མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཚེ་རིང་འཚོ།

ཟིན་བདག་བརྡ་ཁྱབ།

ང་རང་བོད་པའི་བུ་མོ་ཞིག་ཡིན་པའི་ངོས་ནས་

ཕ་སྐད་དག་མོ་ཞིག་ཤོད་ཐུབ་པ་བྱ་རྒྱུ་ནི་སྙན་

ངག་འབྲི་བ་ལས་ཀྱང་རྩ་ཆེ་བར་བསྒོམས་ཡོད།

ZZXXCRC@163.COM

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
བསུབ་དཀའ་བའི་གས་ཁ།
2012-9-26 8:51:04

བསུབ་དཀའ་བའི་གས་ཁ།

དུས་ཀྱི་གླག་མོ་འཕུར་རྩལ་ཅན་མོས་གྱ་གྱུའི་ཉག་ཁ་འཕྲད་དུ་གཏུབ།།

གཉིད་མ་སད་ཀྱི་སྙིང་ཆུང་དམར་པོར་ལོ་ཟླའི་གསེབ་ནས་ཤུགས་རིང་ཤོར།།

དུག་གཤིས་རླུང་གི་མཚོན་ཆ་རྣོན་པོས་ལུས་ཀྱི་ལྷུ་ཚུགས་གཏོར་ལ་ཉེ།།

ཤ་སྐྱིའི་བར་དུ་ཟུག་པའི་ཚེར་མས་བཟོད་པའི་སེམས་ཁམས་རླུང་ལ་བསྐུར།།

 

གཞན་རྟེན་གཞུང་རྟ་སྦོམ་པོའི་ལྐོག་ནས་མི་བུ་ཞིག་གི་སྙིང་སྟོབས་བོར།།

དམིགས་བསལ་ཆུ་ཡི་ཝུ་བའི་ཁྲོད་ནས་ཁེར་ཚུགས་ལྟ་བའི་དབུ་ཁྱུད་བོར།།

རོགས་སྐྱོར་མཚོན་གྱི་མདུང་སྣེ་དེ་ནས་སྲོལ་རྒྱུན་དངོས་པོའི་དུངས་བ་བོར།།

འཕུར་མ་ལྡང་གི་ཁོར་ཡུག་ཅིག་ནས་ངུ་མ་དགོད་ཀྱི་འཚོ་བར་བྲེལ།།

 

གང་གི་ཡུལ་དུ་གང་ཞིག་མཁོ་བའི་གདམ་ཀའི་རི་མོ་ཟད་ལ་ཉེ།།

སུ་ཡི་ཆེད་དུ་ཅིའི་ཕྱིར་གསོན་པའི་སེམས་རིས་ལམ་གྱི་བཞི་མདོ་ནས།།

གང་གི་ལམ་ལ་ཇི་ལྟར་ཆས་བའི་ཆོད་སེམས་རི་མོ་ཟུར་དུ་བཞག།

རེ་བའི་ཀློང་ན་འོད་དུ་འཚེར་བའི་རྣམ་ཤེས་གསོན་པོར་རྨས་ཤིག་ཕོག།

 

yangla | རྩོམ་ཡོངས་ཀློག་པ།(787) | ལན་སློག(15)
སེམས་ཀྱི་རྟ་མཆོག
2012-9-5 10:04:27

སེམས་ཀྱི་རྟ་མཆོག

 

སྤྱི་ཚོགས་འདམ་གྱིས་སྦགས་པའི་ལྷས་ར་ན།།

ཅང་ཤེས་རྟ་ཕོའི་རྨིག་སྒྲ་འཇོག་ལ་ཉེ།།

ཨ་མྱེས་རྒན་པོའི་གཏམ་རྒྱུད་དྲན་ཐེངས་རེར།།

རྒུད་པའི་རྟ་ཕོའི་ཕྱོགས་ལ་ཡང་ཡང་བལྟས།།

 

ལེ་བར་ཁྲི་ཕྲག་བང་གིས་བསྐྱོད་རབ་བཤད།།

འཇགས་མེད་རྨིག་སྒྲས་རྒྱལ་ཁམས་དཀྲོགས་སོང་ཟེར།།

མཛེས་པའི་གཟུགས་བྱེད་དོ་ཡ་མེད་དོ་སྐད།།

ཁྱེད་ཀྱི་ལོ་རྒྱུས་ཐོས་ན་དགའ་སྣང་ཞིག།

 

དུས་ཀྱི་འགྱུར་བར་རྒོད་པའི་རླུང་ཁ་ན།།

དར་བའི་རྟ་མཆོག་མེས་པོའི་ལོངས་སྤྱོད་ཡིན།།

རྒུད་པའི་རྟ་མཆོག་ང་ཚོའི་སྨྲེང་སེམས་ཡིན།།

དར་རྒུད་བར་ན་ལང་ཚོ་ཟད་པོ་ཞིག།

 

ས་ཆེན་གཤེགས་པའི་རྨིག་སྒྲ་འདམ་གྱིས་སྦགས།།

བང་གིས་བསྐྱོད་པའི་སུག་བཞི་སྒྲོག་ཏུ་ཚུད།།

གཟུགས་བྱེད་ཙམ་འདི་གཞན་ལ་ངོམས་ཆོག་ཀྱང་།།

ངོམས་པ་ཙམ་གྱིས་སུ་ཡི་སྐོམ་པ་སེལ།།

 

རི་ཆུ་འཕྲད་ཀྱིས་གཅོད་སྐབས་ཁྱོད་ཉིད་དྲན།།

སེམས་ཀྱི་མིག་ཆུ་གཏོང་དུས་ཁྱེད་ཉིད་དྲན།།

མ་འོངས་ས་ཆེན་ཨ་མའི་སྙིང་ཁ་ནས།།

ལྷང་ལྷང་འཚར་སྐད་སྒྲོག་པར་སྙིང་ནས་རེ།།

yangla | རྩོམ་ཡོངས་ཀློག་པ།(766) | ལན་སློག(11)
སྲིན་པོ་གླིང་ཀའི་ལྷན་འཛོམས
2012-8-20 9:11:22

སྲིན་པོ་གླིང་ཀའི་ལྷན་འཛོམས

སེམས་ཀྱི་གཞས་ཆུང་སྐྱོ་བར་མ་དྲངས་སྤྲོ་དགའི་དབྱངས་རྟ་མཁའ་རུ་ཁྱབ།།

མོས་པ་མཐུན་པའི་གཟུང་ཐག་རིང་མོ་ཨ་མྱེས་ཡུལ་ལྷའི་པང་དུ་མདུད།།

དམིགས་ཡུལ་གཅིག་པའི་དུང་ཞེན་མེ་ཏོག་མདོ་སྨད་ཁྲི་ཀའི་ཡུལ་དུ་བཞད།།

རེ་བའི་མེ་ཏོག་ཆེ་རུ་ཕྱིན་པའི་གདེང་ཚོད་བདག་གི་སྙིང་ཁར་བབས།།

 

འདི་ནི་ཕུ་ནུའི་གདོང་ལ་གཏད་པའི་ཀི་རིང་མ་ཡིན་ལྷད་མེད་འོ་མའི་མར་ལོ་ཞིག།

འདི་ནི་དུས་ཀྱི་སྲུབ་ཏུ་འཕྱུར་བའི་བསླུ་བྲིད་མ་ཡིན་མུན་སེལ་སྒྲོན་མེ་འོད་ཆེན་ཞིག།

འདི་ནི་དམིགས་མེད་འཁྱམ་པོ་དག་གི་རྩེད་ར་མ་ཡིན་མོས་བ་མཐུན་པའི་སློབ་ར་ཞིག།

འདི་ནི་འགན་བཞེས་མི་སྣ་དག་གི་ཕྱི་ཉམས་མ་ཡིན་རིགས་ལ་དུངས་བའི་གཟི་བརྗིད་ཡིན།།

 

མ་ཡི་བྱམས་བརྩེ་རྟ་བདུན་འོད་སྣང་སྨྱུ་གུའི་རྩེ་ནས་གཏོར་བར་མོས།།

མ་ཡི་ལྷག་བསམ་འོ་མའི་རང་མདངས་ཚོར་བ་རྣོན་པོའི་རྩེ་ལ་འདེགས།།

མ་ཡི་མིག་རྒྱང་གཙང་བོའི་རྒྱུན་བཟང་ཤོག་དཀར་བུ་མོའི་གདོང་ལ་གཏོར།།

མ་ཡུམ་ཚོགས་པའི་སེམས་གཞས་ཡངས་མོ་གངས་ལྗོངས་གསོས་སུ་སྨིན་པར་སྨོན།།

 

yangla | རྩོམ་ཡོངས་ཀློག་པ།(805) | ལན་སློག(12)
འདུན་མའི་མགུར་དབྱངས
2012-7-13 7:43:27

འདུན་མའི་མགུར་དབྱངས

 

སྤྲིན་དང་སྨུག་པ་འདྲེས་མཚམས་དེ་རུ།།

སྣང་བ་རྡོག་པོའི་ཞགས་ཐག་འཕེན་དུས།།

སེམསཀྱི་བུ་ག་འགག་ལ་ཉེ་ཡང་།།

དུང་ཞེན་མར་ལོ་ཞི་བའི་དཔེ་མེད།།

 

ངུ་མ་དགོད་ཀྱི་འཚོ་བའི་ཁྲོད་ནས།།

ཀ་མེད་སུམ་ཅུའི་དབྱངས་དང་འགྲོགས་ཏེ།།

རིགས་ཀྱི་བུ་ལོ་ཐབས་ཀྱིས་སྐྱོང་བའི།།

སེམས་འདུན་དྲོན་མོ་མེ་རུ་སྤར་འདོད།།

 

དཔྱོད་པའི་རྣམ་རིག་ཁབ་མིག་ཙམ་ནས།།

ལངས་ཕྱོགས་དྲང་མོའི་མདའ་དང་སྡེབ་སྟེ།།

རྐང་འཛིན་བུ་ལོའི་མདུན་ལམ་བཟང་བོ།།

ལག་ཟུང་བར་ནས་ཤུགས་ཀྱིས་སྐྱོང་འདོད།།

 

ལུས་ཀྱི་རྣམ་ཤེས་གངས་ལ་ཟུག་ནས།།

སེམས་ཀྱི་སྐྱོ་གཞས་མཚོ་ལ་བསྐུར་ཏེ།།

རུས་ཞེན་བརྩེ་བའི་མགུར་དབྱངས་རེ་རེ།།

སེམས་ཀྱི་གཏིང་ནས་ཤུགས་ཀྱིས་གྱེར་འདོད།།

 

 

yangla | རྩོམ་ཡོངས་ཀློག་པ།(625) | ལན་སློག(10)
དྲན་ཤེས་ཀྱི་གདུང་འབོད
2012-7-6 11:03:10

དྲན་ཤེས་ཀྱི་གདུང་འབོད

 

གློ་སྙིང་མཆིན་གསུམ་གྱི་ཧྲག་བར་འདི་ནས།།

སད་པའི་རྣམ་ཤེས་ཀྱི་གདུང་འབོད་ཐོས་ཚེ།།

མེ་ཏོག་རྐང་གཅིག་པོའི་ཡལ་འདབ་དེ་ལ།།

ཉི་འོད་འཕྲོ་ཐབས་ཤིག་འཚོལ་ཐབས་དཀའ་འདུག།།

 

རེ་བའི་སེམས་རྟེན་དེ་རྒྱང་དུ་བཞུད་འདུག།།

ནང་གི་ངོ་གདོང་ལ་དགའ་སྡུག་མོད་པས།།

བར་མ་བར་མཚམས་ན་ལྷག་པའི་གཅེས་ནོར།།

ཚོན་པོ་སྟོབས་ཆེན་ཚོའི་རྐུབ་ཏུ་སྦས་འདུག།།

 

ཚུར་བཤད་གཏམ་སྒོ་ལ་འཇམ་མཉེན་ལྡན་ཡང་།།

གནད་ཟིན་ལག་སྟེར་རེ་ཡོང་ཐབས་དཀའ་འདྲ།།

ཕན་པའི་ལས་དོན་རེ་སྒྲུབ་སོང་སྐད་ཀྱང་།།

ཕྱི་མཛེས་ནང་རུལ་གྱི་བྲོ་བར་ཞེན་ལོག།།

 

རླུང་ཁའི་རྣམ་ཤེས་ཀྱི་གསོན་ཉམས་ཡལ་འགྲོ།།

སྐྱིད་པའི་གར་སྟེགས་ཀྱི་བྲོ་བ་ཉམས་འགྲོ།།

སྙིང་གི་ཁུ་བྱུག་ལ་གྲགས་འགུལ་མེད་པས།།

དྲན་ཤེས་མེ་སྟག་ཙམ་འབོད་བརྡར་ཕུལ་ཡོད།།

 

 

yangla | རྩོམ་ཡོངས་ཀློག་པ།(677) | ལན་སློག(7)
མེ་ཏོག་མེད་པའི་དབྱར་ཟླ
2012-6-29 9:30:04

མེ་ཏོག་མེད་པའི་དབྱར་ཟླ

ས་བོན་ལ་སྐྱོན་ཤོར་བ་ཡིན་ནམ

ཆུ་ལུད་ཀྱི་བཅུད་ཆུང་བས་ཡིན

ཡང་ན་མཁའ་དབུགས་འདི་བཙོག་ཆེ་བས་ཡིན

རྐང་དྲུག་གི་དབྱངས་རྟ་གྱེར་ས

ཕྱེ་ལེབ་ཀྱི་གཤོག་འགྱུར་ངོམས་ས

རེ་བའི་མིག་ཟུང་གཏད་ས

དགའ་བའི་བསྟོད་བསྔགས་འབུལ་སའི་སེམས་ཀྱི་མེ་ཏོག

མ་གཞི་ལྷིང་འཇགས་མིན་པའི་ཁོར་ཡུག་ཅིག་ན་ལྷིང་འཇགས་སུ་གནས

ཆར་ཆུ་འདི་འབབ་ཚག་རྒོད་པས་ཡིན་ནམ

གཉོར་སྐྱོང་གི་ལག་རྡེང་ཆད་པས་ཡིན

ད་ལོ་མེ་ཏོག་དེ་ཡིད་ཀྱི་ཟབ་ས་ཞིག་ཏུ་ཉེར་བ་ལས

མིག་གི་མཐོང་ལམ་ཞིག་ཏུ་མངོན་མི་སྲིད

དེ་བས

དབྱར་ཟླ་འདི་སེམས་ངལ་གྱི་དབྱར་ཟླ་ཞིག

དབྱར་ཟླ་འདི་དབུལ་ཕུང་གི་དབྱར་ཟླ་ཞིག

 

 

 

yangla | རྩོམ་ཡོངས་ཀློག་པ།(1060) | ལན་སློག(11)
སྤྱི་ཚོགས་ཀྱི་གྲུ་ཟུར་ཞིག་ལ་བལྟས་པ།
2012-6-25 9:21:40

སྤྱི་ཚོགས་ཀྱི་གྲུ་ཟུར་ཞིག་ལ་བལྟས་པ།

 

ཡིད་ཀྱི་ཕུགས་འདུན་ཟབ་མོ།།

ནོར་ལྷའི་པང་དུ་མཆོང་འདུག།

ནོར་གྱི་གཟུགས་ཙམ་མཐོང་ཚེ།།

རི་རྐྱང་ཤ་ལ་རྔམ་འདྲ།།

 

ངག་གི་སྨྲ་བརྗོད་དག་མོ།།

མཛེས་མའི་གདོང་ལ་གཏད་འདུག།

མཛེས་མའི་ཕྱི་ཉམས་མཐོང་ཚེ།།

འབྲི་མོས་བེའུ་ཆུང་ལྡག་འདྲ།།

 

ལུས་ཀྱི་རྣམ་ཤེས་དྭངས་མ།།

ཆང་འདྲེའི་བྲན་དུ་ཚུད་འདུག།

ཆང་གི་དྲི་ཙམ་ཁྱབ་ཚེ།།

ཧྭ་ཤང་རོལ་ཆས་བཟི་འདྲ།།

 

དཔྱོད་པའི་རྣམ་རིག་སྐྱེན་མོ།།

ཤོ་འདྲེའི་འཁོར་དུ་གྱུར་འདུག།

ཁྱིམ་གྱི་ཡོད་ཚད་ཤོར་ཚེ།།

སེམས་ངལ་རྦབ་ཆུ་བབ་འདྲ།།

 

yangla | རྩོམ་ཡོངས་ཀློག་པ།(1685) | ལན་སློག(21)
དུས་ཆེན་བསུ་བའི་རྔ་སྒྲ
2012-6-1 5:51:30

དུས་ཆེན་བསུ་བའི་རྔ་སྒྲ

            ན་ཆུང་བྱིས་པའི་དུས་ཆེན་ལ་ཕུལ

 

སྐྱོན་གྱིས་མ་གོས་ཡོན་ཏན་རབ་རྫོགས་པ།།

ངག་གི་དཔལ་སྟེར་ཚངས་སྲས་དབྱངས་ཅན་ལྷ།།

ཡིད་གཉིས་རབ་སྤངས་རྩེ་གཅིག་དད་པའི་མཐུས།།

ན་ཆུང་བྱིས་པའི་བློ་རིག་རྒྱས་གྱུར་ཅིག།

 

དབྱིག་འཛིན་སྒེག་མོ་གཡུ་ཡི་མདངས་འཛིན་ལ།།

ཕྲ་ཚོམ་མེ་ཏོག་རྒྱན་གྱིས་སྤྲོས་པའི་དུས།།

དབྱར་ཟླ་དྲུག་པའི་བྱིས་པའི་དུས་བཟང་འདིར།།

བདག་བློ་སྤྲོ་བའི་ཚིག་འགའ་ལྷུག་ལྷུག་ཤོར།།

 

ཡིད་ལ་བཅངས་བའི་ཕུགས་བསམ་རླབས་ཆེན་ཞིག།

གདོང་ལ་ཁེངས་བའི་འཛུམ་མདངས་རྣལ་མ་གཉིས།།

ལུས་སུ་གྱོན་པའི་ལྭ་བ་གསར་བ་གསུམ།།

མཐོང་བས་བདག་ལ་ཚོར་འདུ་གསར་བ་བྱིན།།

 

བཟང་བོར་གཟེངས་བསྟོད་བྱེད་པའི་བྱ་དགའ་གཅིག།

འབྲིང་བར་ཡར་སྐུལ་བྱེད་པའི་སྐེ་དར་གཉིས།།

ཐ་མར་ཡིད་ཆེས་གཏོང་བའི་འབོད་བརྡ་གསུམ།།

དེ་རིང་བྱིས་པས་རིན་ཆེན་གསེར་དུ་བརྩི།།

 

ལུས་ཆུང་གར་ལ་རོལ་བའི་སྟངས་སྟབས་གཅིག།

སྙན་མོའི་པི་ཝང་དཀྲོལ་བའི་དབྱངས་སྙན་གཉིས།།

འཚོ་བའི་མངར་ཁ་འཚོལ་བའི་རྩེད་རིགས་གསུམ།།

དོན་ལྡན་དུས་ཆེན་འདི་ཡི་ཟིན་ཐོར་བཞག།

 

ཐོག་མར་སློབ་པའི་སྐལ་བ་ཐོབ་དང་གཅིག།།

བར་དུ་བརྩོན་པའི་གོམས་གཤིས་ལྡན་དང་གཉིས།།

མཇུག་ཏུ་གསར་གཏོད་འདུན་པ་ཤུགས་ཆེ་བས།།

མི་ལུས་རིན་ཆེན་རིན་ཐང་ལྡན་པར་ཤོག།

yangla | རྩོམ་ཡོངས་ཀློག་པ།(572) | ལན་སློག(2)
དབང་བོ་ལྔ་ཡིས་གསོས་བའི་དྲན་པ།
2012-5-21 8:19:45
 

དབང་བོ་ལྔ་ཡིས་གསོས་བའི་དྲན་པ།



དྲན་པའི་མཁའ་དབྱིངས་སྤྲིན་གྱིས་མ་གཡོགས།།

ཚོར་བའི་དར་ལྕོག་རླུང་གིས་མ་སྡེབ།།

བག་ལྷོད་ཞི་བའི་སྣང་བརྙན་གསལ་བོ།།

གཟུགས་འཛིན་ཡུལ་ནས་འགུལ་ཙམ་བྱས་སོང་།།



འཇིགས་ཆེན་འབྲུག་གི་ངར་སྒྲ་མ་ཡིན།།

ས་ཆེན་དཔོན་གྱི་བཙན་སྐད་མ་ཡིན།།

ངག་འཇམ་ཚིག་གི་དབྱངས་རྟ་སྙན་མོས།།

སྒྲ་འཛིན་བུ་ག་ཅིག་ཅེར་འཕྲོག་སོང་།།

ཙན་དན་ཤུག་པའི་རིན་ཐང་མི་ཆེ།།

རྒྱ་གྲོང་ཞིམ་ཆུའི་རིན་གོང་མི་དགོས།།

སྤྱིར་བཏང་མེ་ཏོག་དྲི་བསུང་ཅན་པོས།།

དྲི་འཛིན་སྣ་ལ་བདེ་སྣང་སྟེར་སོང་།།



ངག་རིག་ཟབ་མོའི་གཞུང་ལུགས་ཁྲོད་ནས།།

རིག་པའི་འདབ་ལག་རྒྱས་ཚུལ་བལྟས་ན།།

རོ་མཆོག་རིག་པའི་སྦྲང་རྩི་མངར་མོ།།

བློ་ཡི་སྣོད་དུ་མངལ་དུ་ཆགས་འདུག།



གཏམ་གྱི་ངག་སྒོ་ཡུན་གྱིས་ཕྱེ་སྟེ།།

འཇམ་པོ་བལ་གྱི་ངང་རྒྱུད་བསམ་ནས།།

དྲན་པའི་གཟུགས་རིས་མིག་ལ་ཐོགས་ཚེ།།

སེམས་གཏམ་ཆུ་རྐ་ཐོལ་གྱིས་ཤོར་འདྲ།།



དབང་ལྔའི་ཡུལ་གྱི་གླུ་ཆུང་མགུར་མ།།

ཚོར་བ་སྐྱེན་མོས་ཤུགས་ཀྱིས་དེད་པས།།

སྨྱུག་ཁ་སྔོན་པོའི་མཁྱུག་བྲིས་ཅིག་གིས།།

ཡིད་ཀྱི་དྲན་པ་རབ་ཏུ་གསོས་སོང་།།

yangla | རྩོམ་ཡོངས་ཀློག་པ།(880) | ལན་སློག(9)
བྱེའུ་ཆུང་གི་ལས་དབང
2012-5-15 7:54:58

བྱེའུ་ཆུང་གི་ལས་དབང

རིང་ཐུང་སྙོམས་པའི་སྨྱུག་ཐུར

མིག་ལ་མཛེས་པའི་དབྱིབས་གཟུགས

མ་གཞི་འདབ་ཆགས་གཉོམ་ཆུང་ཞིག་གི་ཚེ་སྲོག་ཤོར་སའི་དུར་ས་ཡིན

མིག་ཟུང་རིག་རིག་གིས་མཁའ་མཐར་བལྟ་སྐབས

ངས་ཁྱོད་ཀྱི་ལས་དབང་ལ་གདུང་སེམས་བསྐྱེད་མྱོང

ཙིར་ཙིར་གྱི་སྐད་སྒྲ་ཕྱི་རུ་འབྱིན་ཐེངས་རེར

ངས་ཁྱོད་ཀྱི་རང་དབང་ཆེད་མིག་ཆུ་བཏང་མྱོང

སུ་ཞིག་གི་ཆེད་དུ ཅི་ཞིག་གི་དོན་དུ

བྱེའུ་ཆུང་ཁྱོད་གཟེབ་ཏུ་ཚུད

ཁྱོད་ལ་རྨ་་བྱའི་མཇུག་སྒྲོ་ལྟ་བུའི་མཛེས་ཉམའས་མེད་ལ

མགྲིན་སྔོན་ནེ་ཙོ་ལྟ་བུའི་སྨྲ་ལྕེ་མེད

ད་དུང

ཕ་རོལ་ལ་གནོད་འདོད་ཀྱི་བསམ་པ་དེ་བས་མེད་མོད

ཆུང་ཞིང་མཉེན་པའི་གཤོག་ཟུང་བརྐྱངས་དབང་མེད་ལ་

རང་བྱུང་སྐྱེས་དངོས་ཀྱི་ཟས་བཟང་འཚོལ་དབང་མེད་པར

ཚེ་སྲོག་གཟེབ་ནས་ཤོར་དོན

སུ་ཞིག་གི་གདུག་རྩུབ་ཡིན་ལ་

སུ་ཞིག་གི་སྒེར་སེམས་ཡིན

བྱེའུ་ཆུང་ལགས

ལས་དབང་འདི་

ནམ་ཞིག་བསྒྱུར་ཏམ

yangla | རྩོམ་ཡོངས་ཀློག་པ།(507) | ལན་སློག(2)
འབྲེལ་ཡོད་ནང་དོན་ 70 ཡོད།<<<1234567>>>
 
Powered by Oblog.