མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཀ་ཁའི་རྒྱང་འབོད།
http://blog.amdotibet.cn/xzsn521/index.aspx
ཕྲེང་བསྟར།
རྩོམ་པ་པོ།:xzsn521 སྤེལ་དུས་:2017-2-24 22:31:34
རྩོམ་པ་པོ།:xzsn521 སྤེལ་དུས་:2016-12-24 19:37:35

རྩ་གཉིས་རྟགས་རིས་གཤེར་ཙམ་གནང་ནས་དོ་ཁུར་གནང་ན་

སྣ་མང་ཐོན་ཁུངས་ལ་མྱོང་རོལ་གནང་ཐུབ།










རྩོམ་པ་པོ།:xzsn521 སྤེལ་དུས་:2016-2-17 12:15:29


ལོ་གསར།

  ༼

གནམ་ལོ་གསར་དུ་ཚེས་དུས།

སྒང་པ་བོད་ཀྱི་རྒན་དར་གཞོན་བཅས་ཀྱིས།

ལས་བྲེལ་གྱི་རྟོད་ཐག་འདོགས་ཁྱི་བཞིན་གློད།

གནམ་ལོ་གསར་དུ་ཚེས་པས།

སྒང་པ་བོད་ཀྱི་རྒན་དར་གཞོན་གསུམ།

སྤྱང་ཚོགས་ཤ་དམར་གྱི་རོ་ལ་རྔམ་རྔམ་དང་།

སྦྲང་ཚོགས་གློག་བཞུ་ཡི་འོད་ཐིགས་ལ་ཞེན་ཞེན།

ལྦུ་ཆང་གི་དམ་བེར་འཐག་འཁྱུད་བཞིན་འཁྲིལ།


བརྩེ་བ་དང་བརྩེ་བ་ཡི་ཤ་ཞེན་ལྷོད་དེ།

ཤེལ་ཕོར་འཐབ་པའི་ཐྲིག་ཐྲིག་རྡོལ་གྲལ་སྒྲིག་ནས།

འཛུམ་བག་དང་དགོད་སྒྲ་ཡི་གླུ་ཆུང་རླུང་ལ་སྐུར།

ཐུག་འཕྲད་དང་གྱེས་བྲལ་གྱི་རླབས་ཕྲེང་མིག་མཐའ་ནས་བཞུར།


ཐྲིག་ཐྲིག་ཤེལ་ཕོར་འཐབ་པའི་སིང་སྒྲའི་ཁྲོད།

ལ་རྒྱ་དང་བརྩེ་བ་ལྦུ་ཆང་དང་ལྷན་དུ་ཞབས་ཏག་གིས།

ལུས་འབྱུང་རྩ་འདར་བཞིན་འཁྱོམ་པས།

ལག་ནང་གི་ཤེལ་ཕོར་བྱིལ་ཏེ་ཆག་ཀྲུམ་ནས་ཧྲུག་པོར་སོང་།

གངས་ལྗོངས་ན་མེ་སྤྲེལ་གྱི་ཞབས་སོར་འཁོད་པས།

མྱོས་བྱེད་བཞིན་དགའ་བ་འབུམ་གྱིས་མྱོས་པའི་སྐྱེ་བོ་དག

སེམས་པ་དེ་ཞིང་ཐང་ནས་སྤང་ཐང་ལ་བརྡལ་ཏེ།

གཞས་སྒོར་དང་གླུ་ཆུང་གིས་ཀླད་ལ་བསྐྱིལ་མྱོང་བའི་ས་མཐོའི་ལོ་གསར་གླེང་།


འདས་སོང་ལ་བསམ་གཞིག་འདྲ་འཐོར་ཡང་།

ལྦུ་ཆང་གི་དཀྱིལ་དུ་བཙུགས་དྲགས་པའི་ཁ་དམར་དེས།

སྨན་ཁང་གི་པང་དུ་ལུས་པོ་གླན་ནས་དུས་ཚོད་མཛུབ་རྩེར་བསྐོན་ཏེ་འཚོ།


འཚོས་ཤིང་སྦྲིད་པའི་ལེབ་ལེབ་ལྕེ་དམར་ལ་བདག་པོ་རང་མ་ཟིན་པས།

གློག་དམར་འཁྱུག་རྗེས་འབྲུག་སྐད་ལྡིར་ལྡིར་གྲགས་པ་བཞིན།

མི་ཁ་དང་རང་རྒྱལ་གཞན་ཕམ་གྱི་གཡུལ་འགྱེད་རླུང་ཡན་མཐོ་སྒང་ན་འཚུབ།

དམར་མཆོད་ཀྱི་མཆོད་པ་མཐོ་སྒང་གི་ཡུལ་ལུང་གང་སར་འོད་ལམ་ལམ།


༢༠༡༦ལོའི་ཟླ་༢པའི་ཚེས་༡༦ནས༡༧ཉིན།

ཕ་ཡུལ་ནས་རྒྱ་ཚྭའི་བར།

རྩོམ་པ་པོ།:xzsn521 སྤེལ་དུས་:2015-12-25 15:22:25
རྩོམ་པ་པོ།:xzsn521 སྤེལ་དུས་:2015-10-23 21:10:35


རྩོམ་པ་པོ།:xzsn521 སྤེལ་དུས་:2015-2-6 12:59:14

མཚན་མོར་འོད་སྣང་སྒོམ་པ།


ཀ་ཁའི་རྒྱང་འབོད།


སྨག་མུན་གྱི་ཡོལ་བས་གནམ་ས་ཁྱུར་མིད་བཏང་དུས

བློང་བློང་པའི་སེམས་པ་འདི

དྲི་རྫོབ་ལ་ལག་སྙོབ་བསྲིངས་པའི་སྦྲང་ནག་དང

སྨག་ལྗོངས་ལ་དད་ཞེན་ཟབ་པའི་འུག་པ་བཞིན

བརྩེ་བ་ཡི་ཐག་སྐུད་དྲུད་དེ

ཁྱེད་ཀྱི་འོད་སྣང་སྒོམ་གྱིན་གཉིད་ལ་ཡུར


དབེན་འཇགས་ཀྱི་མཚན་མོའི་སྒོ་གླེགས

མདུང་རྩེ་ལས་རྣོ་བའི་འཁྱམ་ཁྱིའི་ཟུག་ངུ་དང

འོད་ཁར་འདུར་བའི་ཕྱེ་ལེབ་སྒེག་མོའི་གཤོག་སྒྲོས་བརྡུངས་དུས

རྣ་བ་བཀུག་སྟེ་མལ་ཐུལ་མགོ་ལ་དཀྲི་དགོས་བྱུང


རྟུག་དྲི་དང་རྐང་དྲི་ལས་མི་མངའ་བའི་ཉལ་གཟན་ནང

འདས་དང་ད་ལྟའི་ཁྱེད་ཀྱི་སྙན་ངག་སེམས་ཀྱིས་མྱངས་དུས

ཕྱི་རོལ་ན་ལྡང་གྱིན་པའི་རླུང་འཚུབ་ངར་མས

སྐར་ཁུང་གི་ཤེལ་ཁྲ་ས་འགུལ་བཞིན་ཡང་ཡང་སྒུལ

འཇིགས་ཡེར་བའི་ཡུལ་ལྗོངས་སྐྱ་བོ་འདི་རུ

དོ་ནུབ    རི་བོའི་ཚུར་ཕྱོགས་ཀྱི་ང་རང

མཚན་གུང་གི་ཇག་པ་བཞིན

ཁྱེད་ཀྱི་འཇིག་རྟེན་ལ་འཇབ་རྒོལ་བྱེད་དགོས་བྱུང

༢༠༡༥ལོའི་ཟླ་༨པའི་ཚེས་༧ཉིན།

རྩོམ་པ་པོ།:xzsn521 སྤེལ་དུས་:2015-2-4 23:31:12

མཚན་མོ་འདི་དག


ཀ་ཁའི་རྒྱང་འབོད།


མཚན་མོ་འདི་དག

གོམས་འདྲིས་ཀྱི་བྱད་གཟུགས་ནོམ་པོ

འཇའ་རིས་བཞིན་མིག་མདུན་ནས་ཐོལ་གྱིས་ཡལ་དུས

དགུ་གསུམ་པ་ལྟར་འཁྱགས་པའི་སེམས་པ་འདིས

མདངས་ཤོར་བའི་རྡོ་ཁང་གྲུ་བཞི་ཡི་ཁོག་ནས

ཁྱེད་ཀྱི་རིན་ཐང་ལ་གོ་བ་རྙེད་ཀྱང

མལ་ཐུལ་སྔ་ས་ནས་དྲོད་ཀྱིས་སྟོངས་ཟིན་འདུག


མཚན་མོ་འདི་དག

འུག་པའི་གཤོག་འགྱུར་ལ་གོམས་པའི་ལུས་རྟེན

གྲང་ལྷགས་ཀྱིས་ཕྱི་ནང་ཉིས་ནས་བཤེར་དུས

ནམ་ཕྱེད་གསང་བར་ཨ་སློག་ཡང་ཡང་རྒྱག་དགོས་བྱུང

ཁྱིམ་ཆས་དང་ངོ་གདོང་ལས་མི་མངོན་པའི

སྐར་ཁུང་གི་དྲ་མའི་མེ་ལོང་ལས་ཟླ་བ་ཅེར་དུས

ཕྱི་རོལ་ལ་ད་དུང་ཁ་བ་འབབ་ཀྱིན་འདུག


དཀྱུས་ཞེང་རིང་བའི་མཚན་མོ་འདི་དག་རིང

རབ་རིབ་དབུགས་རྒྱུན་གྱི་སྦར་མྱུལ་ཁྲོད

ཧབ་སད་ཀྱིས་གཉིད་ཀྱི་རྒྱུ་བ་ཆད་པ་ཐེངས་གཅིག་མིན


ཁ་ཤུལ་གྱི་ཉི་གཞོན་ཕེབས་དུས་དང

རྒྱང་བཞུད་ཀྱི་ལོ་མར་གསོན་ཤུགས་འཕེལ་བའི་སོས་དུས་དེར

ངས་འབྲི་འདོད་པའི་སྙན་ངག་ཚང་མ་ཁྱེད་ལ་བྲིས་ཆོག

༢༠༡༤ལོའི་ཟླ་༡༡ཚེས་༦ཉིན།  ཐོ་རེངས།

རྩོམ་པ་པོ།:xzsn521 སྤེལ་དུས་:2014-11-2 16:53:47


བར་སྐོར་ཁྲོམ་སྲང་།

ཅི་ཏེ་མ་ཅཱ་ཡིས་བརྩམས།

ཀ་ཁའི་རྒྱང་འབོད་ནས་བསྒྱུར།

གཅིག་མཐུན་གྱི་ཁ་ཕྱོགས་ལ་གཏད་དེ

སྐྱེ་འགྲོ་ཀུན་གྱི་སྟངས་སྟབས་བཞིན་སྲང་ལམ་མྱུལ

ངའི་སྣང་བྱེད་ཀྱི་དྲན་ཤིང་དུ

བར་སྐབས་འདིར་དུས་འཁོར་གྱི་ཐ་སྙད་དང

སྐད་བརྡ       སྒྲ་རླབས་བཅས་བོར་ཟིན་འདུག

དུས་རྒྱུན་མིན་པའི་ནམ་དུས་འདིར

ངས་ལྷ་ལ་གསོལ་འདེབས་ཀྱིས

ཕྲན་གྱི་མཐོང་རིག་ཏུ་རྡོ་དང་ཟངས་རིགས་ལས

དེ་མིན་ཅི་ཡང་མེད་སྣང་ཞུས


八角街

吉狄马加

沿着一个方向
我们像所有行进着的人们那样走着
我记得:
在瞬间我们曾忘记过时间
忘记过语言,忘记过声音
因为在这样的时候,我向神祈示
我只看见了石头和铜
其余什么也没看见

རྩོམ་པ་པོ།:xzsn521 སྤེལ་དུས་:2014-10-28 19:22:12

དྲན་པ་སློག་པའི་ནམ་དུས།


རི་གྲོང་ལ་སེར་མདོག་གི་འོད་སྣང་འབྱིན་པའི་པད་ཁའི་མེ་ཏོག

རྡོག་པོར་འགྲིལ་ཏེ་དུས་ཚིགས་ཤིག་གི་བཞུད་ལམ་བརྒལ་ནས

ལམ་ཆུང་གྲོལ་ནས་ལམ་ཆེན་བརྒལ་བར་རྩོམ

འདི་ཀོ    ལུས་ཀྱི་ཕྱི་ནང་ཞག་རྩིས་བྲན་པའི་ནམ་དུས་རེད


དེ་རིང    སྣུམ་འཚག་ལས་སྣོན་གྱི་བཟོ་གྲྭ་ན

བཅོས་མིན་གྱི་འཛུམ་བག་དང་ཕྱིར་མིག་གི་ཆགས་སྡང་གིས

སེམས་ཀྱི་ཕྱི་ནང་གཤགས་ཤིང

སེམས་ཀྱི་ཟབ་སའི་བྱིས་སྒྲུང་མང་པོར

ཨ་སློག་ཡང་ཡང་རྒྱབ་ཐལ


ནམ་ཞག་རྒྱུན་དུ

ལམ་ཕྱེད་ཕར་ལ་བསྐྱལ   ཐོ་རེངས་ཚུར་ལ་བསུས་ཏེ

ཨ་ཡིག་ཟས་ཀྱི་ཉིང་བཅུད་ཤ་གསེང་རུས་གསེང་དུ་ཐིམ་དུས

སོར་རྩེའི་ཕྱག་སྨྱུག་བསྒུལ་བར་ལྷ་ཡིས་ཁ་ལོ་བསྩལ


ལྟག་རྒྱབ་ལ་མཉེན་ཕུར་གཏོང་བཞིན

སྨྱུག་རྩེར་སོ་མོ་བཏབ་པའི་ངང་ཚུལ་ནི

འཇམ་ནེན་གྱི་ལོ་མ་སྐམ་པའི་དུས་ཚིགས་ལ་བབས་ཡོད


གནམ་བསྐོས་མས་ལྷན་སྐྱེས་ཀྱི་ཤེས་རབ་འདྲ་འདྲ་གསོལ་ཡང

སྐྱེས་སྦྱངས་ཀྱི་མཛའ་མོར་དད་ཞེན་མི་གཅིག་པས

དབྱར་དགུན་གྱི་ནམ་ཟླར་ཤི་འཐམ་རོ་འཐམ་གྱིས

ལུགས་གཉིས་ཀྱི་རྟོགས་བརྗོད་བརྩམས་པའི

དུས་ཚིགས་ཤིག་གི་འགྲེལ་ཚུལ་ལ་ངེས་པ་འདྲོང་ངེས

ཀ་ཁའི་རྒྱང་འབོད།

༢༠༡༤ལོའི་ཟླ་༡༠པའི་ཚེས་༢༣ཉིན།


ཐོགས་རེག་མེད་པའི་ནམ་མཁའ།


ཉི་མའི་གྲིབ་མ་གྱོན་ཞིང་ཟླ་བའི་འོད་སྣང་ལ་འཁྱུད་ཙ་ན

གློག་ཀླད་བརྙན་ངོས་ཀྱི་ཡོལ་བ་དལ་བུར་ཕྱེ་ནས་ཡོད

བརྙན་ཟློས་པང་ནས་ཧོལ་གྱིས་བཞད་པའི

མེ་ཏོག་བཞིན་མཛེས་པའི་གཉོམ་དུང་དུང་གི་སྐད་ངག་དེས

སྙིང་ཁ་དཔྱང་ཐག་གི་སྣེ་མོར་ཡང་ཡང་བཏགས་ཀྱང

བསྔགས་པའི་མཆོད་པ་མཐེ་བོང་དབུ་རུ་བཀོན་ནས་ཡོད


བྱིས་ལོ་ཁྱེད་ཀྱི་དབུ་ཐོད་དུ་དམར་ཐིགས་བཞིན

ལང་ལོང་འཁྲིགས་པའི་སྤྲིན་ནག་གི་བུ་ག་ནས

ཞོགས་ཟིལ་ལྟ་བུའི་ཆུ་ཐིགས

འཇིག་རྟེན་ཕར་ངོགས་ཀྱི་ཟླ་བར་འཁྲེང་བའི་མིག་ཟུང་ལས

རྒྱ་མཚོའི་ལྟོ་བར   རྦབ་རྡོ་བཞིན་འགྲིལ


སྐད་ཆས་སེམས་དང་སེམས་པའི་ཕྱི་ནང་དེ་བཤགས་པས

ཡིད་བརྙན་གྱིས་བསླས་པའི་ཨ་མའི་མེ་ལོང་གས་ཆག་སྟེ

དྲན་སྣང་ཞིག་དང་བརྩེ་བ་ཞིག་གི་བརྒྱུད་རིམ་ལས

གདངས་དབྱངས་ཞིག་གི་འགྱུར་ཁུག་ལ་བསྡེབས་པའི

དྲན་རིག་དེ་ཡང་སྐྱོ་ངལ་གྱི་མཁའ་དབྱིངས་སུ་དྲུད་པས

མགྲིན་པ་བརྣགས་ཤིང་སྐད་ངག་ཡང་འཛེར་ཐལ


ཨ་མས་གསེད་མྱོང་བའི་མཁའ་མཐའི་སྤྲིན་ཚོམ་ནས

ཞོགས་ཟིལ་ལྟ་བུའི་ཆུ་ཐིགས   ཨམ་གཙིགས་ཁྲོད

རབ་རིབ་ཀྱི་ལྟེང་ཀ་ནས་ཐུར་དུ་འཁྲུལ་བའི་ཟེགས་མ

རྒྱ་མཚོའི་ལྟོ་བར    ཕྲེང་བརྒྱུད་ལྟར་འགྲིལ་སོང

ཀ་ཁའི་རྒྱང་འབོད།

༢༠༡༤ལོའི་ཟླ་༡༠པའི་ཚེས་༡༢ཉིན།   མཚན་མོ།


རྣམ་དག་ཅན


ལྗོན་ཤིང་གི་སྐྲ་ལོ་དང་ནང་སྙིང་ཚལ་བར་གཏོང་བྱེད་དེ་ནི

ཡ་ང་སྙིང་རྗེ་དང་གྱེས་པའི་སྡིག་ཅན་སྟོན་ཁ་དེ་ཡིན་པས

སྟོན་ཁའི་ཞིང་ཐང་དུ་ལྷག་པའི་སྙེ་མ་སྒྲུག་མཁན་དག་ནི

རྣམ་དག་ཅན་གྱི་མི་དཀྱུས་མ་དག་གོ

ཀ་ཁའི་རྒྱང་འབོད།

༢༠༡༤ལོའི་ཟླ་༡༠པའི་ཚེས་༣ཉིན།

གསེར་གདུབ།


ཉིན་གང་གི་སྤྲོ་གསེང་ལ་བཞི་ཤད་འཐེན་ནས

མཚན་མོའི་མཛེས་ལྗོངས་ལ་དབུ་འཁྱུད་འབྲི་དུས

ཆུང་མས་ཁྱིམ་སྒོ་ཐོལ་གྱིས་བསྣུན་བྱུང

ཨ་ཤིང་གི་མགོ་རྔ་ཨོ་ལོས་བསྒྱུར་རྗེས

དགོད་ཁ་དང་ཀུ་རེའི་ཚུལ་གྱིས་དེ་རིང་ཁྲོམ་གཞུང་ནས

ཁྱོ་ག་རང     དྲན་མེད་རྒྱལ་བའི་ཉོ་ཆ་རྒྱབ་ཡོད་སྐད


བརྩེ་བས་འཁྱིལ་བའི་ཤོག་སྒམ་ཕྲན་རྡོག་སྟེ

མིག་དབང་མཁན་པོའི་སྟོན་མོར་བཤམས་དུས

སྟོན་མཇུག་ལོ་མའི་གསེབ་ནས་འཕྲོས་པའི་འོད་ཐིགས་དེས

སེམས་ཁ་དེ་འཁྱགས་སྒམ་ནས་འཛར་བའི་ཆུ་ཐིགས་ལ་རེག་བྱུང

དེ་ནི་ང་རང་ཕྱི་ཚུལ་ལས་ནང་གི་མཛེས་པར་དུང་བ་ཟབ་པས་ཡིན་སྲིད


རྒན་རབས་པ་དང་དམ་པ་ཡབ་མེས་ཚོས

གནའ་རབས་ཀྱི་དུས་ཙ་ན

གསེར་རིགས་ལ་དུག་སེལ་དང་ཐོག་བཏེགས་སོགས་ཀྱི་ནུས་པ་མངའ་ཞེའོ


དེང་གི་ཆ་འདི་ན

ཞེ་སྡང་དང་ཕྲག་དོག་གིས་བཀྲུས་ཤིང

ངོམས་འཕྱར་དང་ཡོད་མདོག་གི་མཁའ་དབུགས་ཁྲོད

གསེར་ལ་མངའ་བའི་ནུས་བྱེད་ཆུ་ཡི་ལྦུ་བའི་གཤིས་སུ་གྲུབ


ཕྱི་ཚུལ་གྱི་མཛེས་པར་དད་ཞེན་དང་དང་དོད་ཀྱིས

བཞེངས་པའི་ཁོར་ཡུག་འདི་དང

ནང་སེམས་ཀྱི་མཛེས་པར་དད་མཁན་དཀོན་ཚོད་ཀྱི་ནམ་དུས་འདི

ངའི་ལུས་པོའི་བྱང་ཚད་ལ་མི་འཚམ་ལ

ངའི་ཁོར་ཡུག་དང་ཁ་ཐག་ཤིན་ཏུ་རིང

ཀ་ཁའི་རྒྱང་འབོད།

༢༠༡༤ལོའི་ཟླ་༡༠པའི་ཚེས་༣ཉིན།   མཚན་མོ།


རྩོམ་པ་པོ།:xzsn521 སྤེལ་དུས་:2014-10-17 17:12:09
 

ཁག་ཅི་ཡོད

དེང་གི་སློབ་གསོའི་ཁ་ཕྱོགས་ཀྱི

སྐར་གྲངས་ཆེད་དུ་སྐྱོར་འཛིན་ལ་གོམས་པའི་གཅེས་ལོ

སང་ཉིན་ཁྱེད་ཚོར་སེམས་ཀྱི་རྒྱགས་ཕྱེ་ཅི་ཞིག་ལྷག་སྲིད

 

དྲེད་མོང་གི་འཕྱི་བ་བཟུང་གི་སློབ་ཐབས་འདི

ཁ་ཞེ་མི་མཐུན་དོན་གྱི་རྡོ་ཁ་ཟད་པའི་ཐ་སྙད་སྐམ་རིད

བཙན་པོ་གླང་དར་གྱི་དབུ་ལ་རྭ་ཅོ་མངའ་ཡང

འདུག་ཅེས་ཀི་འབོད་བྱེད་ཡ་མེད་དུས

གཅེས་ལོ་ཁྱེད་ཚོར་ཁག་ཅི་ཡོད

 

སྐྱོན་གྱི་སྙིང་པོར་འགྲོ་ཞིང་མི་གཤིས་སྐྱོང་བའི་ལྡུམ་ར་ན

ཟ་རོ་དང་ཀླད་སྟོང་གི་ཞྭ་ནག་ཁྱེད་ཚོར་བསྐོན

ཚིག་ཟུར་དང་ཉེས་རྡུང་གི་ཕྲ་རྒྱན་ཁྱེད་ཚོའི་ལུས་ལ་བཏབ

མདོར་ན་ཐམས་ཅད་ཀྱི་ཐམས་ཅད་ཁྱེད་ཚོའི་ལན

སློབ་ཆེན་གྱི་སྒོ་མོ་འགྲིམས་མྱོང་བའི་ཤེས་ལྡན་པས

བཤེས་གཉེན་གྱི་མིང་འཛིན་དང་དུ་བླངས་ནས

སྐར་གྲངས་ཁྲོད་ནས་མི་གཤིས་བརླག་པར་རྩོམ་དུས

གཅེས་ལོ་ཁྱེད་ཚོར་ཁག་ཅི་ཡོད

ཀ་ཁའི་རྒྱང་འབོད།

༢༠༡༤ལོའི་ཟླ་༩པའི་༢༩ཉིན།

རྩོམ་པ་པོ།:xzsn521 སྤེལ་དུས་:2014-10-15 16:08:29
 

དྲན་སྣང་ཞིག

རི་བོང་གི་ཁེར་གཞས་ལ་གོམས་པས

རྨི་ལམ་མང་བའི་མཚན་མོ་འདིའི་བང་རིམ་བཅད་དེ   

སྐྱ་རེངས་བུ་མོའི་འདོད་གཞས་ཅིག་ལ་རྣ་བ་བླགས

རྟ་བདུན་གྱིས་མི་ཡུལ་ལ་འོད་ཀྱི་ཟླུམ་པོ་དྲུད་པའི

ཞོགས་པ་དེར       གྱོན་ཞོར་དང་འགྲོ་ཞོར་འདུག་ཞོར

སྒྲ་གཟུགས་རི་མོའི་སྒྱུ་རྩལ་ལ་འཁེན་ཞིང་རྩེན་པའི

བརྩེ་ཐག་གི་སྣེར་མོར་འཁྱུད་པའི་ཡ་ཆུང་སྙིང་གི་བུ་ལོ

རི་བོ་དང་གཙང་པོའི་ཚུར་ངོགས་ནས

བྱིས་དུས་ཀྱི་སྙིང་སྡུག་དྲན་དུ་གསོས་པ་བཞིན

བར་ཐག་དབར་ནས་སེམས་ཁར་ཡང་ཡང་བབས་བྱུང

ཀ་ཁའི་རྒྱང་འབོད།

༢༠༡༤ལོའི་ཟླ་༡༠པའི་༡༥ཉིན།   ཞོགས་པ།

རྩོམ་པ་པོ།:xzsn521 སྤེལ་དུས་:2014-9-28 19:28:19
 

མཚན་མོའི་ཁེར་ལབ།

ཉིན་མཚན་ལྡོག་ནས་འགྲུལ་བཞུད་བརྩམས་པའི་འགུལ་ཅན་དག

རི་བོའི་མདུན་ནས་ཆས་ཤིང་རྒྱབ་ནས་སྐྱོར་བའི་བྱེད་ལས་ཀྱིས

འཇིབ་ཁུས་འཚོས་པའི་ལག་དམར་བསྣར་བར་འོལ་ཚོད་མེད

འཇིགས་སྐུལ་གྱིས་བཞེངས་ཤིང་བདེན་པ་དབུལ་བའི་མཚན་སྨག་འདིར

མཁའ་ལ་འཕགས་པའི་ཡར་ཚེས་ཟླ་བས་འོད་རླབས་བཀྱེད་དུས

འགུལ་ཅན་གྱི་རྒྱབ་གཟུགས་དག

མཐོང་ལམ་ནས་ཇེ་རྒྱང་དང་རབ་རིབ་ནས་ཡལ་བར་གྱུར

ཀ་ཁའི་རྒྱང་འབོད།

༢༠༡༤ལོའི་ཟླ་༩པའི་ཚེས་༢༩ཉིན།    ཐོ་རེངས།

རྩོམ་པ་པོ།:xzsn521 སྤེལ་དུས་:2014-9-28 14:17:57
 

རྒྱབ་མདུན།

 

མདུན་རི་དང་རྒྱབ་རིའི་ཧྲག་ཏུ

བརྒྱད་ཅུར་བཞུད་པའི་བགྲེས་སོང་བཞིན

སེར་ཁའི་སྐྱ་རིས་འཐེན་པའི་རྫ་བུམ་ཁ་ཆག་དེའི་ནང

ནད་ཀྱིས་ཟིན་པའི་འབུ་ཕྲར་གྲོག་མས་འཛིངས་ནས་འདུག

 

ཁ་སྦུག་གཉན་ཚད་རྒྱས་པས་ཡིན་ནམ

ཡང་ན    འུད་ཤོབ་དང་ཉོག་གཏམ་འཛར་དྲག་པས་ཡིན

གང་ལྟར་རུལ་མྱགས་དྲི་ཡིས་འཁྲིས་སུ་བསྡོད་ཚུགས་བྲལ

 

རྒྱབ་མདུན་རི་བོའི་ནགས་གསེབ་ནས

སྤྲེལ་ཕོ་མོའི་ལབ་རྡོལ་རྫོབ་པོས་ཞི་འཇགས་དཀྲོགས

དུས་ངེས་མེད་རྒྱུ་བའི་རླུང་འཚུབ་ངར་མའི་རྒོད་ཚུལ་དེས

དཀར་ནག་རྡེའུ་ཡི་ཁ་དོག་རྨང་ནས་འགྱུར

ཀ་ཁའི་རྒྱང་འབོད

༢༠༡༤ལོའི་ཟླ་༩པའི་ཚེས་༢༤ཉིན།

 

རྩོམ་པ་པོ།:xzsn521 སྤེལ་དུས་:2014-7-30 10:10:37

བླ་མཚོའི་ཆུ་ཐིགས་ཚགས་པར།

༼འདོན་ཐེངས་དང་པོ།༽

ཤོག་ངོས། ༡

ཤོག་ངོས། ༢

ཤོག་ངོས། ༡

ཤོག་ངོས། ༢

༼འདོན་ཐེངས་གཉིས་པ།༽

 ཤོག་ངོས། ༡

ཤོག་ངོས། ༢

ཤོག་ངོས། ༡

ཤོག་ངོས། ༢

  

ལོག་གླིིང་ཤང་ལྟེ་བའིི་སློོབ་ཆུང་གིི་༼བླ་མཚོའིིི་ཆུ་ཐིགས་

ཚགས་པར་༽གྱིི་རྩོམ་སྒྲིིག་དོ་དམ་དང་རྩོམ་ཡོན་

སྤྲོད་པའི་ལམ་ལུགས་།

ངེད་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་དང་།   སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་བསྲིངས་ཐུབ་པ། སློབ་མའི་རང་མོས་རང་བཞིན་དང་རང་འགུལ་རང་བཞིན་སྐྱེད་སྲིང་ཐུབ་པའི་ཆེད་གོང་རིམ་ཚན་ཁག་དང་སློབ་གྲྭའི་དབུ་ཁྲིད་ཀྱི་ཚད་མཐོའི་མཐོང་ཆེན་འོག་སློབ་གྲྭའི་ལས་དོན་ཚོགས་འདུའི་ཐོག་ཞིབ་་་་འཇུག་བྱས་པ་བརྒྱུད།   ཟླ་རེར་རྒྱ་བོད་ཡིག་རིགས་ཁག་གཉིས་ཀྱི་ཐོག་ནས་ཚགས་པར་པར་ངོས་རེ་པར་སྐྲུན་འདོན་སྤེལ་བྱ་རྒྱུའི་གཏན་འབེབས་བྱས་ཡོད།  སློབ་གྲྭའི་ཚགས་པར་སྟེང་དུ་བཀོད་པའི་རྩོམ་ཡིག་ལ་རྩོམ་ཡོན་སྤྲོད་པའི་ལས་ཀར་ཤུགས་སྣོན་དང་རྩོམ་ཡོན་དུས་ཐོག་ལ་རྩོམ་པ་པོར་ལག་སྤྲོད་ཐུབ་པ།   དགེ་སློབ་ལྷན་རྒྱས་ཀྱིས་རྩོམ་སྒྲིག་ཁང་ལ་རྩོམ་ཡིག་བསྐུར་བའི་ཧུར་བརྩོན་རང་བཞིན་ལ་སྐུལ་མ་ཐེབས་ཕྱིར།   བླ་མཚོའི་ཆུ་ཐིགས་ཚགས་པར་རྩོམ་སྒྲིག་ཁང་ནས་རྩོམ་ཡོན་སྤྲོད་པའི་ལམ་ལུགས་གཏན་འབེབས་བྱས་པ་གཤམ་གསལ་ལྟར།

གཅིག    ཚགས་དེབ་ཀྱི་ངོ་བོ།

ནང་ཁུལ་གྱི་ཚགས་དེབ།    རྩོམ་ཡིག་བསྡུ་བའི་ཁ་གཏད་ཡུལ་ནི་རང་སློབ་གྲྭའི་དགེ་སློབ་ཡོངས་དང་རང་རྫོང་གི་སྤུན་ཟླའི་སློབ་གྲྭ་ཁག

བླ་མཚོའི་ཆུ་ཐིགས་ཚགས་པར་ཟླ་རེར་ཐེངས་རེ་པར་སྐྲུན་འདོན་སྤེལ་བྱ་རྒྱུ། 

གཉིས།    རྩོམ་ཡིག་གི་བླང་བྱ།

རྩོམ་ཡིག་གི་ནང་དོན་ཕུན་སུམ་ཚོགས་པ་སྟེ།  སློབ་གྲྭའི་གསར་འགྱུར། སློབ་གསོའི་བགྲོ་གླེང་།  སྙན་ངག་དང་ལྷུག་རྩོམ།   རྒྱ་བོད་ཡིག་གཟུགས།   མཛེས་རིས་བརྩམས་བྱ།    བདེ་འཇགས་རྒྱུན་ཤེས།    ཀུན་སྤྱོད་སློབ་གསོ།   སློབ་སྦྱོང་མྱོང་བ་བཅས་འདུས་ཡོད།

རྩོམ་ཡིག་བསྐུར་དུས་རུས་མིང་དང་ལོ་རིམ།    ལས་ཁུངས།   འབྲེལ་གཏུགས་ཁ་པར།    E-mail ཡིག་སྒམ་བཅས་ཁ་གསལ་འབྲི་རོགས་གནང་།    དེ་འདྲ་བྱུང་ན་རྩོམ་ཡོན་སྤྲོད་པ་དང་བསྐུར་བར་སྟབས་བདེ་ཡོང་ཐུབ།

གསུམ།    རྩོམ་ཡོན་གྱི་ཚད་གཞི།

སློབ་གསོ་སློབ་ཁྲིད་ཀྱི་བགྲོ་གླེང་རྩོམ་ཡིག་རིགས་ལ་རྩོམ་ཡོན་སྤྲོད་པའི་ཚད་གཞི་ནི་ ཡིག་འབྲུ་༣༠༠ མན་ཆད་ལ་རྩོམ་ཡིག་རེར་སྒོར་༣༥ དང་།    ཡིག་འབྲུ་༤༠༠ ཡན་ཆད་ལ་རྩོམ་ཡིག་རེར་སྒོར་༥༠ སྤྲོད་རྒྱུ་ཡིན།  

སྙན་ངག་དང་ལྷུག་རྩོམ་རྩོམ་ཡིག་རིགས་ལ་རྩོམ་ཡོན་སྤྲོད་པའི་ཚད་གཞི་ནི་ཡིག་འབྲུ་མང་ཉུང་ལ་མ་བཏོས་པར་རྩོམ་ཡིག་རེར་སྒོར་ ༣༠  སྤྲོད་རྒྱུ་ཡིན།

ཡིག་གཟུགས་དང་མཛེས་རིས་སྒྱུ་རྩལ་བརྩམས་བྱར་རྩོམ་ཡོན་སྤྲོད་པའི་ཚད་གཞི་ནི་ ཡིག་གཟུགས་དང་མཛེས་རིས་ལ་གཅིག་གྱུར་ཐོག་པར་ཤོག་རེར་སྒོར་ ༢༠  སྤྲོད་རྒྱུ་ཡིན།

བཞི།    རྩོམ་ཡོན་སྤྲོད་པའི་ལས་དོན།

བླ་མཚོའི་ཆུ་ཐིགས་ཚགས་པར་རྩོམ་སྒྲིག་ཁང་ནས་མ་ཟིན་གཏན་འཁེལ་ཟིན་རྗེས།   སློབ་གྲྭའི་ཚགས་པར་ཐོག་བཏོན་པའི་རྩོམ་ཡིག་གི་རྩོམ་ཡོན་གཅིག་གྱུར་ཐོག་ཞིབ་རྩིས་དང་ཟླ་རེར་ཞིབ་རྩིས་ཐེངས་རེ་་་རྒྱབ་ནས་སློབ་དོན་སློབ་སྤྱིའི་གཞུང་ལས་ཁང་དུ་རྩིས་ཞུ་བྱ་རྒྱུ།

སློབ་དཔྱོད་ཀྱི་འགྲོ་གྲོན་ནང་ནས་རྩོམ་ཡོན་སྔོན་གཏོང་བྱས་མ་ཐག་རྩོམ་ཡོན་གྱི་ཞིབ་ཐོའི་མིང་བྱང་དྲ་བ་ བླ་མཚོའི་ཆུ་ཐིགས་ཚགས་པར་དྲ་ཚིགས།http://luolin.csepa.cnདང་སློབ་གྲྭའི་སྤྱི་བསྒྲགས་བྱང་བུའི་ཐོག་བརྒྱུད་བསྒྲགས་བྱ་རྒྱུ།   སྤྱི་བསྒྲགས་གཟིགས་བྱུུང་ན་གང་མགྱོགས་སློབ་དོན་ཁང་དུ་རྩོམ་ཡོན་ལེན་པར་ཕེབས་རོགས་གནང་།   རྩོམ་ཡོན་ལེན་པའི་དུས་བཀག་དུས་ཚོད་ནི་ཉིན་ ༢༠ ཡིན།    གལ་སྲིད་དུས་བཀག་ལས་འགལ་ན་ཐོ་ཁོངས་ནས་སུབ་སྟེ་སློབ་དོན་སློབ་སྤྱིའི་གཞུང་ལས་ཁང་དུ་རྩིས་སྤྲོད་བྱ་རྒྱུ་ཡིན།

ལྔ།    བྱ་དགའ་ལམ་ལུགས།

བླ་མཚོའི་ཆུ་ཐིགས་ཚགས་པར་ལ་དམིགས་གསལ་གྱི་ལེགས་སྐྱེས་ཕུལ་གནང་མཁན་གྱི་རྩོམ་པ་པོར་ལོ་མཇུག་སྐབས་ལོ་ཧྲིལ་པོའི་རིང་།  ངེད་ཚགས་པར་རྩོམ་སྒྲིག་ཁང་དུ་རྩོམ་ཡིག་བསྐུར་བ་དང་ཚགས་པར་སྟེང་བཏོན་པའི་རྩོམ་ཡིག་གི་གནས་ཚུལ་ལ་གཞིགས་ནས།  ཚགས་པར་རྩོམ་སྒྲིག་ཁང་གི་ནན་ཏན་ངང་ཞིབ་བཤེར་བྱས་ཏེ་ལོ་མཇུག་གི་ བླ་མཚོའི་ཆུ་ཐིགས་ཚགས་པར་ ལ་ལེགས་སྐྱེས་ཕུལ་མཁན་གྱི་རྩོམ་པ་པོར་གདམ་ཐོན་བྱ་རྒྱུ་ཡིན།

གདམ་ཐོན་བྱུང་བའི་རྩོམ་པ་པོར་བྱ་དགའི་དངུལ་དང་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་སྤྲོད་རྒྱུ།

དྲུག    དཔར་དབང་གསལ་འདེབས།

བླ་མཚོའི་ཆུ་ཐིགས་ཚགས་པར་རྩོམ་སྒྲིག་ཁང་ལ་བསྐུར་བའི་རྩོམ་ཡིག་རྣམས་ངེད་རྩོམ་སྒྲིག་ཁང་ནས་ཟླ་རེའི་ཚགས་པར་པར་སྐྲུན་བྱས་པའི་ཉིན་གཉིས་པར་ཚགས་པར་ཐོག་བཀོད་ཡོད་མེད་ཀྱི་གནས་ཚུལ་རྩོམ་པ་པོར་བརྡ་སྦྱོར་བྱ་རྒྱུ་ཡིན།

གལ་ཏེ་ཁྱེད་ཀྱི་རྩོམ་ཡིག་བླ་མཚོའི་ཆུ་ཐིགས་ཚགས་པར་ཐོག་འདོན་སྤེལ་བྱས་ཡོད་ན།   ཁྱེད་ཀྱི་རྩོམ་ཡིག་  མཚོ་སྔོན་པོའི་ཟིན་བྲིས་དྲ་ཚིགས་  དང་  བླ་མཚོའི་ཆུ་ཐིགས་ཚགས་པར་དྲ་ཚིགས།  ཐོག་འདོན་སྤེལ་བྱེད་པར་མོས་མཐུན་བྱས་ཟིན་པ་ཡིན།

བདུན    རྩོམ་ཡིག་བསྐུར་ཐབས།

འབྲེལ་གཏུགས་མི་སྣ།རིན་ཆེན་རྡོ་རྗེ།

འབྲེལ་གཏུགས་ཁ་པར།13989051069

གློལ་རྡུལ་ཡིག་སྒམ།xzsn521@126.com;623590323@qq.com

གནས་ས།བོད་ལྗོངས་ལྷོ་ཁ་རྒྱ་ཚ་རྫོང་ལོག་གླིང་ཤང་ལྟེ་བའི་སློབ་ཆུང་།

       ལམ་ལུགས་འདིའི་འགྲེལ་བརྗོད་ཁེ་དབང་༼བླ་མཚོའི་ཆུ་ཐིགས་ཚགས་པར་༽ལ་དབང་།

སློབ་དོན་ཁྲུའུ།༼རྩོམ་སྒྲིག་ཁང་།༽

༢༠༡༤ལོའི་ཟླ་༤པའི་ཚེས་༡ཉིན།

རྩོམ་པ་པོ།:xzsn521 སྤེལ་དུས་:2014-6-25 13:57:27
     ལང་ཚོའི་མཆོད་པ།

དྲུག་གཅིག་བསུ་བའི་རིག་རྩལ་ནང་སྦྱོང་།

ཞི་དང་བདེ་ཡི་གསེར་ཡིག་བརྐོས་པའི

དྲུག་གཅིག་རྡོ་རིང་གི་དབུ་འཕང་སྤོར

ཁྲ་ཚོམ་མེ་ཏོག་ཚོམ་བུའི་མཆོད་རྒྱན་བསྒྲོན་པའི་ཕྱིར

རྐང་ལག་བསྡེབས་ཀྱིས་གཤོག་ཟུང་ལྡེམ་འགྱུར་དང

དུས་ཀྱི་བར་ནས་བརྡར་བའི་འགུལ་རིས་དེས

སྡོད་སྨད་གཉིས་ཀྱི་ཕྲ་ཕུང་ལྟེང་ཀའི་བུ་གའི་ཚོགས

ཁྲག་རྒྱུན་ལྟར་གྱི་རྔུལ་ཆུའི་ཟེགས་མའི་ཁྲོད་དུ་ཧལ་ཀྱིན་འབད

 

ལད་མོ་གཅིག་དང་ལད་མོ་གཉིས

རྔུལ་ཐིགས་གཅིག་དང་རྔུལ་ཐིགས་གཉིས

ལང་ལོང་འཐོར་བའི་འཛུམ་དང་དགོད་ཁའི་གོང་ཁ་ནས

དབྱངས་དང་འགྱུར་གྱི་ཁོང་དུ་སིམ་ཞིང་འཐོར

 

ལོ་ཚིགས་བར་ནས་འདུར་བའི་དུས་སྟོན་ཉིན་མོར

ལྡེམ་འགྱུར་དང་ཁེ་དབང

འགུལ་རིས་དང་མནར་གཅོད   

རྡུལ་ཆུ་དང་སློབ་གསོ

དོན་གྱི་རྡོ་ཁས་ཕྱུག་པའི་ཐ་སྙད་འདི་དག

བྱིས་པའི་དག་ཞིང་ཀློང་གི་ཀི་འབོད་དང

འཚར་ལོངས་བརྒྱུད་རིམ་ཁྲོད་ཀྱི་རེ་སྨོན་ཡིན

ཀ་ཁའི་རྒྱང་འབོད

༢༠༡༤ལོའི་ཟླ་༦པའི་ཚེས་༢༠ཉིན

རྩོམ་པ་པོ།:xzsn521 སྤེལ་དུས་:2014-6-15 22:13:21
སྟག་མའི་ཐེའུ

རྒྱ་ཚྭ་རྫོང་ནས་ལེ་དབར་ཉི་ཤུའི་ས་ཡི་བམ་རིམ་བརྒྱུད་ནས

ཙི་ཙིའི་རྒྱུ་མར་འཁྲུལ་བའི་སྣུམ་ནག་གཞུང་ལམ་དེད་དེ

ཚགས་དམ་པའི་རི་སྲུབས་དྲུས་ནས་ཞོགས་ན

བག་ལ་གཞའ་བའི་ལོག་གླིང་ཤང་དུ་འབྱོར


སྟག་མའི་མེ་ཏོག  རི་སུལ་གྱི་ཁུག་སོ་ནས་བཞད་ཅིང

རི་སུལ་གྱི་ཁུག་སོ་ནས་རྒད་ཅིང་རྙིད་དེ་འཇའ་བཞིན་ཡལ


སྟག་མའི་གང་བུ་ཡི་གཉོམ་ལག་རྒྱས་ས་དང

གསེར་སྦྲང་གི་སེམས་པ་འཐུ་བའི་ཤེས་རིག་ལྡུམ་རྭར

ཐེའུ་ཆུང་ཚོ རི་གྲོང་གི་ཕང་ནས་རྨི་ལམ་ཐོགས་ཏེ

ཀ་ཁའི་འོད་ཐིགས་འཐུང་སླད་གནས་འདིར་འདུས


ཐེའུ་ཆུང་གི་གཅེས་ལོ་ཚོ

རྨི་ལམ་གྱི་གཤོག་ཟུང་དྲུད་པའི་དེ་རིང

དྲོད་འཇམ་ཉི་ཐིགས་འོག

ཁོག་ནང་རྔུལ་ཁྲག་སོར་མོའི་རྩེ་ནས་ཤོག་ཐོག་ལ་སྐྱུག་པར་བྲེལ


རྔུལ་ཁྲག་སྐར་ལ་ཕབ་སྟེ་རྒྱལ་ཕམ་ཐག་གཅོད་པའི་བརྒྱུད་རིམ་འདི

ཀྲུང་གོ་བའི་སློབ་གསོའི་གཟི་བརྗིད་ཡིན་ན

ཀུན་སྤྱོད་དག་པའི་སློབ་གསོས་རྗེས་རབས་པ་སྐྱོང་བ་ནི

ཨ་རི་བའི་ངོ་དགོས་པའི་སློབ་གསོའི་ཐ་སྙད་ནག་རིལ་དེར་འཐད


སྟག་མའི་མེ་ཏོག་གི་རྒྱབ་མདུན་གཡས་གཡོན་དུ་འགྲེང་ནས

སློབ་གསོ་བའི་ཐ་སྙད་འཐུང་བའི་རི་ནག་པོ་དག་གིས

སྐྱ་བོའི་སློབ་གསོའི་ནག་ཐིག་གི་རྒྱབ་ལྗོངས་དེད་དེ

རི་ཐང་ཀླུང་གསུམ་ལ་གོ་རིམ་མེད་པའི་ལྷན་མ་འདེབས་འདི་སྐྱོ

ཀ་ཁའི་རྒྱང་འབོད།

༢༠༡༤ལོའི་ཟླ་༦པའི་ཚེས་༡༡ཉིན

གཞི་ཀོང་རི་གྲོང་གི་སློབ་ཆུང་ནས་སྦྱར་བར་དགེའོ

རྩོམ་པ་པོ།:xzsn521 སྤེལ་དུས་:2014-5-14 21:05:12

གྲུ་ཁའི་སེམས་རིས

རྡོ་བྲག་དང་བསམ་ཡས་གྲུ་ཁ་མཐོང་རྗེས།

བྱིས་དུས་ཀྱི་དྲན་ངོགས་སུ

རྡོ་བྲག་དང་བསམ་ཡས་གྲུ་ཁའི་མཁའ་དབྱིངས་སུ

དྲི་བསང་གི་དུ་སྤྲིན་ལང་ལོང་དགུང་ལ་འཕྱུར་བཞིན

གཟུགས་ཅན་གྱི་མགོ་ནག་བྱེད་པོ་དག

གཅིག་ལ་གཅིག་མཐུད་ཀྱིས་འདུ་འཛི་དགོད་དེ

གནས་སྒོ་ཞབས་ཀྱིས་བཅགས་པར་བྲེལ


དེ་རིང་གཉིད་ལ་ཟིམ་པའི་ཡར་གཙང་གི་ཉེ་འགྲམ་དུ

ཀོ་གྲུ་དང་གློག་གྲུའི་འགྲུལ་བཞུད་རི་མོ་མྱུལ་དུས

གཙང་ངོས་སུ་མིག་མཐའ་འཕེན་བཞིན

དབུ་རུ་ཁ་བའི་ཟེགས་མ་ཐོགས་པའི་བགྲེས་སོང་དེས

ཞེ་འདང་དང་སྐྱོ་ངལ་གྱིས་ང་ལ

ལོ་རྒྱུས་ཀྱི་ཤོག་ངོས་རལ་པོ་དེའི་ཐོག

གསལ་ལ་མི་གསལ་གྱི་ཡི་གེའི་གཟུགས་སུ་བཀོད་ཡོད་སྐད


དུས་གསར་གྱི་ཚ་རླབས་ཁྲོད

ཟེར་གྲོས་ཀྱི་གཏམ་རྒྱུད་གངས་ལྗོངས་སུ་བརྩམས་ཏེ

ནོར་བུ་མང་དག་ཅིག་ལོ་རྒྱུས་ཀྱི་གཏེར་དུ་སྦས་ནས

གཏེར་རྫས་གཤམས་སྟོན་ཁང་དུ་འགྲེམས་སྤེལ་བྱེད་འདི་སྐྱོ

༢༠༡༤ལོའི་ཟླ་༥པའི་༡༤ཉིན།

ལོག་གླིང་རི་གྲོང་ནས་སྦྱར།

རྩོམ་པ་པོ།:xzsn521 སྤེལ་དུས་:2014-5-3 23:20:14

དབྲག

ལག་ངར་འཁྱུད་པའི་མཛུབ་རིས་ལྔ་པོ

མཐུན་པ་སྤུན་བཞིའི་གཤིས་སུ་གྲུབ་ཀྱང

མདུང་རྩེ་ལས་རྣོ་བའི་མི་ཁས་བསྣུན་པས

སྙིམ་གང་སྲན་མ་ས་སྟེང་བོ་ཞིང་འཐོར


བླ་སྲོག་བཟོ་སྐྲུན་བྱེད་པོའི་ཀ་པཱ་ལར

ཤེས་རིག་འབྲས་བུའི་གྲོག་ཚང་རྡོལ་བརྡོལ་ཡང

ཉོན་རྨོངས་རྒྱུ་གསུམ་པང་ལ་བཏབ་དྲགས་པས

དོན་གྱི་རྡོ་ཁའི་ཐ་སྙད་དལ་འགྲོའི་ངོ་བོ་ཉིད་དུ་གྲུབ

༢༠༡༤ལོའི་ཟླ་༥པའི་ཚེས་༣ཉིན་དགོང་མོ།

ཀ་ཁའི་རྒྱང་འབོད་ནས་རང་ཤག་ཏུ་སྦྱར།

རྩོམ་པ་པོ།:xzsn521 སྤེལ་དུས་:2014-4-14 18:22:33

ཐོག་མའི་བག་ཆགས།


ཕུགས་བསམ་ཅིག་དང   ལེགས་སྐྱེས་ཤིག་གི་གསེད་བརྡར་ལས

སྤྱི་ལེ་བརྒྱ་དང་ཞི་བཅུའི་ལམ་ཐག་བཅད་པས་ན

སྐད་གཉིས་རི་མོའི་བྱང་བུ་མཛེས་པའི་སློབ་གྲྭའི་སྒོ་རྩར་འབྱོར


ཁྲ་ཚོམ་གངས་ལྷའི་མེ་ཏོག་ཚོམ་བུའི་གྲལ་དུ་འདུར་བའི་ཚེ

གཟབ་སྦྲེང་རུ་ལྟར་སྒྲིག་པའི་ལྗོན་ཤིང་དང

ཤེས་རིག་མངར་ཁ་འཐུལ་བའི་དྲི་ལྡན་མེ་ཏོག་ཚོས

མགོ་ལྕོག་ལྡེམ་སེ་ལྡེམ་ནས་བསུ་བའི་ཆོ་ག་དེས

རྣམ་རྟོག་སེམས་ཉིད་བདེ་བའི་ལྟད་མོར་ལན་གཅིག་ཁྲིད


ཕྱི་ནང་རི་མོའི་མཁའ་དབྱིངས་ཡངས་པོ་རུ

གཟུགས་རིས་ཡི་གེའི་སྣང་བ་མཆེད་པ་ལས

སྒྲ་ཡི་སྦྱོར་བའི་འབྲུ་རྡོག་སུམ་ཅུའི་འཇའ་རིས་ནི

མཐའ་ཡས་རྒྱ་མཚོའི་ཆུ་ཐིགས་ཙམ་དུ་ཟད་པ་འདི

རྒྱུའམ་རྐྱེན་ནམ་དུས་རླུང་གང་གིས་འཁྱེར་རམ་ཅི


སྟོད་ཀྱི་སྤང་ལྗོངས་ཡ་ལ་སེར་ཤའི་མཛའ་མོ་ཡོད་དགོས

དབུས་ཀྱི་ཆུ་མོ་ཡ་ལ་གངས་རིའི་བྱིན་རླབས་ཐོབ་དགོས

སྨད་ཀྱི་ཐང་གཤོང་མ་ལ་ཀ་ཁའི་བྲོ་གར་མཆེད་དགོས་ཨོ་ལོ་ཚོ

ཀ་ཁའི་རྒྱང་འབོད

༢༠༡༤ལོའི་ཟླ་༤པའི་ཚེས་༡༤ཉིན

ལོག་གླིང་ཤང་གཞི་གོང་རི་གྲོང་ནས་སྦྱར།

རྩོམ་པ་པོ།:xzsn521 སྤེལ་དུས་:2014-4-1 9:42:37

གངས་ཅན་མཁས་པའི་གཙུག་གི་ཐོན་མི་བྷོ་ཊ་ཡིས། །

སྨག་རུམ་རྒྱ་རུ་ཚུད་པའི་བོད་ཡུལ་ཞིང་ཁམས་འདིར། །

ཤེས་རིག་སྒྲོན་མེའི་བྱིན་གྱི་འོད་སྣང་བསྩལ་མཛད་པས། །

ཀ་ཁའི་བྱེད་པོ་སློབ་དཔོན་ཁོང་ལ་སྙིང་ནས་འདུད། །

                                                                                       ཀ་ཁའི་རྒྱང་འབོད་ནས།

གསལ་བཤད།


སྲོལ་རྒྱུན་གྱི་སློབ་གསོ་སློབ་ཁྲིད་ལས་བར་བརྒལ་གྱིས་སྲོལ་རྒྱུན་གྱི་སྙིང་བཅུད་དང་དེང་རབས་ཀྱི་ཚན་རྩལ་ཟུང་དུ་འབྲེལ་ནས༼སྔོན་སྦྱང་རྗེས་ཁྲིད།  སྐབས་ཐོག་སྦྱོང་བརྡར།༽གྱི་སློབ་ཁྲིད་ཐབས་ལམ་གསར་པ་ཤ་མོ་བཞིན་བརྡོལ་བའི་སྐབས་འདིར། བོད་སྐད་ཡིག་གི་སློབ་ཚན་འཚོགས་པའི་སྔོན། དགེ་རྒན་ལ་གུས་ཚུལ་གྱི་བྱ་རིམ་༼རྒན་ལགས་སྐུ་ཁམས་བཟང་།༽ཅེས་པའི་རྣམ་པ་ལས་གྲོལ་ཏེ།

                   གངས་ཅན་མཁས་པའི་གཙུག་གི་ཐོན་མོ་བྷོ་ཊ་ཡིས། །

                                             སྨག་རུམ་རྒྱ་རུ་ཚུད་པའི་བོད་ཡུལ་ཞིང་ཁམས་འདིར། །

                                              ཤེས་རིག་སྒྲོན་མེའི་བྱིན་གྱི་འོད་སྣང་བསྩལ་མཛད་པས། །

                ཀ་ཁའི་བྱེད་པོ་སློབ་དཔོན་ཁོང་ལ་སྙིང་ནས་འདུད། །

ལྟར་དུ་བཅོས་ནས། སློབ་ཚན་ཚོགས་རིམ་བཞིན་མཁས་མཆོག་ཐོན་མིའི་སྐུ་པར་གཅིག་སློབ་མའི་མིག་མདུན་དུ་བཤམས་ནས་སློབ་མ་རྣམས་ཀྱི་ཆུང་ངུའི་དུས་ནས་བོད་སྐད་ཡིག་འདི་གསར་གཏོད་མཛད་མཁན་གྱི་སློབ་དཔོན་དམ་པ་ཁོང་གི་མཛད་རྗེས་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་རྟག་ཏུ་ཡིད་ལ་རྡོ་བརྐོས་རི་མོ་བཞིན་འགྱུར་མེད་གཏན་དུ་འཇགས་ཐུབ་པའི་རྨང་གཞིའི་ཐོག་མ་འོངས་བོད་ཀྱི་བདག་པོ་ཡིན་པའི་ངོས་ནས་བོད་སྐད་ཡིག་འདི་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་བློ་སེམས་བསྐྱེད་སྲིང་ཐུབ་པ་བྱ་ཕྱིར་འབད་དོ།

རྩོམ་པ་པོ།:xzsn521 སྤེལ་དུས་:2014-3-17 8:47:32
 

 རྒྱ་ཚའི་མཚན་མོ་བསྐྱལ་ཡོད

                         རྒྱ་ཚ་རྫོང་དུ་ལས་བསྒྱུར་བྱས་པའི་ཆེས་ཐོག་མའི་མཚན་མོར་དེར

ལས་གནས་གསར་པའི་འགྲུལ་བཞུད་ཀྱི་གོམ་པ་དང་པོ

ནགས་རྫོང་རྒྱ་ཚའི་ཡུལ་ལུང་འདིར་སྤོས་སྟེ

འབྲེལ་འདྲིས་ཀྱི་མུན་ཁུང་ནང་སྦར་མྱུལ་བྱ་སྐབས

ལྷ་འདྲེ་གདོན་གསུམ

རུལ་དྲི་དང་སྦི་རག་དྲི་ཡིས་འཚོས་ནས

ནག་ནོག་གི་ཐ་སྙད་ཡོལ་ངོས་སུ་བཞད་པའི

དཀར་ཐིག་ཆུང་ཆུང་དེར་སིམ་ནས་འདུག

 

སློབ་གསོ་ནི

བྱ་གཞག་ཅིག་དང་ཚན་རིག   སྒྱུ་སྩལ་ཞིག་ལགས་ཀྱང

དོན་གྱི་རྡོ་ཁས་དབུལ་ཞིང

ནག་ཐིགས་ཀྱིས་འཚོས་པའི་མཚན་མོ་འདིར

ཕྲན་གྱི་ཆང་ཕོར་ལག་ཏུ་བཏེགས་ནས

བྱ་གཞག་གི་སྙིང་པོ་ལེགས་སྐྱེས་དང་

ཚན་རིག་གི་རིན་ཐང་དམ་པ་དོན་གཉེར

སྒྱུ་སྩལ་གྱི་ཚེ་སྲོག་གསར་གཏོད་ཆེད་དུ

སློབ་གསོའི་མཚན་ཉིད་འཛོམས་པའི

དཀར་མོ་ནས་ཆང་གི་བདུད་རྩིར་ཕུད་གཏོར་ལན་གསུམ་བྱས་ནས

དམ་དུ་བཅས་པའི་ཞབས་དག་གཙང་དག་ཅིག་བརྒྱབ་པ་ཡིན

༢༠༡༤ལོའི་ཟླ་བ་༣པའི་༨ཉིན།

རྒྱ་ཚའི་རྫོང་གི་ལོག་གླིང་ཤང་དུ་སྦྱར

རྩོམ་པ་པོ།:xzsn521 སྤེལ་དུས་:2014-2-19 17:26:52
 

རླངས་འཁོར་འབབ་ཚུགས་ཀྱི་སློང་མོ་བ།

 

ཐོན་ལ་ཉེ་ཁའི་འགྲུལ་སྐྱེལ་རླངས་འཁོར་རེ་རེའི་མཐའ་ནས་བསྐོར་ཏེ

གོ་རིམ་མེད་པའི་རྡབ་རྡིབ་ཀྱི་ངག་ཁྲོད་ནས

སྨིན་ལེགས་མའི་ལང་ཚོ་ངོམས་ཀྱིན

མཐེ་མཛུབ་དགུང་ལ་ཀེར་བའི་རྣམ་ཐར་སྐྱོང་བ་ནི

ལྗང་པ་འཐེན་ནས་འཚར་ཐབས་ཀྱིས་ལྐོག་ཇུས་མིན་ན

ངོ་ཚ་བྲལ་ནས་ངོ་ལྤགས་གྱོན་པའི་བོང་བུ་ཡིན་ཤས་ཆེ

 

དབང་པོ་སྐྱོན་ཅན་གྱི་ཐ་སྙད་ནག་པོ་ཁྱེད་ལ་འཛོམས་ཤིང

ངལ་རྩོལ་ནུས་པའི་དབང་ཤུགས་ཉམས་པའི་གཞི་མར་གཏོགས་ན

ལྷ་ལྡན་སྐྱེ་འགྲོ་ཀུན་གྱིས

མ་འདུས་ངང་གིས་ཤ་ལ་འཁོར་བའི་སྦྲང་ཚོགས་བཞིན

རྣམ་དཀར་བྱམས་བརྩེའི་ཕྱག་ཟུང་ལས

བྱབས་ཁྲུས་ཀྱི་འཁྲུས་ཆུའི་བྱིན་རླབས་རང་འདོད་ཆར་བཞིན་འཇོ

 

རླངས་འཁོར་དུ་བསྡད་པའི་འགྲུལ་པ་ཚོས

ལ་རྒྱ་དང་དད་ཞེན་ངག་ཁྲོད་ཀྱི་དབྱངས་སུ་བཀུག་སྟེ

མི་རིགས་ཤིག་གི་ཕུགས་འདུན་ལ་བཅངས་པའི་མིག་མདས

གདོང་དམར་བོད་མིའི་ལྷན་སྐྱེས་ཀྱི་རང་གཤིས་གསལ་བའི་འོད་ཐིགས

ཁ་ཅན་གྱི་གནས་འདི་ནས་འཕྲ་དགོས་པའི་འབོད་བརྡ་བསྒྲོགས་ཀྱང

རྨོངས་གཉིད་རྒྱ་རུ་ཚུད་པའི་བུ་རྒྱུད་སྐོར་ཞིག་གི

བྱམས་དང་སྙིང་རྗེའི་ཐ་སྙད་དཀར་དཀར་ལ་རྡོལ་རོལ་གྱིས

དུས་རབས་འདིའི་མུ་ནས

ཨུ་ཚུགས་དང་ཧམ་སེམས་ཀྱིས་འགྲུལ་པ་བཀླད་ལ་བསྐོར་ཏེ

གངས་རིའི་ངོ་མདོག་སོལ་བའི་མདངས་ལ་བསྒྱུར་འདི་སྐྱོ

 

ཀ་ཁའི་རྒྱང་འབོད།

༢༠༡༤ལོའི་ཟླ་༢པའི་ཚེས་༡༦ཉིན།

           ཉི་འོད་གྲོང་ཁྱེར་གྱི་རླངས་འཁོར་འབབ་ཚུགས་ཤིག་ནས་རང་གར་སྦྱར།

རྩོམ་པ་པོ།:xzsn521 སྤེལ་དུས་:2014-2-13 12:19:26
 

གྱེས་ཕྱག་མཆོད་སྤྲིན

 

ཆབ་མདོ་ནས་ཕ་ཡུལ་ལྷོ་ཁར་ལས་བསྒྱུར་ཐུབ་པའི་སེམས་ཚོར

ཟླ་ནས་ཟླ   ལོ་ནས་ལོ

དཀར་ནག་གཉིས་ཀྱི་རྒྱབ་ལྗོངས་སུ་གབ་པའི

ཐེག་ཙེ་ལྔ་ཅན་གྱི་ཤོག་དཀར་ལག་སོན་བྱུང་བ་དེ

རྨིས་ཟིན་མ་ཟིན་གྱི་གཉལ་ལམ་གྱི་མགྲོན་པོ་ཞིག

 

མི་གསུམ་ཁྱིམ་གཞིས་ཀྱི་རྨི་ལམ་སྦྲུམ་པའི

ལས་བསྒྱུར་ཡིག་ཆ་ལྟོ་ཕད་དུ་བཅུག་ནས

ཕ་ཡུལ་ནས་ཆབ་མདོར་ཆས་པ་ཡིན

འབྲེལ་ཡོད་འགྲོ་ལུགས་གཉེར་ནས་ལོག་ཁར

སྣབ་ལུད་ཅན་གྱི་བྱིས་པའི་མིག་མདངས་དང

མཛའ་མཐུན་ལས་གྲོགས་བར་གྱི་དྭངས་བརྩེ

རྦབ་ཆུ་བཞིན་ཆལ་ཆིལ་བློ་ཡུལ་དུ་རྒོད་དྲགས་པས

ཡུལ་དང་ས་འདི་ལ   གྱེས་ཕྱག་གི་ལྷ་བསོལ་འཐེན་པའི་སྤོབས་པ་བྲལ

 

འཇོ་མདའ་ནས་མིག་ཁ་གདངས་བཙུམ་གྱིས

མཆི་མའི་དར་དཀར་དྲུད་དེ་ལམ་དུ་བཞུད

མཛའ་མཐུན་ཕྱི་ཐག་རིང་བའི་འདུན་པ་དང

མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་པའི

ལྷད་མེད་དྭངས་གཙང་གི་སྨོན་འདུན་ཙམ་ལས

ཅི་ཡང་འཇོག་ཐུབ་མི་སོང་བས་ཐོ་ལོ་བཤགས

 

ཐེངས་འདིའི་རྒྱང་བཞུད་དེས

ང་ཚོ་གཏན་དུ་གྱེས་དགོས་བྱུང་ཡང

ཕྱི་ཐག་རིང་བའི་ཅིན་ཧྲ་གཙང་པོའི་སྲད་སྐུད་དེས

རྒྱང་གིས་ཆོད་པའི་སྣེ་གཉིས་ནམ་ཡང་སྦྲེལ་བར་ཐེ་ཚོམ་ཅི

ཀ་ཁའི་རྒྱང་འབོད།

༢༠༡༤ལོའི་ཟླ་༢པའི་ཚེས་༡༡ཉིན

ཆབ་མདོའི་མགྲོན་ཁང་ཞིག་ནང་སྦྱར།

རྩོམ་པ་པོ།:xzsn521 སྤེལ་དུས་:2014-1-27 12:48:56

             གློག་ཞགས་ཐོག་གིས་ཁྱུར་མིད

བཟའ་ཟླ་འདས་པ་ཐག་པའི་གྲོང་པའི་ཨ་ཅག་མཐོང་རྗེས།

ཁྱེད་ལ་དབང་བའི་མཁའ་དབྱིངས་ཡངས་པོར

རྟག་དང་མི་རྟག་གི་སྤྲིན་རུམ་ནས

སྐྱི་གཡའ་བའི་འབྲུག་སྐད་ལྡིར་ལྡིར་གྲགས་དང་ལྷན

ཐོལ་གྱིས་འཇོ་བའི་གནམ་ལྕགས་ཐོག་གི་དྲག་ཆར་འདིས

སྐལ་པ་སྟོང་གིས་སྐྱོ་གར་རྟོགས་བརྗོད་བརྩམས

 

མཛེས་སྡུག་གིས་སྤུད་པའི་བཀྲ་ཤིས་ཁང་བཟང་གྲུ་བཞིའི

རྟག་བརྟན་གྱི་ཀ་གདུང་ཐོལ་གྱིས་འགྱེལ་བས

ཁྱེད་ཀྱི་མིག་མདུན་དུ་བཤམས་པའི་འཇིག་རྟེན་འདི

སྣང་བས་དབུལ་བའི་དམྱལ་མུན་ཙམ་དུ་ཟད

 

མཆིལ་མའི་ཐིག་ཕྲེང་སྤུན་མཆེད་རེའི་ཕྱག་ཏུ་འགྲིལ་ནས

མཆོད་མེ་ཀོང་བུ་རེའི་རྣམ་ཤེས་སུ་འཁྲུངས་དུས

དམར་ལམ་ལམ་གྱི་མེ་ལྕེའི་འོད་ཀོང་ལས

ཤ་དང་རུས་པའི་དུང་ཞེན་གྱི་རིན་ཐང་གསལ

ཀ་ཁའི་རྒྱང་འབོད།

༢༠༡༤ལོའི་ཟླ་༡པོའི་ཚེས་༢༦ཉིན་ལྷ་སའི་ཁྱིམ་དུ་སྦྱར།

 

རྩོམ་པ་པོ།:xzsn521 སྤེལ་དུས་:2014-1-15 21:12:43
 སྤོ་ལུ་ནས་ལྷ་སའི་རྣ་ལོང

རྡོག་ཆས་ལ་བྲེལ་བ

བསྐོར་བ་སུམ་བརྒྱ་དྲུག་ཅུ་རེ་ལྔས་དག་པའི

ལས་སྒྲིབ་དྭངས་པའི་རྡོག་ཆས་བརྒྱབ་པ་འདི

ཆེས་མཐའ་མཇུག་གི་རྡོག་ཐོན་ཡིན་པར་སྨོན

གཉིད་ཐེབས་བཅགས་པའི་མཚན་མོ

ཆེས་མཐའ་མཇུག་གི་མཚན་མོ་འདིར

ཕ་ཡུལ་གྱི་མཁའ་དབྱིངས་ནས

སྐར་མདའི་གཡབ་མོའི་བསླུ་བྲིད་ཀྱིས

བུ་ངའི་ཏིང་འཛིན་ཕ་ཡུལ་གྱི་ཕྱོགས་སུ་བསླུས

ལོ་དྲུག་ཟླ་ལྔར་གཤིབ་པའི་ཁང་ཆུང་གྲུ་བཞིས

འཕྲེང་སེམས་དང་ཞེན་ཆགས་ཟོལ་སྦྱོར་མེད་པར

བརྩེ་བའི་ཐུགས་རྗེས་གཟིགས་ནས

བུ་ང་ཕ་ཡུལ་དུ་བཞུད་པའི་ལམ་སྣ་དྲོངས་པར་འཚལ

སྤོ་ལུ་ནས་ཐོན་པ

ལྷུན་པོའི་སྤོ་ཡི་གསེར་མདོག་གི་ཉི་ཟེར་དང

ཐང་ཤིང་གི་ལྭ་བས་རྒྱན་པའི་ཡུལ་གྱི་མཛེས་པ

ཅིང་ཧྲང་གཙང་པོའི་བདུད་རྩིའི་གཟི་ཁ་ཡིས

གཟབ་རྒྱས་སྐྱེལ་མའི་མཛད་སྟོན་འོག

ཕ་ཡུལ་དུ་རྡོག་ཐོན་པ་ཡིན

 

རླངས་འཁོར་གྱི་སྒྲ་སྡུད་འཕྲུལ་འཁོར་ནས་བཏང་བའི

དྲིན་ཕ་ལོ་མ་ལོ་དྲན་པའི་འགྱུར་ཁུག་དང

ཐང་ཤིང་གི་གཟབ་སྒྲེང་རུ་གྲལ་བསྒྲིགས་ནས

སྐྱེལ་མའི་མཛད་སྟོན་གྱི་མངར་ཁའི་གཟི་མདངས་ཁྲོད

ཕ་ཡུལ་ལ་མྱུར་བར་བཅགས་པའི་སེམས་ཁའི་ཀློང་དུ

གཉིད་ཡུན་གཅིག་ལ་འཇོ་མདར་འབྱོར་ཐལ

འཇོ་མདའ་ནས་ཆབ་མདོ་བར

འཇོ་མདར་དགུང་ཟས་བཟས་རྗེས

ལམ་བར་གྱི་འཐུང་བྱ་འགའ་ཉོས་ནས

སླར་ཡང་རླངས་འཁོར་ལ་བཞུད་ནས་ཆབ་མདོར་ཐོན་པ་ཡིན

 

ལམ་ཟུར་གཡས་གཡོན་དུ་མར་ཁུ་གཤོས་འདྲའི

གསེར་མདངས་ཀྱིས་མྱོས་པའི་རྩ་ཐང་གི་པང་ཁར

འབྲོག་ཁྱིམ་གྱི་ཁང་ཐོད་ཐོག་དུ་ཁའི་མཛེས་རྒྱན་སྤུད་དུས

གསོལ་ཐབ་བྲེལ་འཚུབ་ཀྱིས་མཐའ་ནས་བསྐོར་ཞིང

ཕྱག་སོར་སེར་གའི་ཤ་འོད་ཀྱིས་གྲོག་ཤུར་འཐེན་པའི

རྒ་བའི་ཨ་མའི་འཛུམ་ཞལ་ལྷག་ཏུ་དྲན་བྱུང

 

རླངས་འཁོར་གྱི་མྱུར་འགྲོས་དང་བཅས་པའི་ལུས་པོ་འདི

རྒྱ་མཚོའི་རྦ་རླབས་ལྟར་གྱི་རླངས་འཁོར་གྱི་གཡོ་ཁྱོམ་ཁྲོད

འཁྲིས་ནད་ཀྱིས་མར་ཁུ་བཏུངས་པ་བཞིན

ཞེ་མེར་གྱི་རྒྱུན་མཐུད་འཁྲབ་ཚན་དབུ་ཁྱུད་བརྩམས

ཆབ་མདོའི་གཟི་དཔལ

སྙན་ཆ་དོད་པའི་ཆུ་བོ་གཉིས་ཀྱི་བཞུར་སྒྲའི་མུ་ནས

རྒན་དར་གཞོན་གསུམ་གྱི་དམག་མིའི་རུ་སྟར་བཤམས་ཏེ

ཨུ་ཚུགས་ཀྱི་མཐེ་བོང་གནམ་ལ་ཀེར་བ་འདི

ལས་ལ་བརྩོན་པའི་བོད་མིའི་ཡུལ་སྲོལ་གོམས་འདྲིས་སམ

ཆབ་མདོའི་གཟི་དཔལ་ངོམས་པའི་སྒྱུ་རྩལ་ཡིན་སྲིད

 

གསེར་གདུབ་ཀྱི་ཕྱག་སོ་གཏུམས་ནས

ངོམས་འཕྱར་གྱི་མཐེ་བོང་མཐོན་པོར་བཏེགས་ཏེ

ར་མ་ལུག་གི་ཁ་བརྡས་བར་སྣང་གཡོ་བཞིན་འདུག

དེ་ནི   དེང་དུས་ཆབ་མདོའི་མི་ཡི་འཚོ་བ་ཡིན་པ་འདྲ

སྒུག་སྒུག་པའི་སེམས་ངལ

ཨ་སྔོན་མཐོངས་ལ་མཁའ་ཡི་གླང་པོས་རྩེན་ཅིང

གཡུ་འབྲུག་སྔོན་པོས་དབྱངས་ཀྱི་འགྱུར་ཁུག་བཀུག་ཀྱང

སྦྲང་ཆར་ཟིལ་མའི་མཛའ་མོ

འཆར་ཡན་དང་རེ་སྒུག་གི་ཞིང་ཁམས་འདིར

དུས་ཐོག་བབས་པའི་སྣང་བ་ཡེ་ནས་མེད་པར་ཅི

 

གབ་ཚིག་གི་ཚིག་སུ་བཅད་པའི་གསུང་ངག་དེས

སྙིང་ཁ་གཡང་ཁའི་ལྡེབས་ལ་བཀྱག

ཉི་ཟླའི་འགྲོས་དང་རྩེན་པའི་དུས་ཚོད་འདི་དག་རིང

སྣེ་ཚེག་གཉིས་ཀྱི་མཐུད་པའི་འཕྲང་ལམ་ཐོག

འདུར་རྒྱུགས་པིར་གྱིས་པང་གདན་འཇའ་རིས་འཐེན

ཆབ་མདོ་ནས་ལྷ་སའི་བར

ཞོགས་པའི་ཆུ་ཚོད་ལྔ་དང་ཕྱེད་ཀའི་མཚམས

བརྡལ་གཏོང་རླངས་འཁོར་བསྡད་ནས་སྤང་མདར་ཆས

དུས་ཡུན་ཆུ་ཚོད་ལྔ་ཙམ་གནམ་ཐང་ངང་སྒུག་བྱས་པའི་མཐར

བསྡོད་གནས་ཐོ་འགོད་འགྲོ་ལུགས་གཞི་ནས་གཉེར

 

གྲོག་ཚང་བརྡོལ་འདྲའི་མི་ཚོགས་ཡོ་ལང་ཆེ་ན་ཡང

གྲལ་སྟར་བསྒྲིགས་ནས་འགྲོ་ལུགས་གཉེར་བྱེད་པའི

རང་འགུལ་ཡ་ཡབས་སྤྱོད་ཚུལ་བཟང་འདི་རྨད

 

འདབ་ཆགས་གཤོག་རྩལ་རྒྱས་པའི་ངང་ཚུལ་གྱིས

སྐྱེངས་པའི་ཚུལ་གྱིས་ཞོ་གསར་སྤྲིན་གྱི་མཁའ་རུ་ལྡིང

འཕུར་མ་ཐག་པའི་གཡོ་འཁྱོམ་དྲག་པོ་དེས

འགྲུལ་པ་རྣམས་ཀྱི་སེམས་པ་གདང་ལ་བཏགས

མཁའ་ཐོག་ཞབས་ཞུའི་ཡ་རབས་གུས་ཚུལ་གྱིས

ཤེས་དཔལ་སྤྱི་ཚོགས་རྣམ་པའི་ཉམས་བཟང་མངོན

 

ཉིན་གུང་ཚུ་ཚོད་གཉིས་པ་ཡོལ་ཙམ་ལ

ཡུན་རིང་གྱེས་པའི་ཕ་ཡུལ་གོང་དཀར་དུ་འབྱོར

 

ཕ་ཡུལ་གྱི་ནམ་མཁའ་སྔར་བཞིན་དྭངས་ལ

ཆུ་མོ་ཡང་སྔར་བཞིན་ཤང་ཤང་གླུ་སྒྲའི་ཁྲོད་ནས་བཞུར

མཐོན་པོའི་ལྷུན་པོ་དེ་ཡང་སྔར་བཞིན་བརྗིད་ཉམས་མཛེས་སྡུག་ཆེ

ཡིན་ནའང    ཡུན་རིང་བྲལ་བའི

ཡུལ་མི་སྤུན་གྲོགས་ཚོ་སྐུ་ཁམས་བདེ་འམ

 

ཚ་གྲང་གི་བསམ་གཞིགས་བར་ནས

རྡོག་ཁྲེས་དྲུད་ནས་འགྲུལ་སྐྱེལ་རླངས་འཁོར་ནང་དུ་བསྡད

མྱུར་བསྐྱོད་གཞུང་ལམ་མཁའ་རུ་རླངས་འཁོར་བྱ་ལྟར་འཕུར

དུས་ཐུང་སྐར་མ་ཉི་ཤུ་ཙམ་ལ་ལྷ་ལྡན་གྲོང་དུ་སླེབས

ལྷ་སའི་བརྡལ་གཏོང་རླངས་འཁོར་གསེར་ལས་དཀོན

དུས་ཡུན་ཚུ་ཚོད་གཉིས་ཙམ་སྒུག་པའི་མཐར

གཞི་ནས་ཉི་སྐྱིད་ལྡུམ་རའི་ཁྱིམ་གྱི་སྒོ་རྩར་འབྱོར

 

སྤྱི་སྤྱོད་རླངས་འཁོར་ནས་བབས་མ་ཐག

གཅེས་ཕྲུག་ཨོ་ལོས་ཨ་ཕ་ཨ་ཕ་འབོད་བཞིན

ང་ཡི་ཕྱོགས་སུ་རྒྱུགས་ནས་འོངས

དེ་འདྲའི་དྲོ་སྐྱིད་ཡི་གེའི་གཟུགས་སུ་འགོད་པར་དཀའ་ལ

མཉམ་འཛོམས་ནི་ཅི་འདྲའི་དྲོ་སྐྱིད་ཅིག་ཨང

རེ་བར    གནམ་འོག་གི་སྐྱེ་བོ་ཚང་མ

འབྲལ་མེད་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུའོ

སྤྱི་ལོ་༢༠༡༣ལོའི་ཟླ་༡༢པོའི་ཚེས་༢༦ནས

                                       ༢༠༡༤ལོའི་ཟླ་༡པོའི་ཚེས་༤ཉིན།

རྩོམ་པ་པོ།:xzsn521 སྤེལ་དུས་:2014-1-9 21:32:49
 

བཙོག་པ་ཤོར་དུས་གསང་སྤྱོད་དྲན

༗ ཀ་ཁའི་རྒྱང་འབོད།

ར་མོ་ཆེའི་ཁྲོམ་གཞུང་ཐེངས་གཅིག་བསྐོར་རིང

གཅིན་པ་ཤོར་དྲགས་པས་མྱུར་པོར་སྤྱི་སྤྱོད་གསང་སྤྱོད་ཕྱོགས་སུ་རྒྱུག

ལུས་ནས་རྩམ་དྲི་འཐུལ་བའི་མི་བུ་ཞིག

ཕོ་མོའི་གསང་སྤྱོད་དཀྱིལ་དུ་ཙོག་བུར་འགྲེང་སྟེ

ཨམ་གཙིགས་བསྡམས་ནས་ཡིག་ངོ་ཆོད་པའི་མི་དེར་སྒུག

 

ལྟག་རྒྱབ་ལ་མཛུབ་མོ་བཞི་ཡི་བྲད་ཅིང

ལྕེ་ནར་ནར་གྱིས་མཐེབ་མཛུབ་དགུང་ལ་བསྒྲེངས་དུས

ཀ་ཁའི་རིན་ཐང་རྟོགས་ཤིང་མིག་རྒྱང་རིང་དུ་བསྲིངས་འདི་མཚར

 

བཙོག་པ་ཤོར་དུས་གསང་སྤྱོད་དྲན་པའི་ངང་ཚུལ་འདི

སང་བྱ་གནངས་ལ་བསྐྱལ་ཞོར

ཀ་ཁའི་མི་ཚེ་ཕུང་ཟད་གཏོང་བའི་སྔ་ལྟས་ཡིན

༢༠༡༤ལོའི་ཟླ་༡པོའི་ཚེས་༩ཉིན།

ར་མོ་ཆེའི་ཁྲོམ་ཟུར་ནས་སྦྱར།

རྩོམ་པ་པོ།:xzsn521 སྤེལ་དུས་:2013-12-11 19:10:34
 ལོ་མ་ལྗང་ཁུ

༼༡༽

ཁེར་རྐྱང་གི་ཁོར་ཡུག་འདིར

རྒྱང་རིང་གི་ལོ་མ་ལྗང་ཁུ་སྒོམ་ཡོད

༼༢༽

ལོ་མ་ལྗང་ཁུར་སྒུག་པའི་ཁོར་ཡུག་འདིར

བྱ་ཚོགས་ཀྱི་སྐད་ངན་འབྱིན་ཞིང

བརྩེ་མདངས་ལ་འཁྱུད་པའི་ངང་ཟུང་ཆུ་ཁར་ལྡིང་དུས

དམར་ཆུང་སེམས་པ་ཆུ་ཁར་འཁྱོམ

མིག་མདའ་རྒྱང་རིང་མཁའ་མཐར་འཕེན་ཏེ

དྲོད་ཁོལ་གྱི་ཉི་ཟེར་འཛུམ་པར་རེ

ལོ་ཟླའི་ཁུར་པོས་གནོན་ཞིང

ཁེར་རྐྱང་སྣང་བས་བརྡུངས་ཡང

སེམས་སུ་ཉི་འོད་སྒོམ་སྒོམ་པས

གསོན་ཤུགས་སྔར་བཞིན་རྒྱས་བྱུང

༼༣༽

རི་ཀླུང་འཁྱག་གིས་བསྡམས་ནས

རླུང་ཡན་འཚུབ་ཁའི་ཁྲོད་དུ

ཐལ་རྩིས་ངོ་རིས་འགེབ་དུས

སྡོང་རྐང་ལ་གསོན་ཤུགས་རྒྱས་པའི

ལོ་མ་ལྗང་ཁུ་དེ་ཁྱེད་ཡིན

༡༠༡༣ལོའི་ཟླ་༡༢པའི་ཚེས་༧ཉིན།

རྩོམ་པ་པོ།:xzsn521 སྤེལ་དུས་:2013-12-7 17:36:11
 བར་ཁྱད་ཆོད་པའི་སེམས་མདུད

 

༼༡༽

རི་ཆུ་དུ་མས་འཕྲེད་བཅད་བཏང་ན་ཡང

སེམས་དང་སེམས་པའི་བར་ཐག་མི་ཆོད་ཀྱིས

རྙེད་དང་བཀུར་གྱི་བར་ཐག་ཆོད་ནས་ཡོད

               ༼༢༽

བར་ཐག་ནི་རེ་སྒུག་དང

རེ་སྒུག་ནི་ལྷན་འཛོམས་བཀུར་བསྡིའི་རེ་སྨོན་ཡིན

                 ༼༣༽

སྨོན་འདུན་དང་རེ་སྒུག་ཁྲོད་དུ་ལང་ཚོ་འདུར

བར་ཐག་དང་གནོང་འགྱོད་བར་ནས་མི་ཚེ་ཟད

གནམ་སའི་བར་ན་བདེན་པའི་ཚིག་གིས་དབེན

རྒྱབ་མདུན་གྱི་སྐམ་ཚིག་རྣོ་དབལ་དེས

མཆི་མ་ལ་རིན་ཐང་མེད་པར་བྱས་ལ

མི་ཚེ་ལ་དཀྲོལ་ཐབས་མེད་པའི་མདུད་པ་བཏབ་པ་ཇི་སྙེད་ཙམ

ཀ་ཁའི་རྒྱང་འབོད

༢༠༡༣ལོའི་ཟླ་༡༢པའི་ཚེས་༥ཉིན།

རྩོམ་པ་པོ།:xzsn521 སྤེལ་དུས་:2013-12-5 16:14:10
 སེམས་བསྟེན་དྭངས་མ།

དྲིན་ཅན་ཡབ་ཡུམ་དྲན་དྲགས་པས་བྲིས

ཉི་མའི་འོད་དང་ཟླ་འོད་ཀྱིས། 

ཉིན་དང་མཚན་མོ་སྣང་བ་བཞིན། 

ཁྱེད་གཉིས་འཛུམ་དང་བྱམས་བརྩེ་ཡིས། 

ངལ་དང་གདུང་གི་བདག་ཡིད་སེལ། 

 

ཆུ་ལ་ཉ་མོའི་སྐྱོ་རོགས་དང་།  

ཀུ་མུད་ཟླ་ལ་བསིལ་ཟེར་བཞིན། 

དྭངས་མའི་སེམས་ཀྱི་ངག་འཁྲོལ་དེས། 

ཁེར་རྐྱང་སྣང་བའི་ཡོལ་བ་བཤུས། 

 

ལྷུན་པོའི་སྤོ་ཡི་རླུང་དར་དང་། 

ཉི་ཟེར་ཀློང་གི་ཁ་འདབ་བཞིན། 

གོ་བསྐོན་བློ་བཀུག་ངག་གཏམ་དེས། 

འཇུག་ལྡོག་དོན་གྱི་ཆེ་བ་གསལ། 

 

རྡུལ་ཁྲག་ལྷུག་མའི་འཐབ་འཛིང་ལས། 

གྲངས་རིས་འཐེན་པའི་དངུལ་དམར་འཛར། 

སྣུམ་དྲེགས་འཚོས་པའི་དངུལ་ཁུག་ནང་། 

བུ་རྒྱུད་དུ་མའི་ལས་དབང་འཁྲུངས། 

 

དབུ་ཐོད་ཁ་བའི་འདབ་མ་འཁྱིལ། 

སྨྲ་བ་ཉམས་ནས་རྡབ་རྡིབ་བསྙད། 

འཁར་བསྟེན་ལུས་ཀྱི་སྟངས་སྟབས་བསྒྱུར། 

སྒོ་གསུམ་བུ་ཕྲུག་སྐྱེས་སུ་བརྩལ། 

 

ཉི་འོད་ཐིམ་པའི་སེམས་ངོགས་ནས། 

འཐག་ཁྲིར་འཐམས་པའི་ཡམ་ཡུམ་དྲན། 

ཟླ་འོད་སིམ་པའི་དྲན་ངོགས་ནས། 

བལ་ལས་སྦྲོན་པའི་ཡབ་ཡུབ་དྲན། 

 

སྐྱོ་ངལ་དྲུད་པའི་མི་ཡུལ་ནས། 

རྒ་བའི་ཡབ་ཡུམ་ལྷག་ཏུ་དྲན། 

བརྩེ་བའི་རླུང་རྟ་དགུང་ལ་སྤུར། 

ཡབ་ཡུམ་སྐུ་ཚེ་བརྟན་པར་སྨོན། 

ཀ་ཁའི་རྒྱང་འབོད།

༢༠༡༣ལོའི་ཟླ་༡༢པའི་༤ཉིན་བྲིས།

རྩོམ་པ་པོ།:xzsn521 སྤེལ་དུས་:2013-11-20 18:42:59
 

སྤོ་ལུ་ཡི་མི ༼ཞར་བཀོད་གཅིག ༽

 

སྤོ་ལུ་མི་ཡི་རྣམ་ཤེས

གདོད་མའི་ནགས་དཀྱིལ་འཛིངས་ནས་འདུག

 

མདའ་གྲི་མདུང་གསུམ་དགུང་ལ་འཕྱར་ནས

ཞི་བདེ་དང་ལ་རྒྱ་གླེང

 

ཁ་ནང་ལྕེ་ལས་མེད་པའི་མི་བུ་དག

ཀི་ཤར་ཁྲོད་ནས་ཀ་ཁའི་བླ་སྲོག་གླེང་བར་སྤྲོ

 

ཨ་མའི་ཁ་བརྡ་འབྲི་འཛོ་བ་གསུམ་རེད

ཨ་ཕའི་ལབ་གླེང་དབྱར་རྩ་དགུན་འབུ་རེད

གཅེས་ཕྲུག་ཨོ་ལོའི་ལས་དབང

པང་དང་ལྕི་བའི་གསེང་དུ་ཐིམ

 

འཇོ་མདའི་སློབ་གསོ

 

ལྷག་བསམ་སྤྲིན་གྱིས་འཛུམ་མདངས་ལས

སྦྲང་ཆར་ཟིལ་མའི་མེ་ཏོག་འཐོར

བར་སྣང་བདུད་ཀྱིས་ཆོ་འཁྲུལ་ཆོ་ག་གཏོད

སྐྱ་ཐིང་དོག་མོ་སྐོམ་གྱིས་གཙེས

 

ནམ་མཁར་འཇའ་ཚོན་ཚེས་དུས་སུ

ས་གཞི་པད་མ་རྡུལ་གྱིས་གང

ཆུ་ནང་སྟུག་དྲིའི་ལྦུ་བ་དེ

མཐོན་ཁྲིར་འགྱིང་བའི་ཁ་ཚོན་རྒྱན་ཆ་རེད

ཉལ་ཐའི་དྲི་ཡིས་བཟི་བའི་དགོད་ཚུལ་དེས

འཛུམ་ཆུང་པད་མའི་རྣམ་ཤེས་བོར་བ་སྐར་ཚོགས་བཞིན

 

གནམ་ནས་ཆར་པ་མི་འབབ་ན

ས་ལ་ལོ་ཏོག་སྐྱེ་བའི་ཆོས་ཉིད་གང་ནས་རྙེད

༢༠༡༣ལོའི་ཟླ་༡༡པའི་ཚེས་༢༠ཉིན

འབྲེལ་ཡོད་ནང་དོན་ 374 ཡོད།<<<12345678910>>>
Powered by Oblog.