མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཚེ་རིང་འཚོ།

ཟིན་བདག་བརྡ་ཁྱབ།

ང་རང་བོད་པའི་བུ་མོ་ཞིག་ཡིན་པའི་ངོས་ནས་

ཕ་སྐད་དག་མོ་ཞིག་ཤོད་ཐུབ་པ་བྱ་རྒྱུ་ནི་སྙན་

ངག་འབྲི་བ་ལས་ཀྱང་རྩ་ཆེ་བར་བསྒོམས་ཡོད།

ZZXXCRC@163.COM

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
སྨྲེང་སེམས
2012-5-2 16:00:49

སྨྲེང་སེམས།

མཐོ་དམན་བར་གསུམ་གྱི་གྱ་གྱུའི་ལམ་ནས།།

སེར་ཕྲེང་མེ་ཏོག་གི་མགུལ་རྒྱན་བཏུས་ཏེ།།

ལང་ཚོའི་མཛེས་སྡུག་ལ་མཆོད་པ་ཕུལ་ཡང་།།

བ་མོའི་གདུག་རྩུབ་འདི་རྒོལ་ཐབས་མི་འདུག།

 

སྨུག་པའི་ཀློང་ཁ་ནས་གཞས་ཤིག་གྱེར་ཡང་།།

རྫ་རིའི་བར་གསེང་ལ་བྲག་ཅས་ཁྱབ་འགྲོ།།

གཞས་ལ་གཞས་ལན་ཞིག་ཨེ་ཡོད་བལྟ་དུས།།

སེམས་ཀྱི་སྨུག་པ་དེ་མཁའ་རུ་ཡལ་་སོང་།།

 

ལེ་བར་ཁྲི་ཕྲག་གི་བར་མཚམས་འདི་ནས།།

རེ་སྒུག་ཕྱིར་མིག་གི་ལོ་ཟླ་འདས་སོང་།།

དྲན་དང་དྲན་པ་ཡི་ན་ཟུག་ལྕི་མོས།།

ཁྲག་མེད་རྨ་ཁ་ཞིག་རྒྱུན་དུ་བཟོས་ཡོད།།

 

ཡིད་ལ་རེ་བཞག་གི་མེ་ཏོག་ཚོམ་བུ།།

འདབ་མ་རྒྱས་སྟངས་ལ་ཧེ་བག་ཆེ་བས།།

གང་བཟང་གང་ལེགས་སྐྱོང་ཐབས་ཤིག་ལ།།

སེམས་ཀྱི་གཏིང་རིམ་ནས་ཤུགས་རིང་ཤོར་སོང་།།

 

འདས་བའི་ལོ་ཟླ་ཡི་རྒྱབ་ལྗོངས་སྐྱུར་མོ།།

མ་འོངས་ལོ་རྒྱུས་ཀྱི་དེབ་ཏུ་བཀོད་རུང་།།

ད་ལྟའི་སྤྱི་ཚོགས་ལ་མངོན་ལྐོག་མོད་པས།།

སེམས་ཀྱི་ཕྱི་ནང་འདི་སུ་ཡིས་རྟོགས་ཨང་།།

 

 

 

 

 

yangla | རྩོམ་ཡོངས་ཀློག་པ།(540) | ལན་སློག(6)
དུར་ཁྲོད་ཀྱི་རྣམ་ཤེས
2012-4-27 17:54:41
 

དུར་ཁྲོད་ཀྱི་རྣམ་ཤེས

 

གནས་འདིར་ཅི་ཡང་ཡོད

མ་གྱུར་སེམས་ཅན་གྱི་ཁྱིམ་གཞི་འདི་ནས་བསྐྱངས་སྲིད་ལ་

འཇིག་ཀྱང་སྲིད་པས

ང་ཚོས་འོད་ལམ་ལམ་གྱི་མར་མེ་ཚེ་འབར་བཟུང་ནས་

གནས་འདིར་འཁྱམ་པའི་ཁོ་ཚོར་

རྒྱགས་ཕྱེ་ཞིག་འཚོལ་རན

ཡིན་ཀྱང

ཅི་བྱས་ཀྱི་བདེན་དཔང་བྲལ་བའི་སྡིག་སྒྲུབ་དེས

གཏུམ་དྲག་ཆེ་བའི་གཤིན་བདག་གི་སྒོ་ཆེན་བརྒལ་བར་དཀའ་བས

གནས་དེ་ཁུ་སིམ་མེར་   འཇམ་ཐིང་ངེར

དགའ་སྤྲོ་དང་དགོད་སྒྲ་མེད་པའི་མྱ་ངམ་ཐང

དེར་བརྟེན

བདག་གིས་གནས་དེ་དྲན་ཐེངས་རེར

རྣམ་ཤེས་མོད་པོ་ཞིག་གི་ལག་བརྡ་མཐོང་ལ

སེམས་པ་གང་མང་ཞིག་གི་སྙིང་གཏམ་ཐོས

ད་དུང

རེ་བཞག་གི་མིག་ཟུང་མང་པོས་ཡུན་རིང་སྐྱེལ་བའི་

དུངས་སེམས་ཀྱི་རང་མདངས་མཐོང་ཕྱིར་

གནས་འདི་ནི་ང་ཚོའི་མཐའ་མཇུག་གི་ཁྱིམ་གཞིས་ཏེ

ཡིད་ལ་རེ་བའི་འབྲས་བུའང་འདི་ནས་སྨིན་དགོས་པ་གཞི་ནས་ཚོར

yangla | རྩོམ་ཡོངས་ཀློག་པ།(505) | ལན་སློག(1)
ཀ་ཕྲེང་རེ་བའི་འོད་ཐིག
2012-4-26 5:51:15
 

ཀ་ཕྲེང་རེ་བའི་འོད་ཐིག

ཀྰ་མེད་སུམ་ཅུའི་དབྱངས་རྟ་སྙན་མོ་་བ་བོད་པའི་རྒྱན་དུ་གྱུར།།

ག་ལེར་བརྩོན་པའི་རྒྱུན་ལ་བསྲིངས་ནས་ང་ཚོའི་དམིགས་འབེན་འགྲུབ་པར་བརྩོན།།

ཅ་ཅོ་གཏམ་གྱི་སྨྲ་བ་མ་མང་ཆ་ལུགས་བཟང་བོ་འདོར་མི་བྱ།།

ཇ་ཤིང་མེ་ཏོག་མིག་ལ་མཛེས་རུང་ཉ་གང་ཟླ་བས་ཕྱེ་ནུས་མིན།།

ཏ་རེ་གཟུངས་ཀྱི་མུ་ཐག་མ་ལྷོད་ཐ་ཚིག་གཏམ་གྱི་སྒོ་ཆེན་རྒྱོབས།།

ད་ནས་དམིགས་འབེན་གསལ་བའི་རི་མོ་ན་ཚོད་ཕྲ་བའི་དུས་ལ་ཕྲིས།།

པ་ཏྲའི་རི་མོ་མིག་ལ་མཛེས་ཀྱང་ཕ་མའི་སེམས་སུ་ཁྱོད་ཉིད་མཛེས།།

བ་གླང་སྤྱོད་པའི་རྩུབ་གཤིས་དོར་ནས་མ་ཡི་བྱམས་བརྩེ་སེམས་ཀྱིས་མྱོངས།།

ཙ་རི་བསྐོར་བའི་སྙན་གྲགས་མ་དམིགས་ཤ་འི་གཏམ་ལ་དཔྱོད་པར་རིག།།

ཛ་ལང་སྤྱོད་དང་ཝ་མོའི་གཡོ་ལ་ཡི་རངས་བྱེད་པའི་སྐྱེས་བུ་དཀོན།།

ཞྭ་གོས་བཟང་བོའི་བསླུ་བྲིད་དང་ནི་ཟ་མའི་བཟང་ངན་མི་གཙོ་བར།།

འ་ཅག་བསིལ་ལྡན་བོད་པའི་སྲོལ་བཟང་ཡ་རབས་སྤྱོད་པས་དང་དུ་ལོངས།།

ར་ལོའི་མི་གཤིས་རྒྱང་དུ་དོར་ནས་ལ་ལུང་ཀུན་ལ་རྣ་བས་ཉོན།།

ཤ་རུས་གཅིག་པའི་སྤུན་ཟླ་ཡོངས་ཀྱི་རེ་ལྟོས་བྱེད་ས་ཁྱེད་ཅག་ཡིན།།

ཧ་ཅང་མཁོ་བའི་བསླབ་བྱ་མིན་རུང་ཨ་མའི་འདུན་པ་གླུ་རུ་དྲངས།།

རེ་བའི་མིག་ཟུང་ཁྱོད་ཚོར་གཏད་པའི་སྙིང་གཏམ་སེམས་ཀྱི་ལྷུག་བརྗོད་ཡིན།།

                         རང་དང་གྱེས་ལ་ཉེ་བའི་སློབ་མ་ཚོར་ཕུལ་བ།

yangla | རྩོམ་ཡོངས་ཀློག་པ།(688) | ལན་སློག(10)
དྲན་འཆར་ཀློང་གི་ཤུགས་རིང་།
2012-4-18 6:46:50
 

དྲན་འཆར་ཀློང་གི་ཤུགས་རིང་།

ཡིད་ཀྱི་དྲན་པ་རླུང་དང་སྡེབ་སྟེ།།

གང་ས་གང་དུ་གཡུག་ཙམ་བྱས་ཚེ།།

དགའ་སྐྱོ་ཀློང་གི་མགྱོགས་བྲིས་སྐྱུར་མོ།།

གློ་སྒྱུའི་བར་ནས་འགུལ་ཙམ་བྱས་སོང་།།


རིག་པའི་གླག་མོ་འཕུར་རྩལ་ཆེ་རུང་།།

སེམས་ཀྱི་རང་སྣང་མགོ་ལ་ཤོར་འདུག།

མཁོ་དགུའི་ཤེས་རིག་རྒྱབ་ཏུ་བཞག་ན།།

མི་ཚེ་ལས་འཕྲོ་སུ་ལ་བཅོལ་ཆོག།

ཡིད་ཀྱི་དུངས་བའི་ཤ་ཁྲག་འདྲེས་ནས།།

སྙན་མོའི་ངག་གི་དབྱངས་རྟ་གྱེར་རུང་།།

ཤེས་བྱའི་ཆུ་ཚད་འོས་འཚམ་མེད་ན།།

ནང་གི་ལ་རྒྱ་ཤུགས་ནས་ཤོར་འགྲོ།།


ཕར་ལ་བཤད་བཤད་བདེན་པར་མ་འཛིན།།

ཚུར་ལ་བཤད་བཤད་གླེན་རྟགས་མ་བསམ།།

དཔྱོད་ཤེས་གྲུང་བོའི་ཚངས་ཐིག་བར་ནས།།

རང་གི་ལྗིད་ཚད་རང་གིས་འཇལ་ཆོག།
yangla | རྩོམ་ཡོངས་ཀློག་པ།(463) | ལན་སློག(3)
བསམ་གཞིགས་ཟུར་གསུམ་མ།
2012-4-15 15:00:38
 

བསམ་གཞིགས་ཟུར་གསུམ་མ།

རླུང་གིས་ཟད་པའི་དར་ལྕོག

སད་ཀྱིས་བཅོམ་པའི་ལྗང་སྨྱུག

ཚ་བས་སྐམ་པའི་ཆུ་མིག

ཡོད་ཚད་ཁ་སང་གི་མཛེས་སྡུག་ཏུ་འཁུམ་ཞིང

དེ་རིང་གི་དྲན་ཤིང་དུ་གྱུར

བོར་ཟིན་པ་དེ་དག་གི་ཤུལ་ལམ་ནས

སྙན་ངག་མིན་པའི་སྙན་ངག་གི་བྲོ་བ་རྙེད

མེ་ཕུང་མིན་པའི་མེ་ཕུང་གི་ཚ་བས་མནན་པས

ཡང་བསྐྱར

དར་ལྕོག་གི་ལྷག་འཕྲོ་བཟུང་ནས

འདབ་ལོ་མེད་པའི་མེ་ཏོག་གི་ཡུ་བ་བླངས་ཏེ

མུ་མཐུད་དུ་སྐམ་ལ་ཉེ་བའི་ཆུ་མིག་དག་མིག་གིས་འཚོ་འདོད

yangla | རྩོམ་ཡོངས་ཀློག་པ།(465) | ལན་སློག(2)
སེམས་ཀྱི་རང་སྒྲ
2012-4-13 6:59:37
 

སེམས་ཀྱི་རང་སྒྲ

 

ཆ་འཕྲིན་དུས་ཀྱི་ལོ་ཟླའི་རྟ་ཁ།།

འཐེན་ལྷོད་བར་གྱི་ངེས་མེད་སྤྱི་འགྲོས།།

སུ་དང་གང་གིས་ཁྲོལ་ན་བསམ་རུང་།།

ཆར་ཤོད་འོག་གི་འཇིམ་སྐུའི་རང་བཞིན།།

 

ཡིད་ཀྱི་དྲན་པ་ལྷིང་ལ་ཕུད་དེ།།

སེམས་ཀྱི་གསང་བ་ཤུགས་ཀྱིས་བརྟོལ་ནས།།

སྨྲ་ལྕེ་རྒོད་པོའི་འདུད་པ་བཀྲོལ་ན།།

རེ་བའི་མེ་ཏོག་རྙིད་པའི་དཔེ་མེད།།

 

ཁ་སེམས་མཐུན་པའི་ལག་ལེན་ཁྲོད་ནས།།

དུངས་བ་ཟབ་མོའི་ལྷག་བསམ་ངོགས་ནས།།

རང་གཞན་གཉིས་ཀྱི་དོན་ལ་འཁྱོངས་ཚེ།།

སྔོན་ཐོན་རི་མོ་གསལ་ལེར་མངོན་སྲིད།།

 

རུས་ཞེན་སྙིང་གི་འཕར་རྩ་ལྡིང་རུང།།

ཐབས་ཤེས་ལེགས་འདེམས་གཞི་རྩའི་སྲོག་ཡིན།།

སྣ་ཚོགས་བསམ་བློའི་མཛེས་རིས་བཀྲ་ཡང་།།

ཁོག་ནས་རུལ་ན་མི་ཚེའི་ཕམ་ཁ།།

 

ལྟ་བ་རིན་ཆེན་གསེར་གྱི་མདངས་ལ།།

བསྟོད་པའི་མཐེ་བོང་བསྒྲེང་འདོད་མེད་རུང་།།

ཕྲག་དོག་རླུང་གི་སྤུ་གྲི་རྣོན་པོས།།

སྐུར་འདེབས་བྱེད་པ་རང་མཚང་རེད་འདོད།།
yangla | རྩོམ་ཡོངས་ཀློག་པ།(503) | ལན་སློག(8)
ཤིས་ཚིག་མཆོད་པའི་མེ་ཏོག
2012-4-3 14:32:28

ཤིས་ཚིག་མཆོད་པའི་མེ་ཏོག

རྩོམ་རིག་དྲ་བའི་འདབ་བརྒྱ་བཞད་དང་ལྷན།།

རྩོམ་མཁན་གཡུ་སྦྲང་གཞོན་ནུ་གར་ལ་རོལ།།

སྨྱུ་གུའི་རྩེ་ནས་འཐོར་བའི་ཐ་སྙད་རེར།།

ཞིམ་མངར་སྦྲང་རྩི་ལས་ཀྱང་རོ་མཆོག་ལྡན།།


རིག་པའི་ས་བོན་སློབ་གླིང་ཚལ་ནས་བཏབ།།

འབྲས་བུའི་མེ་ཏོག་དྲ་བའི་སྒང་ལ་གཏོར།།

མཁས་བླུན་མཛངས་གསུམ་གྲོས་གཞི་འདོན་སའི་ཁྱིམ།།

རྩོམ་རིག་དྲ་བའི་ལས་དོན་ཡར་འཕེལ་ཤོག།


བསམ་བློ་གསར་བའི་མེ་ཏོག་ལྷུག་པར་བཞད།།

བརྩེ་བ་དམར་པོའི་མེ་ལ་དྲོད་ཁོལ་འཛོམས།།

ལྟ་བ་རིན་ཆེན་གསེར་ལ་འོད་ཀྱིས་ཁེངས།།

སེམས་ཀྱི་འཇིག་རྟེན་མིག་གི་དཔྱིད་དུ་གྱུར།།


སྣ་ཚོགས་ཤེས་བྱའི་ཟེགས་མ་མཁའ་རུ་འཕྱོ།།

སེམས་ཀྱི་དགའ་སྐྱོ་ཆགས་སྡང་དབྱངས་སུ་གྱེར།།

རེ་བའི་མེ་ཏོག་བཞད་པའི་ཐང་ཆེན་འདིར།།

རུས་ཞེན་བུ་ལོའི་རླུང་རྟ་ཡར་འཕེལ་ཤོག།


དུས་རབས་བུ་མོའི་འཛུམས་མདངས་རྒྱས་དང་ལྷན།།

དྲ་ཚིག་དཔྱིད་ཀྱི་མེ་ཏོག་བཞད་པ་རྣམས།།

རྐྱེན་ངན་བ་མོའི་དུག་གིས་མ་རེག་པར།།

དར་ཤིང་གནས་བའི་སྨོན་འདུན་སྙིང་ནས་ཞུ།།

yangla | རྩོམ་ཡོངས་ཀློག་པ།(596) | ལན་སློག(6)
སྐྱོ་མགུར་ཐོལ་བྲིས་མ།
2012-1-16 8:59:56

སྐྱོ་མགུར་ཐོལ་བྲིས་མ།

 

བརྩེ་བ་མེ་རི་འཕྱུར་འཕྱུར།།

ན་ཟུག་ཁ་བ་འབབ་འབབ།།

དྲོ་འཁྱག་འདྲེས་མའི་གསེབ་ནས།།

དབུགས་ཤིག་འབྱིན་ཁོམ་མ་བྱུང་།།

 

བདེན་དོན་འོ་མའི་མངར་ཁ།།

ཧུབ་ཀྱིས་འཐུང་ན་བསམ་ཡང་།།

འབྲི་མོ་ལག་རྩིད་ཅན་མས།།

རྐང་འཁྲབ་ལག་འཁྲབ་བྱེད་ཀི།

 

ནེའུ་གསིང་གཡུ་ལོའི་ལྗོན་ནས།།

འཇོལ་མོའི་སྐད་ངག་སྙན་རུང་།།

འབའ་འབུར་ལུང་ཁུག་འདི་ནས།།

རོལ་བའི་གོ་སྐབས་མི་འདུག།།

 

བསམ་པ་ཚུར་ལ་ཕྱོགས་ནས།།

བརྩེ་བ་གཞུང་ལ་སྤྲད་པའི།།

སྙིང་སྟོབས་རྡོ་རྗེ་བྲག་རིས།།

བདག་གི་དྲན་པ་གསོས་སོང་།།

 

ཕར་ནས་བོས་པའི་ངུ་སྐད།།

ཚུར་ནས་གོ་རྒྱུ་བྱུང་བས།།

སེམས་རྩའི་ཧྲག་བར་འདི་ནས།།

གདུང་འབོད་ལེན་གཅིག་ཤོར་སོང་།།

yangla | རྩོམ་ཡོངས་ཀློག་པ།(515) | ལན་སློག(4)
ཚོར་བ་སྐྱེན་མོའི་རྣམ་ཤེས
2012-1-8 17:59:12

ཚོར་བ་སྐྱེན་མོའི་རྣམ་ཤེས།

འཇིག་རྟེན་སྒྱུ་མའི་གར་སྟེགས་སྟེང་གི་སྐྱིད་སྡུག་འདྲེས་མའི་ཟློས་གར་དེ།།

ཡིད་ཀྱི་ཚོར་བའི་མེ་ལོང་ངོས་སུ་སྣུམ་ཚོན་རི་མོའི་རྒྱབ་ལྗོངས་བཞིན།།

དཔྱོད་ཤེས་གྲུང་བོའི་བློ་རིག་རྣོན་པོས་ཇི་ལྟར་འགྲེལ་ན་ཆོག་མོད་ཀྱང་།།

བདེ་སྡུག་བར་གྱི་ལས་དབང་དམར་པོའི་མེ་ཕུང་སུ་ཡིས་གསོད་པར་ནུས།།

 

སེམས་ཀྱི་དྲན་པའི་བརྩིགས་ལྡེབས་ངོས་སུ་ལྷད་མེད་དུངས་བ་ལྷང་ལ་ཕུད།།

ཕྱིར་མིག་ཀློང་གི་བརྩེ་བ་དྭངས་མོ་ངག་རིག་བུ་མོའི་དབྱངས་སུ་གྱེར།།

ཐོབ་ལ་རེ་བའི་སྟོང་སེམས་མངར་མོས་སེམས་ཀྱི་གསང་བ་ཤུགས་ཀྱིས་བརྟོལ།།

བརྩེ་དང་བརྩེ་བའི་བར་མཚམས་འདི་ན་ཁབ་ལེན་རྡོ་ཡི་འདྲེན་ཤུགས་ཤིག།

 

ཡིད་ལ་བཅངས་པའི་རྣམ་ཤེས་གསོན་པོ་མདུན་དུ་བཞད་པའི་མེ་ཏོག་ཡིན།།

སྟོན་གསུམ་བ་མོ་ཇི་ལྟར་རྒོད་རུང་རྒོལ་བའི་སྙིང་སྟོབས་མཆིས་ན་ཡང་།།

སེམས་དང་བསམ་པའི་བར་གླགས་འདི་ནས་ཤོར་བར་དོགས་པའི་མེ་ཏོག་འདི།།

ཕངས་སེམས་དབྱངས་ཀྱི་ངག་སྒོ་ཕྱེ་ནས་རིགས་ཀྱི་བུ་ལོར་ཤུགས་ཀྱིས་བླངས།།

 

yangla | རྩོམ་ཡོངས་ཀློག་པ།(470) | ལན་སློག(4)
བདག་དང་གྲོགས་མོའི་བརྩེ་བ
2012-1-6 20:50:50

བདག་དང་གྲོགས་མོའི་བརྩེ་བ།

 

སེམས་ཀྱིས་མཆོད་པའི་ལྷ་མོ།།

ཡིད་ཀྱིས་དད་པའི་སྐྱབས་མགོན།།

བདག་དང་གྲོགས་མོའི་བྱ་བར།།

ཐུགས་རྗེ་བྱིན་རླབས་མཛོད་ཅིག།

 

དབྱར་གྱི་འཇའ་རིས་མ་རེད།།

རྩྭ་མགོའི་བསིལ་བ་མ་རེད།།

བདག་དང་གྲོགས་མོའི་བརྩེ་བ།།

འོ་ཆུ་འདྲེས་མའི་ངང་ཚུལ།།

 

སེམས་གཏམ་རྫོགས་རྒྱུ་མི་འདུག།

མཛའ་བརྩེ་རྙིང་རྒྱུ་མི་འདུག།

ང་དང་གྲོགས་མོའི་ཕྱི་ཐག།

གཙང་བོའི་རྒྱུན་ལ་བསྲིངས་འདུག།

 

བྱིས་དུས་རྩེད་འཇོ་རོལ་རོགས།།

གཞོན་དུས་རིག་གནས་སྦྱང་རོགས།།

དེང་དུས་སློབ་བུ་སྐྱོང་རོགས།།

གྲོགས་མཆོག་སེམས་ཀྱི་མེ་ཏོག།

 

ཁྱེད་དང་བདག་གི་རྐང་རྗེས།།

ཕྱིར་མིག་ལེན་གཅིག་བྱས་རྗེས།།

མཛའ་བརྩེ་རྡོ་རྗེ་བྲག་རི།།

ངག་མགུར་དབྱངས་སུ་དྲངས་སོང་།།

 

 

 

 

 

yangla | རྩོམ་ཡོངས་ཀློག་པ།(500) | ལན་སློག(3)
འབྲེལ་ཡོད་ནང་དོན་ 70 ཡོད།<<<1234567>>>
 
Powered by Oblog.