མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཚེ་རིང་འཚོ།

ཟིན་བདག་བརྡ་ཁྱབ།

ང་རང་བོད་པའི་བུ་མོ་ཞིག་ཡིན་པའི་ངོས་ནས་

ཕ་སྐད་དག་མོ་ཞིག་ཤོད་ཐུབ་པ་བྱ་རྒྱུ་ནི་སྙན་

ངག་འབྲི་བ་ལས་ཀྱང་རྩ་ཆེ་བར་བསྒོམས་ཡོད།

ZZXXCRC@163.COM

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
སེམས་ཀྱི་འཆར་སོ།
2011-12-3 16:29:46

སེམས་ཀྱི་འཆར་སོ།

 

རི་ཆུ་ཞབས་ཀྱིས་བཅགས་པའི་བརྩོན་སེམས་དང་།།

རྣམ་དཔྱོད་མཁྱེན་རྩལ་ཡངས་པོའི་སོར་རྩེ་ནས།།

དཀོན་པའི་རིག་གཞུང་གསེར་གྱི་དོ་ཆེན་བརྩེགས།།

མེས་པོའི་ཞབས་རྗེས་སྙིང་གི་དཀྱིལ་དུ་འཛིན།།

 

དུས་རབས་བུ་མོའི་འཛུམ་གྱིས་གཞན་ཡིད་འགུག།

ཚན་རིག་གཞོན་ནུའི་ལང་ཚོ་དཔལ་དུ་ཤར།།

ཆ་འཕྲིན་རྩལ་གྱི་བུ་ལོས་རྟ་རྒོད་ཞོན།།

དེང་རབས་འཕྲུལ་གྱི་ལྡེ་མིག་གཙུག་ཏུ་འཛིན།།

 

ཟང་ཟིང་འཚོ་བའི་མངར་སྐྱུར་འདྲེས་མཚམས་ནས།།

མ་ལོའི་སྤྱོད་ལམ་རྣལ་མར་གཉེར་རིས་ཁེབས།།

ཕ་ལོའི་གཤིས་རྒྱུད་བཟང་བོར་གས་ཆག་ཤོར།།

སློབ་གསོ་འོ་མའི་ཆུ་རྒྱུན་གཙུག་ཏུ་འཛིན།།

 

ཡུལ་གྱི་བཀོད་པའི་རི་མོ་ཁྱད་མཚར་ཡང་།།

འབྱོར་བའི་ཆ་རྐྱེན་སྲིད་ཀྱི་མཐར་བསྐྲད་ཀྱང་།།

འདྲེས་མའི་སྐད་ཀྱིས་ལང་ཚོའི་གཟི་མདངས་ཤོར།།

ཕ་སྐད་གཙང་མའི་དབུགས་རྒྱུན་གཙུག་ཏུ་འཛིན།།

 

སྣ་ཚོགས་གོས་ཀྱིས་མིག་ལམ་འཁྲུལ་ན་ཡང་།།

རང་ལུས་གཞན་དུ་ངོམས་པའི་རྒྱན་ཆ་ནི།།

རང་ལྭ་གཙང་མ་འདི་ལས་མ་མཆིས་པས།།

བོད་ལྭ་གོན་པའི་འདུན་པ་གཙུག་ཏུ་འཛིན།།

yangla | རྩོམ་ཡོངས་ཀློག་པ།(409) | ལན་སློག(0)
བྱམས་བརྩེའི་རང་མདངས
2011-11-17 9:45:23

བྱམས་བརྩེའི་རང་མདངས

 

མཁྱེན་རབ་རྣམ་དཔྱོད་འོད་ཟེར་མཁའ་ནས་འཕྲོས།།

རྒྱུད་དྲུག་པི་ཝང་སྙན་མོས་བར་སྣང་ཁྱབ།།

དབྱངས་ཅན་ལྷ་མོས་ཐུགས་རྗེ་གཟིགས་པའི་མཐུས།།

བྱམས་བརྩེ་འོད་ཀྱིས་འཇིག་རྟེན་གསལ་གྱུར་ཅིག།

 

བྱམས་ཀྱིས་སྐྱོང་བའི་ལྷག་བསམ་འོ་མའི་མདངས།།

བརྩེ་བ་ཟབ་པའི་རང་བཞིན་དྭངས་གསལ་མཚོ།།

ཡོད་ཚད་གཏོང་བའི་སྦྱོར་བ་དཔག་བསམ་ཤིང་།།

ཕ་མའི་བྱམས་བརྩེ་མི་མཁོ་བུ་ཕྲུག་སུ།།

 

རིག་པའི་ས་བོན་གཏོར་བའི་ཡིད་བཞིན་ནོར།།

དྲང་པོའི་མི་གཤིས་སྐྱོང་བའི་ཉིན་བྱེད་མདངས།།

སློབ་བུ་ཐབས་ཀྱིས་སྐྱོང་བའི་རྣམ་དཔྱོད་ཅན།།

དགེ་ཡི་བྱམས་བརྩེ་མི་མཁོ་སློབ་མ་སུ།།

 

འབངས་ཀྱི་འཚོ་བའི་སྐྱིད་སྡུག་ཁུར་དུ་བླངས།།

རང་གི་དོན་ཆེན་རེ་ཞིག་ཟུར་དུ་བཞག།

དུས་ཀྱི་འཕེལ་ཕྱོགས་ལྟ་བ་གཙུག་ཏུ་འཛིན།།

དཔོན་གྱི་བྱམས་བརྩེ་མི་མཁོ་འབངས་མི་སུ།།

 

མཛའ་བརྩེ་ཕྱི་ཐག་གཙང་བོའི་རྒྱུན་ལ་བསྲིངས།།

ཚུལ་ལྡན་གཤིས་རྒྱུད་སྨྱུག་མའི་མདའ་ལས་དྲང་།།

གྲོགས་ཀྱི་བརྩེ་སེམས་མངར་མོའི་རང་མདངས་འདི།།

ཡལ་མེད་མཐུན་སྒྲིལ་བཟང་བོའི་འབོད་བརྡ་ཡིན།།

 

ཟང་ཟིང་འཚོ་བའི་སྨག་རིམ་སྟུག་པོའི་ཁྲོད།།

གཅིག་སེམས་གཅིག་ལ་གཏད་པའི་བྱམས་བརྩེ་ཡི།།

འོད་ཀྱིས་འཇིག་རྟེན་ཡོངས་སུ་ཁྱབ་གྱུར་ན།།

སྤྱི་ཚོགས་ལྷིང་འཇགས་རི་མོ་གསལ་ནས་འདུག།

 

 

 

 

yangla | རྩོམ་ཡོངས་ཀློག་པ།(693) | ལན་སློག(9)
ཤ་ཡུ་མོའི་སྡེ་ཡི་སེམས་སྒྲ།
2011-11-14 10:52:24

ཤ་ཡུ་མོའི་སྡེ་ཡི་སེམས་སྒྲ།

 

ཤེས་རབ་རྩལ་གྱིས་ཐོན་པའི་ངག་སྒོ་ན།།

ལྷག་བསམ་འོ་མའི་མདངས་ཤིག་ངང་གིས་བཀྲ།།

བྱམས་བརྩེ་འོད་ཀྱི་གཟི་བྱིན་འབར་ནས་འདུག།

ཡུ་མོའི་སྡེ་འདི་སྨྱུ་གུའི་རྩེད་ར་ཡིན།།

 

དུངས་བརྗོད་འོ་མའི་མར་ལོ་འདི་ན་མཆིས།།

རུས་ཞེན་དམར་པོའི་གད་རྒྱངས་འདི་ན་སྒྲོགས།།

འབོལ་རྩོམ་ཞོགས་པའི་སྐྱ་རེངས་འདི་ན་གསལ།།

དཔྱོད་པའི་བློ་རིག་གྱང་ཤེས་བང་ལས་མྱུར།།

 

མོ་དམན་གཡོ་མོའི་ཟུར་ཟས་འཕྱ་ཡང་ཆོག།

ཕྲག་དོག་གཞུ་མོའི་མདའ་རིང་བསྣུན་ཀྱང་རུང་།།

སྤོབས་སེམས་འགྱུར་མེད་རྡོ་རྗེ་བྲག་གི་རི།།

ཡུ་མོའི་སྡེ་ཡི་ཆོད་སེམས་ཐོག་མ་ཡིན།།

 

ཁྱེད་ལ་ཕྲག་དོག་མདའ་མོས་མི་བསྣུན་ལ།།

ང་ལ་དམའ་འབེབས་རྡོག་པས་མི་གནོན་པའི།།

མིང་སྲིང་མཐུན་སྒྲིལ་ཟབ་མོའི་ལག་རྡེང་སྟེ།།

ཡུ་མོའི་སྡེ་ཡི་བསམ་བློའི་རིན་ཐང་ཡིན།།

 

ཕུ་ནུ་མིང་སྲིང་སེམས་ཀྱི་མེ་ཏོག་ཡིན།།

ཕུ་ནུ་མིང་སྲིང་བདག་གི་གདོང་གྲོགས་ཡིན།།

ཕུ་ནུ་མིང་སྲིང་ཨ་མའི་རེ་ལྟོས་ཡིན།།

ཕུ་ནུའི་བདེ་སྡུག་ཡུ་མོའི་སྐྱོ་དབྱངས་ཡིན།།

 

yangla | རྩོམ་ཡོངས་ཀློག་པ།(1292) | ལན་སློག(21)
སེམས་གཞས་ངག་གི་འགྱུར་ཁུག
2011-11-14 9:56:28

སེམས་གཞས་ངག་གི་འགྱུར་ཁུག

 

སྤྲིན་པ་ཐར་ཐོར་དུ་རྒྱུ་བའི་ཤུལ་ན།།

རྟ་བདུན་ཉི་ཏིག་གི་དྲོད་ལ་རེ་བའི།།

ཡིད་འོང་འདབ་བཟང་གི་པད་དཀར་གཞོན་ནུ།།

གཤོག་ལྡན་ཕྱེ་ལེབ་ཀྱི་སྙིང་ལ་འཐིམ་ཡོད།།

 

ཚང་ཚིང་ལྗོན་ཤིང་གི་རྒྱན་དུ་འཁུ་བའི།།

ལྷ་བྱ་ཁུ་བྱུག་གི་གྲེ་འགྱུར་སྙན་མོ།།

དཔྱིད་དཔལ་མཛའ་མོ་ཡི་འཛུམ་དང་འགྲོགས་པས།།

ཡིད་ཀྱི་ཚོར་བ་ལ་བདེ་སྣང་སྟེར་སོང་།།

 

སུམ་སུམ་སྐར་ཚོགས་ཀྱི་དབུས་སུ་བཀྲ།།

ཡིད་འོང་དཀར་གསལ་གྱི་ཟླ་བ་གཞོན་ནུ།།

མུན་པའི་ཀློང་ནག་ཁྲོད་ལྷམ་མེར་འཚེར་བས།།

ཀུ་མུད་འདབ་སྟོང་གི་ཞལ་ཁ་ཕྱེ་སོང་།།

 

ནམ་ཟླ་རབ་རིབ་ཀྱི་སྤྲིན་པའི་གསེབ་ནས།།

དུང་མདོག་རབ་དཀར་གྱི་ཁ་བའི་འདབ་མ།།

དབྱིག་འཛིན་སྒེག་ལྡན་མའི་ལུས་ལ་གཡོགས་པས།།

སེམས་ཀྱི་འཇིག་རྟེན་འདིར་འོད་ཅིག་ལྡན་འོང་།།

 

 

 

 

yangla | རྩོམ་ཡོངས་ཀློག་པ།(508) | ལན་སློག(3)
དྲན་མགུར་ཐོལ་བྱུང་མ།
2011-11-12 9:29:27

དྲན་མགུར་ཐོལ་བྱུང་མ།

 

ཆུ་སྐྱེས་ལང་ཚོའི་འདབ་བཟང་།།

འཁོར་བའི་བ་མོས་བཅོམ་རུང་།།

བྱམས་བརྩེ་འོད་སྣང་དཀར་པོས།།

ང་ཡི་འཇིག་རྟེན་གསལ་སོང་།།

 

གནས་འགྲོ་བུ་མོའི་ལས་དབང་།།

འུ་ཐུག་སྡུག་གི་མགོ་གནོན།།

རིག་པའི་གནས་ལ་སྦྱང་བའི།།

སྐལ་བ་བདག་ལ་གནང་སོང།།

 

འཚོ་བའི་མངར་སྐྱུར་བར་ནས།།

མདུན་བསྐྱོད་སྤོབས་པ་བསྐྱེད་སོང་།།

དོན་ལྡན་ཞིབ་མོའི་བསླབ་བྱ།།

བུ་མོའི་ཡིད་ལ་བཞག་སོང་།།

 

ཁྱིམ་གཞི་གཞན་པ་ཞིག་ནས།།

ཨ་མ་ཡིད་ལ་འཁོར་བའི།།

མགུར་ཆུང་ཆུ་མིག་དགུ་སྒྲིལ།།

བུ་མོའི་ངག་ནས་ཤོར་སོང་།།

 

 

 

yangla | རྩོམ་ཡོངས་ཀློག་པ།(458) | ལན་སློག(6)
སྤུན་མོ་ཚོ
2011-11-8 16:30:10

སྤུན་མོ་ཚོ

རྟོགས་འགྱུ་ལྷད་མེད་ཞིག་གི་ལྗང་མདོག་རུམ་བཞིན

འཇིག་རྟེན་ཆུང་ཆུང་འདིའི་གྲུ་ག་ནས

དམར་ལྷོག་ལྷོག་གི་བསམ་པ་སྨྱུག་རྩེ་ནས་གཏོར་ལ

འབྱུང་འགྱུར་གྱི་འོད་སྣང་ཟླུམ་པོ

ཚེ་སྲོག་གི་རྟག་བརྟན་དུ་འཇོག་པའི་ཏིང་འཛིན་བསྒོམས་ཏེ

ལོ་ཟླ་གྲངས་མང་ཞིག་གི་མངར་བསྐྱུར་དང་ཁོར་ཡུག་མུན་པོ་ཞིག་གི་འཆིང་བ་བཟུང་ནས

ང་དང་ཕུ་ནུ་ཚོའི་མཐོ་སར་འགྲེང་བའི་སྤུན་མོ་ཚོ

ཁྱོད་ཚོའི་སྤོབས་སེམས་དང་སྙིང་སྟོབས

ལྷག་བསམ་ལ་ཡིད་ཆེས་ཀྱི་མིག་ཟུང་གཏད་པའི་ན་གཞོན་ཅི་འདྲའི་མང

བསྐྱོད་དང     སྤུན་མོ་ཚོ

ངེས་འབྱུང་ཟབ་མོ་ཞིག་གི་སྒྲོན་མེ་བཏེགས་དེ་

ཕ་ཡུལ་གྱི་མཐོ་སར་བསྐྱོད་དང

སྒྱུ་མའི་ཟློས་གར་གྱི་འཕྲུལ་སྣང་མོད་པོ

དབང་བོ་ལྔའི་ཉེ་འཁོར་ན་འཚང་ཁ་རྒྱག་པས

ལྷད་མེད་ཀྱི་དུངས་སེམས་སྒོར་མོ་སྨྱུག་རྩེ་ནས་དཔར་ཏེ

འཕྲུལ་སྣང་གི་འཆིང་ཞགས་སྦོམ་པོ་ཤེས་རབ་ཀྱི་རལ་གྲིས་ཆོད་དང

བདག་ཁྱོད་ཚོར་ཡིད་ཆེས་ཡོད

 

yangla | རྩོམ་ཡོངས་ཀློག་པ།(854) | ལན་སློག(15)
བུ་མོའི་རེ་ཞུ
2011-11-7 8:35:06

བུ་མོའི་རེ་ཞུ

དུས་རབས་ཅང་ཤེས་བང་གི་གོམ་ཁ་ན།།

བཅུ་ཕྲག་ནོར་བའི་རླུང་རྟ་ཡར་ལ་རྒྱས།།

རུས་ཞེན་མེ་ལྕེ་རྒོད་པའི་མིང་སྲིང་ཚོའི།།

ལྷག་བསམ་འོ་མའི་མདངས་ལ་སྙིང་ནས་བསྟོད།།

 

སེམས་ནས་མི་རིགས་ཤིག་གི་དར་རྒུད་གླེང་།།

ལག་ནས་ཀ་ཁའི་རི་མོ་སྟེར་ཕྲེང་སྒྲིག།

ངག་ནས་ཡུམ་སྐད་གཙང་མའི་ཁ་གཡང་བརྗོད།།

དགའ་བའི་འཛུམ་གྱིས་མི་བསྟོད་བོད་པ་སུ།།

 

འོན་ཏེ་དགའ་སྐྱོ་འདྲེས་མའི་བར་གསེང་ན།།

བུ་མོའི་རེ་ཞུ་སྲིན་འབུ་མེ་སྟག་གི།

འོད་སྣང་དེ་ཡིས་ཁྱེད་སེམས་རྩ་རུ།།

བདེན་པའི་མུ་ཏིག་སྟེར་ལ་བརྒྱུས་བར་སྨོན།།

 

མཐོན་པོ་ཁྲི་ཡི་གོ་ས་ཁྱོད་ཀྱིས་མནོན།།

བཀོད་འདོམས་སྨྲ་བརྗོད་དབང་ཆ་ཁྱོད་ལ་ལྡན།།

རུས་ཞེན་དམར་པོའི་མདངས་ཤིག་ཁྱོད་ལ་དགོས།།

ང་ལ་མཁོ་བ་ཁྱོད་ཀྱི་རྒྱབ་སྐྱོར་ཡིན།།

 

སྨྱུ་གུ་འཛིན་པའི་ལས་དབང་མེད་ན་ཡང་།།

སྲོལ་རྒྱུན་རིག་གནས་མང་པོའི་བདག་པོ་ཡིན།།

ཨ་གསར་ཚེར་མའི་མེ་ཏོག་མཛེས་ན་ཡང་།།

རང་གི་རིག་གནས་རང་གི་ནོར་དུ་སོམས།།

 

དཔྱོད་པའི་བློ་མིག་ཡངས་བ་དགའ་བའི་གཞི།།

མཁོ་མེད་རྩོད་པའི་འགལ་ཟླ་སྐྱོ་བའི་གཞི།།

ནང་སེམས་མཐུན་པའི་གཞི་ཞིག་མི་གྲུབ་བམ།།

དུས་འདིར་མཁོ་བ་སྤུན་ཟླའི་མཐུན་སྒྲིལ་ཡིན།།

 

མཐོ་དམན་ཀུན་གྱི་སྟོབས་ཤུགས་ལྷན་འདུས་ནས།།

འདས་པའི་ཚེ་སྲོག་ཧང་མོ་སེམས་ཀྱིས་མཆོད།།

ད་ལྟའི་ཡུལ་སྲོལ་གོམས་འདྲིས་འདོར་མི་བྱ།།

མ་འོངས་གངས་ལྗོངས་སྲིད་པའི་རྒྱན་དུ་བསྐྲུན།།

 

 

yangla | རྩོམ་ཡོངས་ཀློག་པ།(949) | ལན་སློག(12)
ལྟོས་དང་། འདི་ན་ཅི་ཞིག་བོར་འདུག
2011-11-5 5:01:09

ལྟོས་དང་།  འདི་ན་ཅི་ཞིག་བོར་འདུ

 

སྤང་ལྗོངས་སྔོན་མོའི་ཁུག་སོ་ན།།

 ཁྲ་ཆིལ་མེ་ཏོག་བཞད་པ་དེ།།

 བྱིས་པའི་དུས་ཀྱི་མགོ་རྒྱན་ཡིན།།

 བད་ཀྱིས་མ་བཟུང་ལྷམ་མེར་བཞད།།

 

 རབ་མཛེས་གཡུ་ཡི་གདན་སྟེང་དུ།།

 སྒོ་ཕྱུགས་གཡང་གི་འཕེལ་ཁ་རྒྱས།།

 བྱིས་པའི་རྫི་གླུ་སྙན་མོ་དེ།།

 ཡིད་ཀྱི་ཟབ་སར་ཐོལ་གྱིས་ཤར།།

 

 ཡིན་ཀྱང་ཡིད་ཀྱི་དྲན་ཤིང་དེ།།

 འདྲེན་བྱེད་དཔྱིད་དུ་མ་གྱུར་བས།།

 མཛེས་པའི་རང་བཞིན་མངོན་ན་ཡང་།།

 ཚྭ་ཁུ་མེད་པའི་ཐིགས་པ་བཞིན།།

 

 མ་ལོས་བསླབ་བྱ་གནང་སའི་ཡུལ།།

 ཕ་ལོས་གཏམ་རྒྱུད་འཆད་སའི་ཁྱིམ།།

 རང་རང་རིག་པའི་རྩལ་དམ་པས།།

 བཟོས་པའི་ཕ་ཁྱིམ་སྨུག་པོ་སྟེ།།

 

 སྟབས་བདེ་མིན་པའི་དྲན་ཕྱོགས་དང་།།

 དྲོད་ཁོལ་མེད་པའི་དམའ་འབེབས་ཀྱིས།།

 ཤ་མོ་ལྟ་བུའི་རས་ཁྱིམ་ན།།

 བདེ་སྐྱིད་གླེང་བ་ཨ་རེ་སྐྱོ།།

 

 འབོར་ཀྱིན་པ་དང་ཟད་ཀྱིན་པ།།

 ང་དང་ཕུ་ནུའི་གྱོང་གུད་ཡིན།།

 དེ་བས་སེམས་གཏམ་གླུ་རུ་དྲངས།།

 མི་ཉམས་གོང་དུ་འཕེལ་བར་ཤོག།

 

yangla | རྩོམ་ཡོངས་ཀློག་པ།(1068) | ལན་སློག(14)
སེམས་ཀྱི་ལྷ་མོ
2011-11-4 8:33:51

སེམས་ཀྱི་ལྷ་མོ

 

རབ་མཛེས་གཡུ་ཡི་གདན་སྟེང་དུ།།

ལང་ཚོ་རྫོགས་པའི་ཡིད་འཕྲོག་མ།།

འཇིག་རྟེན་འགྲོ་བའི་མགོན་དུ་གྱུར།།

སེམས་ཀྱི་ལྷ་མོ་གུས་པས་འདུད།།

 

ཉ་གང་ཟླ་བའི་བཞིན་ལེགས་ལ་།།

བྱམས་བརྩེ་སྤྱན་ཟུང་འོད་ཀྱིས་ཁེངས།།

ཞལ་བཟང་པད་མོའི་ཡལ་འདབ་ནས།།

ངག་གི་དངོས་གྲུབ་བསྩོལ་དུ་གསོལ།།

 

མཁྱེན་པའི་ཆུ་གཏེར་རབ་ཏུ་ཟབ།།

རྣམ་དཔྱོད་གློག་གི་འཁྱུག་རྩལ་ཅན།།

ཚངས་བའི་སྲས་མོ་ཡིད་འོང་མ།།

ཐུགས་ཡངས་ལྷ་མོ་སྙིང་ནས་གསོལ།།

 

དབྱིབས་ལེགས་རབ་སྙན་པི་ཝང་གི།

རྒྱུད་སྐུད་རེ་རེའི་བར་གསེང་ན།།

སོར་བཅུ་ཉམས་ཀྱིས་རྩེན་པའི་མ།།

སེམས་ཀྱི་ལྷ་མོས་བརྩེ་བས་སྐྱོང་།།

 

དམིགས་པ་མེད་པར་སྐྱོང་བའི་མ།།

ཆོས་བརྒྱད་རྒྱུད་ནས་རིང་དོར་བའི།།

སེམས་ཀྱི་ལྷ་མོ་གུས་པའི་མཐུས།།

བུ་མོའི་འདོད་དོན་འགྲུབ་པར་ཤོག།་

 

yangla | རྩོམ་ཡོངས་ཀློག་པ།(704) | ལན་སློག(9)
ང་དང་པི་ཝང་དཀར་མོ
2011-11-1 21:51:04

 ང་དང་པི་ཝང་དཀར་མོ

 

བཞིན་བཟང་དུང་གི་ཟླ་བར་དྲི་མ་བྲལ།།

ངག་གི་དཔལ་སྟེར་ཚངས་སྲས་དབྱངས་ཅན་མོས།།

ང་དང་པི་ཝང་དཀར་མོའི་ལས་དབང་ལ།།

བར་ཆད་མེད་པའི་ཐུགས་རྗེ་བྱིན་གྱིས་རློབས།།

སྙན་འཇེབས་ངག་གི་འགྱུར་ཁུག་མེད་ན་ཡང་།།

ཀ་ཁའི་དབྱངས་རྟ་ངག་ནས་གྱེར་བཞིན་འགྲོ།།

ཚིག་གི་སྦྱོར་བར་རྒྱན་དང་བྲལ་ན་ཡང་།།

སྲོལ་རྒྱུན་མེ་ཏོག་འཛུམ་གྱིས་འཐུ་བཞིན་འགྲོ།།

ལྷག་བསམ་འོ་མའི་རང་མདངས་མེད་ན་ཡང་།།

དགའ་སྐྱོ་འདྲེས་མའི་མིག་ཆུ་འབྱིན་བཞིན་འགྲོ།།

འཇམ་པོ་བལ་གྱི་ངང་རྒྱུད་མེད་ན་ཡང་།།

དྲང་བདེན་འོད་ཀྱི་ལམ་བུ་བརྒྱུད་དེ་འགྲོ།།

ངག་འཇམ་ཚིག་གི་བྲོ་བ་མེད་ན་ཡང་།།

དུངས་ཞེན་གསེར་གྱི་མདངས་བཟང་ངོམས་ནས་འགྲོ།།

གཞན་སེམས་སྒུལ་བའི་སྙིང་སྟོབས་མེད་ན་ཡང་།།

ཀུན་དང་མཐུན་པའི་སྤྱོད་ལམ་འཚོལ་བཞིན་འགྲོ།།

རིག་པས་དཔྱོད་པའི་བློ་མིག་ཆུང་ན་ཡང་།།

དམིགས་འདུན་གསལ་བའི་རི་མོ་བཀོད་དེ་འགྲོ།།

པི་ཝང་དཀར་མོའི་རྒྱུད་སྐུད་རེ་རེ་ན།།

གངས་རིའི་བུ་མོའི་དུངས་བ་ལྷོག་ལྷོག་གདུ།།

yangla | རྩོམ་ཡོངས་ཀློག་པ།(507) | ལན་སློག(8)
འབྲེལ་ཡོད་ནང་དོན་ 70 ཡོད།<<<1234567>>>
 
Powered by Oblog.