མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཚེ་རིང་འཚོ།

ཟིན་བདག་བརྡ་ཁྱབ།

ང་རང་བོད་པའི་བུ་མོ་ཞིག་ཡིན་པའི་ངོས་ནས་

ཕ་སྐད་དག་མོ་ཞིག་ཤོད་ཐུབ་པ་བྱ་རྒྱུ་ནི་སྙན་

ངག་འབྲི་བ་ལས་ཀྱང་རྩ་ཆེ་བར་བསྒོམས་ཡོད།

ZZXXCRC@163.COM

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
སྦྲ་འདབས་ཀྱི་སྨྲེ་སྔགས།
2015-3-23 20:53:26

                                                                        
                སྦྲ་འདབས་ཀྱི་སྨྲེ་སྔགས།
                                           
དབྱར་གསུམ་ཆར་ཆུའི་བརླན་གཤེར་ངོགས་ནས་ཁྱོད་ནི་སྐྱོ་བས་ཤུམ་ཀྱང་ཆོག།
དགུན་གསུམ་འཚུབ་མའི་གདུག་རྩུབ་ཀློང་ནས་ཁྱོད་ནི་འདར་བཞིན་སྒུལ་ཡང་རུང་།།
ཁྱོད་རང་ཡོད་པའི་འཇིག་རྟེན་དེ་རུ་བདག་གིས་མེས་པོའི་གཏམ་རྒྱུད་འཐུ།།
ཁྱོད་ཀྱིས་བསྐྲུན་པའི་ཁྱིམ་གཞི་དེ་ལ་བདག་གིས་དྲན་པའི་གཞས་ཆུང་ལེན།།

ཨ་མས་ཐབ་ཀྱི་འོ་ཇ་མཆོད་བཞིན་གཡང་ཁྱིམ་དྲོན་མོ་བརྩེ་བས་སྐྱོང་།།
ཨ་ཕས་ཞལ་རས་འཛུམ་གྱིས་ཁེངས་བཞིན་གཏམ་རྒྱུད་མངར་མོའི་གླིང་བུ་འབུད།།
ཕུགས་ཀྱི་དོ་དང་བར་གྱི་ཐབ་ཆེན་སྨད་ཀྱི་འོ་ཟོ་སྣུམ་པོ་སོགས།།
ཁྱོད་ཀྱི་ལང་ཚོའི་རྒྱན་ཆ་ཡིན་པས་གཞན་གྱིས་འཕྲོག་ཀྱང་མཛེས་པས་དབུལ།།

ཨ་གསར་ཚེར་མའི་མེ་ཏོག་མང་པོས་ཁྱོད་ཀྱི་ལུས་ལ་རྨ་ཞིག་བཟོས།།
དངོས་པོའི་དཔལ་ཡོན་རྒྱས་པའི་གསེབ་ནས་ཁྱོད་ཀྱི་ལང་ཚོ་མཛོད་ལ་བཅུག།
འབྲོག་པའི་ཐང་ན་རུས་ལ་འཐིམ་པའི་བརྩེ་བའི་འོད་ཞིག་འབོར་ཀྱིན་འདུག།
ཁྱོད་རང་ཉམས་པའི་རྗེས་ཤུལ་འདི་ནས་བདག་གིས་སྐྱོ་བའི་སྨྲེང་གླུ་ཤོར།།


མཐོ་སྒང་བདག་མོའི་ལང་ཚོའི་གཟི་མདངས་ཉིན་རེ་བཞིན་དུ་ཇེ་ངན་རེད།།
སྒྱེད་པུ་སུམ་འཛུགས་ཐབ་ཆེན་མེ་ལྕེ་ལོ་རེ་བཞིན་དུ་ཇེ་ཆུང་རེད།།
ཕུགས་ཀྱི་སྲུང་མ་མྱུར་མགྱོགས་ཅན་པོའི་བཞུགས་ཁྲི་ལོ་རེར་ཇེ་དམའ་རེད།།
དུས་རབས་ཤིག་གི་བསླུ་བྲིད་འདི་ཡིས་ཁྱོད་ཀྱི་མཚར་སྡུག་ཉམས་པར་བྱས།།

བདག་གི་དྲན་པ་རླུང་ཡན་མ་འདི་སྨྱུ་གུའི་གསེབ་ན་འཁྱོར་གིན་འདུག།
བདག་གི་རྣམ་ཤེས་ངུ་མ་དགོད་འདི་བདེ་མོའི་ཐང་དུ་ཧད་ནས་ལུས།།
མེས་པོའི་རྣམ་དཔྱོད་རྩལ་གྱིས་བཟོས་པའི་མཐིང་སྨུག་སྦྲ་ཡི་གུར་ཁྱིམ་ཁྱོད།།
འཇིག་རྟེན་དར་རྒུད་དཀྱོག་མཚམས་འདི་ནས་ལོ་རྒྱུས་ཤིག་གི་བདེན་དཔང་ཡིན།།

                                                                             ༢༠༡༥ལོའི་ཟླ༣པའི་ཚེས༢༡ཉིན།
yangla | རྩོམ་ཡོངས་ཀློག་པ།(424) | ལན་སློག(2)
མཚན་མོའི་ཐོལ་བྲིས།
2014-6-24 23:21:11

མཚན་མོའི་ཐོལ་བྲིས།


རྨི་ལམ་ཁྲོད་ཀྱི་པད་མ་ཁར་སྐྱེས།།

འདབ་ལྡན་སྟོང་གི་རྒྱན་དུ་འཁུམས་འདུག།

རྐང་དྲུག་གཞོན་ནུའི་འགྱུར་ཁུག་སྙན་མོས།།

སྒྲ་འཛིན་དབང་བོར་བྲེལ་བ་ལངས་སོང་།།


ཁ་བའི་གོས་དཀར་ས་ལ་བཏིང་སོང་།།

ས་གཞིའི་བརླན་གཤེར་དབུགས་ཀྱིས་རྔུབ་སོང་།།

ཚེ་སྲོག་སྟོང་གི་སྐོམ་པའི་སྲུབས་སུ།།

ཆུ་ཡི་ཟེགས་མ་ངང་གིས་བཞུར་ཡོང་།།


མུན་ནག་ཁྲོད་ཀྱི་རྣམ་ཤེས་གསོན་པོ།།

དྲན་པ་དམར་པོའི་ཁུགས་སུ་བཟི་འདུག།

གཏམ་རྒྱུད་ཚང་བའི་ལོ་མའི་འོག་ཏུ།།

ཞག་གཅིག་རྨི་ལམ་ཆུ་ལ་འདྲེས་སོང་།།



སྦྲང་ཆར་སིམ་མའི་ཟེགས་མའི་ངོགས་ནས།།

ཉི་ཟེར་གཞོན་ནུའི་འཛུམ་མདངས་ཁྲོད་ནས།།

འཇའ་རིས་དམར་སེར་ཚོན་གྱིས་མཛེས་ཀྱང་།།

ལྷ་རིས་མདུན་གྱི་མཆོད་པ་ཅི་ཉན།།


མགུལ་རིས་བརྙན་གྱི་མཚར་གཏམ་ཁྲོད་ན།།

གནས་ལུགས་སྟོང་གི་གབ་ཚིག་སྦས་འདུག།

ལུས་ཀྱི་ཆ་བྱེད་དཔང་ལ་བཞག་ནས།།

ཐུན་གསུམ་རྨི་ལམ་རི་ལ་བཅོལ་སོང་།།

yangla | རྩོམ་ཡོངས་ཀློག་པ།(885) | ལན་སློག(4)
ལེགས་སྐྱེས་གསོན་པོ།
2014-3-8 17:12:56

ལེགས་སྐྱེས་གསོན་པོ།


སེམས་ཀྱི་ཟབ་སའི་བར་ན་དྲོད་ཅིག་ཡོད།།

བྱམས་བརྩེ་མངར་མོའི་ཁྲོད་ན་འོད་ཅིག་མཆིས།།

འཇིག་རྟེན་བྱེད་པོའི་བདག་མོ་སེམས་བཟང་མ།།

བཅད་མའི་བར་གྱི་བརྗོད་བྱ་དྭངས་མོཞིག།



སྐྲ་རིང་བློ་ཐུང་ཟེར་ནས་སྨད་ཀྱང་ཆོག།

ཤེས་མེད་ནག་མོ་ཟེར་ནས་འཕྱས་ན་ཡང་།།

ཁྱིམ་གྱི་བདེ་སྐྱིད་བསྐྲུན་པའི་ཐབས་མཁས་མ།།

བདག་བློའི་ཡིད་ན་བཞད་པའི་པད་དཀར་ཡིན།།


ཉི་མའི་གྲོགས་སུ་བཞུགས་པའི་ཀུ་མུ་གཉེན།།

རང་བཞིན་བསིལ་ཀྱང་འཇིག་རྟེན་མུན་པ་སེལ།།

ཕུ་ནུའི་གྲོགས་སུ་བརྟེན་པའི་གཤིས་བཟང་མ།།

ཐ་སྙད་འཇམ་པོའི་བར་གྱི་དབྱངས་རྟ་ཡིན།།


ཧམ་པའི་ལྟག་སྒོར་མཆོངས་བའི་བླུན་རྟགས་དབེན།།

རྒྱུ་འབྲས་རྡོག་རྫིས་བྱེད་པའི་ཟོལ་གཤིས་མེད།།

རྣལ་མའི་རང་བཞིན་འཛོམས་པའི་མཛངས་མའི་རིགས།།

ཚིག་འབྲུ་གསོན་པོར་བཞེངས་མཁས་དཔའ་མོ་ཡིན།།

༢༠༡༤ལོའི་སྤྱི་ཟླ༣པའི་ཚེས༧ཉིན་གསུམ་བརྒྱད་བུད་མེད་དུས་ལ་ཆེད་དུ་བྲིས་པའོ།

 

yangla | རྩོམ་ཡོངས་ཀློག་པ།(720) | ལན་སློག(4)
ཤིས་ཚིག་ལྷ་དར་དཀར་པོ།
2014-1-30 12:27:11

ཤིས་ཚིག་ལྷ་དར་དཀར་པོ།


མཁྱེན་རབ་རྣམ་དཔྱོད་མཁའ་ལས་ཡངས་ཤིང་འགྲོ་བ་འདྲེན་པའི་ཡིད་དམ་ལྷ།།
མར་གྱུར་འགྲོ་བའི་མགོན་དུ་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས།།
གང་སྐུ་དྲི་མེད་ཟླ་བ་གཞོན་ནུར་གནམ་ལོ་གསར་བའི་དུས་བཟང་འདིར།།
སྒོ་གསུམ་གུས་པས་ཕྱག་ལ་བརྒྱུད་ནས་སྐུ་ཚེ་ཡུན་རིང་བརྟན་གྱུར་ཅིག།།


འཛམ་གླིང་འཛིན་མའི་ཕང་བ་འདི་རུ་འོད་དུ་འཚེར་བའི་རིག་པའི་གཞུང་།།
ཐོན་མའི་བློ་གྲོས་རྩལ་གྱིས་ཐོན་པའི་དབྱངས་གསལ་སོ་བཞི་མགྲིན་རྔ་འདི།།
སྲིད་པའི་སྒང་འདིར་ཉམས་པ་མེད་པར་དར་བར་སྨོན་པའི་ཚིག་གི་འབྲུ།།
གནམ་ལོ་གསར་བའི་དུས་བཟང་འདིར་བསྟུན་ཡིད་ཀྱི་མཆོད་པ་རབ་ཏུ་སྤེལ།།


སྣ་ཚོགས་གཏེར་ཁས་ས་བཅུད་དགེ་མཚན་རབ་ཏུ་ཕྱུག་པའི་བྷོ་ཊའི་ཡུལ།།
ཡན་ལག་བརྒྱད་ལྡན་དྭངས་གཙང་རྫ་ཆུ་འབྱུང་གཞིར་འཕྲོད་པའི་ས་ལེའི་ལྗོངས།།
དུས་བཞིའི་དབྱེ་བ་རབ་ཏུ་གསལ་བའི་སྨན་ལྗོངས་ཕྱུག་མོའི་ཡུལ་གྲུ་འདིར།།
རང་བྱུང་འཚེ་བའི་དུག་གིས་མི་རེག་རྟག་ཏུ་མཛེས་པའི་སྨོན་ཚིག་འབུལ།།


བྱམས་དང་བརྩེ་བའི་གཤིས་སྤྱོད་བཟང་པོ་དུས་ཀྱི་གཡོ་རུ་མི་ཚུད་ཞིང་།།
མཐུན་སྒྲིལ་ཟབ་མོའི་ལག་རྡེང་ཁྲོད་ནས་ཡབ་མེས་མཛད་རྗེས་མུར་སྤེལ་ནས།།
དུས་རབས་གསར་བའི་གོམ་པའི་སྟངས་སྟབས་ལྷོད་མེད་མདུན་ནས་མདུན་བསྲིངས་ཏེ།།
ཆོལ་གསུམ་བོད་པའི་དམིགས་ཡུལ་ཐམས་ཅད་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཞུ།།


རུས་གཅིག་སྤུན་ཟླའི་བྱ་བཞག་གསར་བར་དབུ་ཁྱུད་བྲི་བའི་གསར་ཚེས་ལ།།
རུས་ལ་དུངས་བའི་སེམས་འགྱུ་ཞིག་གིས་མགུར་མའི་ཚིག་ཕྲེང་ངང་གིས་སྤེལ།།
རུས་ཞེན་བརྩེ་བའི་ཀུན་སློང་གཙང་མས་ཤིས་ཚིག་ཡིད་ཀྱི་མཆོད་པ་འདི།།
རུས་གཅིག་སྤུན་ཟླའི་གནམ་ལོ་གསར་བར་སྐྱེས་སུ་འབུལ་བའི་ལྷ་དར་ཡིན།།

༢༠༡༣ལོའི་ཟླ༡༢པའི་ཚེས༢༣ཉིན། ལུགས་རྙིང་།

yangla | རྩོམ་ཡོངས་ཀློག་པ།(1019) | ལན་སློག(8)
འཇའ་རིས་འོག་གི་འཛུམ་མདངས།
2014-1-7 16:58:19

འཇའ་རིས་འོག་གི་འཛུམ་མདངས། 


སྤྲིན་ནག་ཐོར་བུའི་འཇེབ་རྒོལ་འོག་ནས།། 

ཆར་བའི་བརླན་གཤེར་ས་རུ་འཐོར་སོང་།།

 ཉི་ཟེར་གཞོན་ནུའི་འོད་སྣང་ཅིག་གིས།། 

འཇའ་ཚོན་སྣ་ལྔའི་དབུ་རྒྱན་འཁྲུངས་སོང་།། 


གཡུ་འབྲུག་སྔོན་མོའི་ངར་སྐད་གསེང་ནས།། 

སྒྲོ་ལེགས་རྨ་བྱར་སྤྲོ་བ་བསླངས་སོང་།། 

ཚ་བའི་སྐེམ་པའི་ལོ་མ་སེར་པོར།། 

དབུགས་རྒྱུན་གསར་བའི་ཚེ་སྲོག་སྦྱིན་སོང་།།


 གཞུ་མོའི་འཇའ་རིས་གུར་ཁང་ནང་ན།། 

རྟེན་འབྲེལ་བཟང་པོའི་འོད་སྣང་འཕྲོ་སོང་།། 

སྦྲང་ཆར་སིམ་མའི་དངོས་གྲུབ་བར་ན།། 

རེ་བའི་མྱུ་གུ་འཚར་ལོངས་བྱུང་འདུག། 


སྤང་ལྗོངས་སྔོན་མོའི་འདབ་ལྡན་སྟེང་ནས།། 

སིལ་བའི་མུ་ཏིག་ས་ལ་འཐོར་བས།། 

རྐང་རྩའི་བུ་གུའི་གས་བསྲུབས་བར་གྱི།། 

དྲི་མའི་འདམ་སྦགས་དག་པར་བཀྲུས་སོང་།། 


འཇའ་རིས་འོག་གི་འཛུམ་མདངས་དང་མ།། 

ལས་སྐལ་བཟང་པོའི་དུས་ཀྱི་ཉི་ཟླ།། 

རྣམ་རྟོག་སེལ་བའི་དངོས་གྲུབ་གཙང་མ།། 

འབྲས་བཟང་སྨིན་པའི་རྒྱུ་རུ་གྱུར་ཡོད།། 

༢༠༡༤ལོའི་ཟླ༡པོའི་ཚེས༧ཉིན།

yangla | རྩོམ་ཡོངས་ཀློག་པ།(1361) | ལན་སློག(8)
སྤྲིན་གསེབ་ཀྱི་རླངས་བ།
2013-12-9 9:55:23

སྤྲིན་གསེབ་ཀྱི་རླངས་བ།

 

སྤྲིན་པ་ལྷོ་བཞུད་ཞིག་གི་ཤུལ་ལམ་བར་ན།།

སྨུག་རྒྱུའི་རླུང་ཁར་འཐོར་བའི་ཐ་སྙད་གསོན་པོ།།

ཚོར་བའི་རྩེ་ལ་བཏེགས་པའི་སྨྲ་བརྗོད་དྭངས་མ།།

སེམས་ཀྱི་ཨ་ལོང་གཏོར་བའི་རལ་གྲི་ཡིན་འདུག།

 

ནམ་ཟླའི་དྲོད་འཁྱག་བར་གྱི་དགའ་སྐྱོ་འདྲེས་མ།།

དམིགས་དོན་རི་མོ་གྲུབ་པའི་རྐྱེན་དུ་གྱུར་ཀྱང་།།

ཕྱི་ནང་གསལ་ལེར་མངོན་པའི་མེ་ལོང་དྭངས་མ།།

རྟོགས་སད་མེ་རུ་སྤར་བའི་འབོད་བརྡ་ཡིན་འདུག།

 

སྤྲིན་དང་སྨུག་པ་འདྲེས་བའི་བཞི་མདོ་དེ་རུ།།

དྲོད་འཇམ་ཉི་འོད་རེ་ཞིག་ཡིབས་སུ་བཅུག་རུང་།།

མི་རྟག་སྨུག་སྤྲིན་རྒོད་པོའི་རས་ཡུག་ནག་པོ།།

བསིལ་རླུང་འཇམ་པོའི་ཁྲོད་ནས་ངང་གིས་ཞུམ་འགྲོ།།

 

མཚམས་སྤྲིན་དམར་སེར་འོག་གི་སྨུག་རྒྱུ་ལང་ལོང་།། སྟོང་བའི་དབྱིངས་སུ་འཁྱམ་པའི་ངང་ཚུལ་འདི་གོ།

མགོན་མེད་བརྩེ་བ་བོར་བའི་དྭ་ཕྲུག་ཞིག་གི།

རེ་བའི་གསེང་ལ་འཁྱུད་པའི་བར་ཆད་ཡིན་འདྲ།།

 

སྤྲིན་པའི་གསེབ་ནས་བྱུང་བའི་མདོག་མེད་རླངས་གཟུགས།། གཟུགས་འཛིན་དབང་བོས་གསོས་པའི་ཚོར་འདུ་གསོན་པོ།། རེ་ཞིག་ལྷན་དུ་འདྲེས་པའི་དབྱངས་རྟ་འདི་ཉིད།།

ལས་དབང་དམར་པོ་ཞིག་གི་མཚོན་རིས་བྱ་ཆོག།

          ༢༠༡༣ལོའི་ཟླ་༡༢པའི་ཚེས༩ཉིན།

yangla | རྩོམ་ཡོངས་ཀློག་པ།(766) | ལན་སློག(4)
ཀ་ཕྲེང་ཨ་ཙ་མ།
2013-11-12 10:30:40

ཀ་ཕྲེང་ཨ་ཙ་མ།

 

ཀ་ཁའི་དབྱངས་རྟ་ངག་ནས་གྱེར་དུས་བྱིས་པའི་རྩེད་རས་ཡུད་ཙམ་བརླགས།།

ཁ་ཁོག་མེད་པར་སེམས་ཤིག་ཤེས་དུས་རྨང་གཞིའི་རྩ་བ་གཡོ་ཞིང་འགུལ།།

ག་ལེར་རང་སེམས་ནང་ལ་ཁུག་དུས་ན་ཚོད་རྒས་ནས་བློ་རིག་ཉམས།།

ང་དང་ཁྱོད་ཀྱིས་གོ་ས་རྩོད་དུས་དང་མའི་མི་གཞི་བོར་ནས་སོང་།

 

ཅ་ནེ་འཚོལ་བའི་དུས་ལ་རན་སྐབས་དཔང་ཡིག་རྫིག་པོ་ལག་ཏུ་ཐོགས།།

ཆ་ལེ་ཆོ་ལེ་ཡིག་ངོ་ཟིན་དུས་ཕྱུགས་རྫིར་སྡུར་ནས་མཁས་བར་རློམ།།

ཇ་ཤིང་ལོ་མའི་བཟང་ངན་གླེང་བཞིན་སྐབས་ཀྱི་བདེ་བས་ཡིད་སེམས་མགུ།

ཉ་ཉོག་ལས་ཀས་མི་ཚེ་གཏོང་དུས་ཕྱི་འགྱོད་རི་མོས་སྙིང་ཁ་དཀྲོགས།།

 

ཏཱ་རེ་གཟུངས་ཀྱི་ཁ་བཏོན་བསག་པའི་ཨ་མའི་བསམ་བློ་རྙིང་རབ་བཤད།།

ད་ལྟའི་དུས་འདིར་བསམ་བློ་གསར་བའི་མེ་ལྕེ་འཆེད་སྟངས་མཚར་རབ་བཤད།།

ཐ་མར་ཚིག་གི་གཞི་རྐང་མི་ཟིན་གདམ་ཀའི་རི་མོ་འབྲི་དཀའ་བའི།།

ན་ཆུང་བློ་གསལ་གཞོན་ནུ་རེ་འགའི་དྲན་པའི་མེ་ལོང་གསལ་བར་ཤོག།

 

པ་པའི་གདམ་ངག་གསེར་གྱི་མདངས་ལ་དཔྱོད་པའི་རྣམ་རིག་འཛོམ་པ་དང་།།

ཕ་མེས་མཛད་ཆེན་སྲོལ་རྒྱུན་རིག་གནས་མཁོ་མེད་རྒྱང་དུ་འདོར་མི་བྱ།།

བ་གམ་ཅན་གྱི་ཁང་བརྩེགས་བརྗིད་པོས་སྐབས་ཀྱི་བདེ་བ་སྟེར་ནུས་ཀྱང་།།

མ་ལོའི་བྱམས་བརྩེ་འོ་མའི་མདངས་ཀྱི་གཟི་དཔལ་ཉམས་མེད་རྒྱས་བར་མཛོད།།

 

ཙ་གེ་ཙག་གེ་བྱ་བའི་ཁྲོད་ནས་རྒྱང་ལ་བལྟ་བའི་འདུན་པ་གཡུག།།

ཚ་ཚ་འུར་འུར་ནང་དམེ་རྣོན་པོས་ཕུ་ནུའི་བདེ་སྡུག་ཆུ་ལ་བསྐུར།།

ཛ་དྲག་ཆེ་བའི་རང་རློམ་རྒོད་པས་བྱས་ཉེས་ལས་ལ་བསམ་གཞིག་བོར།།

ཝ་མོའི་ཨག་སྐད་རྣ་ལ་གཟན་ཁར་ནང་གི་རྨ་ཁ་སོས་ཐབས་དབེན།།

 

ཞྭ་བཞིན་བཀུར་འོས་དཔོན་ཞིག་དཀོན་པའི་སྙིགས་མའི་དུས་ཀྱི་འདུ་ར་ནས།།

ཟ་ཟའི་ལས་ལ་ཤིན་ཏུ་མཁས་ཤིང་ཕུག་གི་སྒམ་ཆུང་སྟོང་བར་སྣང་།།

འ་འུར་ཁྲོད་ནས་བདེ་བར་རློམ་ནས་ཤོ་རྒྱག་བློ་ཡིས་ཡོད་ཚད་བོར།།

ཡ་རབས་གཤིས་ལུགས་དམན་སར་བཞག་ནས་རང་སྣང་མཐོ་བ་ཨ་ཙ་མ།།

 

ར་མ་ལུག་གི་སྐད་ཆའི་གྲོགས་སུ་ཡ་མ་ཟུང་གི་ཆ་ལུགས་བཀུར།།

ལ་མོར་བརྒལ་བའི་སྙིང་སྟོབས་དབེན་ཞིང་མཁས་བའི་ཐབས་ལ་བློ་མི་གཏོད།།

ཤ་ཚའི་ལས་དོན་སྒྲུབ་པའི་མི་བུར་ཕྲག་དོག་མདའ་མོས་བསྣུན་པར་རྩོམ།།

ས་སྒང་ཨ་མའི་ཕང་བ་འདི་ནས་གོག་མ་ལངས་ཀྱིས་མི་ཚེ་ཕུད།།

 

ཧ་ཅང་སྙན་མོས་གཞན་སེམས་འགུག་རུང་སྙན་མོས་བསླུ་བ་གང་མང་ཡོད།།

ཧ་ཅང་བཙོག་པས་ཁྲོ་བ་བསླང་རུང་བཙོག་པའི་ཁྲོད་ན་བསླབ་བྱ་ཡོད།།

ཨ་ལུང་སྒོར་མོའི་ཚངས་ཐིག་བར་ནས་དྲང་མོའི་གཏམ་ལ་འཁྱུད་པ་འདི།།

ཨ་མའི་ངག་བཞིན་བརྩིས་མཐོང་མེད་རུང་ཐེངས་གཅིག་བཀླགས་པའི་རེ་བ་ཡོད།།

               ༢༠༡༣ལོའི་ཟླ༡༡པའི་ཚེས༧ཉིན།

                     

yangla | རྩོམ་ཡོངས་ཀློག་པ།(1665) | ལན་སློག(18)
སྐར་ཆེན་ས་ལ་འཐིམ་པའི་གདུང་དབྱངས།
2013-10-9 22:49:51

སྐར་ཆེན་ས་ལ་འཐིམ་པའི་གདུང་དབྱངས།


ཟླུམ་གཟུགས་གོ་ལའི་པང་ཁུག་འདི་ན་ལྷག་བསམ་དཀར་པའི་སྐར་ཆེན་ཞིག།

གངས་དཀར་ཨ་མའི་བྱམས་བརྩེར་འཁྲེང་བའི་ས་མཐའི་སེམས་དཔའ་ཆེན་མོ་ཞིག།

ཆོས་ཉིད་ལྡོག་པའི་ཉི་ནུབ་མཚམས་ནས་ས་ལ་འཐིབས་པའི་སྐད་ངན་དེ།།

སྒྲ་འཛིན་བུ་གའི་འགྲམ་ལ་ལྷུང་དུས་ཕང་སེམས་སྐྱོ་བའི་སྨྲེ་ངག་ཤོར།།


རྐང་ལམ་ཕྲ་མོ་སེམས་སུ་བསྙལ་ནས་མཐོ་སྒང་རི་ལམ་ཞབས་ཀྱིས་བཅགས།།

དུས་རབས་གསར་བའི་དགོས་མཁོར་དམིགས་ནས་སེམས་ཀྱི་ལྷ་བྱ་གང་སར་འཕུར།།

བདག་མེད་བུ་ལོའི་སེམས་རྩའི་བར་ལ་འོད་ཀྱི་དྲོད་ཁོལ་མཛད་མེད་སྦྱིན།།

སྐྱབས་མགོན་དམ་པ་རྟེན་འདིར་མ་བཞུགས་མི་རིགས་ཤིག་གི་གྱོང་གུད་ཡིན།།


སྙིགས་མའི་དུས་ཀྱི་མི་གཤིས་འཁྱོག་པོའི་གཞུ་མོ་འགུག་ཐབས་སྐྱེན་ཞིང་མྱུར།།

ལྐོག་གྱུར་མཚོན་གྱི་མདའ་མོའི་བར་ནས་མཆོག་གི་ཞབས་ཟུང་པད་མོའི་ཚལ།།

རྟེན་འདིར་བཞད་པའི་སྐལ་བ་འཕྲོག་པའི་ཉེས་ཅན་ཕྲག་དོག་མུན་ཆེན་དེ།།

འཇོམས་པའི་ཁྲིམས་ཤིག་རྙེད་པར་མཆིས་ཀྱང་མཆོག་གི་ཞལ་གསུངས་མཇལ་སྐལ་དབེན།།


འགྲོ་བའི་དོན་ཆེན་གཙིག་ཏུ་བཀུར་ཞིང་མི་རིགས་ལས་དོན་མཆོག་འཛིན་མཁས།།

བྱམས་བརྩེ་ལྷ་དར་འོ་མའི་མཚོ་མོ་སྒང་བ་བོད་པའི་གཞུང་ལ་འཕྱུར།།

རེ་བའི་ཀློང་ནས་དོན་ཆེན་འགྲུབ་པའི་གང་སྐུ་མུན་སེལ་ཟླ་གཞོན་མཆོག།

ཀུ་མུད་འདབ་བརྒྱ་བསྐྱར་དུ་ཕྱེས་པའི་སྐལ་བཟང་གཟའ་ནག་དུག་གིས་ཟོས།།


བྱང་ཆུབ་སེམས་ཀྱི་ལོ་མ་སེར་པོ་སྟོན་མཇུག་རླུང་བུས་འཇེབ་རྒོལ་ཐེབས།།

གང་སར་ཁྱབ་པའི་དྲི་བསུང་ཞིམ་པོ་ས་སྒང་ཨ་མས་གཏན་དུ་བོར།།

ལས་འབྲས་དག་པའི་རྣམ་ཤེས་གཙང་མ་སླར་ཡང་ཡར་ཀླུང་འགྲམ་རྒྱུད་ནས།།

མི་རིགས་ཤིག་གི་བདེ་སྡུག་ཆེད་དུ་གསོན་པའི་སྨོན་ལམ་སྙིང་ནས་འདེབས།།

༢༠༡༣ལོའི་ཟླ༡༠བའི་ཚེས༩ཉིན།

yangla | རྩོམ་ཡོངས་ཀློག་པ།(2355) | ལན་སློག(36)
བརྒྱུད་རིམ་ཞིག་གི་སེམས་འགྱུ།
2013-10-8 7:45:11

བརྒྱུད་རིམ་ཞིག་གི་སེམས་འགྱུ།


སྦྲ་ནག་གྲུ་བཞིའི་ལང་ཚོའི་གཟི་འོད་སྲིད་པའི་སྒང་ན་གཉོམ་དུང་དུང་།།

ཨ་ཡིག་སུམ་ཅུའི་ཚེ་སྲོག་གསོན་པོ་དུས་ཀྱི་ཀློང་ན་འདར་སུག་སུག།

གནས་ལུགས་རྡོག་པོའི་ཁུར་བོ་ལྕི་མོ་སྲིད་ཇུས་འོག་ན་མེ་སྟག་ཙམ།།

བདེན་དོན་བུ་ལོས་མེ་ལོང་ངོགས་སུ་བྲིས་པའི་རི་མོ་འདམ་གྱིས་སྦགས།།


ལུས་ཀྱི་རྣམ་ཤེས་གཞན་དབང་གྱུར་བའི་སྐྱོ་བའི་ཤུགས་གླུ་འདར་ར་ར།།

ལྷུ་ཚུགས་རེ་རེ་ཆུ་ཡིས་བཏུབ་དུས་ན་ཟུག་གཟན་པོས་ཨག་སྐད་འདོན།།

གློ་སྒྱུའི་བར་ནས་དབུགས་ཙམ་འབྱིན་དུས་སེམས་རྩའི་བུ་ག་འགག་ལ་ཉེ།།

དོན་ལྔ་སྣོད་དྲུག་འགལ་ཟླའི་བར་ནས་གདོས་བཅས་ཕུང་བོ་ཅི་ལྟར་གསོ།།


ལོ་རྒྱུས་ཤིག་གི་བརྒྱུད་རིམ་ཁྲོད་ནས་དགའ་སྐྱོའི་ཟིན་ཐོ་རླུང་དང་འགྲོགས།།

རྨས་ཐེངས་མང་པའི་ལུས་སེམས་གཉིས་ཀ་སྨྱུ་གུ་སྐྱེན་མོའི་རྩེ་ལ་འདེགས།།

རླུང་ཁའི་མར་མེ་རླུང་ལ་མི་བསྐུར་སྤར་མོའི་བར་ནས་སྐྱོབ་བཞིན་དུ།།

སྨྲེ་ངག་སྐྱུར་མོའི་རོ་དང་འགྲོགས་ནས་རེ་བའི་རུ་མས་ཞོ་བསྙལ་ན།།


རྩྭ་ཐང་ཡངས་བོའི་གདན་སྟེང་འདི་རུ་མ་ལོའི་སྤྱན་ཟུང་འོད་ལམ་ལམ།།

ཡར་ཀླུང་གཙང་བོའི་བཞུར་རྒྱུན་ཁྲོད་ན་རུས་ཞེན་བརྩེ་བ་དྭངས་གསལ་གསལ།།

ས་ཆེན་ཨ་མའི་བྲང་གཞུང་འདི་ན་བུ་མོའི་དུངས་བ་དམར་ལྷོག་ལྷོག

གངས་འདེབས་སྐྱ་བོའི་སེར་གའི་བར་ན་གཞོན་ནུའི་རེ་སྨོན་འོད་འཁྱུག་འཁྱུག།


རེ་བའི་ཀློང་ན་འོད་དུ་འཚེར་བའི་ཡབ་ཆེན་སྲིད་པའི་སྒང་ལ་ཕྱིན།།

བྱམས་བརྩེ་བར་གྱི་གསུངས་དབྱངས་སྙན་མོ་བརྡ་འཕྲིན་གཞོན་ནུས་གར་ལ་རྩེན།།

རེ་ཞིག་རྒུད་པའི་ལང་ཚོ་ཟད་པོར་གཉོམ་པའི་ཐུ་ཚོད་མ་གཏོང་དང་།།

བརྒྱུད་རིམ་ཞིག་གི་མགོ་རྔ་འདི་ཡང་སུ་དང་གང་ལ་འབྱུང་ལས་ཡིན།།

༢༠༡༣ལོའི་ཟླ་༧་པའི་ཚེས༢༥ཉིན།

yangla | རྩོམ་ཡོངས་ཀློག་པ།(755) | ལན་སློག(3)
ལོ་མ་སེར་པོའི་གཏམ་རྒྱུད།
2013-9-30 18:27:17

                      ལོ་མ་སེར་པོའི་གཏམ་རྒྱུད།

                                  

ཧ་ཅང་འཇམ་པའི་དཔྱིད་རླུང་གིས

ཁྱོད་རང་དལ་བུར་སྒུལ་དུས མེ་ཡིས་མི་འཚིག་ཞིང་ཚ་བས་མི་འཇོམས་པའི་ལྗང་མདོག་གི་བཞིན་རས་སྲབ་མོ

ཁུ་བྱུག་གི་དབྱངས་རྟ་དང་ལྷན་དུ་འཚར་ལོངས་བྱུང

ཡུན་རིང་གཉིད་དུ་ཡུར་བའི་ཚེ་སྲོག་གང་མང་ཞིག

ཁྱོད་ཀྱི་བཞིན་རས་ལ་དུངས་ཕྱིར

དབུགས་རྒྱུན་གསར་དུ་གསོས་ནས་མི་ཡུལ་ལ་འགྲོན་དུ་བྱོན

 དེ་ནི་ཁྱོད་ཀྱིས་འཇིག་རྟེན་ལ་མཛེས་སྡུག་གནང་བའི་བརྩེ་སེམས་ཐོག་མ་ཡིན

                             

 ཉི་མ་དང་གོ་ལའི་བར་ཐག་ཧ་ཅང་ཉེ་དུས

ཚ་ཆེན་གྱི་རྔུལ་ཆུ་མོད་པོས་ལུས་ཕུང་བརླན་དུས

གོ་ལ་ཨ་མའི་པང་ཁུག་ན

མིའི་མ་བཟོས་ཤིང་ལྷས་མ་བསྐྲུན་པའི

བསིལ་ལྡན་གྱི་ལྡིང་ཁང་རང་གྲུབ་དེ་ཁྱོད་ཡིན

ངལ་དུབ་ཀྱིས་བཟི་བའི་གང་ཟག་གང་མང་ཞིག

ཁྱོད་ཀྱི་གྲིབ་བསིལ་འོག་ན་སོས་དལ་གྱིས་གནས་དུས

ཁྱོད་ཀྱི་ལུས་ཕུང་ཆུང་ཆུང་དེ

ལྷག་བསམ་གྱིས་ཕྱུག་པའི་ཚེ་སྲོག་རྩ་ཆེན་ཞིག་ཡིན་པ་ཚོར་མ་སོང

                            

དེ་རིང་མཛེས་སྡུག་གི་ལང་ཚོའི་བཞིན་རས་ལ་རྒས་གཉེར་བབས

གདོང་ལེན་གྱི་སྙིང་སྟོབས་དམར་པོར་རྨ་ཁ་བཟོས་རྐྱེན

སེམས་ཁོང་གི་ལོ་མ་ཁྱོད

ཉིན་བྱེད་ཀྱི་འོད་སྣང་འོག་ན

བཙག་ཤེད་ཆེ་བའི་རླུང་བུ་ཞིག་གིས       བུ་ཡུག་ཅིག་གིས

ཁ་ཕྱོགས་ངེས་མེད་ངང་བར་སྣང་ལ་འཁྱམ་དུ་བཅུག་པ་འདི

སྐྱོ་སྣང་གིས་བཟི་བའི་མི་བུ་ཚོའི

དྲན་པ་སྐྱ་བོའི་གཏིང་རིམ་ལ་ཟུག་པའི་མིག་ཆུ་ཡིན

མིག་ཆུ་དེ་ལྗང་མདོག་ལ་སེར་ཐིག་བབས་པའི་ལོ་མས་སྒུལ་བའི་དུངས་བ་ཡིན་ལ

རླུང་བུ་བསིལ་མོའི་དབང་འོག་ན

རང་ཚུགས་ཤོར་བའི་མིག་མདུན་གྱི་ལོ་མ་སེར་པོའི་གཏམ་རྒྱུད་ཀྱང་ཡིན།

                             ༢༠༡༣ལོའི་ཟླ༩བའི་ཚེས༢༩ཉིན

yangla | རྩོམ་ཡོངས་ཀློག་པ།(812) | ལན་སློག(2)
འབྲེལ་ཡོད་ནང་དོན་ 70 ཡོད།<<<1234567>>>
 
Powered by Oblog.