མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཚེ་རིང་འཚོ།

ཟིན་བདག་བརྡ་ཁྱབ།

ང་རང་བོད་པའི་བུ་མོ་ཞིག་ཡིན་པའི་ངོས་ནས་

ཕ་སྐད་དག་མོ་ཞིག་ཤོད་ཐུབ་པ་བྱ་རྒྱུ་ནི་སྙན་

ངག་འབྲི་བ་ལས་ཀྱང་རྩ་ཆེ་བར་བསྒོམས་ཡོད།

ZZXXCRC@163.COM

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
ཤགས་གླུ་ཕར་ལེན་ཚུར་ལེན
2012-1-5 16:25:21

        ཀ

ཐུལ་དཀར་འབྲི་མོའི་བཞོ་འོག་ན།།

བཞོ་མེད་བུ་མོ་སྙིང་རེ་རྗེ།།

 

འབའ་འབའ་ལུ་གུའི་རྩེད་ར་ན།།

ལང་ཚོ་རྒས་པ་ཤེས་ཀྱིན་མེད།།

 

དེ་རིང་ཁྲོམ་པའི་གྲལ་མཐའ་ན།།

ངག་འདར་བུ་མོ་སྙིང་རེ་རྗེ།།

    ཁ

ཐུལ་དཀར་འབྲི་མོའི་བཞོ་འོག་ན།།

བཞོ་མེད་རུང་སྙིང་རྗེ་ཟེར་དོན་མེད།།

གནས་རིག་པའི་ཕྱོགས་ལ་འབད་ནས་ཡོད།།

དུས་གསར་བའི་རྗེས་སུ་བསྙེགས་ཀྱིན་ཡོད།།

 

འབའ་འབའ་ལུ་གུའི་རྩེད་ར་ནས།།

ལང་ཚོ་རྒས་པ་ཤེས་ནས་ཡོད།།

སད་རྟོགས་ཀི་རིང་འདེབས་ཀྱིན་ཡོད།།

མ་ལོའི་རེ་བ་སྐོང་གི་ཡོད།།

 

དེ་རིང་ཁྲོམ་པའི་གྲལ་མཐའ་ན།།

ངག་འདར་འདར་བྱེད་དོན་ཡེ་ནས་མེད།།

བྱིས་ཁྲོམ་པ་ཁྱོད་དབང་ང་དབང་རེད།།

ང་གླུ་མས་ཡུན་གྱིས་རྩེད་རྒྱུ་ཡིན།།

     ཁ

འདུ་ཁང་དམར་པོའི་གདན་སྟེང་ན།།

ཆོས་མེད་བན་ཆུང་སྙིང་རེ་རྗེ།།

 

དཔའ་རྟགས་ངོམས་སའི་གཡུལ་ས་ན།།

དཔའ་མེད་བུ་ཆུང་འདར་སུག་སུག།

 

དེ་རིང་ཁྲོམ་པའི་གྲལ་མཐའ་ན།།

གླུ་མེད་བུ་ཆུང་རྔུལ་ཆུ་བཞུར།།

        ཀ

འདུ་ཁང་དམར་པོའི་གདན་སྟེང་གི།

བན་ཆུང་སྙིང་རྗེ་ཟེར་དོན་མེད།།

རིགས་རུས་དུངས་ཞེན་ཆེ་ནི་རེད།།

དགོན་པའི་དོན་ཆེན་བསྒྲུབ་ནི་རེད།།

 

དཔའ་རྟགས་ངོམས་སའི་གཡུལ་ས་ནས།།

དཔའ་མེད་བུ་ང་སྐྱོ་གི་མེད།།

བློ་དང་རིག་པས་ཕྱུག་ནས་ཡོད།།

མཐུན་སྒྲིལ་སེམས་སུ་བཅངས་ནས་ཡོད།།

 

དེ་རིང་ཁྲོམ་པའི་གྲལ་མཐའ་ནས།།

གླུ་མེད་བུ་ང་འཚབ་དོན་མེད།།

སྙན་མོའི་སྐད་གདངས་ངག་ན་ཡོད།།

སྲོལ་རྒྱུན་རྩེད་འཇོ་རོལ་བར་དགའ།།

              ག

             གཟུ་བ།

ཤགས་བཟང་པོའི་གླུ་སྒོ་ཕྱེ་ས་ན།།

བུ་བུ་མོའི་བསམ་བློ་མེ་རུ་འབར།།

ང་གཟུ་བ་དགའ་ནི་སྐྱིད་ནི་ཡིན།།

དུས་ཡང་ཡང་འབར་བའི་སྨོན་ལམ་འདེབས།།

 

ཤགས་བཟང་པོའི་གླུ་སྒོ་ཕྱེ་ས་ན།།

བྱིས་ཁྲོམ་པ་ཁྱོད་དབང་ང་དབང་རེད།།

ནང་མཐུན་སྒྲིལ་བཟང་ནོ་རྩ་བ་རེད།།

ཁྲོམ་ཇི་ལྟར་རྩེ་རུང་ཡང་སྐྱིད་ཡིན།།

 

ཤགས་བཟང་པོའི་གླུ་སྒོ་ཕྱེ་ས་ན།།

སྨན་བུ་མོའི་རང་སྣང་ཇེ་མཐོ་རེད།།

སྟག་ཤ་རའི་སེམས་རྒྱ་ཇེ་ཆེ་རེད།།

དོན་དམིགས་ཡུལ་འགྲུབ་པའི་ཏན་རྟགས་ཡིན།

 

yangla | རྩོམ་ཡོངས་ཀློག་པ།(1569) | ལན་སློག(14)
ཡ་མཚར་བའི་འཇིག་རྟེན
2012-1-4 22:55:44

ཡ་མཚར་བའི་འཇིག་རྟེན

སྟོད་ཀྱི་རྫ་ལུང་སྨུག་པས་བཟུང་ཚེ་སྤྱང་ལྟོག་རྒོད་པོར་འདུར་རྒྱུག་ཅིག།

བར་གྱི་རི་སྐེད་ནགས་ཀྱིས་བཟུང་ཚེ་རྒྱ་སྟག་དམར་པོར་ངར་སྐད་ཅིག།

བདེ་མོའི་ཐང་ལ་མེ་ཏོག་བཞད་དུས་རྐང་དྲུག་གཞོན་ནུར་གཤོག་འགྱུར་ཅིག།

ཡ་མཚར་འཇིག་རྟེན་ལྟད་མོ་འདི་ལས་ཉམ་ཆུང་བུ་མོར་མཚར་སྣང་ཞིག།

 

ཟབ་མོའི་ཆོས་ལ་རྟོགས་པ་མཐོན་པོར་འགྲོ་དྲུག་འདྲེན་པའི་སྙིང་རྗེ་ཞིག།

ཐོབ་དང་གོ་སར་ཧམ་པའི་དཔོན་ལ་ལྟག་སྒོ་ཕྱེ་བའི་བློ་རིག་ཅིག།

ཤ་དང་རུས་པར་དུང་བའི་བུ་ལ་སྙིང་གཏམ་དམར་པོའི་ལྷུག་བརྗོད་ཅིག།

མཚན་ཉིད་གཅིག་ཀྱང་སྦྱོར་བ་མི་མཐུན་ཡ་མཚན་ལྟད་མོ་འདི་ན་མཆིས།།

 

རིག་པའི་ཀློང་ན་ཆོག་ཤེས་བྲལ་བའི་ཕུ་བོར་ཀུན་སྤྱོད་རྣལ་མ་ཞིག།

སློབ་གླིང་ཚལ་ན་བརྩེ་བས་བཟི་བའི་སྲིང་མོར་སྐྱོ་གདུང་ལྕི་མོ་ཞིག།

ཤེས་བྱའི་གནས་ལ་གསར་དུ་ཞུགས་པའི་ནུ་བོར་རྩེད་ར་སྐྱིད་པོ་ཞིག།

འོས་འགན་གཅིག་ཀྱང་དམིགས་ཡུལ་གྱེས་པའི་ལྟད་མོ་སྒྱུ་མའི་རོལ་རྩེད་བཞིན།།

 

རྙིང་ཞེན་དུག་གི་མངར་ཁར་བཟི་བའི་མགོ་དཀར་རྒན་པོར་ཨུ་ཚུགས་ཤིག།

ཨ་གསར་བློ་ཡིས་ཆ་ལུགས་དོར་བའི་དེང་རབས་གླུ་བར་རང་སྣང་ཅིག།

ཁྱད་མཚར་སྣ་ཚོགས་ལྟད་མོ་འདི་ལ་ཞིབ་མོའི་བློ་ཡིས་མ་རྟོགས་པར།།

རགས་ཙམ་བརྗོད་པས་དཔྱོད་ལྡན་བློ་ལ་བདེན་པའི་ཚོར་སྣང་སྟེར་བར་སྨོན།།

yangla | རྩོམ་ཡོངས་ཀློག་པ།(965) | ལན་སློག(13)
སྤྱི་ལོ་གཉིས་ཀྱི་བར་མཚམས་ནས་བླངས་བའི་གླུ
2012-1-3 16:41:27

སེམས་གཞས།

འདས་བའི་ལོ་ཟླ་ཕྱིར་མིག་ཅིག་གིས་སྐྱེལ་མའི་ལག་བརྡ་དལ་གྱིས་འགུལ།།

ཕྱིར་མིག་ཅིག་གི་དཀྱོགས་མཚམས་བར་ན་སྐྱིད་སྡུག་འདྲེས་མའི་རྒྱབ་ལྗོངས་རེ།།

རྒྱབ་ལྗོངས་དེ་རུ་དཔའ་བོའི་རྣམ་ཤེས་མཆོད་རྐོང་གསེབ་ན་འོད་དུ་འཚེར།།

འོད་དུ་འཚེར་བའི་ཚེ་སྲོག་ཧང་མོ་ལོ་རྒྱུས་ཤིག་གི་ཟིན་ཐོ་ཡིན།།

 

དུས་རབས་འདི་ཡི་ལོ་ཟླའི་རྟ་ཁ་འཐེན་ལྷོད་བར་ན་ཐོབ་ཤོར་རེ།།

ཐོབ་པ་དོན་གྱི་སྣོད་དུ་བཅུག་ནས་ཤོར་བའི་ལས་ལ་འདང་རྒྱག་རེ།།

འདང་རྒྱག་དེབ་ཀྱི་ཟིན་ཐོར་བཀོད་དེ་འདས་བའི་ལོ་ཟླ་རྒྱབ་ཏུ་བསྐྱུར།།

སྤྱི་ལོ་གསར་བར་རེ་བསྙེགས་དང་བཅས་བསུ་མ་ཐེངས་གཅིག་གྱིས་མི་བྱེད།།

 

སྔོན་ཤོར་རྗེས་འབད་སེམས་རྩའི་བར་ནས་ལོ་ཟླའི་སྲུབས་ཀར་མ་ཡལ་བར།།

སྤྱི་ལོ་གསར་བའི་གཡུ་འབྲུག་སྔོན་མོར་རྒྱལ་ཁའི་ཁ་བཏགས་འཐེན་པར་བརྩོན།།

དམིགས་ཡུལ་གསལ་བའི་དོན་ཆེན་བསྒྲུབ་ཕྱིར་ཕོ་ཆུང་འབྲུག་གི་ངར་སྒྲ་དགོས།།

ངར་སྒྲ་དེ་ལ་ལྷད་ཀྱིས་མ་གོས་གཞན་སེམས་སྒུལ་བའི་གདངས་ཤིག་དགོས།།

 

འདས་བའི་ན་ཟུག་རུམ་དུ་བཅུག་ནས་མ་འོངས་རྨ་ཁ་གསོ་བར་བརྩོན།།

སྒེར་ལྟ་མཆོག་འཛིན་རིང་དུ་དོར་ནས་གཞི་མཐུན་གཅིག་གི་ལས་ལ་འབད།།

རྣོན་པོའི་མཚོན་ཆ་ནང་དུ་མ་གཡུག་ཝ་མོའི་འཛུམ་མདངས་ཇེ་ཆེ་ཡིན།།

སྤྱི་ལོ་གསར་བའི་དབུ་ཁྱུད་འབྲི་སྟངས་ནོར་དུ་མ་འཇུག་ཨ་མའི་བུ།།

 

གསར་རྙིང་གཉིས་ཀྱི་བར་མཚམས་འདི་ན་སྤྱི་འགྲོས་མིན་པའི་སྡོམ་ཚིག་ཅིག།

སྡོམ་ཚིག་དེ་ནི་སེམས་པ་རྨས་པའི་སྨྲེང་གླུ་རེད་ཅེས་བཤད་ཀྱང་ཆོག།།

ང་དང་ཕུ་ནུའི་སེམས་རྩའི་བར་ན་ཡལ་དུ་མེད་པའི་ལང་ཚོ་ཞིག།།

ལང་ཚོའི་མཛེས་སྡུག་འཚེ་མེད་ངང་ནས་འོད་དང་ལྡན་པར་སྙིང་ནས་སྨོན།།

yangla | རྩོམ་ཡོངས་ཀློག་པ།(565) | ལན་སློག(6)
རྨི་ལམ་ནང་གི་ཁྱོད
2012-1-2 19:29:51

རྨི་ལམ་ནང་གི་ཁྱོད

ངའི་རྨི་ལམ་གྱི་ཞིང་ཁམས་འདི་ཡུན་རིང་དཀྲུགས་པའི་ཁྱོད

ལན་རེར་ང་དང་ཆེས་ཐག་ཉེ་ས་ནས་ངག་འཇམ་ཚིག་གི་དབྱངས་རྟར་ཞོན

ལན་རེར་ང་དང་ཆེས་ཐག་ཉེ་ས་ནས་རྫིག་རྫིག་ངམ་ངམ་གྱི་དཔའ་རྟགས་སྟོན

ཁྱོད་ལ་རྟོགས་མི་ཐུབ་པའི་གསང་བ་ཟབ་མོ་ཞིག

ཁྱོད་ལ་བཤད་མི་ཐུབ་པའི་རང་བཞིན་ཡ་མཚན་ཞིག

གང་ལྟར   ཁྱོད་ལ་རྨི་ལམ་གྱི་གར་སྟེགས་འདི་རུ

ཞལ་གཅིག་ལྕེ་གཉིས་པའི་གཡོ་ཟོལ་གྱི་རལ་གྲི་རྣོན་པོ་ཞིག་ཡོད་པ

ངས་སྔ་མོ་ནས་རྟོགས་བྱུང་

ཁྱོད་ཀྱིས་ང་ལ་དགའ་བའི་བརྟུལ་ཞུགས་བཟུང་ཀྱང་ཆོག

ཁྱོད་ཀྱིས་ང་ལ་སྡང་བའི་མིག་ཟུང་བགྲད་ཀྱང་ཆོག

ང་ནི་ང་སྟེ  ང་ལ་དབང་བའི་ཁོར་ཡུག་དེ་ནམ་ཡང་ངའི་ཡིན

ཁྱོད་ནི་ཁྱོད་དེ   ཁྱོད་ལ་འཛོམས་པའི་གཤིས་ཀ་དེ་ནམ་ཡང་ཁྱོད་ཀྱི་རང་བཞིན་ཡིན

ཁྱོད་དང་ང   ཁ་ཁ་རེད

ཁྱོད་ལ་ཕོ་རྩལ་སྣ་དགུ་འཛོམ་པའི་ང་རྒྱལ་ཆེ་ན་ཡང

ང་ལ་མཛངས་མའི་ཡོན་ཏན་ལས་མ་འགལ་བའི་རང་གཤིས་

གསོན་པོ་ཞིག་ནམ་ཡང་མཆིས

དེ་བས་ང་རང་ཁྱོད་ཀྱི་སྒྱེད་པུ་བསྲུང་བའི་གཡོག་མོ་བྱེད་མི་འདོད་ལ

ཁྱོད་ཀྱི་གཡོ་ཟོལ་དུ་ཚུད་པའི་སྙིང་རྗེ་ཅན་ཞིག་དེ་བས་ཀྱང་བྱེད་མི་འདོད

རྒྱུ་མཚན་ངའི་མཁའ་དབྱིངས་འདི་ང་ལ་དབང་བས་ཡིན

yangla | རྩོམ་ཡོངས་ཀློག་པ།(1106) | ལན་སློག(9)
སྐད་ཅིག་ངག་གི་དབྱངས་རྟ
2011-12-29 10:43:10

སྐད་ཅིག་ངག་གི་དབྱངས་རྟ

དགུན་འཁྱག་རླུང་ནག་འཚུབ་མས།།

དཔའ་རྟགས་སྟོན་ཁོམ་མེད་སོང་།

དཔྱིད་དཔལ་ལྷ་མོ་ཕེབས་དུས།།

མི་འགྲོ་རང་དབང་མི་འདུག།

 

འཕྱོར་སྒེག་འཔྱིད་ཀྱི་སྒེག་མོར།།

ཆགས་པའི་རྐང་འཐུང་གཞོན་ནུས།།

དཔྱིད་མགོའི་མེ་ཏོག་ཆུང་ཆུང་།།

དུང་བའི་ལེགས་སྐྱེས་ཕུལ་བྱུང་།།

 

ཁུ་བྱུག་མཛའ་གླུ་སྙན་མོ།།

ལྗོན་ཤིང་རྩེ་ནས་གྲགས་དུས།།

བཏབ་པའི་ས་བོན་གསོན་པོ།།

མི་སྐྱེས་རང་དབང་མི་འདུག།

 

སྤང་ལྗོངས་གཡུ་ཡི་མེ་ལོང་།།

བེའུ་ཆུང་ལུ་གུའི་རྩེད་ར།།

སྦྲ་ནག་ཕ་གཞིས་སྨུག་པོ།།

འདོར་བའི་བསམ་པ་མི་འདུག།

 

དགུན་གྱི་གདུག་རྩུབ་རྒོད་ཀྱང་།།

དཔྱིད་ཀྱི་བདག་མོའི་དྲིན་གྱིས།།

ཡིད་ཐང་ཆད་ཁོམ་མི་འདུག།

རེ་བའི་མྱུ་གུ་འབུས་ཡོད།།

yangla | རྩོམ་ཡོངས་ཀློག་པ།(404) | ལན་སློག(2)
རེ་སྒུག་གི་སེམས་པ།
2011-12-28 16:38:41

རེ་སྒུག་གི་སེམས་པ།

རྟ་བདུན་དབང་བོའི་འོད་སྣང་མཁའ་ནས་འཕྲོས།།

ཆུ་སྐྱེས་པད་མའི་ཟེའུ་འབྲུ་ས་ནས་ངོམས།།

རྐང་དྲུག་གཞོན་ནུའི་གླུ་སྐད་སྙན་ན་ཡང་།།

ཕྱེ་ལེབ་དཀར་པོའི་གཤོག་འགྱུར་མཐོང་ན་བསམ།།

 

གཙང་བོའི་ཆབ་རོམ་ཞུ་ནས་ཆུ་ལ་འདྲེས།།

དགུན་གྱི་རྩྭ་སྐྱ་ཟད་ནས་ལྗང་སྨྱུག་འབུས།།

ཁ་བ་དཀར་པོའི་ངོ་བོ་ཆར་དུ་གྱུར།།

དཔྱིད་ཀྱི་བདག་མོའི་མགྲིན་གླུ་ཐོས་ན་བསམ།།

 

ཚང་ཚིང་ནགས་ཚལ་སྟུག་པོའི་བར་གསེང་ན།།

སྤྱང་ལྟོགས་ཝ་མོའི་འདུར་རྒྱུག་ཇེ་ཆེ་རེད།།

ས་ཆེན་སྙིང་རྩ་འདར་བའི་རྒྱ་སྟག་གི།

ངར་སྐད་གསོན་པོས་ཐོས་འཛིན་འཕྲོག་ན་བསམ།།

 

དྭངས་གསལ་གཙང་པོའི་རྒྱུན་བཟང་རྒྱ་མཚོར་འདྲེས།།

སྣ་ཚོགས་ཉ་རིགས་བརྒྱ་འཚོགས་སྟོང་འདུས་རེད།།

གསེར་མིག་ཉ་མོའི་ལུས་ཀྱི་རྐྱལ་རྩལ་དེ།།

མི་འགྱང་འདྲེན་བྱེད་དཔྱིད་དུ་གྱུར་ན་བསམ།།

 

དུས་རབས་བུ་མོའི་སྐད་ངག་ཇེ་མཐོ་རེད།།

སྲོལ་རྒྱུན་ཨ་མའི་འཛུམ་མདངས་ཇེ་ཆུང་རེད།།

འཚོ་བའི་དཀར་ནག་ལ་ཁའི་ཉི་མ་འདྲ།།

རྒྱུ་འབྲས་སྡེར་སྲང་སྤྱོད་སྒོ་ཆེ་ན་བསམ།།
yangla | རྩོམ་ཡོངས་ཀློག་པ།(505) | ལན་སློག(10)
མེ་ཏོག་དེ་འཐུ་མི་རུང
2011-12-22 16:01:12

མེ་ཏོག་དེ་འཐུ་མི་རུང

མིག་ལ་མཛེས་པའི་མེ་ཏོག་དེ

དུས་བཞིར་བཞད་པའི་ངེས་བ་གཏན་ནས་མེད་མོད

ཁྱེད་ཀྱི་མིག་དབང་འཕྲོག་ཡོད་ལ

ཡིད་དབང་འགུག་སྲིད་པ་ངས་ཚོར་ཐུབ

དེའི་ཕྱིར་ལྷད་མ་འདྲེས་པའི་སྐད་ཆ་ཞིག་བཤད་ན

མེ་ཏོག་དེ་འཐུ་མི་རུང

ཡུ་བར་མཐོང་མི་ཐུབ་པའི་དུག་ཚེར་ཡོད་པས་

ཁྱེད་ཀྱི་བདེ་ཐང་ལ་གནོད་སྲིད

འདབ་མ་དམར་དྲགས་པས

ཁྱེད་ཀྱི་མིག་དབང་ལ་གནོད

མི་རེའི་སྣོམ་པའི་དྲི་མ་གཅིག་པ་མིན

དེ་ནི་མེ་ཏོག་འདིའི་ཆེས་ལྐོག་གྱུར་གྱི་བསླུ་བྲིད་ཡིན

དེ་བས

མེ་ཏོག་དེ་ངས་མི་འཐུ་ལ   ཁྱེད་ཀྱིས་ཀྱང་མི་འཐུ་རོགས

yangla | རྩོམ་ཡོངས་ཀློག་པ།(391) | ལན་སློག(4)
ཨ་མའི་བྱམས་བརྩེ
2011-12-18 8:32:36

ཨ་མའི་བྱམས་བརྩེ

ཀྰ་ལི་སུམ་ཅུའི་གནས་ལ་རྨོངས་ཤིང་ཁ་ཁོག་དྲང་བའི་བརྩེ་ལྡན་མ།།

ག་དུས་ཡིན་ཡང་བསླབ་བྱ་རིན་ཆེན་ང་ལ་གནང་བའི་བྱམས་ལྡན་མ།

ཅ་ཅོ་གཏམ་གྱི་སྨྲ་བ་ཉུང་ཞིང་ཆ་ལུགས་མི་དོར་ཁྲེལ་ལྡན་མ།།

ཏ་ཐ་ག་དའི་གསུངས་རབ་ལ་དད་ཐ་མའི་སྤྱོད་དང་བྲལ་བའི་མ།།

ད་ལྟའི་མི་ཚེ་སྐྱིད་ལ་མ་རོལ་ན་གཞོན་ལང་ཚོ་ཡོལ་བའི་མ།།

པ་སངས་ལྟ་བུའི་ལྷག་བསམ་རབ་དཀར་ཕ་རོལ་མི་མཐུན་མེད་པའི་མ།།

བ་དན་ལྟ་བུའི་གྲགས་པ་མེད་ཀྱང་མ་ཡི་ཁྱད་ཆོས་ཀུན་འཛོམས་པ།།

ཙ་ཙིག་འཁོར་བའི་ལས་ལ་མི་རྨོངས་ཤ་ཚའི་སྙིང་གཏམ་བརྗོད་པའི་མ།།

ཛ་ལང་སྤྱོད་དང་ཀུན་ནས་བྲལ་ལ་ཝ་མོའི་གཡོ་སྒྱུ་དབེན་པའི་མ།།

ཞ་གོས་བཟང་པོས་རང་ལུས་མ་རྒྱན་ཟ་ཟའི་ལས་ཀྱིས་མི་ཚེ་ཤོར།།

འ་འུར་རྩེད་དགོད་འཛུམས་མདངས་མི་ཡལ་ཡ་རབས་ཚུལ་ལྡན་དྲིན་ཆེན་མ།།

རྭ་བཞིན་གྱོང་བའི་བདག་གི་སྙིང་ལ་ལ་རྒྱའི་སྙིང་སྟོབས་བསྩོལ་བའི་མ།།

ཤ་གསེང་རུས་པར་དུངས་བའི་ས་བོན་རང་ནུས་ཡོད་དགུའི་གང་སར་གཏོར།།

ཧ་ཅང་བརྩེ་བའི་བྱམས་ལྡན་ཨ་མའི་ལྷད་མེད་དྭངས་གཙང་ཀུན་སྤྱོད་འདིར།།

བསྟོད་པའི་མེ་ཏོག་འཛུམ་གྱིས་གཏོར་བ་ཨ་མར་དགའ་བའི་ལྷུག་བརྗོད་ཡིན།།

yangla | རྩོམ་ཡོངས་ཀློག་པ།(524) | ལན་སློག(5)
རྐང་རྗེས་སྙེགས་པའི་མགྲིན་གླུ།
2011-12-14 16:26:39

རྐང་རྗེས་སྙེགས་པའི་མགྲིན་གླུ།

མི་རིགས་ཤིག་གི་ངོ་གདོང་བཀྲུ་ཆེད་ཁྱིམ་གྱི་དུངས་བ་ཤུལ་དུ་བཞག།

བདེན་དོན་འོ་མའི་མངར་ཁ་འཚོལ་ཆེད་འདུག་སྟེགས་གྲུ་བཞི་རྒྱང་དུ་དོར།།

སྒང་བ་བོད་པའི་དར་རྒུད་རྟོགས་ཆེད་འགྲུལ་བཞུད་ཐེངས་གཅིག་དང་དུ་བླངས།།

སྤོབས་སེམས་རི་རྒྱལ་ལྷུན་པོའི་སྙིང་སྟོབས་དུས་རབས་འདི་ཡི་ནོར་དུ་བརྩི།།

 

ངོ་ཆེན་དཔོན་པོ་ཕེབས་སྟངས་མ་ཡིན་སེམས་གྱི་ན་ཟུག་རུམ་དུ་བཅུག།

དོན་མེད་བུ་ལོ་འཁྱམ་སྟངས་མ་ཡིན་རེ་བའི་དར་ཆེན་རླུང་གིས་བསྐྱོད།།

ཅང་མེད་སྦྲང་བོའི་སློང་སྟངས་མ་ཡིན་ཕུགས་ཀྱི་འཚོལ་སྙེགས་ཡིད་ལ་བཅངས།།

ཁྱེད་ཀྱིས་མནན་པའི་རྐང་རྗེས་རེ་ན་སྐྱིད་སྡུག་འདྲེས་མའི་ན་ཟུག་རེ།།

 

སྨྲ་བརྗོད་དག་མའི་ལྕེ་རྩལ་ཁྲོད་ནས་དོན་གྱི་གནས་ལུགས་སྟོན་གྱིན་གདའ།།

རུས་ཞེན་དྭངས་མོའི་སྐྱོ་ངལ་ཁྲོད་ནས་སད་རྟོགས་ཀི་རིང་འདེབས་ཀྱིན་འདུག།

རིགས་ཀྱི་བུ་ཆུང་བགྲོད་པའི་ལམ་ལ་འོད་ཀྱི་རྟགས་ཤིག་བརྒྱབ་ནས་འདུག།

རྐང་རྗེས་སྙེགས་པའི་བསམ་ཚོར་དམར་པོས་མགྲིན་གླུ་ཐོལ་གྱིས་འཕྲོག་ནས་སོང་།།

 

yangla | རྩོམ་ཡོངས་ཀློག་པ།(513) | ལན་སློག(6)
འོད་སྣང་དེ
2011-12-5 16:35:41

འོད་སྣང་དེ

མུན་ནག་མིན་པའི་ཡུལ་གྲུ་དེ་ན

འོད་སྣང་ཞིག

འོད་སྣང་དེ་ཟླ་འོད་ལྟ་བུའི་བསིལ་ཟེར་མིན་ལ

ཉི་འོད་ལྟ་བུའི་དྲོད་འཇམ་དེ་བས་མིན

ཡིན་ཀྱང

དེས་ཡོད་ཚད་འཁྲིད་གྱིན་འདུག

ཐ་ན་རང་གི་དམིགས་ཡུལ་བོར་ནས་དེའི་ཕྱོགས་སུ་འཚང་ཁ་རྒྱག

ཁོས་བཤད་ན   འོད་སྣང་དེ་དེ་རིང་གི་བདེ་སྐྱིད་ཡིན་ཟེར

མོས་བཤད་ན    འོད་སྣང་དེ་ང་ལ་ཡོད་ཚད་སྦྱིན་པའི་དྲིན་ཆེན་ཡིན་ཟེར

ངས་བསམ་ན    འོད་སྣང་དེ་དམར་གསོད་ཀྱི་ལག་དམར་རེད་འདོད།

གང་ལྟར      ང་ཚོས་འོད་སྣང་དེ་ལ་བསམ་གཞིགས་བྱེད་དགོས་སྙམ

 

yangla | རྩོམ་ཡོངས་ཀློག་པ།(535) | ལན་སློག(9)
འབྲེལ་ཡོད་ནང་དོན་ 70 ཡོད།<<<1234567>>>
 
Powered by Oblog.