མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཚེ་རིང་འཚོ།

ཟིན་བདག་བརྡ་ཁྱབ།

ང་རང་བོད་པའི་བུ་མོ་ཞིག་ཡིན་པའི་ངོས་ནས་

ཕ་སྐད་དག་མོ་ཞིག་ཤོད་ཐུབ་པ་བྱ་རྒྱུ་ནི་སྙན་

ངག་འབྲི་བ་ལས་ཀྱང་རྩ་ཆེ་བར་བསྒོམས་ཡོད།

ZZXXCRC@163.COM

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
དབྱངས་རྟ་མི་གཅིག་པའི་གཞས་ཆུང་།
2013-2-22 17:42:25

དབྱངས་རྟ་མི་གཅིག་པའི་གཞས་ཆུང་།

རྟ་ཕོ་སྒྲོག་ལས་ཐོལ་གྱིས་ཤོར་བའི་ས་ལམ་ཡངས་བོའི་ཕ་མཐའ་ནས།།

རྡུལ་གྱིས་སྨུག་ལོང་བར་སྣང་གང་སྟེ་རང་དབང་འཚེར་སྐད་སྒྲོག་པའི་ཚེ།།

རྟ་བདག་བུ་ལོ་སྙིང་ཁ་དཀྲོགས་པས་ཞགས་ཐག་ཨ་ལོང་དགུང་དུ་བསྐོར།།

རྐང་བཞི་དུད་འགྲོའི་རང་དབང་འཕྲོག་པའི་མི་ཡི་ཉེས་བ་སུ་ལ་བཤད།།


དགུང་གི་འཇའ་ཚོན་མདངས་མཛེས་ཅན་པོར་ཆར་ཤུལ་ཉི་མའི་བསུ་མ་ཡོད།།

ས་ཡི་མེ་ཏོག་དྲི་བསུང་ཅན་པོར་དྲོད་འཇམ་ཉི་མའི་འོད་སྣང་དགོས།།

ས་གནམ་གཉིས་ཀྱི་མཛེས་བ་འདི་ཡང་རྟ་བདུན་དབང་བོར་བྲལ་མེད་ཡིན།།

དྭ་ཕྲུག་འཁྱམ་པོར་སེམས་ཀྱིས་རེ་སའི་སྐྱབས་གནས་ཡོད་ཀྱང་ཅི་ལ་སྐྱོན།།


དབྱར་ཟླ་དྲོན་མོའི་ཚ་རླབས་ཁྲོད་ནས་ངལ་བའི་རྔུལ་ཆུ་ཁྲོམ་ཁྲོམ་བཞུར།།

དགུན་འཁྱག་གྲང་མོའི་ལྷག་རླུང་ཁྲོད་ནས་འཁྱག་པའི་ལུས་ཕུང་འདར་སུག་སུག།

དྲོད་འཁྱག་གཉིས་ཀྱི་མནར་གཅོད་འདི་ལ་རྒོལ་བའི་སེམས་ནད་རབ་སྤངས་ཏེ།།

ཞི་འཇགས་ཐབས་ཀྱི་ཨ་ལོང་བསྐོར་བའི་སྙིང་སྟོབས་སེམས་ཀྱི་གཏིང་ལ་སིམ།།


ལུས་སེམས་གཉིས་ཀྱི་འཕར་རྩའི་བར་ན་ཚོར་བ་སྐྱུར་མོའི་ཟུག་རྔུ་ཞིག།

ཁ་ལྕེ་གཉིས་ཀྱི་གཏམ་བརྗོད་བར་ན་སྨྲེང་གླུའི་སྐྱོ་མགུར་ཐབས་ཟད་ཅིག།

ངག་གི་འགྱུར་ཁུག་ཀྱ་ཀྱུའི་བར་ན་དབང་མེད་ཤོར་བའི་མིག་ཆུ་ཞིག།

དབྱངས་རྟ་མི་གཅིག་གཞས་ཆུང་སྐྱོ་བོ་ཁྱོད་ལ་བླངས་བའི་སྨྲེ་ངག་ཡིན།།

yangla | རྩོམ་ཡོངས་ཀློག་པ།(1455) | ལན་སློག(23)
ཕོ་བྲང་ནང་གི་དེ་དག
2013-2-6 10:33:14

ཕོ་བྲང་ནང་གི་དེ་དག

 

རྒྱུ་དང་འབྱོར་བའི་ལས་ལ་འབད་འབད་ནས།།

ཐོབ་དང་གོ་སའི་ཆེད་དུ་འདུར་འདུར་ནས།།

རྐུབ་སྟེགས་བདེ་མོའི་ཟུར་ཙམ་དབང་བའི་ཚེ།།

ཉོས་བའི་གོ་སའི་ཚོར་བ་ག་འདྲ་རེད།།

 

ལྟོ་ལྡུར་དཔོན་ལ་ཕྱི་ཡིས་བཀུར་བཀུར་ནས།།

ཁ་ཡག་ཚིག་གི་རྫོངས་བ་སྤྲད་སྤྲད་ནས།།

དུ་ཆང་མཛེས་མའི་ལོངས་སྤྱོད་འཛོམས་པ་ན།།

བཅོས་མའི་མི་གཞིའི་འཇོན་ཐང་ག་འདྲ་རེད།།

 

རང་དོན་ཁུག་མའི་སྣོད་དེ་ལྗིད་ཏིག་སེ།།

གཞུང་དོན་འོ་མའི་མར་ལོའི་སྣེ་ནས་གཏུབ།།

སྨྲ་ལྕེ་རྫིག་པོ་དག་གི་བར་གསེང་ནས།།

དམངས་ལ་ཞབས་ཏོག་བསྒྲུབ་པ་ག་འདྲ་རེད།།

 

མཐོན་པོའི་ཁྲི་ལ་སེམས་ཀྱིས་རེ་རེ་ནས།།

དམའ་མོའི་གདན་དཀར་རྡུལ་གྱིས་རབ་སྦགས་ཏེ།།

ཧམ་པའི་སྣོད་ལ་ཡིད་ཆེས་བཅངས་པ་ཡིས།།

རང་སེམས་སྡུག་ལ་གཏད་པ་ག་འདྲ་རེད།།

 

བློ་དང་ཤེས་བྱ་གྲོགས་སུ་མི་བསྟེན་པར།།

ཕན་སེམས་བརྩོན་པའི་ལས་ལ་མི་འཇུག་པར།།

ཕོ་བྲང་ཆེན་པོ་ར་བའི་དཀྱིལ་འཁོར་ནས།།

གནོངས་སེམས་རྗེས་འགྱོད་ཟུག་རྔུ་མེད་པ་མཚར།།

 

 

 

yangla | རྩོམ་ཡོངས་ཀློག་པ།(1034) | ལན་སློག(12)
གཅེས་ཕྲུག
2013-1-5 15:23:57

གཅེས་ཕྲུག

གཅེས་ཕྲུག་ཁྱོད

འཇིག་རྟེན་འདིར་ཐོན་པ་རྨི་ལམ་མིན་པར

ན་ཟུག་གང་མང་གི་བྲོ་བ་མྱོང་བཞིན

གཉོམ་དུང་དུང་གི་ངུ་ངག་དང་ལྷན་དུ་ཨ་མའི་པང་དུ་ལྷུང

བརླན་ཞིང་མཉེན་པའི་མཆུ་ཆུང་འོ་འཛིན་ལ་སྦྱར་ཏེ

ཕྱེ་དཀའ་ལ་བཙུམ་ཡང་དཀའ་བའི་མིག་ཟུང་གིས

ཨ་མའི་གདོང་ལ་བལྟ་ཐེངས་རེར

གཏམ་རྒྱུད་ཞིག་ལ་རེ་སྒུག་བྱས་ཡོད་པ་འདྲ་མོད

ཨ་མར་བཙན་པོའི་བང་སོ་ཉུལ་བའི་གཏམ་རྒྱུད་མེད་ལ

ཆོལ་གསུམ་གནས་ཡུལ་འགྲིམ་པའི་ཟིན་ཐོ་ཡང་མེད

ད་དུང

དུས་རབས་གསར་བའི་ཁ་ཡག་གི་ཚུལ་འཆོས་དང་ཕྱི་འཇམ་གྱི་རྟུལ་ཞུགས་དེ་བས་མེད

དེའི་ཕྱིར་ཁྱོད་ཀྱི་རེ་སྒུག་ལ་འདྲི་རྟགས་རྒྱག་ཞོར

སྙིང་གཏམ་ཞིག་གི་སྒོ་མོ་ཕྱེ་ན

ཅི་ཡང་མེད་པ་དེ་ཨ་མ་རེད་མ་བསམ

ནུ་ཞོ་མངར་མོ་དང་རྩམ་པ་སྣུམ་པོ་དེ་ཁྱོད་ཀྱི་ལམ་རྒྱགས་བྱེད་ཆོག

དཔེ་ཁུག་ཟད་པོ་དང་ཀ་ཁའི་གདངས་དབྱངས་དེ་ཁྱོད་ཀྱི་ལམ་ཡིག་བྱེད་ཆོག

བཅོས་མིན་ལྷན་སྐྱེས་ཀྱི་རང་བཞིན་རྣལ་མ་དེ་ཁྱོད་ཀྱི་མཛེས་སྡུག་བྱེད་ཆོག

གཅེས་ཕྲུག་ཁྱོད

ཨ་མར་དགའ་རོགས

གནས་བབས་གང་མང་ཞིག་གི་སྨུག་པའི་ཁྲོད་ན

ཁྱོད་མགོ་འཐོམ་གྱིན་པ་འདྲ་ལ

ཨ་མར་དགའ་བ་ནི་ཉེས་བ་ཞིག་གཏན་ནས་མིན

ཨ་མའི་ལས་དབང་ཁྱོད་ཀྱིས་བསྒྱུར་དགོས

ཨ་མའི་དགོས་མཁོ་ཁྱོད་ཀྱིས་སྐོང་དགོས

འདི་ནི་ཨ་མའི་བྱང་ཁོག་རྒྱུད་པའི་གཅེས་ཕྲུག་ཁྱོད་ཀྱི་འགན་འཁྲི་ཡིན།

 

 

 

 

 

 

yangla | རྩོམ་ཡོངས་ཀློག་པ།(863) | ལན་སློག(8)
ང་ལ་མཚོན་ན་ལྷག་མ་ཡིན
2012-12-24 13:54:04

ང་ལ་མཚོན་ན་ལྷག་མ་ཡིན

 

ཁྱོད་ཀྱིས་འཁྲེང་ཞེན་གྱི་དར་སྐུད་རིང་འདུག་བཤད་ཀྱང་ཆོག

ཁྱོད་ཀྱིས་མཛེས་དཔྱོད་ཀྱི་མིག་དབང་འཁྲུལ་འདུག་ཟེར་ཡང་རུང

ཐེངས་མང་གཏོར་བའི་མེ་ཏོག་གི་རྫ་བུམ་དེ་ད་དུང་ཆག་མེད

དྲི་བསུང་ལྡན་པའི་མེ་ཏོག་གི་འདབ་མ་དེ་ད་དུང་སྙིད་མེད

རྫ་བུམ་ལ་གས་ཁ་གཏོང་ཐེངས་རེར་ཁྱོད་བགད་མྱོང་མོད

རྫ་བུམ་གྱི་དབྱིབས་མི་འགྱུར་བས་ང་ལ་ཁྱོད་ལས་ལྷག་པའི་ཧབ་ཆ་ཡོད

མེ་ཏོག་གི་འདབ་མ་ལྷུང་ཐེངས་རེར་ཁྱོད་དགའ་དཔེ་མོད

རྩ་བ་རྒྱས་ཡོད་པས

ང་ལ་ཁྱོད་ལས་ལྷག་པའི་ཡིད་ཆེས་མངའ

དེ་བས  ཁྱོད་ཀྱི་འཇིགས་སྐུལ་ནི་ང་ལ་མཚོན་ན་ལྷག་མ་ཡིན

yangla | རྩོམ་ཡོངས་ཀློག་པ།(594) | ལན་སློག(6)
སེམས་ཀྱི་ཞུ་འཕྲིན།
2012-12-10 17:12:46

སེམས་ཀྱི་ཞུ་འཕྲིན།


དྲོད་འཇམ་འོད་ཟེར་སྤྲིན་གྱིས་མ་གཡོགས་གོང་།།

ཚེ་སྲོག་གསོན་པོ་འཁྱག་པས་མ་བསྡམས་གོང་།།

ལྗང་མདོག་རྨི་ལམ་རྡུལ་གྱིས་མ་སྦགས་གོང་།།

སེམས་ཀྱི་ཞུ་འཕྲིན་དང་པོ་ཉི་མར་ཕུལ།།


མར་ངོའི་ཚེས་གས་ཟུར་གྱིས་མ་བཅད་གོང་།།

མུན་པའི་ཁམས་ཀྱི་འོད་སྣང་མ་ཡལ་གོང་།།

མཚན་མོའི་ལྷིང་འཇགས་བྱེའུ་མ་དཀྲོགས་གོང་།།

སེམས་ཀྱི་ཞུ་འཕྲིན་གཉིས་པ་ཟླ་བར་ཕུལ།།


ནག་ནོག་དྲི་མས་དྭངས་གཙང་མ་སྦགས་གོང་།།

ས་ཆེན་ཨ་མས་འཇིགས་པ་མ་སྐུལ་གོང་།།

ས་སྒང་ཚ་ཆེན་པང་ལ་མ་འཕྱུར་གོང་།།

སེམས་ཀྱི་ཞུ་འཕྲིན་གསུམ་པ་གངས་ལ་ཕུལ།།


འཁྱག་རོམ་དར་གྱིས་བཞུར་རྒྱུན་མ་བཅད་གོང་།།

གསེར་བྱ་ངང་བ་རླུང་གིས་མ་དེད་གོང་།།

ཉ་མོ་རྐྱལ་རྩལ་ཅན་མ་མ་རྒས་གོང་།།

སེམས་ཀྱི་ཞུ་འཕྲིན་བཞི་བ་གཙང་བོར་ཕུལ།།


བཙན་པོའི་རྟ་རེས་བཅད་ནས་མ་ཚར་གོང་།།

རི་དྭགས་གཅན་གཟན་གནས་ཚང་མ་སྤོར་གོང་།།

ལྷ་བྱ་ཁུ་བྱུག་གསུངས་སྙན་མ་ཉམས་གོང་།།

སེམས་ཀྱི་ཞུ་འཕྲིན་ལྔ་བ་ནགས་ལ་ཕུལ།།


རྐང་བཞི་ཕྱུགས་ཀྱི་འཕེལ་ཁ་མ་ཉམས་གོང་།།

སྦྲ་ནག་གྲུ་བཞིའི་དྲོད་ཁོལ་མ་ཡལ་གོང་།།

ཨ་མའི་བཞོ་དབྱངས་སྙན་མོ་མ་འགག་གོང་།།

སེམས་ཀྱི་ཞུ་འཕྲིན་དྲུག་པ་སྤང་ལ་ཕུལ།།





yangla | རྩོམ་ཡོངས་ཀློག་པ།(873) | ལན་སློག(12)
རྩ་ཚིག་མཐོང་བ་ཀུན་གྲོལ།
2012-12-7 9:33:32

དང་པོ།  འཇལ་བྱེད་ཀྱི་སྐོར།

རྒྱུན་སྤྱོད་རིང་ཚད་འཇལ་བྱེད་ནི།།     སྨི་དང་ལི་སྨི་ཧྥུན་སྨི་དང་།།

ཧའོ་སྨི་སྟོང་སྨི་ལ་སོགས་ཡིན།།         ཉེ་བའི་རིང་ཚད་འཇལ་བྱེད་ཀྱི།།

འགྲིལ་ཕྱོད་བཅུ་ཡིན་ཤེས་པར་བྱ།།     རྒྱུན་སྤྱོད་ལྗིད་ཚད་འཇལ་བྱེད་ནི།། 

ཁེ་དང་སྟོང་ཁེ་ཏུན་བཅས་ཡིན།།       ལི་སྨི་གྲུ་བཞི་སྨི་གྲུ་བཞི།།             ཧྥུན་སྨི་གྲུ་བཞི་སྤྱི་ཆིང་དང་།།           སྟོང་སྨི་གྲུ་བཞི་མ་སོགས་ནི།།

རྒྱུན་སྤྱོད་རྒྱ་ཁྱོན་འཇལ་བྱེད་ཡིན།།     ཉེ་བའི་རྒྱ་ཁྱོན་འཇལ་བྱེད་ཀྱི།།

འགྲིལ་ཕྱོད་བརྒྱ་ཡིན་ཤེས་བར་བྱ།།      རྒྱུན་སྤྱོད་བོངས་ཚད་འཇལ་བྱེད་ནི།།

ལི་སྨི་རྒྱ་དཔངས་སྨི་རྒྱ་དཔངས།།        ཧྥུན་སྨི་རྒྱ་དཔངས་སོགས་ཀྱི་མཇུག།

གྲུ་བཞི་མ་ཞེས་བྲི་དགོས་ལ།།             ཉེ་བའི་བོངས་ཚད་འཇལ་བྱེད་ཀྱི།།

འགྲིལ་ཕྱོད་སྟོང་ཡིན་ཤེས་བར་བྱ།།       ད་དུང་ཤོང་རྒྱ་འཇལ་བྱེད་ལ།།

ཧྲེང་དང་ཧའོ་ཧྲེང་རིགས་གཉིས་ཡོད།།    འཇལ་བྱེད་ཆེ་བ་ཆུང་བ་རུ།།

ཕབ་སྐབས་འགྲིལ་ཕྱོད་ཀྱིས་བསྒྱུར་དགོས།།  འཇལ་བྱེད་ཆུང་བ་ཆེ་བ་རུ།།

ཕབ་སྐབས་འགྲིལ་ཕྱོད་ཀྱིས་བགོ་དགོས།།

གཉིས་བ།   ཁ་ཕྱོགས།

ཞོགས་པར་ཉི་མར་ཁ་གཏད་ན།།       མདུན་ནི་ཤར་དང་རྒྱབ་ནི་ནུབ།།

གཡས་ནི་ལྷོ་དང་གཡོན་ནི་བྱང་།།      ས་བཀྲ་དང་ནི་མཚོན་རིས་སྟེང་།།

གོང་ནི་བྱང་དང་འོག་ནི་ལྷོ།།            གཡས་ནི་ཤར་དང་གཡོན་ནི་ནུབ།།

གསུམ་པ།  སྡོམ་རྩིས་རི་མོ་།

ནར་དབྱིབས་དང་ནི་དཀྱོག་ཐིག་དང་།།    རླུང་གཡབ་སྡོམ་རྩིས་རི་མོ་ལ།།

རང་རང་སོ་སོའི་ཁྱད་ཆོས་ལྡན།།          ནར་དབྱིབས་སྡོམ་རྩིས་རི་མོ་ཡིས།།

གྲངས་འབོར་མང་ཉུང་གསལ་བོར་མཚོན།།དཀྱོག་ཐིག་སྡོམ་རྩིས་རི་མོ་ཡིས།།

གྲངས་འབོར་འཕར་ཆགས་མཚོན་པ་གཙོ།།གྲངས་འབོར་མང་ཉུང་མཚོན་གྱིན་ཡོད།།

རླུང་གཡབ་སྡོམ་རྩིས་རི་མོ་ཡིས།།           སྤྱི་ཤས་འབྲེལ་བ་མཚོན་པ་གཙོ།།

བརྒྱ་ཆའི་ཟིན་ཚད་མཚོན་གྱིན་ཡོད།།

བཞི་བ།  ལོ་ཟླ་ཉིན།

ལོ་གཅིག་ཟླ་བ་བཅུ་གཉིས་ཡོད།།             ཟླ་བ་རེ་ལ་གཟའ་འཁོར་བཞི།།

གཟའ་འཁོར་གཅིག་ལ་ཉིན་བདུན་ཡོད།།    ཟླ་བ་དང་པོ་གསུམ་ལྔ་བདུན།།

བརྒྱད་པ་བཅུ་བ་བཅུ་གཉིས་སོགས།།       ཆེ་ཟླ་ཡིན་པས་ཉིན་སོ་གཅིག།

ཟླ་བ་བཞི་དྲུག་དགུ་བཅི་གཅིག།            ཆུང་ཟླ་ཡིན་པས་ཉིན་སུམ་ཅུ།།

ལོ་རེའི་ཟླ་བ་གཉིས་པ་ནི།།                  ཆུང་ཟླའི་གྲས་སུ་ཚུད་ན་ཡང་།།

ཉིན་གྲངས་སུམ་ཅུ་མི་འདང་སྟེ།།           རྒྱུན་ལོ་ཡིན་ན་ཉེར་བརྒྱད་དང་།།

བཤོལ་ལོ་ཡིན་ན་ཉེར་དགུ་ཡིན།།           རྒྱུན་ལོ་བཤོལ་ལོའི་དབྱེ་བ་ནི།།

བཞི་ཡིས་སྤྱི་ལོའི་ལོ་གྲངས་ལ།།            ཧྲིལ་བགོད་ཐུབ་མིན་བལྟ་བ་ཡིན།།

ཧྲིལ་བགོད་ཐུབ་པ་བཤོལ་ལོ་དང་།།         མི་ཐུབ་པ་ནི་རྒྱུན་ལོ་ཡིན།།

སྤྱི་ལོའི་ལོ་གྲངས་བརྒྱ་ཧྲིལ་བོ།།           ཡིན་དུས་ངེས་པར་བཞི་བརྒྱ་ཡིས།།

ཧྲིལ་བགོད་ཐུབ་མིན་བལྟ་བ་ཡིན།།       ཧྲིལ་བགོད་ཐུབ་པ་བཤོལ་ལོ་དང་།།

མི་ཐུབ་པ་ནི་རྒྱུན་ལོ་ཡིན།།                རྒྱུན་ལོ་ཧྲིལ་བོའི་ཉིན་གྲངས་ནི།།

སུམ་བརྒྱ་དྲུག་ཅུ་རེ་ལྔ་ཡིན།།              བཤོལ་ལོ་ཧྲིལ་བོའི་ཉིན་གྲངས་ནི།།

སུམ་བརྒྱ་དྲུག་བཅུ་རེ་དྲུག་ཡིན།།     རྒྱུན་ལོར་གཟའ་འཁོར་ང་གཉིས་དང་།།

ཉིན་མ་གཅིག་ཙམ་ལྷག་པ་ཡིན།།    བཤོལ་ལོ་གཟའ་འཁོར་ང་གཉིས་དང་།།

ཉིན་མ་གཉིས་ཙམ་ལྷག་པ་ཡིན།།         ལོ་རེར་དུས་ཚུགས་བཞི་རེ་ཡོད།།

ཟླ་བ་གསུམ་རེ་དུས་ཚུགས་རེ།།            རྒྱུན་ལོའི་དུས་ཚུགས་དང་པོ་ལ།།

ཉིན་གྲངས་དགུ་བཅུ་ཐམ་པ་ཡོད།།       བཤོལ་ལོའི་དུས་ཚུགས་དང་པོ་ལ།།

ཉིན་གྲངས་དགུ་བཅུ་གོ་གཅིག་ཡོད།།      རྒྱུན་ལོའི་ལོ་སྟོད་ཉིན་གྲངས་ནི།།

བརྒྱ་དང་བརྒྱད་ཅུ་གྱ་གཅིག་ཡིན།།        བཤོལ་ལོའི་ལོ་སྟོད་ཉིན་གྲངས་ནི།།

བརྒྱ་དང་བརྒྱད་ཅུ་གྱ་གཉིས་ཡིན།།       ལོ་སྨད་ཧྲིལ་བོའི་ཉིན་གྲངས་ནི།།

བརྒྱ་དང་བརྒྱད་གྱ་བཞི་ཡོད།།

                                                                   མུ་འགོད།

གསལ་བཤད།  བློ་འཛིན་བདེ་ལ་གོ་སླ་བའི་རྩ་ཚིག་འདིའི་བོད་ཁམས་ཡོངས་ཀྱི་སློབ་ཆུང་སློབ་མར་རོགས་རམ་ཅུང་ཙམ་བྱེད་ཨེ་ཐུབ་སྙམ་ནས་འདིར་འཁོད་པ་ཡིན་ལ།  མ་འགྲིག་ས་དང་ནོར་ཡོད་ས་ཡོད་ཚེ་རྒྱ་ཆེ་ཀློག་པ་པོ་རྣམ་པས་དུས་ལྟར་སྐད་ལན་རེ་འཇོག་རོགས།

 

yangla | རྩོམ་ཡོངས་ཀློག་པ།(570) | ལན་སློག(8)
དུས་ཀྱིས་དེད་པའི་སྙན་ངག
2012-12-3 9:26:17

དུས་ཀྱིས་དེད་པའི་སྙན་ངག

 

མགོ་བོ་དགྱེ་ཐེངས་གཅིག་གིས

དུས་ཡུན་ཅི་ཙམ་སོང་བ་མ་ཤེས་པར

གཡས་ཕྱོགས་ཀྱི་རི་བོ་དེ་རྒས་འདུག

གཡོན་ཕྱོགས་ཀྱི་ཆུ་བོ་དེ་ཁེངས་འདུག

རྨི་ལམ་ཐེངས་གཅིག་གི་མཇུག་འབྲས་མིན་པའི་སྐབས་འདིར

ཚེ་སྲོག་གིས་བསྐྲུན་པའི་འཇིག་རྟེན

རྣམ་ཤེས་ཚོགས་དྲུག་གི་གཡུལ་སར་གྱུར

       

 

 

yangla | རྩོམ་ཡོངས་ཀློག་པ།(905) | ལན་སློག(12)
གྲང་ཤུར་ཤུར་གྱི་སེམས་པ།
2012-11-26 15:43:22

གྲང་ཤུར་ཤུར་གྱི་སེམས་པ།

 

འཁྲེང་ཞེན་བརྩེ་བའི་རླབས་ཀྱི་ཟེགས་མ་མཚོ་མོའི་ཀློང་ན་འོད་དུ་འཚེར།།

སེམས་ཀྱི་རྨུ་ཐག་རྒྱང་དུ་བསྲིངས་བའི་ལོ་ཟླའི་རྟ་ཁ་མགྱོགས་ཤིང་མྱུར།།

འཚུབ་མའི་རྡུལ་ཕྲན་ཐོལ་གྱིས་གཏོར་བའི་ཁོར་ཡུག་མུན་པོའི་སྟེགས་བུ་རུ།།

རྨས་པའི་རྣམ་ཤེས་གཟེབ་ཏུ་བཅུག་པ་དུས་རབས་འདི་ཡི་སྨྲེང་སེམས་ཡིན།།

 

སྟོན་གྱི་སྡོང་ལོ་རླུང་གིས་འཇོམས་དུས་ཉམས་དགའི་ཁོར་ཡུག་སྐྱ་ཐིང་ངེ་།།

ཞོགས་པའི་ཉི་གཞོན་ནུབ་དུ་ཡལ་དུས་འོད་ཀྱི་འཇིག་རྟེན་ནག་འཐུམས་སེ།།

གློག་འཕྲིན་དྲ་བའི་མཐོང་ལམ་སྒྲིབ་དུས་ཁེར་རྐྱང་འཚོ་བ་འོན་དུབ་སེ།།

འཇིག་རྟེན་མ་ལོའི་ལྷག་བསམ་མཁོ་བའི་རིགས་ཀྱི་བུ་མོ་སྐྱོ་ལྷང་ངེ་།།

 

རྫི་མེད་གཡང་དཀར་ཐང་ལ་བཀྲམ་དུས་སྤྱང་ལྟོགས་རྒོད་པོའི་ཟས་སུ་འགྱུར།།

མགོན་མེད་རི་དྭགས་རྫ་མཐའ་མྱུལ་དུས་རྔོན་པའི་མིག་གི་གཏད་སོ་ཡིན།།

གང་ལ་སོང་ཡང་གང་ནས་བསྡད་རུང་སེམས་ཀྱི་ལྷིང་འཇགས་བོར་ནས་འདུག།

དུས་རབས་འདི་ཡི་ཞི་འཇགས་རི་མོ་ལོ་རབས་དུ་ཡི་རྗེས་སུ་བྲི།།

 

ཟླ་བའི་འོད་ཟེར་ས་གཞིར་འཕྲོས་ཤིང་དྲོད་ཀྱི་དགོས་མཁོ་སྐོང་རབ་མེད།།

མཛེས་པའི་མེ་ཏོག་འཛུམ་གྱིས་བཞད་ཀྱང་མཁའ་ནས་སྐྱེས་བའི་ཆོས་ཉིད་མེད།།

རང་གི་དགོས་མཁོ་རང་གིས་སྐོང་སའི་ཉམས་དགའི་རྩེད་ར་སྐྱིད་པོ་ཞིག།

བསྐྲུན་པའི་ཁོར་ཡུག་རྙེད་པར་དཀའ་བ་དུས་རབས་འདི་ཡི་ལྐོག་གྱུར་ཡིན།།

 

གཙང་བོའི་བཞུར་རྒྱུན་འཕྲད་གྱིས་ཆོད་པ་དུས་རབས་འདི་ཡི་དར་རྒྱས་ཡིན།།

ཕྱི་ནང་གཉིས་ནས་མདོག་ཅིག་མཐོང་བ་དུས་རབས་འདི་ཡི་འགྲོ་ལུགས་ཡིན།།

མི་སེམས་བསླུ་བའི་གཡོ་ཇུས་མོད་པ་སྒྱུ་མ་མཁན་གྱི་རང་གཤིས་ཡིན།།

གྲང་བའི་སེམས་པ་དྲོད་ལ་རེ་བའི་དུས་ཀྱི་བག་མ་ཡོད་རེ་སྐན།།

 

 

yangla | རྩོམ་ཡོངས་ཀློག་པ།(543) | ལན་སློག(6)
ཕྱིར་དྲན་ཀློང་གི་བརྩེ་བ།
2012-10-22 7:35:35

ཕྱིར་དྲན་ཀློང་གི་བརྩེ་བ།

 

ལྷག་བསམ་འོ་མའི་མདངས་ལ་བརྩེ་བས་ཁེངས་འདུག།

སློབ་མའི་བློ་སྒོ་འབྱེད་པར་ཐབས་ཀྱིས་ཕྱུག་པ།།

རིགས་ལ་དུངས་ཤིང་རང་ཚུགས་བརྟན་པའི་རྒན་ཁྱེད་།།

ང་དང་སློབ་གྲོགས་ཀུན་གྱི་གཟི་བརྗིད་ཡིན་འགྲོ།།

 

སྣབ་དང་རག་ལ་བདག་པོ་རྒྱག་ཤེས་མེད་དུས།།

དཔེ་ཁུག་ཆུང་ཆུང་ཞིག་དང་གྲོགས་སུ་སྡེབ་སྟེ།།

ཀ་ཁའི་དབྱངས་རྟ་མགྲིན་ནས་ཤུགས་ཀྱིས་གྱེར་བཞིན།།

རྒན་གྱི་གཉོར་སྐྱོང་འོག་ནས་གཉོམ་ལག་རྒྱས་སོང་།།

 

མི་ཚེ་བརྒྱུད་རིམ་ཁྲོད་ཀྱི་བྱིས་པའི་དུས་ལ།།

ཕྱིར་མིག་ཐེངས་གཅིག་བལྟས་པའི་འདུ་ར་འདི་ནས།།

འདས་པའི་རྩེད་མཚར་རེ་རེ་ཡུན་གྱིས་གླེང་དུས།།

ཁྱད་མཚར་གཏམ་རྒྱུད་ཞིག་གི་བརྒྱུད་རིམ་ཚང་འདུག།

 

ཁྱོད་ང་བྱས་པའི་ཁ་རྩོད་ཕུ་ཐུང་ཅན་པོ།།

སྔ་དྲོ་ཡོད་ཀྱང་ཕྱི་དྲོ་གྲོགས་སུ་གྱུར་འདུག།

མི་ཚེ་གནས་ལུགས་ཆེན་པོ་རྟོགས་པ་མེད་རུང་།།

བྱིས་པའི་བསམ་བློ་རབ་དཀར་གངས་རིའི་མདངས་རེད།།

 

བགྲང་བྱ་དུ་མར་བསག་པའི་བརྩེ་བའི་མར་ལོ།།

སེམས་ཀྱི་ཟབ་སར་བཅུག་ནས་ཡུན་རིང་འགོར་ཡང་།།

བཀྲ་ཤིས་གཡང་འཛོམ་ཉིན་བཟང་སྐར་བཟང་འདི་ལ།།

ལྷན་འཛོམས་ཐེངས་གཅིག་བྱུང་བར་སྤྲོ་བས་ཁེངས་ཡོད།།

 

༼ཐང་དགེ་སྒྲོལ་དཀར་སྐྱབས་ལགས་ཀྱི་རབ་དང་པོའི་སློབ་ཆུང་མཐར་ཕྱིན་སློབ་མ་ལྷན་འཛོམས་བྱུང་བས་རང་སེམས་སྤྲོ་བས་བརྟས་ནས་བྲིས་ཐུང་ནས་ཐོལ་གྱིས་སྦྱར་བའོ།༽

yangla | རྩོམ་ཡོངས་ཀློག་པ།(920) | ལན་སློག(16)
ཨ་མའི་བཞོ་ཟེའུ
2012-10-2 15:21:03

 

 གསོམ་པ་ལེབ་མོ་སྟེར་ལ་བརྒྱུས་བ།།

ཟོ་དཀྱུས་གོར་མོས་དམ་དུ་བཅིངས་པ།།

རྩིད་ཐག་ཐུང་ངུའི་འཇུ་ས་ཅན་པོ།།

ཨ་མའི་བཞོ་ཟེའུ་འོ་མའི་སྣོད་ཡིན།།

 

ནམ་ལངས་སྐར་ཆེན་མ་ཤར་གོང་ལ།།

འོ་རག་ཅན་གྱི་བཞོ་ཟེའུ་སྣུམ་པོ།།

ལག་ཏུ་བཟུང་ནས་བཞོ་དབྱངས་གྱེར་བཞིན།།

འབྲུ་མོ་བཞོ་བའི་ངང་ཚུལ་དྲན་ཡོང་།།

 

ལ་ཁའི་ཉི་གཞོན་མ་ནུབ་གོང་ལ།།

དགོ་དགོ་མཛོ་མོ་ནུ་ཁ་ཅན་མའི།།

འོག་ནས་ཙོག་བཞིན་ལག་ཟུང་མྱུར་མོས།།

དཀར་མདའ་ཟེའུ་ལ་འཕང་བ་དྲན་ཡོང་།།

 

དཀར་པོའི་ཟས་ལ་དམར་པོ་མི་རེག།

འོ་མའི་སྣོད་ལ་དྲི་མས་མི་སྦགས།།

ཟས་གཙང་མཆོད་པའི་མེ་ཏོག་ཟེར་བའི།།

གཏམ་གྱི་གདམས་ངག་ཡིད་ལ་འཁོར་ཡོང་།།

 

 

yangla | རྩོམ་ཡོངས་ཀློག་པ།(578) | ལན་སློག(10)
འབྲེལ་ཡོད་ནང་དོན་ 70 ཡོད།<<<1234567>>>
 
Powered by Oblog.