐོར་གྱི་རྒྱལ་ཁག་རྣམས་ལས་ཀྱང་དཔྱ་བསྡུས།  གནམ་མུག་མུག་གམ་མུ་ཚོ་བཟའ་བྱ་བ་ཁབ་ཏུ་བཞེས་ནས་སྲས་མུ་ཁྲི་བཙན་པོ་འཁྲུངས།  སྲས་ཀྱིས་ཆིབས་ཁ་ཐུབ་ཙམ་ན་ཡབ་གནས་གནམ་དུ་གཤེགས་སོ། །

དེ་ལྟར་རྒྱལ་པོའི་མཚན་ཞེས་པ་དང་། ཁབ་བཞེས་ཏེ་སྲས་འཁྲུངས་པ་དང་།  ལས་མཚན་དང་ཁྲིམས་ཡིག་གཏན་ལ་ཕབ་པ་རྣམས་ནི་རྒྱལ་པོའི་སྐུ་ཚེ་སྨད་ཙམ་ལ་ཡིན་པར་ངེས་ཏེ།   དང་པོ་སྤུ་བོའི་ཡུལ་དུ་ཡུལ་དཔོན་དང་མཐུན་པར་འཐབ་རྩོད་བྱས་པ་དང་། དེ་ནས་བོད་དུ་ཕེབས་ནས་བོད་ཡུལ་དབང་དུ་བྱས་པ་སོགས་པར་དུས་ཡུན་ལོ་གྲངས་མང་པོ་ཞིག་དགོས་པ་སྨོས་མ་དགོས་པ་དང་། ལྷག་པར་དུ་སྲས་ཀྱི་ཆིབས་ཁ་ཐུབ་ཙམ་ན་ཡབ་གནམ་དུ་གཤེགས་ཞེས་པ་ལ་བརྟག་ན།  བོད་སྤྱི་ལ་དབང་བའི་རྒྱལ་པོའི་མཚན་སྙན་བཞེས་རྗེས་མུ་མཚོ་བཟའ་ཁབ་ཏུ་བཞེས་ཏེ་སྲས་མུ་ཁྲི་བཙན་པོ་འཁྲུངས་ཡོད་པར་ཤེས་ཐུབ།  ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཡིག་བསྒྱུར་དཔྱད་གཞིའི་ཡིག་ཚང་ནང་དུ། གཉའ་ཁྲི་བཙན་པོ་ཧ་ལམ་སྤྱི་ལོའི་སྔོན་གྱི་༣༦༠ལོར་བོད་ཀྱི་རྒྱལ་པོ་བྱས་ཡོད་པ་འཁོད་འདུག་པ་དེ་ཡང་དོན་འདི་དང་མཐུན་པ་ཞིག་རེད།

 གསུམ།   དབང་སྒྱུར་གྱི་ས་ཁོངས་སྐོར།

སོགས་ཀྱི་རྒྱལ་རབས་ཆོས་འབྱུང་རྣམས་ལས་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་གླང་དར་མ་འུ་དུས་བཙན་པོའི་བར་གྱི་རྒྱལ་རབས་ལ་ཡོངས་གྲགས་སུ་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཞེས་པའི་ཟེར་སྲོལ་ཆགས་ཡོད། ཡིན་ནའང་ཆོས་རྒྱལ་སྲོང་བཙན་སྒམ་པོས་མངའ་རིས་མན་དང་མདོ་ཁམས་ཡན་གྱི་ཡུལ་སྡེ་ཐམས་ཅད་གཅིག་གྱུར་བྱས་ནས།  ཆེན་པོ་བོད་ཀྱི་རྒྱལ་ཁམས་ཞེས་པའི་བོད་དེ་དང་།   རྒྱལ་ཕྲན་བཅུ་གཉིས་སོགས་ཀྱི་སྐབས་སུ་གཤེན་རབ་མི་བོ་ཆེ་བྱོན་པའི་ལོ་རྒྱུས་དག་ལས་གསལ་བའི་བོད་ཡུལ་ཞེས་པའི་ལུང་པ་དེ་གཉིས་ཀྱི་རྒྱ་ཁྱོན་ཆེ་ཆུང་གཅིག་ཏུ་བམས་པ་ནི་མི་འཐད་དེ།  ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡུལ་དབུས་སུ་རྒྱལ་སྲིད་བཙུགས།  ཕྱོགས་མཐའ་ན་གནས་པའི་སྟོད་པ་དང་།  གཙང་པ། དྭགས་ཀོང་།   མདོ་ཁམས་སྟོད་སྨད་སོགས་ཀྱི་ཡུལ་གྲུ་ཐམས་ཅད་རང་གི་སྲིད་དབང་གི་མངའ་ཁོངས་སུ་བཅུག་པ་ལ། ཡུལ་བྱེ་བྲག་པའི་མིང་སྤྱི་ལ་ཐོགས་ཏེ། དེ་ཐམས་ཅད་ལ་བོད་ཁམས་ཞེས་པའི་མིང་བྱུང་བ་ནི་དཔེར་ན། དེང་དུས་རྒྱ་ནག་གི་སྐད་དུ་བོད་སྤྱི་ལ་གཙང་རིགས་ཟེར་བ་བཞིན་ནོ། །

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དེབ་ཐེར་དཀར་པོ་ལས། འོན་ཀྱང་རྗེ་གཉའ་ཁྲི་བཙན་པོ་བོད་ཁམས་སྤྱིའི་རྒྱལ་པོ་ཡིན་སོགས་ཀྱི་ཐ་སྙད་ཙམ་ལ་རྨོངས་པར་མི་བྱ་སྟེ། ཡུལ་གྱི་རྒྱ་ཁྱོན་དང་། རྒྱལ་ཁབ་ཀྱི་ས་མཚམས་བྱ་བ་དེ།  དངོས་པོའི་གནས་ཚོད་ལ་རི་མོར་བྲིས་པ་ཞིག་མེད་ཀྱི།  འོ་ན་ཅི་ཞེ་ན།   རྒྱལ་པོའི་དབང་ཤུགས་ཀྱིས་ཇི་ཙམ་དུ་ཁྱབ་པའི་ཕྱོགས་དེ་ཙམ་ཞིག་ལ་ཡུལ་དེའི་ཐ་སྙད་འདོགས་པ་ཡིན་པས།  དེ་དུས་ཁྱི་བོད་ཁམས་བྱ་བ་དེ་ཡང་ཡུལ་ཉི་ཚེ་བ་ཞིག་གི་མངི་ཡིན་པར་ཤེས་པར་བྱའོ། །  ཞེས་གསུངས་པ་ལྟར་གནའ་བོའི་དུས་སུ་བོད་ཅེས་པ་དེ་དེང་དུས་ལྷོ་ཁ་ཕྱོགས་ཀྱི་ལུང་པ་འདི་ཙམ་ཞིག་གི་མིང་ཡིན་པར་ངེས་ཏེ།  ཡུམ་བུ་བླ་སྒང་གི་དཀར་ཆག་སོགས་སུ་གཉའ་ཁྲི་བཙན་པོ་སྤུ་བོ་ནས་ཡུལ་བུད་དེ་ཡོང་བའི་ལམ་བར་བཡུང་ལམ་གཡའ་ལེ་གོང་དུ་བོད་མི་ཚོས་རྗེ་འཚོལ་བ་དང་ཕྲད་པ་དེ་དག་གིས་གཏམ་དྲིས་པ་དང་།  ང་སྤུ་བོ་ནས་འོངས།  ད་བོད་ལ་འགྲོ་ཞེས་བཤད་པ་གསལ་བ་ལ་བརྟག་ན་བོད་ཅེས་པ་དེ་ཡར་ལུང་གི་ཡུལ་འདི་ཙམ་ཞི་ལ་ཟེར་ཞིང་ཡོད་པར་ངེས།

དེ་ནས་རྒྱལ་པོ་གཉའ་ཁྲི་བཙན་པོ་སྤུ་བོ་ནས་ཡུལ་བུད་དེ་བོད་དུ་ཕེབས།  ཐོག་མར་བོད་ཡུལ་གྱི་རྒྱལ་ཕྲ་རྣམས་དབང་དུ་བསྡུས། དེ་ནས་རིམ་བཞིན་རྒྱ་བསྐྱེད་དེ་སྟོད་ཞང་ཞུང་ཡུལ་གྱི་རྒྱལ་ཕྲན་ཙམ་ལས་གཞན་པའི་དབུས་གཙང་མན་དང་མདོ་ཁམས་ཡན་གྱི་རྒྱལ་ཕྲན་ཐམས་ཅད་རང་གི་མངའ་ཁོངས་སུ་བཅུག་སྟེ་སྤུ་རྒྱལ་བོད་ཀྱི་རྒྱལ་ཁམས་ཞེས་ཡོངས་སུ་གྲགས་པ་དེ་བྱུང་འདུག་ལ།  སྐབས་དེར་བོད་ཅེས་པའི་ཆ་སྙད་དེ་སྤུ་རྒྱལ་བཙན་པོའི་སྲིད་ཀྱི་མངའ་ཁོངས་ཧྲིལ་པོའི་ས་མིང་དུ་ཆགས་པ་རེད། དེའི་དུས་སུ་རྒྱལ་ཕྲན་མང་ཆེ་བ་སྤུ་རྒྱལ་བཙན་པོའི་མངའ་ཁོངས་སུ་ཚུད་ཐུབ་ཡོད་པ་ནི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས།  མཚན་དུ་གཉའ་ཁྲི་བཙན་པོ་ཞེས་སུ་གྲགས།    སྐུ་མཁར་ཆོག་མར་ཡུམ་བུ་བླ་སྒང་མཛད།     སུམ་པའི་བོན་པོ་ཨོ་ཡོང་རྒྱལ་བ་བཏུལ།     སྣུབས་རྗེ་སྲིད་པ་རྒྱལ་ཕྲན་འབངས་སུ་འདུས། །  ཞེས་སྣུབས་ཡུལ་དང་སུམ་པའི་ཡུལ་སོགས་དབང་དུ་བྱས་ཡོད་པར་གསལ་བ་དེ་ལྟར་ན་སུམ་པའི་ཡུལ་ནི་དེང་དུས་མདོ་སྨད་མཚོ་སྔོན་མོའི་ས་ཁོངས་སུ་ཡོད་པ་དང་།  སྣུབས་ཡུལ་ཞེས་པའི་རིན་སྤུངས་ཁྱི་ས་ཁོངས་སུ་ཡིན་པ་ཐོས་པས།   དེས་ན་སྤུ་རྒྱལ་བཙན་པོའི་སྲིད་དབང་གི་ཁྱབ་ཁོངས་དེ་དབུས་གཙང་མན་དང་མདོ་ཁམས་ཡན་གྱི་ས་ཆ་དེ་དག་ཡིན་པ་ཁུངས་ལྡན་གྱི་ཡིག་ཚང་ནང་དུ་གསལ་པོར་འཁོད་ཡོད་པ་འདི་རེད།  གཞན་ཡང་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོའི་དུས་གསང་སྔགས་ཀྱི་བོན་དར་ཚུལ་བཤད་པའི་སྐབས།  བྱམས་མ་ལས།  རྒྱལ་པོ་དེའི་དུས་བོན་གྱི་འདུ་གནས་སོ་བདུན་བཙུགས་ཞེས་དང་། ཡང་དེ་ཉིད་ལས། དེ་ཡང་འདུ་གནས་སོ་བདུན་ནི་སྒྲ་འགྲེལ་ལས།  དབུ་རུ་ན་བཅུ་གསུམ།  གཡོན་རུ་ན་བདུན།  གཡས་རུ་ན་བརྒྱད།   རུ་ལག་ན་དགུ་བཅས་སོ། །

དབུ་རུའི་བཅུ་གསུམ་ནི།  ངན་ལམ་རལ་གསུམ།  འདམ་ཤོད་སྣར་མོ།  འཕན་་ཡུལ་སྲབ་དཀར།  མལ་དྲོ་བ་རབ།  ཤུན་གྱི་བྲ་དམར།  ཧས་པོ་རི་ཐང་།   ལྷ་ས་ཡེར་པ།  གནམ་གྱི་ར་གད།   གནམ་མཚོ་རྡོ་རིང་།   སྟོད་རིས་ལུང་གསུམ།   སྐྱི་ཤོད་ལུང་ནག   རེ་རྐྱང་ཤ་མཐའ།  མཆོག་གོན་རྒྱལ་མོ་ཁང་དང་བཅུ་གསུམ་མོ། །  

 གཡས་རུའི་བདུན་ནི།  འོལ་ཀ་ཤུག་གཅིག   ཉང་ཡུལ་ཤིང་ནག  ཀོང་ཡུལ་བྲེ་སྣ།   གཡའ་ལུང་གངས་སར།  ཡར་ལུང་སོག་དཀར།  ཀླུམ་ཤོད་ཐང་དཀར།  མལ་དྲོ་མཚོ་ཤོད་དང་བདུན་ནོ། ། 

གཡས་རུའི་བརྒྱད་ནི།  འུ་ཡུལ་ས་ནག།  ཤངས་ཀྱི་ཞང་ཚལ།  གྲུད་ཀྱི་མཁར་མདོང་།  རྟ་ནག་རྒྱང་བུ།   འཇད་ཀྱི་རྐྱང་མཁར།   ལྷ་བུ་དྲོན་ལྷས།  གཙང་གི་གྱེར་ཕུ།  ཟང་ཟང་ལྷ་བྲག་དང་བརྒྱད་དོ། ། 

རུ་ལག་གི་དགུ་ནི།  ཉང་སྟོད་སྟག་ཚལ།  ཆུ་མགོ་རྡོ་རིང་།  མཁར་ཆེན་བྲག་དཀར།  མཚོ་ལྔའི་འདྲིལ་ཆུང་།  གཉའ་རྩེ་ཐང་ཤོད།  གྲམ་པ་ཁའུ།   རག་ཟ་ཐང་ཟླམ།  མང་དཀར་མདོ་ཕུག་ལྷ་ཡུལ་དགྲ་ཐང་དང་དགུའོ། །  ཞེས་རྒྱལ་རབས་གཉིས་པ་་མུ་ཁྲི་བཙན་པོའི་སྐབས་སུ་བོན་གྱི་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་བཙུགས་ཡོད་པ་དང་།  འདུ་གནས་བཙུགས་པའི་ས་གནས་ཀྱང་དབུས་གཙང་རུ་བཞི་ཐམས་ཅད་ལ་ཡོད་པར་གསལ་བ་འདིས་ཀྱང་སྤུ་རྒྱལ་གཉའ་ཁྲི་བཙན་པོའི་སྐབས་ཀྱི་སྲིད་དབང་གི་ས་ཁོངས་དེ་ཇི་ཙམ་ཞིག་ཡོད་པ་ཕྱོགས་ཙམ་ཤེས་ཐལ། 

  ཞང་ཞུང་གི་རྒྱལ་ཕྲན་དེའང་ཆུ་དང་འོ་མ་འདྲེས་པ་ཇི་བཞིན་སྤུ་རྒྱལ་བཙན་པོའི་་མངའ་ཁོངས་སུ་ཚུད་མེད་ནའང་།  གང་ལྟར་གཉའ་ཁྲི་བཙན་པོ་སོགས་སྤུ་རྒྱལ་རིམ་བྱོན་གྱི་བཀའ་ལ་བརྩིས་ནས་ཞབས་ཞུ་སྒྲུབ་དགོས་པ་ཞིག་ཆགས་ཡོད་པ་ནི།  རྒྱལ་པོ་རྣམས་ཀྱི་སྐུ་གཤེན་ནམ་སྐུ་སྲུང་དུ་ཞང་ཞུང་ནས་བོན་པོ་རེ་བསྐོ་བཞག་བྱེད་དགོས་ཀྱི་ཡོད་པ།  ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས། རྒྱལ་པོའི་རིམ་གྲོ་པ་ནི། བོན་པོ་ཅོ་ན་གཤེན་གྱི་ཕྱག་གར་ཚ་དང་། འཚེ་མི་གཤེན་བུ་རྒྱལ་ཚ་གཉིས་ཀྱིས་སྐུ་བསྲུངས་སོ། །   དེའི་སྲས་མུ་ཁྲི་བཙན་པོ། བོན་པོ་གཤེན་པོ་ཚེ་རྒྱལ་གྱིས་སྐུ་བསྲུངས་སོ། །  དེའི་དེང་ཁྲི་བཙན་པོ།  དེའི་དུས་སུ་ཞང་ཞུང་གི་གཤེན་བོན་ཀུན་འདུས་ཐེག་ཆེན་གྱིས་སྐུ་བསྲུངས་སོ། །  དེའི་སྲས་སྲིབས་ཁྲི་བཙན་པོ། ཞང་ཞུང་གཤེན་པོ་ཀུན་རིགས་རྒྱལ་པོས་སྐུ་བསྲུངས་སོ། །  ཞེས་སོགས་གསལ་བ་འདི་ཡིས་ཤེས་སོ། །

   གཞན་ཡང་ལྷ་སའི་གཙུག་ལག་ཁང་མདུན་ངོས་རྡོ་རིང་གི་ངོ་བཤུས་ཡིག་ཚང་ལས།  སྤུ་རྒྱལ་གཉའ་ཁྲི་བཙན་པོའི་སྐབས་ཁྱི་ས་ཁོངས་ཀྱི་ཁྱོན་བཤད་པའི་སྐབས་སུ།   འཕྲུལ་གྱི་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ། བོད་ཀྱི་རྒྱལ་པོ་ཆེན་པོ་མཛད་པ་ཡང་།  དགྲ་ཐབས་མཁས་ནང་ཕྱིའི་དགྲ་བཏུལ་ཏེ།  ཆབ་སྲིད་ནི་ཕྱིར་དབུ་རྨོག་སླར་ཞིང་བཙན་པ་ནམ་ཞར་མི་འགྱུར།  བྱིན་མི་ཉམས་པའི་གཡུང་དྲུང་གི་རྒྱལ་པོ་ཆེན་པོ་ནི་ཆེ།  དེའི་ཕྱིར་ལྷོ་ཕྱོགས་ཀྱི་མོན་རྒྱལ་གར་དང་ནུབ་ཕྱོགས་ཀྱི་ཏ་ཟིག་དང་།  བྱང་ཕྱོགས་ཀྱི་དྲུ་གུ་ནེ་སྨེལ་ལ་སོགས་པ།  གཡུལ་བསྡོམས་ན།  པོར་བྱ་བ་ཀུན་གྱི་འཕྲུལ་ལྷ་བཙན་པོའི་དབུ་མོག་བཙན་པོ་དང་ཏེ་བོར་ནི་མི་གུས་པ་མེད་དེ།  ཕན་ཚུན་དགྱེས་ཤིང་བཀའ་སྩལ་དོ་སྩག་ཉན་པ་ཡིན།  ཤར་ཕྱོགས་ནི་རྒྱ་འདུག་པ། ཉི་མ་ཤར་པ་ལོགས་ཀྱི་རྒྱལ་པོ་ཆེན་པོ་སྟེ།  ལྷོ་བལ་གཞན་དང་མི་འདྲ་བར་ཡུལ་བཟང་ཚུག་བཟང་གཙུག་ལག་ཆེ་བས་བོད་དང་ཐབས་ཀྱི་ཟླ་དོ།     ཞེས་ཞང་ཞུང་གི་ཡུལ་དེ་བོད་ཀྱི་ས་ཁོངས་ཡིན་པ་གཞི་བཞག་གི་སྟེང་དུ།  སྤུ་རྒྱལ་བོད་ཡུལ་གྱི་ནུས་ཕྱོགས་ཀྱི་མཐའ་མཚམས་དེ་ཏ་ཟིག་དང་འབྲེལ་ནས་བཤད་ཡོད་པ་ལས།  ཞང་ཞུང་ཞེས་པ་ཡུལ་གྲུ་ཐ་དད་པ་དང་།  མི་རིགས་ཐ་དད་པའི་རྒྱལ་ཁབ་ཅིག་ཏུ་བརྩིས་ཡོད་པ་མ་རེད། དེས་ན་བོད་རྒྱལ་རབས་དང་། ཞང་ཞུང་རྒྱལ་རབས་ཞེས་པའི་ཐ་སྙད་ཙམ་ལ་མགོ་བོ་རྨོངས་ནས་མི་རིགས་མི་འདྲ་བའི་རྒྱལ་ཁབ་གཉིས་བྱུང་ཡོད་པར་ངོས་འཛིན་བཡེད་པ་ནི་མི་འཐད་དེ།  མི་རིགས་གཅིག་དེ་ས་ཕྱོགས་ཁག་གཉིས་སུ་གྱེས་ནས་ཚོ་དཔོན་ཆེན་པོ་གཉིས་བྱུང་བ་ཡིན་པའི་ཕྱིར། 

     ཡིན་ནའང་རྒྱལ་པོ་གྲི་གུམ་བཙན་པོ་མན་ཆད་ཀྱི་རྒྱལ་རབས་རྣམས་ཀྱི་སྐབས་སུ་སྲིད་དབང་གི་ས་ཁོངས་ལ་འགྱུར་བ་ཅུང་ཟད་རེ་བྱུང་ཡོད་པར་སྣང་སྟེ།  སྤུ་རྒྱལ་གཉའ་ཁྲི་བཙན་པོས་བོད་ཀྱི་རྒྱལ་ཕྲན་མཐའ་དག་གཅིག་གྱུར་བྱས་ཞེས་པ་ལས།  ཡུལ་སོ་སོའི་རྒྱལ་་ཕྲན་རྣམས་ས་ཁོངས་དང་སྲིད་དབང་རྩོད་ནས་ཕན་ཚུན་དམག་འཁྲུག་བྱེད་པའི་དུས་རབས་ཀྱི་མཇུག་བསྡུས།  དེ་ནས་བཟུང་གནམ་གྱི་ཁྲི་བདུན་གྱི་རིང་ལ་རང་རང་གི་ཡུལ་དུ་ཞིང་འབྲོག་གི་ལས་ཀ་བྱེད་ཅིང་དཔལ་འབྱོར་དང་དམག་དཔུང་ལ་ཡར་རྒྱས་ཁྱི་ཤུགས་སྣོན་བྱེད་པའི་གོ་སྐབས་བྱུང་སྟབས།  ཕྱོགས་གང་སྤྱིའི་སྟོབས་ཤུགས་འཕེལ་རྒྱས་ཆེ་ཙམ་བྱུང་བའི་དེ་སྔའི་རྒྱལ་ཕྲན་འགའ་ཞིག་གིས་སླར་ཡང་སྤུ་རྒྱལ་གྱི་མངའ་ཁོངས་ནས་ཟུར་དུ་གྱུར་པའི་རྒྱལ་ཁབ་ཅིག་འཛུགས་རྩིས་བྱས་སྐོར་གསལ་བ་ནི།  རྒྱལ་པོ་གྲི་གུམ་བཙན་པོ་བཀྲོངས་ནས་སྤུ་རྒྱལ་གྱི་སྲིད་དབང་འཕྲོག་མཁན་འབངས་ལོ་ངམ་རྟ་རྫི་ཞེས་པ་དེའང་།  སྔར་རྒྱལ་ཕྲན་བཅུ་གཉིས་སྐབས་ཀྱི་རྒྱལ་ཕྲན་ཞིག་གི་རིགས་རུས་ཡིན་པ་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས། ཁྱོད་སྤྱི་ཕུད་ཀྱི་རྒྱལ་པོ་ཆེན་པོ་ཡིན།  བདག་རྒྱལ་ཕྲན་བཅུ་གཉིས་ཀྱིས་ཡ་བ་ཡིན།   རྒྱལ་འབངས་འཁྲུགས་པ་ག་ལ་འོས།  ཞེས་སོགས་འཁོད་པ་ལས་ཤེས་ཤིང་།  

གྲི་གུམ་བཙན་པོ་དང་ལོ་ངམ་གཉིས་བཞུགས་ཡུལ་ཡང་ཐ་དད་ཡིན་པ་ནི།  རྒྱལ་པོ་གྲི་གུམ་བཙན་པོའི་བཞུགས་ཡུལ་ནི་སྤུ་རྒྱལ་གོང་མ་རྣམས་ཀྱི་བཞུགས་ཡུལ་ཡར་ལུང་གི་སྐུར་མཁར་ཡུམ་བུ་བླ་སྒང་དུ་ཡིན་པ་སྨོས་མ་དགོས་པ་དང་། ལོ་ངམ་ནི་གཙང་གི་ཡུལ་དུ་ཡོད་པ་གསལ་ཏེ།  རུ་ལས་སྐྱེས་དང་སྤུ་ལྡེའུ་གོང་རྒྱལ་གཉིས་ཀྱིས་དམག་དྲངས་ནས་ལོ་ངམ་བཏུལ་བའི་སྐོར་ལེགས་བཤད་རིན་པོ་ཆེའི་གཏེར་མཛད་ལས།   དེར་ལུ་ལས་སྐྱེས་ཀྱི་ས་སྤུ་ལྡེའུ་སྤྱན་དྲངས་རྒྱལ་མཁར་ཕྱིང་བ་སྟག་རྩེ་རྒྱལ་སར་བཏོན།  དབུས་ཀྱི་འབངས་རྣམས་ཀྱིས་རུལ་ལས་སྐྱེས་ཀྱང་རྒྱལ་སར་བཏོན་ཏེ་རྒྱལ་ཕྲན་བྱས།  མིང་རྒྱལ་པོ་ཁྲི་སྨོན་བཟུང་དུ་བཏགས།  དེ་ནས་གཙང་དུ་དམག་དྲངས་པས་གཙང་འབངས་རྣམས་ཀྱིས་ཀྱང་ངེད་ཀྱི་རྗེ་བྱོན་ཟེར་ནས་དམག་སྣ་ནང་དུ་དྲངས་ཏེ་ཤམ་པོ་རྩེ་ནས་ཕབ།  ལོ་ངམ་ཕ་བུ་དམག་སྟོང་དང་བཅས་པ་གྲི་རུ་བསད་དོ། ། ཞེས་དང་།  མཁས་པའི་དགའ་སྟོན་ལས།  ཉང་རོ་ཤམ་པོ་མཁར་གྱི་ཕ་རི་ལ་བྱ་རྒོད་ཀྱི་ཚང་ཡོད་པས་བྱ་རྒོད་ཀྱི་གསེབ་ཏུ་ཞུགས་ཉང་རོ་ཤམ་པོ་མཁར་གྱི་ཕ་རི་ལ་བྱ་རྒོད་ཀྱི་ཚང་ཡོད་པས་བྱ་རྒོད་ཀྱི་གསེབ་ཏུ་ཞུགས་ཏེ་ཉང་རོ་ཤམ་པོ་མཁར་རྩེ་ནས་ཕབ།  ལོ་ངོ་ཕོ་བརྒྱ་མོ་བརྒྱ་བསད་སྐད།  ཅེས་འཁོད་ཡོད་པ་དང་།  གཞན་ཡང་བློན་པོ་ལོ་ངམ་གྱིས་རྒྱལ་པོ་གྲི་གུམ་བཙན་པོ་བཀྲོངས་པའི་ཡུལ་དེའང་འདིར་ཡིན་པར་གསལ་ཏེ།  ཆོས་འབྱུང་མཁས་དགའ་སྟོན་ལས།  ཀ་བཀོལ་མ་ལས་ཁ་ཆེའི་རྒྱལ་པོ་དང་གཡུལ་སྤྲད་ནས་བོད་རྒྱལ་ནས་ལོག་པའི་ལམ་ཁ་ཆེའི་མི་ལུས་པ་གཅིག་ན་རེ།  བོད་ཀྱི་དཔའ་བོས་གཞུ་ཀ་བ་ཙམ་ལ་མདའ་ཕྱ་མ་ཙམ་འཕེན་པ་བྱུང་།  ཕ་ཀི་ན་ཟེར་ནས་ཕ་བོང་ན་ལྡེམ་མེ་འདུག་པ་དམག་མི་ཚོས་མཐོང་བས།  ལ་ལ་ན་རེ་རྒྱལ་པོ་ཡིན་ཟེར།  ལ་ལ་ན་རེ་འབངས་ལོ་ངམ་རྟ་རྫི་ཡིན་ཟེར་བས་དེ་གཉིས་གང་ཡིན་བརྟག་པའི་སྙན་ཕྲ་བཅུག་པས་རྒྱལ་པོས་རྩལ་འགྲན་ཟེར་བ་ལ་ལོ་ངམ་གྱིས་ངས་མ་ཐུབ་ན་ང་ལ་ཆད་པ་ཡོང་སྙམ་ལོག་སྨྲས་ཟེར། གང་ནའང་ཉང་རོ་རྩིབས་ཀྱི་ཐལ་དུ་སྐར་མ་ས་རི་ས་ག་ལ་འཐབ་དུས་བཏབ། ཅེས་དང་།  ཡང་།  རྒྱལ་ཕྲན་ལོ་ངམ་རྟ་རྫི་བྱ་བ་ལ།  འཐབ་ཟླ་བཅོལ་ཏེ་འཐབས་པས་གྲི་རུ་བཀྲོངས།  ཟངས་ཀྱི་གའུ་སྤྭར་བཅུག་ལྕགས་ཟེར་བཏབ།།  ཉང་ཆུ་སྐྱ་མོའི་ནང་དུ་བོར་བར་གྱུར།   ཞེས་བྲིས་ཡོད་པ་དེ་ནི་མྱང་ཆོས་འབྱུང་དུ།   མྱང་སྟོད་སྟག་ཚལ་ཞེས་བྲིས་པ་དེང་སང་གཙང་རྒྱལ་རྩེའི་ས་ཁོངས་སུ་ཡོད་པ་དེ་རེད།

རྟ་རྫི་ཞེས་པའི་ཐ་སྙད་ཙམ་གྱི་ཐོག་ནས་རྒྱལ་པོའི་ཉེ་སྐོར་ཞིག་ཏུ་སྡོད་ཅིང་ཉིན་ལྟར་རྟ་རྫིར་འགྲོ་བའི་མི་སྤྱིར་བཏང་བ་ཞིག་ཡིན་པར་སེམས་པ་ནི་མི་འཐད་དེ།  རྟ་པ་དང་།  ནོར་མ་ཞེས་རྒྱལ་པོའི་མངའ་ཁོངས་ཀྱི་འབྲོག་ལས་ཐོན་སྐྱེད་བྱེད་པའི་ལྡེ་ཤོག་གི་མིང་ཡིན་ལ།   རྟ་དཔོན་དང་།  ནོར་དཔོན་ཞེས་པ་ནི་ཡུལ་གྲུ་དེ་དག་གི་འགོ་དཔོན་གྱི་གོ་གནས་ཀྱི་མིང་ཡིན་པ་ལས་ནོར་ཕྱུགས་ཁོ་ན་འཚོ་རྫི་བྱེད་མཁན་གྱི་མིང་མ་ཡིན་པ་དེང་དུས་ཞལ་བཞུགས་པའི་གནའ་མི་རྒན་པོ་དག་གིས་མཁྱེན་བཞིན་པ་རེད།

དེ་ལས་གཞན་པའི་སྟོབས་འབྱོར་དང་མངའ་ཐང་རྒྱས་པའི་རྒྱལ་ཕྲན་གཞན་ཡང་བྱུང་ཡོད་པ་ནི།  གཙང་པ་རྒྱལ་ཕྲན་ལོ་ངམ་གྱིས་གྲི་གུམ་བཙན་པོ་བཀྲོངས་ནས་རྒྱལ་སྲིད་འཕྲོག་པའི་སྐབས་སུ་རྒྱལ་སྲས་གསུམ་པོ་རང་གིས་མངའ་འོག་གི་རྒྱལ་ཕྲན་རྣམས་ཀྱི་ནང་དུ་བྲོས་ནས་བཙན་ས་བཟུང་ཡོད་པའི་ཚུལ།  ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ལྷ་སྲས་མཆེད་གསུམ་ཡབ་ཀྱི་དཀོར་མཛོད་ནས།   ལྷ་ཡི་གླང་སུ་ཅེའུ་རུ་དཀར་ཞེས།    འཕུར་ཤེས་ཞོན་ནས་ཀོང་པོའི་ཡུལ་དུ་བྲོས།    གཅེན་པོ་ཤ་ཁྲིས་ཀོང་གི་རྗེ་བོ་མཛད།   ། འབྲིང་པོ་བྱ་ཁྲིས་པོ་བོའི་མངའ་དབང་མཛད།    ཆུང་བ་ཉ་ཁྲིས་ཉང་པོའི་རྗེ་མཛད་སྐད།    ཞེས་གསུངས་ཡོད་པ་འདི་དག་ལས་གཞིགས་ན།  ཀོང་པོའི་ཡུལ་དེ་སྤུ་རྒྱལ་གཉའ་ཁྲི་བཙན་པོིའ་འཁྲུངས་ཡུལ་ཡིན་སྟབས་གཉའ་ཁྲི་བཙན་པོས་བོད་སྤྱི་ལ་དབང་སྒྱུར་བྱས་པའི་རྗེས་སུ།  སྤུ་བོའི་ཡུལ་གྱི་སྲིད་དབང་དེ་སྤུ་རྒྱལ་རང་གི་གཉེན་ཚན་ཞིག་གིས་བཟུང་ཡོད་པ་ནི་སྨོས་མ་དགོས་པ་རེད།  དེས་ན་སྲས་གསུམ་པོ་ཡུལ་དེ་དག་ཏུ་བྲོས་བྱོལ་བྱས་མ་ཐག་ཏུ་ཡུལ་དེའི་རྗེ་བོར་བཀུར་བའི་རྒྱུ་མཚན་ཡང་དོན་དེ་ཡིན་པ་དང་།   ཡུལ་དེའི་དཔལ་འབྱོར་དང་དམག་ཤུགས་ཀྱང་རྒྱལ་ཕྲན་ལོ་ངམ་ལས་མི་དམན་པ་ཞིག་ཆགས་ཡོད་པ་གནད་དོན་འདིའི་སྟེང་ནས་ར་འཕྲོད་བྱུང་འདུག

 གྲི་གུམ་བཙན་པོས་བོན་བསྣུབས་པའི་རྒྱུ་མཚན་དེའང་བོན་གྱི་སྐུ་གཤེན་རྣམས་ཀྱིས་སྲིད་ཇུས་ལ་ཇུས་གཏོགས་བྱེད་དྲགས་པས་ཡིན་པར་གསལ་ཏེ།  ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས།  རྐྱེན་ནི་བསྒྲགས་བྱང་ལས།  ཆེ་གསུམ་དབང་གིས་མེ་འབར་བ། །  ཆུང་གསུམ་ཕྲ་མའི་ཤིང་བསྣན་ནས། །  ཞེས་པ་ལྟར།   རྒྱལ་པོ་ནི་ཀུན་གྱི་གཙོ་བརོ་གྱུར་པས།  མངའ་ཐང་གི་དྲེགས་ཆེ་སྟེ་ང་རྒྱལ་གྱི་མེ་འབར།   བློན་པོ་ནི་བློའི་དྲེགས་ཆེ་ཏེ་ཕྲག་དོག་གི་མེ་འབར་ཞིང་།   ཆུང་གསུམ་ནི་བློན་པོ་ལ་སོགས་པས་ཕྲ་མའི་ཤིང་བསྣན་ནས།    ཞེས་པ་ལྟར།   རྒྱལ་པོ་ནི་ཀུན་གྱི་གཙོ་བོར་གྱུར་པས།  མངའ་ཐང་གི་དྲེགས་ཆེ་སྟེ་ང་རྒྱལ་གྱི་མེ་འབར།   བློན་པོ་ནི་བློའི་དྲེགས་ཆེ་ཏེ་ཕྲག་དོག་གི་མེ་འབར་ཞིང་།  ཆུང་གསུམ་ནི་བློན་པོ་ལ་སོགས་པས་ཕྲ་མ་སྐྱེལ་བ་དང་།  རྒྱལ་པོའི་ཐུགས་ལ་གདོན་ཞུགས་པ་དང་།  བོད་འབངས་ཀྱི་ཁ་སྨྲས་ངན་པ་མཆེད་པ་སྟེ་གསུམ་པོའི་མེའི་སྟེང་དུ་ཤིང་བསྣན་པ་ལྟ་བུར་གྱུར་ནས་གཡུང་དྲུང་གི་བོན་ནུབ་བོ།  ། དེ་ཡང་ཕྲ་མ་ཇི་ལྟར་བཅུག་པ་ནི།  བློན་པོ་ལི་བཙན་བཞེར་ན་རེད།  རྗེ་རྒྱལ་ལགས།  བོན་པོ་མགོ་མཐོ་ན་རྗེའི་མངའ་ཐང་ཁྱེར།   ཞེས་པ་ལ་སོགས་དང་།   བློན་པོ་ཟིང་པ་རཏྣ་བྱ་བ་ན་རེ།   རྗེ་ལགས། གཤེན་པོ་རྣམས་མཐའ་རུ་སྤྱུགས་པའི་བཀའ་མཆིད་གསུངས་པར་ཞུ།  ཞེས་སོགས་དང་།  རྒྱ་གར་གྱི་སྤྲང་པོ་རྒྱལ་ཁམས་སུ་འཁྱམས་པ་རཏྣ་སིང་གྷི་བྱ་བ་ཞིག་གིས་ཀྱང་ད་ལྟ་རྒྱལ་གཤེན་དོ་མཉམ་ཙམ་གདའ་སྟེ།  སྲས་དབོན་རྣམས་ཀྱི་སྐུ་རིང་ལ་རྒྱལ་སྲིད་བོན་པོས་ཁྱེར་བར་མཆིའོ། །   ཞེས་སོགས་ཀྱི་ཕྲ་མ་རྒྱལ་གཤེན་གྱི་བརུ་དུ་བཅུག་གོ།  ཞེས་དང་།   ཡང་དེ་ཉིད་ལས།  དེར་རྒྱལ་པོས་གཤེན་པོ་རྣམས་བསགས་ཏེ་གསུངས་པ།  སྐུ་གཤེན་རྣམས་གསོན་དང་།  ང་ཡི་རྒྱལ་སྲིད་དང་།   ཁྱོད་ཀྱི་བོན་སྲིད་གཉིས་ཙམ་མངའ་རིས་འདི་རུ་མི་ཤོང་བ་འདྲ་བས།  ལྷ་བོན་སྒོ་བཞི་དང་།  གེ་ཁོད་ཐིས་འཕེན་དང་། གཙོ་གྱིམ་བུ་ལན་ཚ་རྣམས་བདག་གི་སྐུ་སྲུང་དུ་བཞག་འཚལ།   ཕྱི་མ་རྣམས་བོད་རུ་བཞི་ལས་འདས་པར་གཤེགས་ཤིག་ཅེས་གསུངས་ཡོད་པ་དང་།  བོན་བསྣུབས་པའི་ཡུལ་གྱི་གཙོ་བོ་ཡང་གཙང་གི་ཡུལ་དུ་ཡིན་པར་གསལ་ཏེ། ཡང་དེ་ཉིད་ལས།  ཀ་ཅིག་གིས་གཙང་དུ་ནུབ་ལ་དབུས་སུ་མ་ནུབ་པར་བཤད།  ཁ་ཅིག་གིས་བོད་ཁོ་ནར་ནུབ་པར་བཤད་དེ།  དེ་ཡང་ལུང་གཏན་ཚིགས་ཆེ་བས་ལུང་ལས་གསལ་བ་ལྟར་ན།  བསྒྲགས་བྱང་ལས།  དེ་གཙང་དུ་ནུབ་པ་ལས་དབུས་མན་ཆད་དུ་མ་ནུབ།  ཅེས་དང་སྒྲ་འགྲེལ་ལས།  དབུས་ཀྱི་ས་སྐོར་དུ་བོན་མ་ནུབ་པར་སྤྱོད།  ཅེས་དང་།  དབང་ཆེན་ལས།  བོད་ཀྱི་ས་སྐོར་དུ་སྲིད་པའི་བོན་ཐང་ཅིག་ནུབ།  ཅེས་པའི་ལུང་དང་པོ་གཉིས་ཀྱིས་གཙང་དུ་ནུབ་པར་བཤད་པ་འདོད་ལ།  ཕྱི་མས་ནི་བོད་ཀྱི་ས་སྐོར་དུ་འབྲས་བུའི་བོན་ནུབ་པ་ལ་དགངོས་སམ་སྙམ།  ཞེས་སོགས་བྲིས་འདུག  དེས་ན་གཙང་གི་རྒྱལ་ཕྲན་ལོ་ངམ་གྱིས་སྤུ་རྒྱལ་གྱི་མངའ་ཁོངས་ལས་འདའ་བའི་ཐབས་ཇུས་བཤམས་པའི་ཚེ།  བོན་གྱི་སྐུ་གཤེན་རྣམས་ཀྱིས་སྔར་རྒྱལ་ཕྲན་སོ་སོའི་སྐབས་ཀྱི་ལོ་རྒྱུས་ཀྱི་ཡིག་ཚང་སོགས་ལ་ཁུངས་བཅོལ་ནས།   དོན་དེ་ལ་རྒྱས་སྐྱོར་བྱེད་པའི་གཏམ་སྤྱོད་སོགས་སྤེལ་སྟབས་གྲི་གུམ་བཙན་པོས་བོན་སྤྱི་ལ་མགོ་མནོན་དང་།   བྱེ་བྲག་གཙང་ཕྱོགས་ཀྱི་བོན་པོ་དག་བསྣུབས་ཏེ།  ཏ་ཟིག་ཡུལ་གྱི་ཕྱི་པའི་ཚོགས་ལུགས་ཤིག་བོད་དུ་བསྒྱུར་ནས་དེ་ལ་མཆོད་པའི་སྲོལ་དར་བ་ཞིག་ཀྱང་བྱུང་འདུག  ཕྱིས་སུ་བོན་པོ་ཚོས་སྟག་གཟིག་ལ་ཁུངས་བཅོལ་བའི་རྒྱུ་མཚན་ཡང་དེ་དུས་ཀྱི་ལོ་རྒྱུས་ལ་གཞི་བཟུང་ཡོད་པ་འདྲ།

ལོ་ངམ་གྱིས་རྒྱལ་པོ་བཀྲོངས་པའི་སྐོར་ལ་བྱིས་པ་དགའ་བའི་གཏམ་རྒྱུད་ལྟ་བུ་ཞིག་བཤད་སྲོལ་བྱུང་འདུག་ཀྱང་དོན་དུ་གོང་གསལ་མཁས་པའི་དགའ་སྟོན་གྱི་ལུང་ལྟར།  གྲི་གུམ་བཙན་པོས་ཁ་ཆེའི་རྒྱལ་པོ་དང་གཡུལ་སྤྲད་ནས་རྒྱལ་ཁ་ཐོབ་སྟེ་ཕྱིར་ལོག་པའི་ལམ་བར་གཙང་མྱང་ཡུལ་དུ་སླེབས་པ་དང་།  བློན་པོ་ལོ་ངམ་གྱི་ས་གཡོ་ཐབས་ཀྱི་བསུ་བ་བྱས་ཏེ་བཀྲོངས་ཡོད་པར་གསལ་ཏེ།  ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས། དེའི་ཚེ་ལོ་ངམ་གྱིས་རྒྱལ་ལ་གསེར་ཡིག་བཏང་སྟེ་འོ་སྐོལ་གཉིས་ལ་རྗེ་འབངས་ཀྱི་ཁྱད་འདུག་པས་སྔོན་དུ་ངས་ཁྱོད་ལ་བསུ་བ་ཞིག་བགྱི།   དེའི་རྗེས་གང་གསུངས་ཀྱི་སྐྱོ་སངས་བགྱིའོ། །  ཞེས་སྤྲིངས་པས།  རྒྱལ་པོས་ཀྱང་ཁོས་ཟེར་བ་བདེན་གསུངས་ནས།  འོ་སྐོལ་གཉིས་མི་མཉམ་པས་ཁྱོད་ཀྱིས་དང་པོ་ང་ལ་བསུ་བ་གྱིས་ཤིག་དང་དེ་ནས་འཁྲུག་པ་ཡང་བྱ་དགོས་ཟེར་རོ། །  དེར་ལོ་ངམ་ནས་སྒྲ་དང་རོལ་མོས་བསུ་བ་བྱས།   ཞེས་སོགས་འཁོད་ཡོད་པ་ལྟར་རེད།

དེ་ལྟར་ཡིག་ཚང་རྙིང་པ་རྣམས་སུ་འཁོད་པའི་ལོ་རྒྱུས་ཀྱི་དོན་དངོས་རྣམས་མདོ་གཅིག་ཏུ་དྲིལ་ནས་བཤད་ན།  སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་རྒྱལ་ཕྲན་སིལ་མ་བཞི་བཅུ་དེ་དག་གཅིག་གྱུར་བྱས་ནས།  རྒྱལ་ཕྲན་རྣམས་ཀྱི་བར་ཕན་ཚུན་རྩོད་གླེང་དང་དམག་འཁྲུག་གི་མཇུག་བསྒྲིལ་ཏེ་རྒྱལ་རབས་བདུན་ཙམ་གྱི་རིང་ལ་སྤུ་རྒྱལ་བཙན་པོའི་བཀའ་འོག་ཏུ་རང་རང་གི་ཡུལ་དུ་དཔལ་འབྱོར་དང་དམག་ཤུགས་ཡར་རྒྱས་གཏོང་བའི་གོ་སྐབས་བྱུང་སྟབས།  མངའ་འོག་གི་རྒྱལ་ཕྲན་དེ་དག་སྟོབས་ཤུགས་ཆེན་པོ་ཆགས་ཏེ།  རྒྱལ་པོ་གྲི་གུམ་བཙན་པོའི་སྐབས་སུ་གཙང་གི་རྒྱལ་ཕྲན་ལོ་ངམ་གྱིས་སྤུ་རྒྱལ་བཙན་པོའི་མངའ་ཁོངས་ལས་ཟུར་དུ་རྒྱལ་ཁབ་ཅིག་འཛུགས་རྒྱུའི་ཐབས་ཇུས་བཤམས་ཚེ།  གཙང་ཕྱོགས་ཀྱི་བོན་གཤེན་རྣམས་ཀྱིས་སྔོན་གྱི་ལོ་རྒྱུས་ཀྱི་ཡིག་ཚང་དག་ལ་ཁུངས་བཅོལ་ནས་ལོ་ངམ་གྱི་གྲོགས་སུ་ཆབ་སྲིད་ཀྱི་ཇུས་གཞི་བཏོན་པས།  སྤུ་རྒྱལ་བཙན་པོས་བོན་གྱི་དབང་ཤུགས་བཅག་ཅིང་གཙང་ཕྱོགས་ཀྱི་བོན་པོ་རྣམས་མཐར་བསྐྲོད་བྱས།   སྟག་གཟིག་ཡུལ་གྱི་ཆོས་ལུགས་ཤིག་བོད་དུ་བསྒྱུར་ནས་དེ་ལ་མཆོད་པའི་གནས་བྱས།  ཁ་ཆེའི་རྒྱལ་པོ་ལ་དམག་དྲངས་ཏེ་རྒྱལ་ཁ་ཐོབ་ནས་ཕྱིར་ལོག་པའི་ལམ་བར་གཙང་གི་མྱང་ཡུལ་དུ་སླེབས་པདང་། བློན་པོ་ལོ་ངམ་གྱིས་གཡོ་ཐབས་ཀྱི་ཕེབས་བསུའི་མཛད་གོའི་ཁྲོད་དུ་མདའ་བརྒྱབ་སྟེ་རྒྱལ་པོ་བཀྲོངས།  སྤུར་ཟངས་ཀྱི་ག་འུའི་ནང་དུ་བཅུག་སྟེ་ཉང་ཆུའི་ནང་དུ་བསྐྱུར།   དམག་རྣམས་ཕམ་པར་བྱས་ཏེ་སྤུ་རྒྱལ་བཙན་པོའི་རྒྱལ་སྲིད་འཕྲོག   སྲས་གསུམ་པོ་སྤུ་ཀོང་སོགས་རྒྱལ་ཕྲན་རྣམས་ཀྱི་ཡུལ་དུ་བྲོས་བྱོལ་སོང་བས།  ཡུལ་དེ་དག་གི་རྗེ་བོར་བཀུར།  བཙུན་མོ་གཡོག་ཏུ་བཀོལ།  སྲས་མོ་ཆུང་མ་བྱས་ནས་ལོ་བཅུ་གསུམ་ཙམ་གྱི་རིང་ལ་སྤུ་རྒྱལ་གྱི་རྒྱལ་སྲིད་ལོ་ངམ་གྱིས་བཟུང་ངོ་། 

 དེ་རྗེས་རྒྱལ་པོ་གྲི་གུམ་བཙུན་པོའི་གཉེན་ཚན་དུ་གྱུར་པ་བཀྲགས་ཀྱི་རུལ་ལས་སྐྱེས་པའི་དབུས་ཀྱི་རྒྱལ་ཕྲན་བློན་པོ་རུ་ལས་སྐྱེས།  སྤུ་ལྡེའུ་གོང་རྒྱལ་གཉིས་དཔུང་བསྡེབས་ཏེ་གཙང་དུ་དམག་དྲངས།  ལོ་ངམ་འཁོར་གྱི་དམག་མི་སྟོང་ཚོ་དང་བཅས་པ་བསད་ནས།  སླར་ཡང་སྤུ་རྒྱལ་རང་གི་གདུང་རྒྱུད་སྤུ་ལྡེའུ་གུང་རྒྱལ་གྱིས་བོད་ཀྱི་སྲིད་བསྐྱངས།

དེ་རྗེས་རྒྱལ་རབས་རྣམས་ཀྱི་རིང་ལ་སྲིད་དབང་གི་ས་ཁོངས་ལ་འགྱུར་བ་ཅུང་ཟད་རེ་བྱུང་ཡོད་པར་ངེས་ཀྱང་། དེ་དག་སྐབས་ཀྱི་དཔྱད་གཞིའི་ཡིག་རིགས་ཉུང་སྟབས་ཁ་གསལ་ཞིག་བཤད་དཀའ་མོད།  འོན་ཀྱང་སྟག་རི་གཉན་གཟིག་གི་སྐབས་སུ་བོད་ཀྱི་ཡུལ་འདིར་སྤུ་རྒྱལ་གྱི་མངའ་ཁོངས་སུ་མ་འདུས་པའི་རྒྱལ་ཕྲན་འགའ་ཞིག་བྱུང་བ་གསལ་ནི།  དེབ་ཐེར་དཀར་པོ་རུ་དྲངས་པའི་ཏུན་ཧོང་གི་ཡིག་ཚང་དེའི་དོན་གོ་བདེ་བར་ཅུང་ཟད་བཤད་ན།

མཁར་ཕྱིང་བ་སྟག་རྩེ་ན། རྒྱལ་པོ་སྟག་རི་གཉན་གཟིགས་བཞུགས་ཡོད་པ་དང་།  ཉེན་ཀར་རྟིང་པ་ན།  ཟིང་པོ་རྗེ་སྟག་སྐྱ་པོ་ཞེས་པ་ཞིག་ཡོད་ཅིང་།  སྤུར་བའི་ཡུ་སྣ་རུ།  རྗེ་དེའི་འབངས་མི་ཁྲི་ཚོ་གསུམ་ཡོད་པ་རེད། ཟིང་རྗེ་སྟག་སྐྱ་བོ་དང་།   བློན་པོ་གཉན་འཛི་ཟུང་གཉིས་ཀྱིས་ངན་སྤྱོད་སྣ་ཚོགས་ཀྱི་སྒོ་ནས་བློན་འབངས་རྣམས་ལ་གཉའ་གནོན་བྱེད་པ་དང་།  གཉན་འཛིང་ཟུང་གི་ཆུང་མ་པ་ཚབ་བཟས།  མྱང་ཙེང་སྐུ་ལ་བརྙས་བཅོས་བྱེད་དྲགས་པ་མ་བཟོད་ནས་རྗེ་ལ་ཞུས་ཀྱང་།  རྗེ་ཡིས་དེ་བཞིན་བྱེད་ཆོག་པའི་བཀའ་ཕབ།

སྐབས་དེར་ཟིང་པོ་རྗེའི་བློན་འབངས་དབའ་ཏོ་རེ་ཁྲུ་གུ་དང་།  གཤེན་གཞེར་འདོན་ཀོང་གཉིས་འཐབ་པས་གཤེན་གྱིས་དབའ་བསད། དབའ་ཡི་ཕུ་བོ་ཕངས་ཏོ་རེ་དབྱི་ཚབ་ཀྱིས་ནུ་བོ་བསད་མི་དགོས་པའི་བཀའ་ཕབ།  དེ་ནས་མྱང་ཙེང་སྐུ་དང་།  དབའ་དབྱི་ཚབ་གཉིས་ཀ་ཟིང་རྗེ་ལ་ཡིད་ཆད།  བློ་ལོག་སྟེ་མཁར་ཕྱིང་བ་སྟག་རྩེ་ན་རྒྱལ་པོ་སྟག་རི་གཉན་གཟིགས་ཀྱི་དྲུང་དུ་ཕྱིན་ཏེ་མགོ་འབུལ་ཞུས།  ཟིང་པོ་རྗེ་ལ་དགྲ་ལན་སྤྲོད་རྒྱུའི་རེ་བ་བྱས་ཀྱང་།   དགྲ་ལན་མ་གློན་པའི་གོང་དེར་སྟག་རི་གཉན་གཟིགས་གྲོངས།  རྒྱལ་པོ་ལས་སྲས་སློན་བཙན་དང་།  སློན་ཀོལ་གཉིས་ཡོད་པ་དེ་གཉིས་ཀྱིས།  མྱང་ཙེ་སྐུ་དང་།  དབའ་དབྱི་ཚབ།  དབའ་མྱེས་སྣང་།  དབའ་བུ་ཚབ།  མནོན་མགྲོན་པོ།  ཆེས་པོ་ནགས་སེང་དཞུག་ལ་གནའ་དབང་བཙུགས་ཏེ་ད་ནས་བཟུང་སྤུ་རྒྱལ་གྱི་བཀའ་ལ་བཅི་བའི་ཁས་ལེན་བྱེད་བཅུག་ནས་གྲོགས་དན་བྱེད་རྒྱུའི་ཞལ་བཞེས་གནང་།

དེ་ནས་དུས་ཆད་བྱས་ཏེ། གཅུང་སློན་ཀོལ་དང་།  ཡུམ་སྟོང་བཙུན་གཉིས་ལ་རྒྱལ་སྲིད་ཀྱི་གཉེར་ཁ་བཏད་བཙན་པོ་ཁྲི་སློན་བཙན་རང་ཉིད་ཀྱིས་དམག་དཔོན་བྱས་ཏེ་དམག་ཁྲི་གཅིག་ཁྲིད་ནས་ཟིང་པོ་རྗེ་ལ་དམག་བརྒྱབ་ནས་མཁར་ཡུ་སྣ་བླངས།  དགུ་གྲེ་ཟིང་པོ་རྗེ་བསད།  ཡུལ་ངས་པོ་ཞེས་པ་དེར།  འཕན་ཡུལ་ཞེས་པའི་མིང་གིས་བོས།  མྱང་དབའ་མནོན་ཆེས་བཞི་པོ་རང་གི་བློན་གྲལ་དུ་བཅུག་ཅིང་ཡུལ་དེ་དག་གི་དཔོན་དུ་བསྐོས། 

 རྒྱལ་པོ་དེའི་རིང་ལ་ཁྱུང་པོ་སྤུང་སད་ཟུང་ཙེས་གཙང་བོད་ཀྱི་རྒྱལ་པོ་མར་མུན་གྱི་མགོ་བཅད་དེ་གཙང་གི་དུད་ཁྱིམ་གཉིས་ཁྲི་སློན་བཙན་ནམ་གནམ་རི་སྲོང་བཙན་གྱིས་ཕྱག་ཏུ་ཕུལ་བས་བཙན་པོ་དགྱེས་ནས་གཙང་དུད་ཉི་ཁྲིའི་དཔོན་པོ་ཁྱུང་པོས་ཐོག་མར་བོད་གཅིག་གྱུར་བྱས་པའི་སྐབས་སུ་སྤུ་རྒྱལ་གྱི་མངའ་ཁོངས་སུ་གྱུར་པའི་ས་ཁྱོན་དེ་དག་གནམ་རི་སྲོང་བཙན་སོགས་རྒྱལ་རབས་ཕྱི་མ་རྣམས་ཀྱི་སྐབས་སུ་འགའ་ཞིག་སྤུ་རྒྱལ་གྱི་མངའ་ཁོངས་ལས་ཟུར་དུ་གྱུར་པའི་རྒྱལ་ཕྲན་ཞིག་ཆགས་ཡོད་པ་ཤེས་ཐུབ།  དེས་ན་གནམ་རི་སྲོང་བཙན་སོགས་རྒྱལ་རབས་ཕྱི་མ་རྣམས་ཀྱི་ས་ཁོངས་ཀྱི་རྒྱ་ཁྱོན་དེ། གཉའ་ཁྲི་བཙན་པོའི་སྐབས་ཀྱི་ས་ཁོངས་ལས་རྒྱ་ཆུང་དུ་ཕྱིན་ཡོད་པར་ངེས།

   བཞི།  ཁྲིམས་དང་ལས་ཀའི་ཁོངས།

ཁྲིམས་དང་ལས་ཀའི་སྒྲིག་གཞི་ནི་དབང་སྒྱུར་གྲལ་རིམ་པས་རང་གི་དབང་སྒྱུར་རྒྱུན་འཁྱོངས་བྱེད་པའི་ལག་ཆ་གལ་ཆེ་ཤོས་ཤིག་ཡིན་སྟབས།  རྒྱལ་ཀབ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་རང་རང་གི་དགོས་མཁོ་དང་བསྟུན་པའི་ཁྲིམས་དང་ལས་ཀའི་སྒྲིག་གཞི་རེ་ཡོད་པ་གོར་མ་ཆག   རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་ཀྱི་ཁྲིམས་དང་ལས་ཀའི་སྒྲིག་གཞི་གསལ་པོར་འཁོད་པའི་ཡིག་ཆ་ཤིན་ཏུ་རྙེད་དཀའ་བས། སྐབས་དེའི་གནས་ཚུལ་གསལ་པོར་ཤོད་མ་ཐུབ་ནའང་།   ལྡེའུ་ཇོ་སྲས་ཀྱིས་མཛད་པའི་ལྡེའུ་ཆོས་འབྱུང་ལས། དེ་ནས་ཡུམ་བུ་བླ་སྒང་དུ་གཤེགས་ཏེ།  ཡེ་ནས་མཐོ་བ་ལ།  ཕྱག་ཚང་ལྷོ་དང་སྙགས།  དེ་ནས་ཕྱིང་བ་སྟག་རྩེར་བྱོན་ཏེ་དར་དཀར་གྱི་ཡོལ་བ་དགུ་རིམ་བགྱིས་ནས།  བླའི་སྐུ་རབས་རྣམས་ཀྱིས་བསྐོར་ནས།   གཙུག་ལག་གི་ཐང་ཁྲིམས་ནི་ལྷའི་ལུགས།  སྒྲུང་དང་ལྡེའུ་ཙམ་ནི་བྱུང་།  དགོངས་པར་འཕྲུལ་གྱི་རས་ཆགས་པས།  གསང་གྲོས་རྣམས་གསུམ་གྱིས་ཕྱི་ནང་གི་དམིགས་ཕྱེ།   མི་ལ་ཆད་རྣམས་གཉིད་བཞེད་རྣམ་ལྔས་བོད་ཀྱི་ཁྲིམས་བཅས།  ཡིག་ཚང་སྡེ་དགུ་དང་དཔའ་མཚན་རྣམ་བརྒྱད་བཀའ་རིམ་པར་གནང་སྟེ།  འཛམ་བུ་གླིང་ན་མཐའ་བཞིའི་རྒྱལ་པོ་བཞི་ཡང་དཔྱ་འབུལ་ལོ། །  ཞེས་པའི་ཚིག་དོན་ལ་ཅུང་ཟད་དཔྱད་ན།  རྒྱལ་པོ་གཉའ་ཁྲི་བཙན་པོས་ཐོག་མར་བོད་ཁམས་དབང་དུ་བསྡུས་ནས། རང་གི་མཆན་ཁེབས་སམ་དཔུང་རོགས་གཙོ་བོ་མི་གཉིས་བསྐོར་བཞག་བྱས་པ་ལས་ཕྱག་ཞང་ཞེས་པའི་མཚན་གྱི་གོ་གནས་སྤྲད།  དེ་ནས་རྒྱལ་སྲིད་སྐྱོང་བ་ལ་མེད་དུ་མི་རུང་བའི་ཁྲིམས་དང་ལས་ཀའི་སྒྲིག་གཞི་བཅའ་བའི་དགསོ་པ་གཞིར་བཟུང་རང་གི་ནང་བློན་ཆེ་རྒུ་རྣམས་དང་ལྷན་ཅིག་ཏུ་ཕྱིང་བ་སྟག་རྩེར་ཕེབས་ཏེ་གསང་རྒྱའི་སྒོ་ནས་ཁྲིམས་དང་ལས་ཀའི་སྒྲིག་གཞི་བཅས་ཡོད་པར་གསལ་ཏེ།   དར་དཀར་གྱི་ཡོལ་བ་དགུ་རིམ་བགྱིས་ཞེས་པའི་ཚིག་དོན་ལ་དཔྱད་ན།  རྒྱལ་པོས་གཙོས་པའི་སྐུ་འཁོར་མཐོ་རིགས་རྣམས་ཀྱིས་ཕྱིང་བ་སྟག་རྩེར་གནས་བཅས་ཏེ་ཁྲིམས་ཡིག་དང་སྒྲིག་གཞི་བཟོ་བ་ལ།  བློན་པོ་རྣམས་ཀྱིས་ཕྱི་ནས་རིམ་པར་སྲུང་སྟེ་གསང་རྒྱ་དགོས་པའི་དོན་དུ་ངེས་ཏེ།  དགུ་རིམ་པམ་རིམ་པ་དགུ་ཞེས་པ་ནི་རང་རེ་བོད་ཀྱི་ཁ་སྐད་ཀྱི་གོམས་སྲོལ་དུ་ཤིན་ཏུ་ནན་པོའི་སྒོ་ནས་དམ་རྒྱ་བྱས་འི་དོན་ཡིན་པ་དཔེར་ན་རྒྱ་རིམ་པ་དགུ་བཏབ།  མནའ་ཐེངས་མ་དགུ་བསྐྱལ་ཞེས་པ་ལ་སོགས་པས་རིགས་བསྒྲེའོ། །

གཞན་ཡང་སྐབས་དེར་རྒྱལ་བློན་རྣམས་ཀྱི་གཟིམ་ཤག་དང་བཀའ་གྲོས་གནང་ཡུལ་ཕྱིང་པ་སོགས་ཀྱི་གཡབ་གུར་ཕུབ་ཅིང་བཞུགས་པས།  རྗེས་སུ་ཡུལ་དེར་མཁར་བརྩིགས་པ་ལ་ཕྱིང་བ་སྟག་རྩེ་ཞེས་པའི་མིང་དེ་བྱུང་བ་མིན་ནམ་སྙམ། 

  ལས་ཀའི་སྒྲིག་གཞིའི་སྐོར།  སྲིད་ཀྱི་ཇུས་འགོད་བྱེད་པའི་སྒྲིག་གཞི་མཐོ་ཤོས་ལ་གསང་གྲོས་རྣམ་གསུམ་ཟེར་ཞིང་།   དེའི་ལས་འགན་གཙོ་བོ་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་།  དཔལ་འབྱོར། དམག་དོན།  ཆོས་ལུགས།  རིག་གནས་བཅས་ཀྱི་ཐད་ལ་གལ་ཆེ་བའི་འགྱུར་བ་བྱུང་ཚེ།   དེ་ལ་དཔྱད་པ་དང་གྲོས་མོལ་བྱས་ནས་གནས་ལུགས་གཏན་ལ་ཕབ་ཏེ་ཕྱི་ནང་གི་དམིགས་ཕྱེ།  དེའང་གནད་དོན་གྱི་ངོ་བོ་གལ་ཆེ་ཆུང་དང་བསྟུན་པ་སོགས་ཀྱི་དབྱེ་བས་གསང་གྲོས་ལས་ཁུངས་དེའང་མཐོ་དམན་གྱི་རིམ་པ་གསུམ་དུ་ཕྱི་ཡོད་པ་ལ་གསང་གྲོས་རྣམ་གསུམ་ཟེར། ཆོས་དང་རིག་གནས་ཀྱི་འདུ་འགོད་བྱེ་དཡུལ་ལ་གཙུལ་ལག་ཁང་ཟེར་ཞིང་།  དེར་གཙོ་བོ་བོན་ཆོས་བལྟ་ཀློག་བྱེད་ཅིང་།  ལྷ་གསོལ་བ་དང་།  གཡང་སྒྲུབ་པ།  གཏོ་འཕེན་པ། ཡས་བརྫངས་བ་སོགས་བོན་གྱི་བྱེད་སྒོ་སྣ་ཚོགས་བཡེད་པ་དང་། སྔར་གྱི་ལོ་རྒྱུས་དང་གཏམ་རྒྱུད་ཅི་རིགས་བཤད་པའི་སྒྲུང་དང་།  མི་རྣམས་ཀྱི་རིག་པའི་རྩལ་སྦྱོང་ཞིང་བློ་གྲོས་ཀྱི་སྒོ་འབྱེད་པའི་ལྡེའུ་མིག་ལྟ་བུའི་བཅས།  མདོར་ན་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་གསལ་བའི་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་སུ་བྱུང་བའི་ཆབ་སྲིད་སྐྱོང་བྱེད་ཀྱི་སྒྲུང་ལྡེའུ་བོན་གསུམ་ཞེས་པ་དེ་དག་དར་སྤེལ་བྱེད་ཡུལ་ལ་གཙུག་ལག་ཁང་ཟེར།  གཞན་ཡང་ཆད་གཉིས་དང་བཞེད་ལྔ་བཅས་ཁྲིམས་ཀྱི་ལས་ཀ་བྱེད་པའི་སྒྲིག་གཞི་དང་།  མཐའི་རྒྱལ་ཁག་རྣམས་ལས་དཔྱ་བསྡུ་བའི་དཔལ་འབྱོར་གྱི་ལས་ཀ་བྱེད་པའི་སྒྲིག་གཞི་བཅས་བྱུང་ཡོད་པར་ངེས། 

  ཁྲིམས་ཀྱི་སྐོར་ལ།  གཙུག་ལག་གི་ཐང་ཁྲིམས་ན་ལྷའི་ལུགས་ཞེས་སྔར་གཡུང་དྲུང་བོན་གྱི་སྐབས་སུ་གཏན་འབེབས་བྱས་པའི་ལུགས་རྣམས་སྔར་བཞིན་གཏན་འཇགས་བྱས།

མི་ལ་ཆད་རྣམ་གཉིས་དང་བཞེད་རྣམ་ལྔས་བོད་ཀྱི་ཁྲིམས་བཅས་ཞེས་པའི་ཆད་ནི་བཅད་པའི་དོན་ཡིན་པས་དེས་ན་བཀའ་ཡིས་བཅད་པ་གནང་བའི་དོན་དུ་གོ་དགོས་ལ།  དེ་ཡང་བཟང་ལ་ནོར་གྱི་དཔའ་དར་དང་བསྟོད་པའི་བསྔགས་བརྗོད་བགྱིད་པའི་བཀའི་བཅད་པ་དང་།  ངན་པར་ལུས་ལ་གཅོད་རྡུང་དང་ནོར་ལ་འཕྲོག་ལེན་སོགས་བྱེད་པའི་བཀའི་བཅད་པ་སྟེ།  རྩ་བའི་ཁྲིམས་སྲོལ་གཉིས་པོ་དེའི་སྟེང་དུ་རྒྱལ་པོའི་སྲིད་ལ་ཕན་པའི་བཞེད་སྔའམ་ལུགས་སྲོལ་ལྔའི་ཁྲིམས་ལུགས་བྱུང་ཡོད་ཀྱང་འདི་དག་མིང་ཙམ་འཁོད་པའི་ཡིག་ཆ་ད་ཕན་ལག་སོན་མ་ཐུབ་སྟབས་རེ་ཞིག་གསལ་བཤད་གྱི་སྤྲོས་པ་བཞག

ཡིག་ཚང་སྡེ་དགུ་ཞེས་པ་ནི།   ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་བློན་པོ་སོ་སོའི་ཐོབ་ཐང་དང་བསྟུན་པའི་ཡིག་ཚང་སྤྲོད་སྲོལ་ཡོད་པ་སྟེ།  གསེར་ཡིག  གཡུ་ཡིག  དངུལ་ཡིག  ཕྲ་མན་གྱི་ཡི་གེ།   ཟངས་ཡིག   ལྕགས་ཡིག་དྲུག་པོ་དེ་དག་རེ་རེ་ལའང་ཆེ་ཆུང་གཉིས་རེ་དབྱེ་བས་བཅུ་གཉིས་བྱུང་ཡོད་པ་དེ་དག་གི་གཞི་འཛིན་ས་ཡིག་ཚང་སྡེ་དགུ་འདི་ཡིན་པར་ངེས།   

དཔའ་མཚན་རྣམ་བརྒྱད་ཅེས་པ།  ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ།   དགྲ་འདུལ་གྱི་དཔའ་བོ་རྣམས་ལ་དཔའ་རྟགས་ཀྱི་ཆ་བའི་མཚན་མར་སྟག་སྟོད་སྨད་གཉིས།  ཟེ་ཆེན་དང་ཟེ་ཆུང་གཉིས།  གམ་རས་དང་སྟག་སློག་གཉིས་ཏེ་དཔའ་མཚམས་རྣམ་དྲུག་བྱུང་ཡོད་པ་འདི་དག་དང་ངོ་བོ་གཅིག་ཡིན་པ་མ་ཟད།  དེ་དག་ཀྱང་གཞི་འདི་ལ་བཟུང་ནས་བཅད་བཅོས་དང་འཕྲི་སྣོན་བྱས་པ་གོར་མ་ཆག

 
 
འབྲེལ་ཡོད་ནང་དོན་ 53 ཡོད།<<<123456>>>
Powered by Oblog.