མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཚེ་རིང་འཚོ།

ཟིན་བདག་བརྡ་ཁྱབ།

ང་རང་བོད་པའི་བུ་མོ་ཞིག་ཡིན་པའི་ངོས་ནས་

ཕ་སྐད་དག་མོ་ཞིག་ཤོད་ཐུབ་པ་བྱ་རྒྱུ་ནི་སྙན་

ངག་འབྲི་བ་ལས་ཀྱང་རྩ་ཆེ་བར་བསྒོམས་ཡོད།

ZZXXCRC@163.COM

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
ལོ་མ་སེར་པོའི་གཏམ་རྒྱུད།
2013-9-30 18:27:17

                      ལོ་མ་སེར་པོའི་གཏམ་རྒྱུད།

                                  

ཧ་ཅང་འཇམ་པའི་དཔྱིད་རླུང་གིས

ཁྱོད་རང་དལ་བུར་སྒུལ་དུས མེ་ཡིས་མི་འཚིག་ཞིང་ཚ་བས་མི་འཇོམས་པའི་ལྗང་མདོག་གི་བཞིན་རས་སྲབ་མོ

ཁུ་བྱུག་གི་དབྱངས་རྟ་དང་ལྷན་དུ་འཚར་ལོངས་བྱུང

ཡུན་རིང་གཉིད་དུ་ཡུར་བའི་ཚེ་སྲོག་གང་མང་ཞིག

ཁྱོད་ཀྱི་བཞིན་རས་ལ་དུངས་ཕྱིར

དབུགས་རྒྱུན་གསར་དུ་གསོས་ནས་མི་ཡུལ་ལ་འགྲོན་དུ་བྱོན

 དེ་ནི་ཁྱོད་ཀྱིས་འཇིག་རྟེན་ལ་མཛེས་སྡུག་གནང་བའི་བརྩེ་སེམས་ཐོག་མ་ཡིན

                             

 ཉི་མ་དང་གོ་ལའི་བར་ཐག་ཧ་ཅང་ཉེ་དུས

ཚ་ཆེན་གྱི་རྔུལ་ཆུ་མོད་པོས་ལུས་ཕུང་བརླན་དུས

གོ་ལ་ཨ་མའི་པང་ཁུག་ན

མིའི་མ་བཟོས་ཤིང་ལྷས་མ་བསྐྲུན་པའི

བསིལ་ལྡན་གྱི་ལྡིང་ཁང་རང་གྲུབ་དེ་ཁྱོད་ཡིན

ངལ་དུབ་ཀྱིས་བཟི་བའི་གང་ཟག་གང་མང་ཞིག

ཁྱོད་ཀྱི་གྲིབ་བསིལ་འོག་ན་སོས་དལ་གྱིས་གནས་དུས

ཁྱོད་ཀྱི་ལུས་ཕུང་ཆུང་ཆུང་དེ

ལྷག་བསམ་གྱིས་ཕྱུག་པའི་ཚེ་སྲོག་རྩ་ཆེན་ཞིག་ཡིན་པ་ཚོར་མ་སོང

                            

དེ་རིང་མཛེས་སྡུག་གི་ལང་ཚོའི་བཞིན་རས་ལ་རྒས་གཉེར་བབས

གདོང་ལེན་གྱི་སྙིང་སྟོབས་དམར་པོར་རྨ་ཁ་བཟོས་རྐྱེན

སེམས་ཁོང་གི་ལོ་མ་ཁྱོད

ཉིན་བྱེད་ཀྱི་འོད་སྣང་འོག་ན

བཙག་ཤེད་ཆེ་བའི་རླུང་བུ་ཞིག་གིས       བུ་ཡུག་ཅིག་གིས

ཁ་ཕྱོགས་ངེས་མེད་ངང་བར་སྣང་ལ་འཁྱམ་དུ་བཅུག་པ་འདི

སྐྱོ་སྣང་གིས་བཟི་བའི་མི་བུ་ཚོའི

དྲན་པ་སྐྱ་བོའི་གཏིང་རིམ་ལ་ཟུག་པའི་མིག་ཆུ་ཡིན

མིག་ཆུ་དེ་ལྗང་མདོག་ལ་སེར་ཐིག་བབས་པའི་ལོ་མས་སྒུལ་བའི་དུངས་བ་ཡིན་ལ

རླུང་བུ་བསིལ་མོའི་དབང་འོག་ན

རང་ཚུགས་ཤོར་བའི་མིག་མདུན་གྱི་ལོ་མ་སེར་པོའི་གཏམ་རྒྱུད་ཀྱང་ཡིན།

                             ༢༠༡༣ལོའི་ཟླ༩བའི་ཚེས༢༩ཉིན

yangla | རྩོམ་ཡོངས་ཀློག་པ།(936) | ལན་སློག(2)
ཁྱོད
2013-9-10 10:51:42
ཁྱོད 
  ༼  དགེ་རྒན་གྱི་དུས་ཆེན་ལ་ཕུལ་བ། ༽

ཡོད་ཚད་ལ་ཚེ་སྲོག་སྤྱིན་པའི་མ་ཡུམ

མུན་ནག་གི་ཡོལ་བ་ཕྱེ་བའི་འཛུམ་ཟེར

ངས་ཁྱོད་ཀྱི་དཔེ་རུ་འཇོག

དྲི་མེད་དྭངས་གཙང་གི་ལྷག་བསམ་དཀར་པོར

དར་དཀར་ཡུག་ཅིག་གི་ལེགས་སྐྱེས་འབུལ

ལྷད་མེད་སྤྱོད་བཟང་གི་གཤིས་རྒྱུད་དྲང་མོར

སེམས་ཀྱི་ཟབ་ས་ནས་བསྟོད་བསྔགས་བྱེད

སློབ་བུ་ཁྲི་ཕྲག་གི་བློ་སྒོ་ཕྱེ་དུས

ཁྱོད་ནི་ཤེས་རིག་གི་བང་མཛོད་ཆུང་ཆུང་ཞིག

སྤྱོད་པ་རྣམ་དག་གི་སློབ་གསོ་གཏོང་དུས

ཁྱོད་ནི་བྱམས་བརྩེ་ཡིས་ཕྱུགས་པའི་ཕ་མ་ཞིག

ཞོགས་པའི་སྐྱ་རེངས་ཀྱི་མགྲོན་པོ་ཐོག་མ་བསུ་མཁན་དེ་ཁྱོད་ཡིན

མཚན་མོའི་དགུ་ཚུགས་ལ་སྐྱེལ་མ་ཐོག་མར་བྱེད་མཁན་དེ་ཁྱོད་ཡིན

 ཁྱོད་དུས་རབས་ཤིག་གི་དཀྱོག་འཚམས་ནས་ལངས་ཏེ

ཆེས་དྲང་བདེན་ལ་ཆས་པའི་ཆུ་སྣ་དང་པོ་ཡིན

ཁྱོད་མི་བུ་ཞིག་གི་སེམས་རྩ་རུ་ཡོད་པའི་འོད་ཀྱི་ཐིག་ལེ་ཡིན

ཤེས་བྱའི་ཞིང་ས་རུ་ས་བོན་གཏོར་མཁན་དེ་ཁྱོད་ཡིན

རེ་བའི་ཟབ་ས་ནས་འབྲས་བཟང་སྦྱིན་མཁན་དེ་ཁྱོད་ཡིན

ཁྱོད་ལ་ཚེགས་མི་དལ་མའི་འོས་འགན་ལྕི་མོ་ཞིག

ཁྱོད་ལ་ངོམས་ཆོག་ཆོག་གི་བྱ་བཞག་རླབས་ཆེན་ཞིག

དེ་བས ཁྱོད་ནི་སྙན་ངག་གི་བརྗོད་བྱ་དྭངས་མ་ཞིག

སེམས་ཁོང་གི་གླུ་གཞས་སྙན་མོ་ཞིག

 


yangla | རྩོམ་ཡོངས་ཀློག་པ།(2005) | ལན་སློག(25)
མི་ཡུལ་ལ་བྲིས་པའི་སྙན་ངག
2013-4-8 10:36:55

   མི་ཡུལ་ལ་བྲིས་པའི་སྙན་ངག

 

             ༡

མེ་ལྕེ་དང་ལྷན་དུ་བྱུང་བའི་དུ་བ་དེ

རི་མཐོན་པོའི་ཁ་སྒང་བརྒྱུད་ནས་དགུང་སྔོན་པོའི་ཕ་མཐའ་ཟིན

ངས་དུ་བ་དེ་གཡུ་འབྲུག་གི་འཁྱུག་འགྲོས་ཞིག་ཏུ་འཁྲུལ་ནས་ནམ་མཁར་བལྟས་དུས

དགུང་དུ་ཡོད་པའི་གཡུ་འབྲུག་འཇམ་ཐིང་ངར་ལྷིང་འཇགས་ཡིན

ལྷིང་འཇགས་ཀྱི་ནམ་མཁའ་དེ་ལྷ་ཡུལ་ཡིན་པ་ལས་མི་ཡུལ་མིན་པ་གཞི་ནས་རྟོགས་བྱུང་།

                                   ༢

རྡུལ་ཕྲན་གྱི་ཕུང་བོ་སྟེ

ས་སྶྒང་གི་ལུས་ཀྱི་ཆ་ཤས་རེ་རེར་གྱུར་བ་ནས

མི་ཡུལ་ན་གདུལ་དཀའ་བའི་མུན་པའི་འཚུབ་མ་ཞིག

གླེང་མི་ཚར་བའི་གཏམ་རྒྱུད་ཀྱི་གླེགས་བམ་ཞིག

ཡོད་ཚད་ལ་དབུ་ཁྱུད་བྲིས་ཏེ་རྫོགས་ཚིག་བཞི་ཤད་འགོད་ལ་རན་དུས

ཡོད་ཚད་ལ་ལག་འཇུ་བྱས་ཏེ་གྱེས་ཕྱག་གི་ལག་བརྡ་འཇོག་རན་དུས

སླར་ཡང་རྡུལ་ཕྲན་གྱི་ཆ་ཤས་ཤིག་ན་སྐྱུར་མི་འདོད་པའི་དུངས་བ་ཞིག

ཤོར་མི་འདོད་པའི་ཚེ་སྲོག་ཅིག

དེ་བས་

ཚེ་སྲོག་གི་དབུགས་རྒྱུན་མ་ཆད་གོང

དུངས་ཞེན་གྱི་མར་ལོ་མ་ཞི་གོང

མི་ཡུལ་ནས་མི་བུ་ཞིག་གི་རྩ་དོན་རུམ་ལ་བཅུག་ནས

ཤོར་ཟིན་པ་དང་ཤོར་གྱིན་པའི་ཚེ་སྲོག་ལ་ལག་འཇུ་བྱེད་འདོད།

 

 

yangla | རྩོམ་ཡོངས་ཀློག་པ།(903) | ལན་སློག(13)
གཅེས་ཕྲུག
2013-1-5 15:23:57

གཅེས་ཕྲུག

གཅེས་ཕྲུག་ཁྱོད

འཇིག་རྟེན་འདིར་ཐོན་པ་རྨི་ལམ་མིན་པར

ན་ཟུག་གང་མང་གི་བྲོ་བ་མྱོང་བཞིན

གཉོམ་དུང་དུང་གི་ངུ་ངག་དང་ལྷན་དུ་ཨ་མའི་པང་དུ་ལྷུང

བརླན་ཞིང་མཉེན་པའི་མཆུ་ཆུང་འོ་འཛིན་ལ་སྦྱར་ཏེ

ཕྱེ་དཀའ་ལ་བཙུམ་ཡང་དཀའ་བའི་མིག་ཟུང་གིས

ཨ་མའི་གདོང་ལ་བལྟ་ཐེངས་རེར

གཏམ་རྒྱུད་ཞིག་ལ་རེ་སྒུག་བྱས་ཡོད་པ་འདྲ་མོད

ཨ་མར་བཙན་པོའི་བང་སོ་ཉུལ་བའི་གཏམ་རྒྱུད་མེད་ལ

ཆོལ་གསུམ་གནས་ཡུལ་འགྲིམ་པའི་ཟིན་ཐོ་ཡང་མེད

ད་དུང

དུས་རབས་གསར་བའི་ཁ་ཡག་གི་ཚུལ་འཆོས་དང་ཕྱི་འཇམ་གྱི་རྟུལ་ཞུགས་དེ་བས་མེད

དེའི་ཕྱིར་ཁྱོད་ཀྱི་རེ་སྒུག་ལ་འདྲི་རྟགས་རྒྱག་ཞོར

སྙིང་གཏམ་ཞིག་གི་སྒོ་མོ་ཕྱེ་ན

ཅི་ཡང་མེད་པ་དེ་ཨ་མ་རེད་མ་བསམ

ནུ་ཞོ་མངར་མོ་དང་རྩམ་པ་སྣུམ་པོ་དེ་ཁྱོད་ཀྱི་ལམ་རྒྱགས་བྱེད་ཆོག

དཔེ་ཁུག་ཟད་པོ་དང་ཀ་ཁའི་གདངས་དབྱངས་དེ་ཁྱོད་ཀྱི་ལམ་ཡིག་བྱེད་ཆོག

བཅོས་མིན་ལྷན་སྐྱེས་ཀྱི་རང་བཞིན་རྣལ་མ་དེ་ཁྱོད་ཀྱི་མཛེས་སྡུག་བྱེད་ཆོག

གཅེས་ཕྲུག་ཁྱོད

ཨ་མར་དགའ་རོགས

གནས་བབས་གང་མང་ཞིག་གི་སྨུག་པའི་ཁྲོད་ན

ཁྱོད་མགོ་འཐོམ་གྱིན་པ་འདྲ་ལ

ཨ་མར་དགའ་བ་ནི་ཉེས་བ་ཞིག་གཏན་ནས་མིན

ཨ་མའི་ལས་དབང་ཁྱོད་ཀྱིས་བསྒྱུར་དགོས

ཨ་མའི་དགོས་མཁོ་ཁྱོད་ཀྱིས་སྐོང་དགོས

འདི་ནི་ཨ་མའི་བྱང་ཁོག་རྒྱུད་པའི་གཅེས་ཕྲུག་ཁྱོད་ཀྱི་འགན་འཁྲི་ཡིན།

 

 

 

 

 

 

yangla | རྩོམ་ཡོངས་ཀློག་པ།(890) | ལན་སློག(8)
ང་ལ་མཚོན་ན་ལྷག་མ་ཡིན
2012-12-24 13:54:04

ང་ལ་མཚོན་ན་ལྷག་མ་ཡིན

 

ཁྱོད་ཀྱིས་འཁྲེང་ཞེན་གྱི་དར་སྐུད་རིང་འདུག་བཤད་ཀྱང་ཆོག

ཁྱོད་ཀྱིས་མཛེས་དཔྱོད་ཀྱི་མིག་དབང་འཁྲུལ་འདུག་ཟེར་ཡང་རུང

ཐེངས་མང་གཏོར་བའི་མེ་ཏོག་གི་རྫ་བུམ་དེ་ད་དུང་ཆག་མེད

དྲི་བསུང་ལྡན་པའི་མེ་ཏོག་གི་འདབ་མ་དེ་ད་དུང་སྙིད་མེད

རྫ་བུམ་ལ་གས་ཁ་གཏོང་ཐེངས་རེར་ཁྱོད་བགད་མྱོང་མོད

རྫ་བུམ་གྱི་དབྱིབས་མི་འགྱུར་བས་ང་ལ་ཁྱོད་ལས་ལྷག་པའི་ཧབ་ཆ་ཡོད

མེ་ཏོག་གི་འདབ་མ་ལྷུང་ཐེངས་རེར་ཁྱོད་དགའ་དཔེ་མོད

རྩ་བ་རྒྱས་ཡོད་པས

ང་ལ་ཁྱོད་ལས་ལྷག་པའི་ཡིད་ཆེས་མངའ

དེ་བས  ཁྱོད་ཀྱི་འཇིགས་སྐུལ་ནི་ང་ལ་མཚོན་ན་ལྷག་མ་ཡིན

yangla | རྩོམ་ཡོངས་ཀློག་པ།(602) | ལན་སློག(6)
དུས་ཀྱིས་དེད་པའི་སྙན་ངག
2012-12-3 9:26:17

དུས་ཀྱིས་དེད་པའི་སྙན་ངག

 

མགོ་བོ་དགྱེ་ཐེངས་གཅིག་གིས

དུས་ཡུན་ཅི་ཙམ་སོང་བ་མ་ཤེས་པར

གཡས་ཕྱོགས་ཀྱི་རི་བོ་དེ་རྒས་འདུག

གཡོན་ཕྱོགས་ཀྱི་ཆུ་བོ་དེ་ཁེངས་འདུག

རྨི་ལམ་ཐེངས་གཅིག་གི་མཇུག་འབྲས་མིན་པའི་སྐབས་འདིར

ཚེ་སྲོག་གིས་བསྐྲུན་པའི་འཇིག་རྟེན

རྣམ་ཤེས་ཚོགས་དྲུག་གི་གཡུལ་སར་གྱུར

       

 

 

yangla | རྩོམ་ཡོངས་ཀློག་པ།(922) | ལན་སློག(12)
མེ་ཏོག་མེད་པའི་དབྱར་ཟླ
2012-6-29 9:30:04

མེ་ཏོག་མེད་པའི་དབྱར་ཟླ

ས་བོན་ལ་སྐྱོན་ཤོར་བ་ཡིན་ནམ

ཆུ་ལུད་ཀྱི་བཅུད་ཆུང་བས་ཡིན

ཡང་ན་མཁའ་དབུགས་འདི་བཙོག་ཆེ་བས་ཡིན

རྐང་དྲུག་གི་དབྱངས་རྟ་གྱེར་ས

ཕྱེ་ལེབ་ཀྱི་གཤོག་འགྱུར་ངོམས་ས

རེ་བའི་མིག་ཟུང་གཏད་ས

དགའ་བའི་བསྟོད་བསྔགས་འབུལ་སའི་སེམས་ཀྱི་མེ་ཏོག

མ་གཞི་ལྷིང་འཇགས་མིན་པའི་ཁོར་ཡུག་ཅིག་ན་ལྷིང་འཇགས་སུ་གནས

ཆར་ཆུ་འདི་འབབ་ཚག་རྒོད་པས་ཡིན་ནམ

གཉོར་སྐྱོང་གི་ལག་རྡེང་ཆད་པས་ཡིན

ད་ལོ་མེ་ཏོག་དེ་ཡིད་ཀྱི་ཟབ་ས་ཞིག་ཏུ་ཉེར་བ་ལས

མིག་གི་མཐོང་ལམ་ཞིག་ཏུ་མངོན་མི་སྲིད

དེ་བས

དབྱར་ཟླ་འདི་སེམས་ངལ་གྱི་དབྱར་ཟླ་ཞིག

དབྱར་ཟླ་འདི་དབུལ་ཕུང་གི་དབྱར་ཟླ་ཞིག

 

 

 

yangla | རྩོམ་ཡོངས་ཀློག་པ།(1077) | ལན་སློག(11)
བྱེའུ་ཆུང་གི་ལས་དབང
2012-5-15 7:54:58

བྱེའུ་ཆུང་གི་ལས་དབང

རིང་ཐུང་སྙོམས་པའི་སྨྱུག་ཐུར

མིག་ལ་མཛེས་པའི་དབྱིབས་གཟུགས

མ་གཞི་འདབ་ཆགས་གཉོམ་ཆུང་ཞིག་གི་ཚེ་སྲོག་ཤོར་སའི་དུར་ས་ཡིན

མིག་ཟུང་རིག་རིག་གིས་མཁའ་མཐར་བལྟ་སྐབས

ངས་ཁྱོད་ཀྱི་ལས་དབང་ལ་གདུང་སེམས་བསྐྱེད་མྱོང

ཙིར་ཙིར་གྱི་སྐད་སྒྲ་ཕྱི་རུ་འབྱིན་ཐེངས་རེར

ངས་ཁྱོད་ཀྱི་རང་དབང་ཆེད་མིག་ཆུ་བཏང་མྱོང

སུ་ཞིག་གི་ཆེད་དུ ཅི་ཞིག་གི་དོན་དུ

བྱེའུ་ཆུང་ཁྱོད་གཟེབ་ཏུ་ཚུད

ཁྱོད་ལ་རྨ་་བྱའི་མཇུག་སྒྲོ་ལྟ་བུའི་མཛེས་ཉམའས་མེད་ལ

མགྲིན་སྔོན་ནེ་ཙོ་ལྟ་བུའི་སྨྲ་ལྕེ་མེད

ད་དུང

ཕ་རོལ་ལ་གནོད་འདོད་ཀྱི་བསམ་པ་དེ་བས་མེད་མོད

ཆུང་ཞིང་མཉེན་པའི་གཤོག་ཟུང་བརྐྱངས་དབང་མེད་ལ་

རང་བྱུང་སྐྱེས་དངོས་ཀྱི་ཟས་བཟང་འཚོལ་དབང་མེད་པར

ཚེ་སྲོག་གཟེབ་ནས་ཤོར་དོན

སུ་ཞིག་གི་གདུག་རྩུབ་ཡིན་ལ་

སུ་ཞིག་གི་སྒེར་སེམས་ཡིན

བྱེའུ་ཆུང་ལགས

ལས་དབང་འདི་

ནམ་ཞིག་བསྒྱུར་ཏམ

yangla | རྩོམ་ཡོངས་ཀློག་པ།(515) | ལན་སློག(2)
དུར་ཁྲོད་ཀྱི་རྣམ་ཤེས
2012-4-27 17:54:41
 

དུར་ཁྲོད་ཀྱི་རྣམ་ཤེས

 

གནས་འདིར་ཅི་ཡང་ཡོད

མ་གྱུར་སེམས་ཅན་གྱི་ཁྱིམ་གཞི་འདི་ནས་བསྐྱངས་སྲིད་ལ་

འཇིག་ཀྱང་སྲིད་པས

ང་ཚོས་འོད་ལམ་ལམ་གྱི་མར་མེ་ཚེ་འབར་བཟུང་ནས་

གནས་འདིར་འཁྱམ་པའི་ཁོ་ཚོར་

རྒྱགས་ཕྱེ་ཞིག་འཚོལ་རན

ཡིན་ཀྱང

ཅི་བྱས་ཀྱི་བདེན་དཔང་བྲལ་བའི་སྡིག་སྒྲུབ་དེས

གཏུམ་དྲག་ཆེ་བའི་གཤིན་བདག་གི་སྒོ་ཆེན་བརྒལ་བར་དཀའ་བས

གནས་དེ་ཁུ་སིམ་མེར་   འཇམ་ཐིང་ངེར

དགའ་སྤྲོ་དང་དགོད་སྒྲ་མེད་པའི་མྱ་ངམ་ཐང

དེར་བརྟེན

བདག་གིས་གནས་དེ་དྲན་ཐེངས་རེར

རྣམ་ཤེས་མོད་པོ་ཞིག་གི་ལག་བརྡ་མཐོང་ལ

སེམས་པ་གང་མང་ཞིག་གི་སྙིང་གཏམ་ཐོས

ད་དུང

རེ་བཞག་གི་མིག་ཟུང་མང་པོས་ཡུན་རིང་སྐྱེལ་བའི་

དུངས་སེམས་ཀྱི་རང་མདངས་མཐོང་ཕྱིར་

གནས་འདི་ནི་ང་ཚོའི་མཐའ་མཇུག་གི་ཁྱིམ་གཞིས་ཏེ

ཡིད་ལ་རེ་བའི་འབྲས་བུའང་འདི་ནས་སྨིན་དགོས་པ་གཞི་ནས་ཚོར

yangla | རྩོམ་ཡོངས་ཀློག་པ།(512) | ལན་སློག(1)
བསམ་གཞིགས་ཟུར་གསུམ་མ།
2012-4-15 15:00:38
 

བསམ་གཞིགས་ཟུར་གསུམ་མ།

རླུང་གིས་ཟད་པའི་དར་ལྕོག

སད་ཀྱིས་བཅོམ་པའི་ལྗང་སྨྱུག

ཚ་བས་སྐམ་པའི་ཆུ་མིག

ཡོད་ཚད་ཁ་སང་གི་མཛེས་སྡུག་ཏུ་འཁུམ་ཞིང

དེ་རིང་གི་དྲན་ཤིང་དུ་གྱུར

བོར་ཟིན་པ་དེ་དག་གི་ཤུལ་ལམ་ནས

སྙན་ངག་མིན་པའི་སྙན་ངག་གི་བྲོ་བ་རྙེད

མེ་ཕུང་མིན་པའི་མེ་ཕུང་གི་ཚ་བས་མནན་པས

ཡང་བསྐྱར

དར་ལྕོག་གི་ལྷག་འཕྲོ་བཟུང་ནས

འདབ་ལོ་མེད་པའི་མེ་ཏོག་གི་ཡུ་བ་བླངས་ཏེ

མུ་མཐུད་དུ་སྐམ་ལ་ཉེ་བའི་ཆུ་མིག་དག་མིག་གིས་འཚོ་འདོད

yangla | རྩོམ་ཡོངས་ཀློག་པ།(473) | ལན་སློག(2)
འབྲེལ་ཡོད་ནང་དོན་ 14 ཡོད།<<<12>>>
 
Powered by Oblog.