མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཚེ་རིང་འཚོ།

ཟིན་བདག་བརྡ་ཁྱབ།

ང་རང་བོད་པའི་བུ་མོ་ཞིག་ཡིན་པའི་ངོས་ནས་

ཕ་སྐད་དག་མོ་ཞིག་ཤོད་ཐུབ་པ་བྱ་རྒྱུ་ནི་སྙན་

ངག་འབྲི་བ་ལས་ཀྱང་རྩ་ཆེ་བར་བསྒོམས་ཡོད།

ZZXXCRC@163.COM

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
མཚན་མོའི་ཐོལ་བྲིས།
2014-6-24 23:21:11

མཚན་མོའི་ཐོལ་བྲིས།


རྨི་ལམ་ཁྲོད་ཀྱི་པད་མ་ཁར་སྐྱེས།།

འདབ་ལྡན་སྟོང་གི་རྒྱན་དུ་འཁུམས་འདུག།

རྐང་དྲུག་གཞོན་ནུའི་འགྱུར་ཁུག་སྙན་མོས།།

སྒྲ་འཛིན་དབང་བོར་བྲེལ་བ་ལངས་སོང་།།


ཁ་བའི་གོས་དཀར་ས་ལ་བཏིང་སོང་།།

ས་གཞིའི་བརླན་གཤེར་དབུགས་ཀྱིས་རྔུབ་སོང་།།

ཚེ་སྲོག་སྟོང་གི་སྐོམ་པའི་སྲུབས་སུ།།

ཆུ་ཡི་ཟེགས་མ་ངང་གིས་བཞུར་ཡོང་།།


མུན་ནག་ཁྲོད་ཀྱི་རྣམ་ཤེས་གསོན་པོ།།

དྲན་པ་དམར་པོའི་ཁུགས་སུ་བཟི་འདུག།

གཏམ་རྒྱུད་ཚང་བའི་ལོ་མའི་འོག་ཏུ།།

ཞག་གཅིག་རྨི་ལམ་ཆུ་ལ་འདྲེས་སོང་།།



སྦྲང་ཆར་སིམ་མའི་ཟེགས་མའི་ངོགས་ནས།།

ཉི་ཟེར་གཞོན་ནུའི་འཛུམ་མདངས་ཁྲོད་ནས།།

འཇའ་རིས་དམར་སེར་ཚོན་གྱིས་མཛེས་ཀྱང་།།

ལྷ་རིས་མདུན་གྱི་མཆོད་པ་ཅི་ཉན།།


མགུལ་རིས་བརྙན་གྱི་མཚར་གཏམ་ཁྲོད་ན།།

གནས་ལུགས་སྟོང་གི་གབ་ཚིག་སྦས་འདུག།

ལུས་ཀྱི་ཆ་བྱེད་དཔང་ལ་བཞག་ནས།།

ཐུན་གསུམ་རྨི་ལམ་རི་ལ་བཅོལ་སོང་།།

yangla | རྩོམ་ཡོངས་ཀློག་པ།(1014) | ལན་སློག(4)
འཇའ་རིས་འོག་གི་འཛུམ་མདངས།
2014-1-7 16:58:19

འཇའ་རིས་འོག་གི་འཛུམ་མདངས། 


སྤྲིན་ནག་ཐོར་བུའི་འཇེབ་རྒོལ་འོག་ནས།། 

ཆར་བའི་བརླན་གཤེར་ས་རུ་འཐོར་སོང་།།

 ཉི་ཟེར་གཞོན་ནུའི་འོད་སྣང་ཅིག་གིས།། 

འཇའ་ཚོན་སྣ་ལྔའི་དབུ་རྒྱན་འཁྲུངས་སོང་།། 


གཡུ་འབྲུག་སྔོན་མོའི་ངར་སྐད་གསེང་ནས།། 

སྒྲོ་ལེགས་རྨ་བྱར་སྤྲོ་བ་བསླངས་སོང་།། 

ཚ་བའི་སྐེམ་པའི་ལོ་མ་སེར་པོར།། 

དབུགས་རྒྱུན་གསར་བའི་ཚེ་སྲོག་སྦྱིན་སོང་།།


 གཞུ་མོའི་འཇའ་རིས་གུར་ཁང་ནང་ན།། 

རྟེན་འབྲེལ་བཟང་པོའི་འོད་སྣང་འཕྲོ་སོང་།། 

སྦྲང་ཆར་སིམ་མའི་དངོས་གྲུབ་བར་ན།། 

རེ་བའི་མྱུ་གུ་འཚར་ལོངས་བྱུང་འདུག། 


སྤང་ལྗོངས་སྔོན་མོའི་འདབ་ལྡན་སྟེང་ནས།། 

སིལ་བའི་མུ་ཏིག་ས་ལ་འཐོར་བས།། 

རྐང་རྩའི་བུ་གུའི་གས་བསྲུབས་བར་གྱི།། 

དྲི་མའི་འདམ་སྦགས་དག་པར་བཀྲུས་སོང་།། 


འཇའ་རིས་འོག་གི་འཛུམ་མདངས་དང་མ།། 

ལས་སྐལ་བཟང་པོའི་དུས་ཀྱི་ཉི་ཟླ།། 

རྣམ་རྟོག་སེལ་བའི་དངོས་གྲུབ་གཙང་མ།། 

འབྲས་བཟང་སྨིན་པའི་རྒྱུ་རུ་གྱུར་ཡོད།། 

༢༠༡༤ལོའི་ཟླ༡པོའི་ཚེས༧ཉིན།

yangla | རྩོམ་ཡོངས་ཀློག་པ།(1470) | ལན་སློག(8)
སྤྲིན་གསེབ་ཀྱི་རླངས་བ།
2013-12-9 9:55:23

སྤྲིན་གསེབ་ཀྱི་རླངས་བ།

 

སྤྲིན་པ་ལྷོ་བཞུད་ཞིག་གི་ཤུལ་ལམ་བར་ན།།

སྨུག་རྒྱུའི་རླུང་ཁར་འཐོར་བའི་ཐ་སྙད་གསོན་པོ།།

ཚོར་བའི་རྩེ་ལ་བཏེགས་པའི་སྨྲ་བརྗོད་དྭངས་མ།།

སེམས་ཀྱི་ཨ་ལོང་གཏོར་བའི་རལ་གྲི་ཡིན་འདུག།

 

ནམ་ཟླའི་དྲོད་འཁྱག་བར་གྱི་དགའ་སྐྱོ་འདྲེས་མ།།

དམིགས་དོན་རི་མོ་གྲུབ་པའི་རྐྱེན་དུ་གྱུར་ཀྱང་།།

ཕྱི་ནང་གསལ་ལེར་མངོན་པའི་མེ་ལོང་དྭངས་མ།།

རྟོགས་སད་མེ་རུ་སྤར་བའི་འབོད་བརྡ་ཡིན་འདུག།

 

སྤྲིན་དང་སྨུག་པ་འདྲེས་བའི་བཞི་མདོ་དེ་རུ།།

དྲོད་འཇམ་ཉི་འོད་རེ་ཞིག་ཡིབས་སུ་བཅུག་རུང་།།

མི་རྟག་སྨུག་སྤྲིན་རྒོད་པོའི་རས་ཡུག་ནག་པོ།།

བསིལ་རླུང་འཇམ་པོའི་ཁྲོད་ནས་ངང་གིས་ཞུམ་འགྲོ།།

 

མཚམས་སྤྲིན་དམར་སེར་འོག་གི་སྨུག་རྒྱུ་ལང་ལོང་།། སྟོང་བའི་དབྱིངས་སུ་འཁྱམ་པའི་ངང་ཚུལ་འདི་གོ།

མགོན་མེད་བརྩེ་བ་བོར་བའི་དྭ་ཕྲུག་ཞིག་གི།

རེ་བའི་གསེང་ལ་འཁྱུད་པའི་བར་ཆད་ཡིན་འདྲ།།

 

སྤྲིན་པའི་གསེབ་ནས་བྱུང་བའི་མདོག་མེད་རླངས་གཟུགས།། གཟུགས་འཛིན་དབང་བོས་གསོས་པའི་ཚོར་འདུ་གསོན་པོ།། རེ་ཞིག་ལྷན་དུ་འདྲེས་པའི་དབྱངས་རྟ་འདི་ཉིད།།

ལས་དབང་དམར་པོ་ཞིག་གི་མཚོན་རིས་བྱ་ཆོག།

          ༢༠༡༣ལོའི་ཟླ་༡༢པའི་ཚེས༩ཉིན།

yangla | རྩོམ་ཡོངས་ཀློག་པ།(906) | ལན་སློག(4)
དབྱར་སྟོན་བར་གྱི་སེམས་འགྱུ།
2013-9-24 8:50:12

དབྱར་སྟོན་བར་གྱི་སེམས་འགྱུ།

 

སྤྲིན་པ་ལྷོ་བཞུད་ཞིག་གི་ཤུལ་ལམ་ཡངས་པོ།།

སྔོ་བསངས་གཡུ་མདོག་དགུང་གི་བཞིན་རེས་དྭངས་མ།།

རེ་འཐིབ་རེ་ཚའི་མི་རྟག་རེག་བྱ་རྩུབ་མོས།།

འབྱུང་གཞི་འཁྲུག་པའི་དཔལ་འབར་མཁའ་ལ་ཞར་འདྲ།།

 

 

ལྕང་ལོ་སྔོན་མོའི་སྣེ་ལ་སེར་མདོག་བྱུགས་སོང་།།

རླུང་བུ་འཇམ་པའི་ངོགས་ལ་བཙག་ཤེད་ཐོན་སོང་།།

སེར་མ་རླུང་གི་རང་གཤིས་བུ་ཡུག་འདྲ་བོས།།

དབྱར་ཟླ་ཁ་ལས་ཅན་ལ་དྲི་རྟགས་རྒྱབ་སོང་།།

 

 

ནམ་ཟླ་བསིལ་མོའི་ངོགས་ན་དྲོད་ཅིག་མཆིས་རུང་།།

དྲོད་ལ་ཀླད་ཆེན་བསྲེགས་པའི་གདུག་རྩུབ་མངོན་འདུག།

དབྱར་སྟོན་དུས་ཀྱི་བར་ན་འགྲེལ་རྒྱག་དཀའ་བའི།།

སྤྱི་འགྲོས་རྙོག་འཛིང་ཞིག་གི་སྡོམ་ཚིག་གྲུབ་འདུག།།

 

 

ཀླད་ཆེན་གཞོམ་ལ་ཉེ་བའི་དྲོས་ཀྱི་ཚ་བ།།

ཤ་འོད་འཇིགས་སྐུལ་མོད་པའི་དགོང་ཁའི་ཆར་ཤ། །

ཉིན་གཅིག་འགྱུར་ལྡོག་མོད་པའི་དེང་གི་ནམ་ཟླར།།

བློ་རྩེ་གཏོད་པའི་ཡིད་ཆེས་བཅོལ་ཐབས་དབེན་འདུག།།

 

དྭངས་འཐིབ་འདྲེས་མའི་དུས་ཀྱི་ལྐོག་གྱུར་འདི་གོ།

ཚན་རྩལ་ཆ་འཕྲིན་བུ་ལོས་རྟོགས་པར་དཀའ་འདུག།།

ནམ་ཟླ་འཇམ་པོ་ཞིག་གི་འོད་ཐིག་དཀར་པོ།།

ས་ཆེན་ཨ་མའི་ལུས་ལ་ཅི་འདྲའི་མཁོ་ཨང་།།

            ༢༠༡༣ལོའི་ཟླ༩བའི་ཚེས༢ཉིན།

yangla | རྩོམ་ཡོངས་ཀློག་པ།(966) | ལན་སློག(6)
རླུང་བུ་གཡུག་ཕྱོགས།
2013-8-1 16:06:06
རླུང་བུ་གཡུག་ཕྱོགས། ནམ་མཁའི་སྤྲིན་པ་དཀར་པོ།། རླུང་བུའི་རྒྱུ་ཕྱོགས་ཤིག་གིས།། ནུབ་རིའི་རྩེ་མོ་དེ་རུ།། ལང་ལོང་འཕྱུར་འདི་མཚར་ཨང་།། རི་ཁའི་དར་ལྕོག་ཆུང་ཆུང་།། བསིལ་རླུང་འཇམ་པོའི་འོ་ཡིས།། དར་ཐག་རིང་བོའི་འོག་ནས།། ལྷབ་ལྷུབ་གར་ལ་རོལ་འདྲ།། རི་རྐེད་སྨུག་པ་སྲབ་མོ།། རི་རྩེའི་ཟམ་དུ་གྲུབ་དུས།། ཤིག་ཤིག་རླུང་བུས་རེག་ཚེ།། གང་དུ་བཞུད་སོང་མ་ཤེས།། སྟོན་གྱི་ལོ་ལེགས་སྙེ་མ།། རླུང་བུའི་ཕུ་སྒྲ་ཞིག་གིས།། ཕར་ཚུར་གཡོ་བའི་རྣམ་པ།། ཞིང་ཐང་རླབས་ཀྱིས་བཅགས་འདྲ།། འབྱུང་བཞི་རླུང་གི་གཤིས་ཀས།། སུ་ལ་རེག་ན་འཁུར་ཡང་།། བརྟན་མོའི་རང་གཤིས་ཅན་དག། བཙན་པོའི་ཤུགས་ཀྱི་མི་འཁྲིད།། ༢༠༡༣ལོའི་ཟླ༧པའི་ཚེས༢༨ཉིན་ཐོལ་གྱིས་སྦྱར།
yangla | རྩོམ་ཡོངས་ཀློག་པ།(612) | ལན་སློག(5)
རྣམ་ཤེས་ལ་ཕོག་པའི་གྲིབ་མ།
2013-7-28 20:57:42

རྣམ་ཤེས་ལ་ཕོག་པའི་གྲིབ་མ།

 

དུས་ཀྱིས་བཟུང་བའི་ཉིན་སྲིབ་འཚམས་ནས།།

རླུང་གིས་དད་པའི་སྡོང་ལོ་སེར་པོ།།

ནམ་ཟླ་ཞིག་གི་འགྱུར་ལྡོག་མིན་ན།།

ས་ལ་འཐོར་བའི་ཟློས་གར་མཚར་ཨང་།།

 

སྤྲིན་དང་ཆར་བའི་བཞུད་ཤུལ་དེ་རུ།།

ཉི་འོད་འཇམ་པོ་ལྷོད་ཀྱིས་ཆགས་ཀྱང་།།

འཇའ་འོད་མཛེས་བའི་སྣེ་མོ་གཉིས་ལ།།

བདག་པོ་རྒྱག་པའི་མེ་ཏོག་འཐོར་སོང་།།

 

སེམས་རྩའི་ཁྲག་རྒྱུན་འཁོར་སྐྱོད་ངོགས་ན།།

གྱེས་བྲལ་སྐྱོ་བའི་དུ་སྨུག་འཐིབས་འདུག།

སྐྲ་ལོ་འཇམ་པོའི་ལེན་བུའི་བར་གྱི།།

མཛུམ་མདངས་དྭངས་མའི་བཞིན་རས་ཡལ་སོང་།།

 

ལུས་ཀྱི་ལྷུ་ཚུགས་འགུལ་བའི་བར་ན།།

 རྨ་ཁ་གསར་བའི་ན་ཟུག་ལྕི་ཨང་།།

དབུགས་ཀྱི་འབྱིན་རྔུབ་གློ་སྒྱུའི་སྲིབས་ན།།

བརྩེ་བ་ལྕི་མོའི་ཤུགས་རིང་འཆོར་འགྲོ།།

 

ལུས་ལ་ཕོག་པའི་གྲིབ་མ་གཟན་པོ།།

སྙིང་ཁ་གཤགས་པའི་རལ་གྲི་ཡིན་འདུག།

སེམས་ཀྱི་རྨུ་ཐག་རྒྱང་དུ་བསྲིངས་ནས།།

མིག་གིས་འཚོ་བའི་མདུན་མ་བཅོལ་ཡོད།།

 

རྣམ་ཤེས་རྒོད་པོ་མཐུར་མེད་ཡིན་པས།།

གང་གི་ལུས་ལ་འཐིམ་འགྲོ་དཔག་དཀའ།།

དཀོན་མཆོག་ཞིག་གི་སྐྱབས་གནས་བར་ནས།།

རེ་བ་ཟད་པོར་མདོག་ཅིག་སྦྱིན་རོགས།།

yangla | རྩོམ་ཡོངས་ཀློག་པ།(1158) | ལན་སློག(11)
ཟང་ཟིང་གི་ཁུག་ཏུ་མཆོངས་བའི་སྨྱུ་གུ
2013-7-10 19:52:14

ཟང་ཟིང་གི་ཁུག་ཏུ་མཆོངས་བའི་སྨྱུ་གུ

 

གང་དྲན་སེམས་ཀྱི་རི་མོའི་ངོས་སུ།།

བྲིས་པའི་འཇའ་རིས་འོད་དུ་འཚེར་ཡང་།།

ཕྱི་ནང་གཉིས་ཀའི་ཧྲག་བར་འདི་ནས།།

མི་ཚེའི་རིན་ཐང་ལྷིང་ལ་བུད་འགྲོ།

 

སེམས་ཀྱི་མཁའ་དབྱིངས་སྟོང་བ་མིན་ན།།

དྲན་ཤེས་རྒོད་པོ་མཐུར་མེད་མིན་ན།།

མདུན་གྱི་བྱ་བྱེད་རུལ་བོ་དེ་དག།།

རྒྱན་དུ་བཟུང་བའི་རྟུལ་ཞུགས་མཚར་ཨང་།།

 

ཝུ་ཆང་བཟི་ཁའི་འཆལ་གཏམ་འོག་ནས།།

རིག་ཞེན་བུ་ལོའི་འཚོ་རྟེན་ངོགས་ནས།།

ཡང་མོ་རླུང་གིས་འཁུར་ལ་རན་པའི།།

སྤྱོད་སྟངས་སྡུག་པོ་འགྱིང་འདི་མཚར་ཨང་།།

 

སྨྲ་ལྕེ་རྒོད་པོའི་གས་སྲུབས་མཚམས་ནས།།

ཤ་ཚའི་མདོག་བཟང་མངོན་ཁུལ་བྱེད་ཀྱང་།།

རང་དོན་འཕྲད་དུས་ངོ་ཚ་བྲལ་བའི།།

སྒྱུ་མ་མཁན་གྱི་འཁྲབ་སྟངས་མཚར་ཨང་།།

 

དེང་རབས་མི་ཡི་རྗེས་སུ་བརྩོན་ན།།

རང་གཤིས་རྣལ་མ་ཟུར་ཏུ་འཇོག་དགོས།།

རལ་གྲི་སོ་གཉིས་ངང་ཚུལ་འདི་ལས།།

དུས་གསར་མི་བུའི་སྤྱོད་སྟངས་བརླག་སོང་།།

yangla | རྩོམ་ཡོངས་ཀློག་པ།(605) | ལན་སློག(8)
ཁྱེད་ལ་བཟོས་པའི་རྨ་ཁ།
2013-7-5 10:07:24

 ཁྱེད་ལ་བཟོས་པའི་རྨ་ཁ།

 

ཤིང་དུམ་སོག་ལེས་གཞོག་འདྲ་བོ།།

ཤ་འཁེངས་གྲི་ཡིས་གཏུབ་འདྲ་བོ།།

ཁ་སྒང་བདེ་མོའི་ལུས་སྟེང་འདིར།།

ས་བརྐོ་ལག་རིང་བཙན་པ་ལ།།

 

བེའུ་ཆུང་ལུ་གུའི་རྩེདམར་དང་།།

བྱིས་དུས་རྩེད་རྡོ་བསྒྲིགས་དེ།།

དུས་རབས་གསར་བའི་འཛུགས་བསྐྲུན་ཁྲོད།།

གཡས་ནས་བརྐོས་ཤིང་གཡོན་ནས་བླངས།།

 

ཁ་བདེ་ཅན་གྱི་གཡོ་ལ་ཚུད།།

ཧམ་སེམས་ཅན་པོས་ལྐོག་ཏུ་བཅུག།

གཡང་སྡེ་བཀྲ་ཤིས་སྣ་མགོ་ལ།།

མི་འདོད་གད་པའི་རང་གཟུགས་མངོན།།

 

ཆུ་རྐའི་དགོས་མཚན་གླེང་དང་ལྷན།།

དྭངས་གཙང་ཀླུ་ཆུའི་འགྲམ་ངོགས་སུ།།

བྱེ་མའི་རི་བོ་དགུང་དུ་བརྩེགས།།

ཆུ་རྒྱུན་འདམ་ལ་དྭངས་དུས་མེད།།

 

ད་ལོ་བཟོས་བའི་ཆུ་རྐ་སྟེ།།

སང་ལོ་ཞིག་པའི་གཤིས་ཞིག་གྲུབ།།

ཆུ་རྐའི་བཟང་ངན་དཔྱོད་དཀའ་ཡང་།།

བྱེ་རྡོའི་རིན་ལ་རྔམ་མཁན་མང་།།

yangla | རྩོམ་ཡོངས་ཀློག་པ།(510) | ལན་སློག(4)
ཧམ་པའི་མདོག
2013-5-17 10:31:10
ཧམ་པའི་མདོག མིག་གི་ཡུལ་དུ་མི་མངོན་ཞིང་།། སེམས་རྩའི་བར་ན་སད་འདུག་པའི།། རྣམ་ཤེས་གསོན་པོའི་ལག་འཇུ་སྟེ།། ཚོར་བ་རྣོན་པོའི་རླབས་ཕྲེང་ཡིན།། དམིགས་པའི་བསྒོམ་པ་མཐའ་རུ་བསྐྲད།། ཧམ་པའི་ཞགས་ཐག་སྣེ་ལ་འཁྱུད།། གར་འགྲོ་རང་དབང་ཧམ་པར་སྤྲད།། སྒྱུ་མའི་གྲོང་གི་གཟུགས་འདུས་མཚར།། སུ་དང་གང་ལ་མི་དབང་ཞིང་།། སུ་ཡིས་སྤྱོད་ན་མི་ཆོག་པའི།། རང་ཉིད་གཅིག་པུས་སྤྱོད་འདོད་པ།། ཧམ་སེམས་ཁྲམ་མའི་ཟློས་གར་ཡིན།། ལོངས་སྤྱོད་དཔལ་དང་ལྡན་པ་ཡིས།། འཇིག་རྟེན་མི་ལུས་རིན་ཐང་སོམས།། ཧ་ཅང་མང་པོ་རྙེད་འདོད་པ།། ཧམ་སེམས་ཁྲམ་མའི་ཀུ་ཅོ་ཡིན།། འདོད་ཆུང་ཆོག་ཤེས་ནོར་ལ་དགོས།། གང་བདེ་གང་སྐྱིད་སེམས་ལ་དགོས།། སེམས་པ་སྐྱིད་པའི་གོང་རོལ་ན།། ཧམ་པའི་གཡབ་མོ་འགུལ་ཐབས་དབེན།། ༢༠༡༣ལོའི་ཟླ༥བའི་ཚེས༡༧ཉིན།
yangla | རྩོམ་ཡོངས་ཀློག་པ།(511) | ལན་སློག(7)
གྲིབ་མ།
2013-5-6 8:08:21
གྲིབ་མ། མིག་གི་མཐོང་བྱར་གྱུར་ན་ཡང་།། རེག་བྱའི་ཡུལ་དང་བྲལ་གྱུར་བའི།། གྲིབ་མའི་ལུས་ཀྱི་གསང་བ་སྟེ།། སྒྱུ་མའི་གྲོང་གི་ཟློས་གར་ཡིན།། མགྱོགས་མོ་འོད་ཀྱི་དཀྱིལ་འཁོར་ནས།། གར་འགྲོ་ར་མདའ་གྲིབ་མའི་གཟུགས།། ཕྱི་ལུས་བྲེལ་བའི་ངང་ཚུལ་ལས།། མི་ཡུལ་ཁམས་ལ་ཐོ་ཞིག་བཞེངས།། གྲིབ་མའི་གཟུགས་གཞི་གཉོམ་ན་ཡང་།། རྒྱུས་མེད་གྲིབ་མའི་བར་གསེང་ན།། རྣམ་ཤེས་གསོན་པོ་རྨས་ཤིག་ཕོག། རེ་སྨོན་ཞིག་གི་ཞགས་ཐག་བཅད།། གྲིབ་མའི་གསང་བ་རྒོད་པ་ལ།། གྲིབ་མའི་ར་མདའ་མྱུར་བ་ལ།། གྲིབ་མ་མེད་པའི་འཇིག་རྟེན་ཞིག། གང་ལ་སོང་ཡང་རྙེད་ལས་མིན།། ༢༠༡༣ལོའིཟླ༤བའིཚེས༢༨ཉིན།
yangla | རྩོམ་ཡོངས་ཀློག་པ།(471) | ལན་སློག(9)
འབྲེལ་ཡོད་ནང་དོན་ 12 ཡོད།<<<12>>>
 
Powered by Oblog.