མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
རེ་སྨོན་པར་གཞི། 分享按钮
རྩོམ་རིག་ཚོགས་ཆུང་།
 
སེམས་ཁམས་ལོ་ཐོ།
ཟིན་བདག་བརྡ་ཁྱབ།

རྩོམ་རིག་ཚོགས་ཆུང་གི་བརྡ་ཁྱབ།

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒན་དཔའ་རྩེ་ལགས་ཀྱིས་དངོས་སུ་འགོ་འཛིན་གནང་ཞིང་ནུབ་བྱང་གི་སློབ་གྲོགས་རྩོམ་དགའ་སྐོར་ཅིག་གིས་འགན་བཞེས་པའི་རྩོམ་རིག་ཚོགས་ཆུང་འདི་ནི།གནའི་གྲུབ་མཐའ་དང་དེང་གི་ཚོགས་པ་སྐོར་ཅིག་དང་ཁྱོན་ནས་མི་འདྲ་བར།སློབ་གྲོགས་སུ་ལ་རྩོམ་རིག་གསར་རྩོམ་སྐོར་གྱི་འདོད་བློ་དང་སུ་ལ་བསམ་བློའི་སྐད་འབོད་སྐོར་གྱི་བློ་མིག་ཡོད་ན།དེ་ནི་རྩོམ་རིག་ཚོགས་ཆུང་གི་རྐང་འཛིན་པ་གཙོ་བོ་ཡིན་ངེས།

ཆེད་དོན་རིགས་དབྱེ།
ཟིན་བྲིས་གསར་བ།
དཔྱད་བརྗོད་གསར་བ།
སྐད་གསར་བཞག
འཚོལ་བཤེར།
མཛའ་འབྲེལ།
ཆ་འཕྲིན།
 
 
སྙན་ངག་གྱེར་འདོན་ཚོགས་འདུ།
[ 2011-12-3 14:23:33 | By: xbxb ]
 

       

ནུབ་བྱང་གི་རྩོམ་རིག་ཚོགས་ཆུང་གིས་གཟའ་རེར་བགྲོ་གླེང་འདུ་ཚོགས་རེར་གཉེར་གྱིན་ཡོད་ལ།ལྟོས་བཅས་ཀྱིས་ཚོགས་ཞུགས་མི་གྲངས་དང་གཏམ་བཤད་མི་སྣ།གླེང་གཞིའི་བརྗོད་དོན་སོགས་ཕྱོགས་ཡོངས་ནས་བགྲོ་གླེང་འཁྲུག་ཆ་དོད་པོ་ཅན་དང་ཚོགས་འདུ་རྣམ་པ་གསར་བ་ཅན་དུ་གྱུར་དང་འགྱུར་གྱིན་ཡོད།སློབ་གླིང་གི་སློབ་གྲོགས་སྐྱེས་ཕོ་མོ་མཐའ་དག་ལ་རྩོམ་རིག་གི་བློ་སྦྱོང་དང་ལག་ལེན།བསམ་བློ་གསར་བའི་རྨང་གཞི་དང་རྒྱུན་ཤེས་ཀྱི་སྐོར་སོགས་རང་མོས་གླེང་སྟེགས་ཀྱི་རྣམ་པས།ཕན་ཚུན་རྩབ་བསྡུར་དང་བགྲོ་གླེང་གིས་མི་རེ་རེ་ཤེས་བྱ་རང་རྒྱུད་དུ་གནས་པ་ཅན་དང་།བསམ་གཞིག་གི་རང་དབང་ལ་དགའ་བོ་ཅན།མི་གཤིས་དྭངས་གཙང་ཅན་སོགས་སུ་བརྩོན་དང་བརྩོན་བཞིན་ཡོད་དོ།

སྤྱིར་གཟའ་རེའི་བགྲོ་གླེང་གི་གནས་ཚུལ་གཟའ་རེར་གསར་འགྱུར་གྱི་ཚུལ་དུ་སྤེལ་ན་ནི་ཤིན་ཏུ་ནས་ལེགས་པའི་གནས་སུ་འཆིས་མོད།དེ་ལྟར་མི་སྤེལ་དོན་ཡང་མི་ལེགས་པའི་གནས་སུ་མི་འཆིས་པས་ན།ང་ཚོས་ཐེངས་རེའི་གནས་ཚུལ་དམིགས་གསལ་གྱི་ཚུལ་དུ་ཅུང་ཆ་ཚང་དང་རྒྱས་པ་ཅན་གྱི་གསར་འགྱུར་དུ་སྤེལ་བ་ལས་རེ་རེ་བཞིན་འགོད་འདོད་མེད་དོ།

མདང་དགོང༼2011.12.2༽རྩོམ་རིག་ཚོགས་ཆུང་གི་འགོ་འཛིན་འོག་སློབ་ཁང་༼རིག་གནས་ཐོག་ཁང409༽ཞིག་ཏུ།དགོང་ཁའི་དུས་ཚོད་6དང་སྐར་མ་30སྟེང་།གཞུང་གིས་བསྡུས་པ་དང་མི་འདྲ་བར་རང་དབང་དང་ལྡན་པའི་སྒོ་ནས་རང་གི་སྙན་ངག་ལ་གཅོད་གཏུབ་གྱི་རྣམ་སྨིན་ཅི་ཡང་མེད་པར་སེམས་གཏིང་་ལ་བཞག་སྟེ་གྱེར་ཆོག་པའི་སྙན་ངག་གྱེར་འདོན་གྱི་འདུ་ཚོགས་ཅིག་བསྡུས་ཡོད།ལྷག་ཏུ་གྱེར་འདོན་ཚོགས་འདུ་དེས་རང་གི་ཚོར་བས་རྙེད་པ་དང་ཚོར་བས་སླར་ཡང་གྱེར་བའི་སྙན་ངག་དག་དང༼རང་གཤིས༽དང་མ་བྲལ་བའི་སྙན་ངག་གི་མཛེས་པ་གང་དེར་དགའ་བསུ་བླ་མེད་བྱས་ཡོད།

                                     

       སྐད་ཆ་དྲང་མོར་བཤད་ན་གླག་གིས་ཐོག་དང་པོ་ནས༼སྨྱོས་ཤིག༽ཟེར།

               

   དེ་ནས་གནའ་གྲོང་གིས་ཤིན་ཏུ་ནས་སྐད་དམའ་མོས་རང་གི་འདས་སོང་གི་བརྩེ་དུང་ཅིག་གྱེར་ཞིང་།དབུགས་རིང་ནར་ནར་ཅིག་གིས་ད་ནི་ཡོད་ཚད༼ཚར་སོང༽ཟེར།

             

                འདི་ནི་སྐུ་ཞབས་རྐང་ཐང་བ་ལགས་ཀྱིས་སྙན་ངག་གྱེར་འདོན་བྱེད་ཀྱིན་པའི་ཚུལ་རེད།

          

  སློབ་གྲོགས་རྡོ་དཀར་པོ་ལགས་ཀྱིས་སྐད་མདངས་མཐོན་པོས་དཔའ་བོ་དཔའ་མོ་དག་གི་བཞུད་ལམ་གང་ངག་ནས་ཡང་ཡང་གྱེར་ཞིང་རྗེས་སུ་དྲན་པར་བྱས་སོང་།

              

                        སྤྱན་དུངས་ཀྱིས་ང་ནི་མུན་ནག་གི་བུ་རབས་ཚ་རྒྱུད་ཅིག་ཡིན་ཟེར།

                       

        ཉྭ་སྲིན་པོ་ལགས་ཀྱི་སྙན་ངག་གི་ཁ་བྱང་ལ༼ཀ་ཡེ ང་ཡི་བོད་ལྗོངས༽ཅེས་བྲིས་འདུག

                       

    སྐྱེས་མ་འདིས་སྤོབས་པ་དང་བཅས་སྙན་ངག་ཅིག་གྱེར་འདོན་བྱས་ཤིང་།སྤོབས་པ་ཤིན་ཏུ་ནས་ཞན་པའི་རང་ཅག་གི་སྐྱེས་མ་དག་ལ་བསམ་གཞིག་གཞན་ཞིག་སྟེར་ཡོད་སྲིད།

                  

                རྣོ་ཟུར་གྱིས་རང་གི་སྙན་ངག་ཅིག་ཤུགས་ཀྱིས་གྱེར་ཞིང་།ལན་རེར་མོ་མཚན་མོ་མཚན་ཞེས་༼ཁ་བཙོག༽ཀྱང་བཤད་གི་འདུག

                    

                   དབལ་ཤུལ་བུ་ཆུང་གིས་༼ཁ་དོག་ལྟ་བུའི་ཁྱོད༽རང་དེ་རིང་མི་ཚོགས་ཀྱི་སྔུན་ནས་ཡང་ཡང་གྱེར་སོང་།

                  

   སྐུ་ཞབས་གངས་ལགས་ཀྱིས་ལྷོད་ཆ་དང་བཅས་དགོང་མོ་འདིར་སྙན་ངག་ཅིག་གྱེར་སོང་མོད།གྱེར་ཚར་རྗེས་སུས་ཀྱང་ཁོའི་སྙན་ངག་ཧ་གོ་མེད་པ་འདྲ།

                     

                  བུ་མོ་འདིས་རང་གི་ཡབ་ཆེན་ལགས་བརྗོད་བྱར་བྱས་པའི་སྙན་ངག་ཅིག་སྤོབས་པས་གྱེར་ནས།དྲིན་ཆེན་གྱི་ཕ་མ་ཟུང་ཡང་ཡང་དྲན་དུ་བཅུག་སོང་།

                     

               ཁོའི་མིང་ལ་སྤྲུལ་སྐུ་ཟེར་ཞིང་།ཁོའི་སྙན་ངག་གི་བརྗོད་བྱ་ནི་རང་གི་འདྲིས་ཤིང་གོམས་པའི་བུ་མོ་གང་དེར་རེ་ཞིག་ཁ་གྱེས་པ་དེ་ཡིན་འདུག

                      

  བུ་མོ་འདིའི་མིང་ལ་བན་དེ་འཚོ་ཟེར་ཞིང་།ད་ཐེངས་མོས་རང་གིས་བྲིས་ཤིང་རང་གི་ཚོར་བས་ཀྱང་རྙེད་སྲིད་པའི་སྙན་ངག་ཆེས་རང་ཉིད་དང་ཐག་ཉེ་བ་ཞིག་གྱེར་སོང་།

                    

   ཁ་བ་སྙིང་ལྕགས་ལགས་ཀྱི་སྙན་ངག་གི་ཁ་བྱང་ལ་ང་ཚོ་དཔའ་བོ་མིན་ཞེས་བྲིས་འདུག་ཀྱང།སྐད་མདངས་མི་དམའ་མི་མཐོ་དེས་མི་ཚོགས་རེ་ཞིག་འཇམ་ཅག་གེར་བཏང་སོང་།

      

        མཇུག་ཏུ་སློབ་གྲོགས་ཅིག་གིས་སྙན་ངག་སྐོར་གྱི་གཏམ་བཤད་ཅིག་དང་གཞན་སློང་གྲོགས་གཞན་ཞིག་གིས་ལྗང་བུའི་སྙན་ངག་ཅིག་གྱེར་འདོན་བྱས་རྗེས་ཕན་ཚུན་ཀུ་རེ་དང་བཅས་ཚོགས་འདུ་དངོས་སུ་མཇུག་བསྡུས་པ་རེད།དེ་དུས་དུས་ཚོད་9ཡར་མར་ཅིག་ཡིན་འདུགགཞན་བདག་གིས་སློབ་གྲོགས་འགའ་ཡི་པར་དང་མིང་སོགས་འདི་རུ་ཆ་ཚང་འགོད་མ་ཐུབ་པས་གསལ་བཤད་ཅིག་བྱས་པ་ཡིན།

 

 

 
 
སྙན་ངག་གཉིས་ཀྱི་ཀློག་འབྲེལ་དང་ཚོགས་ཐོག་སྙན་ངག་གཉིས།
[ 2011-5-25 21:41:05 | By: xbxb ]
 

       

                སྙན་ངག་གཉིས་ཀྱི་ཀློག་འབྲེལ་དང་ཚོགས་ཐོག་སྙན་ངག་གཉིས།

 

 འཁྲུལ་བ།
  གངས།

ཀ་ཏོ་རའི་ནང་དུ་ཆུ་འཁྱགས་བླུགས
ཚིལ་དྲེག་གིས་ཟིན་པའི་ལག་པ་ལ་ཡང་ཡང་བལྟས

 

དེའི་རྗེས་ནས   མིག་མཐའ་ཆུ་ཡིས་བྲན
ཆུ་ནང་གི་ལག་པས
ངོ་གདོང  ཤེལ་ལེབ་བཞིན་བཅག

 

འཛུམ་ཆུང་གིས
ནམ་མཁའ་ཕྱོགས་སོ་སོར་གས་རྗེས་ཀྱི་ཉི་འོད་མཚོན་ཡོད

 

གངས་ཀྱི༼འཁྲུལ་བ༽བཀླགས་རྗེས་ཀྱི་ཚོར་འགྲེལ།

                ལྗགས་མདའ།

   སྙན་ངག་འདི་ནི་རྐྱེན་འགྱུར་གྱི་ནུས་པ་གྲིམ་ཞིང་བསམ་གཞིག་གི་བར་སྟོང་ཅུང་ཡངས་པོར་སྙེག་པའི་སྙན་ངག་ཅིག་ཏུ་འདོད། སྙན་ངག་འདི་ཚར་གཅིག་བཀླགས་མ་ཐག་ཏུ། ཁ་བྱང་བྲི་ནོར་བྱས་པའམ་ཡང་ན་རྩོམ་ཆོས་དང་ཁ་བྱང་ཐ་དད་དུ་སོང་བའི་སྣང་བ་གང་རུང་ཞིག་ཡིད་ལ་འཆར་མོད།   དེ་ནི་ཏན་ཏན་རྩོམ་པ་བོས་བྲི་ནོར་མིན་ལ་གཏགས་ནོར་ཡང་མིན་པར་སྔོན་གྱི་སྙན་ངག་དག་གིས་འུ་ཚོར་བསྒོས་པའི་བག་ཆགས་ཡིན་གྱི་སེམས། དེ་བས་སྙན་ངག་འདིའི་ནང་དུ་སྔོན་རྩོམ་དག་དང་འདྲ་བར་ཇི་ལྟར་བྱ་དང་ཅི་ཞིག་ཡིན་ནམ། ཡང་ན  སོགས་ཀྱིས་མཚོན་པའི་མདའ་མོའི་དྲི་བ་གཞན་དབང་དེ་མེད་པར་རང་ལ་བཤེར་བའི་དྲི་བ་ལྡོག་མེད་དེ་ཡོད་པ་རེད།  མིག་དབང་དེ་ལྟ་བུ་ཞིག་སྤྱད་ནས་འཁྲུལ་བ་དེ་ཐེངས་གཅིག་བཀླགས་པ་ཡིན་ན། རྐྱེན་འགྱུར་དང་བར་སྟོང་ཞེས་པ་ཡང་ཤུགས་ནས་ངལ་མེད་དུ་གོ་ཡོང་ལ། འཁྲུལ་བ་དེ་ཡང་འཁྲུལ་བ་རང་མ་ཡིན་པར་འཁྲུལ་བའི་ཕ་རོལ་གྱི་འཁྲུལ་བ་དག་ལ་བསྐྱར་དུ་འདང་རྒྱག་གི་གནས་སུ་བསྐྱལ་བ་རེད།   སྐབས་དེར་ཏག་ཏག་སྙན་ངག་རང་སྟེང་གི་ཁྱད་ཆོས་ཀྱང་མངོན་ནས་ཡོང་བར་སེམས་སོ།  

 

༼འཁྲུལ་བ༽

             ཐོགས་མདའ།

རྩོམ་ཡིག་འདིར་ཡིད་གཟུགས་བཀོད་པ་ཅུང་མང་ཞིང་།ཡིད་གཟུགས་མཐའ་དག་རྣམ་པ་གཅིག་བསྒྲུབ་བྱེད་མ་ཡིན་པར།ཕྱོགས་གཉིས་ནས་ཡིད་གཟུགས་འགའ་རེ་བཀོད་ཡོད་པ་ཞིག་རེད།དཔེར་ན།*ཆུ་འཁྱགས*ནམ་མཁའ།*མཚོ་མོ*སོགས་ཕྱོགས་གཅིག་རེད་ལ།*ལག་པ།*ཉི་མ།*གསེར་ཉ*སོགས་ཀྱང་ཕྱོགས་གཞན་ཞིག་རེད།རྩོམ་པ་པོས་གཟབ་ནན་བྱེད་ཡུལ་ནི་ལག་པ་སོགས་ཀྱིས་མཚོན་བྱེད་དེ་ཡིན་ཞིང་།རྩོམ་པ་པོས་ཁ་གཏད་ཡུལ་ནི་ཆ་འཁྱགས་སོགས་ཀྱི་མཚོན་བྱེད་དེ་རེད་འདོད།ལག་པ་ནི་རྩོམ་པ་པོ་རང་ཉིད་ཀྱི་ལག་པའམ་རང་ཉིད་དང་ཉེ་བའི་ཡིད་གཟུགས་ཤིག་ཡིན་ཞིང་།ཆུ་འཁྱགས་ནི་ལག་པ་སོགས་ལ་དབང་བསྒྱུར་བའི་ཅུང་སྟོབས་ཆེན་གྱི་ཡིད་གཟུགས་ཤིག་ཡིན་འདུག།ཡིན་ཡང་།*འཛུམ་མདངས*་ནི་རྩོམ་པ་པོས་དམིགས་གསལ་གྱི་བརྗོད་བྱ་ཡན་གར་བ་ཞིག་རེད།འཛུམ་མདངས་ཀྱིས་ལག་པ་ནི་ལག་པ་ཡིན་པའི་བདེན་པ་ར་སྤྲོད་བྱེད་ཐུབ་པའི་ངང་ནས།རྩོམ་པ་པོས་འཛུམ་མདངས་ཤིག་ལ་རེ་སྨོན་བྱེད་ཀྱིན་པའང་རྟོགས་ཐུབ།འཛུམ་མདངས་ནི་མཐར་གཏུགས་ན་མཐུན་སྒྲིལ་ཞིག་ལྟར་གོ་བ་བླངས་ཡང་ཆོག་པ་འདྲའོ།།༼ཐད་ཚོར་མྱོང་རོལ་ཙམ་ཡིན་པས་མ་རྟོག་ལོག་འགྲེལ་བྱས་པར་དགོངས་དག་ཞུ།༽

                                                                          2011  5  20/ཉིན་དྲ་ཁང་ནས་བྲིས།

འཆི་བ་དྲན་པའི་སྙན་ངག

         སྤྱན་དུངས།

 

ང་རང་ཤུགས་ཀྱིས་ངུས་བ་ནས

ངས་འཇིག་རྟེན་གྱི་འཆི་བ་བརྒལ་དགོས་བྱུང

དེ་ནི་སྟེས་དབང་ཅིག་ཡིན་ཡང་སྲིད

 

སེམས་ལ་མུན་པ་མ་འཚུབ་པའི་དུས་རྟག་ཏུ

ངས་འཆི་བ་ཁོ་ན་གསེར་གྱི་ཟམ་པ་ཞིག་ཏུ་སྒོམ་ཡོད

དེ་ནི་དུས་ཚོད་ཀྱི་སྒལ་གཞུང་ནས

རང་གི་སྡུག་བསྔལ་ཐེངས་གཅིག་དྲན་པའང་ཡིན

 

ངའི་ཚེ་སྲོག་གི་འདབ་མ་རེ་རེ་ནི

ཆུ་དང་ཆར་བས་མ་བསླད་པའི་དཔྱིད་ཀ་ཞིག་ལགས་ན

ངས་འཇིག་རྟེན་གྱི་འཆི་བའི་སྒོ་དྲུང་ནས

སླར་ཡང་རང་ལ་ངུ་སྐད་ཅིག་ཐོབ་པའི་སྨོན་ལམ་འདེབས་ཨང

 

༼འཆི་བ་དྲན་པའི་སྙན་ངག༽

                  ལྗགས་མདའ།

 

སྙན་ངག་ནི་གྲིས་ཤ་གཏུབས་པ་ལྟ་བུ་ཞིག་མིན་ཙ་ན།འཆི་བ་ནི་འཆི་བ་མིན་ལ།འཆི་བ་ནི་འཆི་བའང་ཡིན་ནོ།།

ཚོར་དྲག་གིས་ཟིན་པའི་སྙན་ངག་འདི་ནི་རང་སེམས་ཀྱི་འཇིག་རྟེན་ལ་ལག་སྙོབས་ཐེངས་གཅིག་ལ་བགྱིད་པ་ཀུན་ནས་འདྲ་བར།ཡིད་ལ་ཟད་མི་ཤེས་པའི་སྡུག་བསྔལ་ཞིག་བསྐྱལ་བ་དང་མཉམ་དུ་སྤོབས་པ་དང་ཡིད་ཆེས་ཤིག་ཀྱང་ངམ་ངམ་ཤུགས་ཀྱིས་བསྐྱེད་ཡོང་བ་རེད།དེ་ནི་སྙན་ངག་འབྲི་བཞེངས་ཀྱི་ཐབས་རྩལ་དང་མཛེས་ཆོས་ཁྱད་པར་བ་ཞིག་ལ་ངོས་གཟུང་ཆོག་པར་མ་ཟད།སྙན་ངག་འདི་ལེགས་འགྲུབ་བྱུང་བའི་གནད་ཀྱང་འདི་ལ་ཐུག་ཡོད་པར་སྙམ།

ཚན་པ་གཉིས་པས་སྙན་ངག་ཧྲིལ་བོའི་ཁམས་ཡངས་པོར་ཕྱེས་ནས་ཅུང་གཏིང་ཟབ་པ་ཞིག་ཏུ་བསྐྱལ་ཡོད་མོད།སྐད་ནང་བཞིན་མཇུག་བསྡུ་སྟངས་ལ་དེ་འདྲའི་མོས་པ་མེད་པའི་རྒྱུ་མཚན་ནི་མཇུག་གི་ཚན་པའི་མ་དགག་ནི་གྲོགས་སུ་མ་སོང་བར་དགྲ་རུ་སོང་བར་སྙམ་པའི་རང་བློའི་དྲན་འཆར་ཏེ།  གསལ་བོར་བཤད་ན། ཆུ་དང་ཆར་བས་བསླད་པའི་དཔྱིད་ཀ་ཞིག་ཡིན་ལགས་ན་ཞེས་པ་དེའོ།

ཟུར་ཞུ།གཞན་ད་དུང་ཁ་བ་སྙིང་ལྕགས་ཀྱིས་བྲིས་པའི་དེའི་རྗེས་སུ་ཞེས་པའི་སྙན་ངག་དེར་དགའ་ཚོར་ཡོད་ལ།  དེ་ལྗང་བུའི་སྙན་ངག་ཅིག་དང་ཞིབ་བསྡུར་གྱི་ཚུལ་དུ་ཚོར་འགྲེལ་ཞིག་རྒྱག་བསམ་མོད། ལྗང་བུའི་སྙན་ངག་དེ་ལག་སོན་མ་བྱུང་སྟབས།  བཏང་སྙོམས་སུ་བཞག་པར་དགོངས་དག 

 

༼འཆི་བ་དྲན་པའི་སྙན་ངག༽

ཐོག་མདའ།

གཅིག རྩོམ་ཡིག་འདིའི་ནང་གི་འཆི་བ་ལས་ཀྱང་གཙོ་བོར་བཟུང་ཡོད་པ་ནི་ངུས་པ་དེ་རེད་འདོད།ཤུགས་ཀྱིས་ངུས་པ་ནི་རྩོམ་པ་པོ་རང་ཉིད་ཀྱི་རླབས་ཆེན་གྱི་དོན་དག་ཅིག་མཚོན་ཐུབ་འདུག་ལ།དོན་དག་དེ་ནི་རྩོམ་པ་པོ་རང་ཉིད་ཀྱི་སེམས་སུ་རླབས་ཆེན་གྱི་དོན་དག་ཅིག་ཀྱང་ཡིན་འདོད་པའི་སྣང་ཚུལ་ཞིག་ཀྱང་ཐོན་འདུག

      གཉིས།རྩོམ་པ་པོ་ངུས་པ་དེ་ནི་ཕྱི་རོལ་གྱི་སྣང་ཚུལ་ག་གེ་མོ་ཞིག་གིས་བསླངས་པ་རེད་ལ།སྣང་ཚུལ་དེ་དག་གིས་རྩོམ་པ་པོ་སེམས་ཁྲལ་ཞིག་གི་གནས་སུའང་བསྐྱལ་འདུག།འཆི་བ་ཁོ་ན་གསེར་གྱི་ཟམ་པ་ཞིག་ཏུ་སྒོམ་ཡིས་རྩོམ་པ་པོའི་སྐྱོ་གར་སྙིང་སྟོབས་ལ་སེར་ག་ཞིག་ཀྱང་བསྟན་འདུག།རང་གི་སྡུག་བསྔལ་ཐེངས་གཅིག་དྲན་པའང་ཡིན་ཞེས་པ་ཡི་བསྟན་བྱ་ནི་ངུས་པ་དེ་ལས་བྱུང་བའི་དོན་དག་ཅིག་ལ་ཕྱིར་རྟོག་བྱས་པ་མཚོན་ཐུབ་སྙམ།

        གསུམ།རྩོམ་པ་པོ་ངུས་པ་ནི་བདེན་ལུགས་ཤིག་ཏུ་བསྒོམས་པར་ཤུགས་ཆེ་ཞིང་།ཤི་བའི་ཉིན་མོར་ཐོན་ཡང་རྩོམ་པ་པོས་སླར་ཡང་ཐེངས་གཅིག་ངུ་ཐུབ་པའམ།ངུས་པ་མཚོན་བྱེད་ཀྱི་དོན་དག་ཅིག་བསྒྲུབ་ཐུབ་པར་རེ་བ་དང་སྨོན་པ་ཡིས་ཁེངས་པའང།ངུས་པ་ནི་འཆི་བ་ལས་ཀྱང་གཟི་བརྗིད་ཅིག་ཏུ་མངོན་བྱེད་དུ་འགྲོ་ཐུབ་གི་སྙམ།༼ཐད་ཚོར་མྱོང་རོལ་ཙམ་ཡིན་པས་མ་རྟོག་ལོག་འགྲེལ་བྱས་པར་དགོངས་དག་ཞུ།༽

                                                             2011  5  20/ཉིན་དྲ་ཁང་ནས་བྲིས།

ཚོགས་འདུའི་སྟེང་གི་སྙན་ངག་གཉིས།

 

མེ་ལོང་ནང་ནས་བསྡམས་པ།     

                       རླུང་བུ།  

ཁ་ཆུ་ཡི་དུག་བསྒོ་བཞིན་འདུག

ལུས་པོ་རློན་པ་ཡིས་དབྱར་གཞུང་ནེམ་པོར་རྫུ་བཞིན་འདུག

བདག་གི་བརྩེ་བ་དགོད་དགོད་ངང་ཡོང་ནས

སྐྱུར་དྲི་འཐུལ་བའི་བག་ལེབ་ཅིག་དང་མཉམ་དུ  དབྱར་གཞུང་གི་བསིལ་རླུང་ཟོས

དབྱར་གཞུང་འདིར་ཡང

ཆར་བ་རྒྱུན་ལྡན་བཞིན་བབས འབྲུག་ཡང་རྒྱུན་ལྡན་བཞིན་གྲགས

ཡིན་ནའང

དཀར་ཡོལ་འབྲུག་རིས་མའི་སྟེང་གི་འབྲུག་དེ་གྲགས་རྒྱུ་མ་བྱུང

དཀར་ཡོལ་འབྲུག་རིས་མ་ཞིག   མཚོ་སྔོན་པོའི་མཐའ་ན་ལུས་ཡོད

བདག་པོ་ཚོའི་ལག་པ་བསྲིངས་བསྲིངས་བྱེད་ཀྱིན་ཡོད

མཚོ་སྔོན་པོ་ཇི་འདྲའི་དྭངས་ཤ་ཆེ་རུང  མེ་ལོང་ཞིག་ཏུ་མ་འདོད

སྐལ་བ་སྐལ་བ་ལྟར་རྫོགས་སོང

ལག་མཐིལ་གྱི་དཀར་ཡོལ་འབྲུག་རིས་མའི་སྟེང་འོག་གི་ས་ཁྲ

སྐམ་རིལ་དུ་གྱུར་བའི་མི་བུ་ཞིག་གི་ངོ་གདོང་དུ་གྱུར

གཙང་ཤོག་དག    གཙང་བོ་ལ་མ་བསྐུར་བར

འགྲམ་གྱི་མེ་ལོང་ངོར་གཡུགས  ཚོགས་སྤྱི་ཞིག་བཞུར་བྱུང

མཛུབ་མོ་ལྟ་བུའི་བར་སྟོང་ཞིག་གི་ནང་ངོས་ནས

རང་ཉིད་ཆུང་དུས་སུ

སྦྲ་ནང་ནས་མཐོང་བའི་པོ་ཏ་ལའི་འདྲ་པར་དེ་ལསཅི་ཡང་མ་མཐོང

 2011-5-14ཉིན་ལན་གྲུ་ནས།

ན་གཞོན་གྱི་སྐྲ་ལོ།
 བཙན་སྒྲ།

ཆུ་བོ་ལ་རླུང་གི་མེ་ཏོག་འཁྱིར
ས་གཞིའི་ངོ་གདོང་ལ
དྲན་པའི་སྙན་ངག་ཅིག
ཚེ་སྲོག་དང་ང་རོ་ནི་སྔར་བཞིན

 

རྒྱང་རིང་གི་གླུ་སྐད་དེ
འདར་བཞིན  འཕྱོ་བཞིན
ནམ་མཁའི་དགུ་ཚིགས་སུ་འདེགས
གངས་ཐང་གི་ལུ་གུ་དག་སྔར་བཞིན་གཞས་ལ་རོལ

 

བདག་གི་སེམས་ཀྱི་ཁ་དོག
ཁྱོད་ཀྱི་སྙིང་ཁྲག་གི་རོ་ལ་འཐིམས
ཁ་བ་མཚོ་ལ་མ་ལྷུང་གོང
མུན་པ་མངལ་ལས་ཤོར

 

སྤྲིན་ནག་གི་གཡོལ་བའི་འོག་གཟིམས་པའི་གངས་རི
ལྷ་ཡིའི་སྤྱན་ཆབ་ལ་རེ་བའི་ཨ་མ་སྒྲེན་མོ
ཤིང་རྟའི་ཁ་ལོ་བ་སུ་ཞིག་གི་ངལ་བའི་རྒྱུ

 

 

 
 
བརྩམས་ཆོས་བགྲོ་གླེང་ཚོགས་འདུའི་གནས་ཚུལ་དང་གསར་བརྡ།
[ 2011-5-21 17:11:58 | By: xbxb ]
 

                   

              བརྩམས་ཆོས་བགྲོ་གླེང་ཚོགས་འདུ་བསྡུས་པའི་གནས་ཚུལ་དང་གསར་བརྡ།

 

ད་ཐེངས་ཀྱི་གཟའ་མཇུག་ལ་མི་སྣ་སུམ་བཅུ་ལོན་པ་ཞིག་གིས་བརྩམས་ཆོས་བགྲོ་གླེང་བྱས་ཤིང་།ཚོགས་ཐོག་ཏུ་བརྩམས་ཆོས་ཀྱང་མང་པོ་ཞིག་བསྡུས་སོང་བས་ན།སྒྲེན་པོ་དང་གངས།རླུང་བུ་དང་སྙིང་ལྕགས།གླག་དང་གཞི་བདག་སོགས་ཀྱིས་སྙན་ངག་དང་འབྲེལ་བའི་གཏམ་བརྗོད་སྣ་ཚོགས་བྱས་ཤིང་།བར་སྐབས་ཤིག་ནས་བུ་མོ་མིང་ལ་ལྷ་མོ་འཚོ་ཟེར་བ་ཞིག་གིས་རང་གི་ཚོགས་འདུ་འདིའི་མྱོང་ཚོར་བསྡུས་མས་བཤད་བྱུང་ལ།དེ་ནི་མོ་ལ་ཚོགས་འདུ་འདི་ནས་གཅིག་ནས་བརྩོན་སེམས་ཅིག་སྐྱེས་སོང་བ་དང།གཉིས་ནས་ཕུགས་བསམ་ཞིག་གནང་སོང་།གསུམ་ནས་སྒེར་ཚུགས་ཅིག་རྙེད་སོང་ལ།བཞི་ནས་དཔྱོད་ཤེས་ཀྱང་མི་དམན་པ་ཞིག་ཐོབ་པ།ལྔ་ནས་སྙིང་སྟོབས་ཅིག་བསྐྲུན་སོང་ཞེས་བརྗོད་བྱུང་ངོ།འོག་ནས་ཐེངས་འདིའི་བགྲོ་གླེང་སྐབས་ཀྱི་བརྩམས་ཆོས་དག་དང་དེ་དག་གི་ཀློག་འབྲེལ་དག་འགོད་རྒྱུ་ཡིན་ལ།དེ་དང་བསྟུན་ནས་དྲ་ཞུགས་ཀློག་པོ་དག་གིས་ཀྱང་ངེད་ཅག་གི་ཐེངས་འདིའི་བགྲོ་གླེང་སྐབས་ཀྱི་བརྩམས་ཆོས་དག་ལ་ཀློག་འབྲེལ་སོགས་བསམ་ཚུལ་ལྷུག་བརྗོད་གནང་ནས་ཐད་ཀར་ཡིག་ཟམ་དུ་བསྐུར་དང་ངེད་ཅག་རྩོམ་རིག་ཚོགས་ཆུང་གི་ཟིན་བྲིས་སུ་འགོད་ངེས་ཡིན།  ཡིག་ཟམ། mailto:jiandong123123@163.com

༼གཅིག༽ ཚོགས་ཐོག་གི་བརྩམས་ཆོས་ཁག་ཅིག

འཁྲུལ་བ།

    གངས།

ཀ་ཏོ་རའི་ནང་དུ་ཆུ་འཁྱགས་བླུགས

ཚིལ་དྲེག་གིས་ཟིན་པའི་ལག་པ་ལ་ཡང་ཡང་བལྟས

 

དེའི་རྗེས་ནས   མིག་མཐའ་ཆུ་ཡིས་བྲན

ཆུ་ནང་གི་ལག་པས

ངོ་གདོང  ཤེལ་ལེབ་བཞིན་བཅག

 

འཛུམ་ཆུང་གིས

ནམ་མཁའ་ཕྱོགས་སོ་སོར་གས་རྗེས་ཀྱི་ཉི་འོད་མཚོན་ཡོད

 

ཁ་བྱང་འབྲི་མི་འདོད་པའི་སྙན་ངག་ཅིག

                      གནའ་གྲོང་།

 

དགུན་ཁ་རྒྱང་དུ་བཞུད་ཐེངས་རེ་རེར

ངས་ཁྱོད་ཀྱིས་རྙེད་མ་ཐུབ་པའི་གཏམ་རྒྱུད་དག་ལ་བསམ་བློ་བཏང

གྱེས་བྲལ་ལ་ཞུགས་པའི་མི་རྣམས་རྡོའི་ཟམ་ཆེན་གྱི་བརྒལ་ནས་ལམ་ལ་ཆས

ཕྱིར་དྲན་གྱི་ངོགས་ན་གཙང་བོ་མ་གཏོགས་ཅི་ཡང་ལྷག་མི་འདུག

འདབ་མ་དང་སྤྲིན་པ་ཡོད་ཚད་རླུང་གིས་གཏོར་རྗེས

གྲུའི་སྟེང་གི་འཚོ་བ་ནི་ཆེས་བདེ་སྐྱིད་ཀྱི་འཚོ་བ་དེ་རེད

འཚོ་གནས་དང་ལྷིང་འཇགས   བདེ་སྐྱིད་དང་རྒྱང་རིང

ཨ་་་་་་    ངས་གང་ལའང་བསམ་གཞིག་གཏོང་མི་ཕོད

 

ཉི་འོད་མོད་པའི་ཞིང་གྲོང་ནས   བྱའི་ཀྱར་ཀྱུར་ལ་འཇགས་རྒྱུ་མེད

རྦ་རླབས་འཇགས་རྗེས    འབྲུ་རྡོག་རེ་རེ་ལ་མྱུ་གུ་འབུས

བདེ་སྐྱིད་ནི་རྒྱང་རིང་གི་སྤྲང་བོ་སྟེ   

རྡོའི་ས་ཞིང་དང་ཁྱིའི་འཚོ་གནས་ཀྱི་འགྲམ་དུ

བདེ་སྐྱིད་ལ་ཉི་མ་མེད    བདེ་སྐྱིད་ལ་ཉི་མ་མེད

 

གྲུའི་སྟེང་གི་འཚོ་གནས་ནི་ཆེས་ལྷིང་འཇགས་ཀྱི་འཚོ་གནས་ཏེ

ཉེ་འགྲམ་གྱི་མི་རྣམས་རྡོའི་ཟམ་ཆེན་གྱི་སྟེང་ནས་རྒས

གྱེ་བྲལ་ལ་ཕྱིར་མིག་མེད    གྱེས་བྲལ་ལ་ཕྱིར་མིག་མེད

                        ༢༠༡༡ལོའི་ཟླ་༤པའི་ཚེས༢༧ཉིན་ལན་གྲུ་ནས།

 

འཆི་བ་དྲན་པའི་སྙན་ངག

         སྤྱན་དུངས།

 

ང་རང་ཤུགས་ཀྱིས་ངུས་བ་ནས

ངས་འཇིག་རྟེན་གྱི་འཆི་བ་བརྒལ་དགོས་བྱུང

དེ་ནི་སྟེས་དབང་ཅིག་ཡིན་ཡང་སྲིད

 

སེམས་ལ་མུན་པ་མ་འཚུབ་པའི་དུས་རྟག་ཏུ

ངས་འཆི་བ་ཁོ་ན་གསེར་གྱི་ཟམ་པ་ཞིག་ཏུ་སྒོམ་ཡོད

དེ་ནི་དུས་ཚོད་ཀྱི་སྒལ་གཞུང་ནས

རང་གི་སྡུག་བསྔལ་ཐེངས་གཅིག་དྲན་པའང་ཡིན

 

 

ངའི་ཚེ་སྲོག་གི་འདབ་མ་རེ་རེ་ནི

ཆུ་དང་ཆར་བས་མ་བསླད་པའི་དཔྱིད་ཀ་ཞིག་ལགས་ན

ངས་འཇིག་རྟེན་གྱི་འཆི་བའི་སྒོ་དྲུང་ནས

སླར་ཡང་རང་ལ་ངུ་སྐད་ཅིག་ཐོབ་པའི་སྨོན་ལམ་འདེབས་ཨང

 

                                      2011.5.19ཉིན།

 

   དེའི་རྗེས་སུ

            ཁ་བ་སྙིང་ལྕགས།

 

དེའི་རྗེས་སུ་འཇིག་རྟེན་དུ་མུན་པ་འཐིབ

དེའི་རྗེས་སུ་ཐག་རིང་དུ་སོང་མཁན་དག་ཕྱིར་མ་ཡོང

དེའི་རྗེས་སུ་ང་མི་ཚོགས་དང་འཕྲད

ཁོ་ཚོས་ངས་ཧ་མི་གོ་བའི་སྐད་ཆ་རྡབ་རྡིབ་ཅིག་སྨྲ

དེའི་རྗེས་སུ་ང་རང་བུ་མོ་ཞིག་དང་འཕྲད

ཁོ་མོ་དམུལ་ཙམ་གནང་བ་ལས་སྨྲ་སྒོ་མ་ཕྱེས

 

དེའི་རྗེས་སུ་ང་རང་གཅིག་པུ་ལམ་དུ་ཕྱིན

དེའི་རྗེས་སུ་ལམ་ནང་དུ་རྡོ་བ་ཇེ་མང་ལ་སོང

དེའི་རྗེས་སུ་ལམ་མདོ་ནས་ང་རང་ཚེར་ཕུང་ཞིག་དང་འཕྲད

དེའི་རྗེས་སུ་ང་ནི་ཨབ་བྲ་ཞིག་གི་རྐང་རྗེས་ལ་ཞུགས་ནས་མདུན་དུ་སོང

དེའི་རྗེས་སུ་ངས་ནི་རྒྱ་མཚོ་ལྟ་བུའི་ཡུལ་ལྗོངས་ཤིག་མཐོང

མི་ཚོགས་ཀྱི་བེམ་པོ་དེ་རུ་སྤུངས་ཤིང་རུལ་དྲི་ལྡང

 

དེའི་རྗེས་སུ

ང་རང་ཨ་ཐང་ཆད

ལམ་གྱི་སྣེ་མོར་ཙོག་ནས་རང་ཉིད་ལ་སྒུག

དེའི་རྗེས་སུ

ངས་ས་འདམ་གྱི་ཁྲོད་དུ་སྙན་ངག་ཅིག་བྲིས

དེའི་སྟེང་དུ་ཆར་ཐིགས་འགའ་གཏོར

དེའི་རྗེས་སུ

ངས་ས་སྲོད་ཀྱི་ཉི་མའི་འོད་ཐག་གི་ངོས་སུ

ཁྱོད་ཀྱི་རྒྱབ་གཟུགས་ཆག་གིན་པ་མཐོང

 

དེའི་རྗེས་སུ་ས་ཆེན་གྱི་པང་དུ་ལྷགས་པ་ལྡང་བྱུང

ལམ་འགྲམ་གྱི་རྩི་ཤིང་གིས་ཁོ་བོའི་སེམས་པ་སྒུལ་བྱུང

དེ་ནས་མིག་ཟུང་སྒུལ་བྱུང

དེ་ནས་ཆུའི་ཐིགས་པ་འགའ་སྒུལ་བྱུང

 

2011-5-16

  རླུང་གི་ཀོ་བ།

               ཚ།

 

ཉི་ཐིགས་བྲག་ལ་འཁྱུད་པ་ནས

རྒོད་པོ་ཚང་ནས་འཕུར

རླུང་དང་ཡུན་རིང་འཐབ་པས

གཤོག་སྒྲོ་གཅིག་དྲོད་དང་གྱེས

 

སྒྲོ་རྐང་གཅིག་པུ

དབྱིངས་ཀྱི་ལྷིང་འཇགས་རུམ་ནས

བགས་ཀྱིས་བྱེ་མའི་མངལ་དུ་སྦྲུམ

 

ལོ་དང་ཟླ་བ་གད་དེ

སྒྲོ་སྤུ་བྱེ་རྡུལ་གྱི་གཏིང་ནས་སྐྱེས

རྒོད་པོའི་གནས་མལ

སླར་ཡང་རང་གི་སྒྲོ་ལ་བཅས

 

     ཁེར་རྐུང་།

              གསོམ་བུ།

 

དུས་དེར    འོད་སྣང་ཐར་ཐོར

དབྱངས་ཀྱི་འགྲོས་ལ་སིམ་སྟེ

མུན་པའི་བ་སྤུ་རེ་རེ་སྒུལ་རྗེས

སླར་ཡང་གཤེར་བག་གི་བཞིན་རས་སུ་ལྷུང་བས

ང་ཚོའི་བར་ཐག་སྔར་ལས་ཇེ་ཉེར་བཏང་སོང

 

མཚན་མོའི་གཏིང་རུམ་ནས

སྐར་མའི་གཤོག་ཟུང་ཐོགས་ཏེ

རྨི་ལམ་གྱི་སྐྱ་རེངས་སུ་རང་ཉིད་འཚོལ་འདོད་ཡིན་ན

ད་ལྟ་འུ་ཅག་དམར་རྗེན་རྗེན་ཡོད་ན་ཆོག་མོད

 

དབྱངས་རྟ་འཇགས་ཤིང་འོད་སྣང་ཞིག་རྗེས

མུན་པ་བཤགས་ནས་ཉི་རྩེ་ཤར་དུས

ང་ཚོས་ཡང་བསྐྱར་ལྭ་བ་གྱོན་འགོ་བརྩམས་པས

 

འོད་སྣང་ཐར་ཐོར

དབྱངས་ཀྱི་འགྲོས་ལ་སིམ་སྟེ

སྔར་བཞིན་ཁེར་རྐྱང་ངང་སང་ཉིན་ལ་སྒུག

 

ཐ་མག་གི་ཚག་སྒྲའི་བར་ན།  ཁྱོད་རང་རྩོམ་ཆོས་ཤིག

                          རྣོ་ཟུར།

 

དུ་བ་སྔོན་པོ་ཞིག་གིས་ངའི་མཁའ་དབྱིངས་ནས་འཆོར་སྒེག་སྟོན་པས

ངའང་དུ་བར་འགྲོགས་ནས་རྩོམ་ཆོས་ཤིག་གི་ཉིན་སྲིབ་ཏུ་བྲེལ་དང་དལ་གྱིས་སོང

 

རི་དམར་ལུང་དམར་གྱི་འགག་སྒོ་རེ་རེ་ན

སུས་ཀྱང་མཐོང་མི་ཐུབ་པའི་གསང་བ་ལྐོག་གྱུར་གྱི་ཐ་སྙད་རེ་རེ

སྨྲ་བསམ་བརྗོད་འདས་ཀྱིས་འགྱིང་ཡོད་ཟེར

གང་ལྟར་སྒྲིབ་པ་ཟེར་བའི་བཙན་གཡབ་དེས་ཡིན་ནམ

རྐང་རྗེས་ཤིག་ཀྱང་མི་འདུག  སྐྲ་ཉག་རེའང་མི་འདུག

 

ཁ་ཕྱིར་ལོག་པའི་ལམ་བར་ན་དོར་མ་བོར་བའི་ཁྱོད

དུས་ཚོད་ཅིག་གི་མདེའུ་རྩེ་ནས་སིལ་སིལ་འོང་གི་འདུག

མིག་འོད་ཀེམ་ཀེམ  རྣ་བ་ཀྲོག་ཀྲོག

 

ཐ་མག་གི་ཚག་སྒྲས་རྣམ་ཤེས་དེ་ལ་ཚང་རྩིས་རྒྱབ་དུས

ང་བོར་སོང  སྨུག་ལ་ལོང་ཁྲོད་ནས 

                       2011.05.19ཉིན་དྲ་ཁང་དུ།

 

མེ་ལོང་ནང་ནས་བསྡམས་པ །                                                                                                           

                རླུང་བུ །  

ཁ་ཆུ་ཡི་དུག་བསྒོ་བཞིན་འདུག 

ལུས་པོ་རློན་པ་ཡིས་དབྱར་གཞུང་ནེམ་པོར་རྫུ་བཞིན་འདུག 

བདག་གི་བརྩེ་བ་དགོད་དགོད་ངང་ཡོང་ནས 

སྐྱུར་དྲི་འཐུལ་བའི་བག་ལེབ་ཅིག་དང་མཉམ་དུ

དབྱར་གཞུང་གི་བསིལ་རླུང་ཟོས དབྱར་གཞུང་འདིར་ཡང 

ཆར་བ་རྒྱུན་ལྡན་བཞིན་བབས འབྲུག་ཡང་རྒྱུན་ལྡན་བཞིན་གྲགས 

ཡིན་ནའང 

དཀར་ཡོལ་འབྲུག་རིས་མའི་སྟེང་གི་འབྲུག་དེ་གྲགས་རྒྱུ་མ་བྱུང 

དཀར་ཡོལ་འབྲུག་རིས་མ་ཞིག མཚོ་སྔོན་པོའི་མཐའ་ན་ལུས་ཡོད 

བདག་པོ་ཚོའི་ལག་པ་བསྲིངས་བསྲིངས་བྱེད་ཀྱིན་ཡོད 

མཚོ་སྔོན་པོ་ཇི་འདྲའི་དྭངས་ཤ་ཆེ་རུང མེ་ལོང་ཞིག་ཏུ་མ་འདོད

སྐལ་བ་སྐལ་བ་ལྟར་རྫོགས་སོང 

ལག་མཐིལ་གྱི་དཀར་ཡོལ་འབྲུག་རིས་མའི་སྟེང་འོག་གི་ས་ཁྲ 

སྐམ་རིལ་དུ་གྱུར་བའི་མི་བུ་ཞིག་གི་ངོ་གདོང་དུ་གྱུར 

གཙང་ཤོག་དག གཙང་བོ་ལ་མ་བསྐུར་བར 

འགྲམ་གྱི་མེ་ལོང་ངོར་གཡུགས ཚོགས་སྤྱི་ཞིག་བཞུར་བྱུང 

མཛུབ་མོ་ལྟ་བུའི་བར་སྟོང་ཞིག་གི་ནང་ངོས་ནས 

རང་ཉིད་ཆུང་དུས་སུ 

སྦྲ་ནང་ནས་མཐོང་བའི་པོ་ཏ་ལའི་འདྲ་པར་དེ་ལས ཅི་ཡང་མ་མཐོང 

                2011-5-14ཉིན་ལན་གྲུ་ནས།

འདི་དག་ལས་ཚོགས་ཐོག་གི་བརྩམས་ཆོས་གཞན་དག་ངའི་ཡིག་ཟམ་དུ་འབྱོར་མི་འདུགབདག་པོས་བསྐུར་རོགས་ཞུ།

 
 
ཁོར་ཡུག་གི་གྱོང་གུད་གླེང་བ་ཞེས་བའི་བགྲོ་གླེང་ཚོགས་འདུ་བསྡུས་པ།
[ 2011-5-18 13:15:42 | By: xbxb ]
 

 

 

    ཁོར་ཡུག་གི་གྱོང་གུད་གླེང་བ་ཞེས་བའི་བགྲོ་གླེང་ཚོགས་འདུ་བསྡུས་པ།   

                                               ཟིན་བྲིས་འདེབས་མཁན། འབྲུག་པ་བཀྲ་ཤིས།

 

དུས་ཚོད། ༢༠༡༡ལོའི་ཟླ་༥བའི་ཚེས༡༦ཉིན།

ས་གནས།  ཆུ་མིག་ལྔ་ལྡན།

ཚོགས་ཞུགས་མི་སྣ།    ཧོར་ཚང་བློ་བཟང་། འོད་ནག་དང་ཁ་བ་སྙིང་ལྕགས། སྐལ་བཟང་སྐྱབས། འཇམ་དཔལ་རྡོ་རྗེ། སྤྱན་དུངས།  གསོམ་བུ་སོགས་མི་བཞི་བཅུ་ལྷག་འདུས།

གཙོ་སྒྲུབ་པ།  སྨིན་དྲུག་ཚོ་ཆུང་།

 

གཙོ་སྒྲུབ་པས་ཐེངས་འདིའི་བགྲོ་གླེང་ལ་ཞུགས་པའི་ཚོགས་མི་ཡོངས་ལ་འཚམས་འདྲི་དང་འདིར་གླེང་གཞིར་གྱུར་བ་ནི་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་གཉིས་ལས་ཕྱི་མ་སྤྱི་ཚོགས་ཁོར་ཡུག་ཡིན་པ་གསལ་བཤད་དང་བཅས་བགྲོ་གླེང་གི་དབུ་མཛད་ཅིང་།ཚོགས་ཞུགས་མི་སྣ་དག་གིས་རང་རང་གི་གླེང་གཞིར་འབྲེལ་ན་གྱི་ལྟ་ཚུལ་སྣ་ཚོགས་ལྷུག་བརྗོད་བྱས་ཤིང་མཐར་བགྲོ་གླེང་གི་མཁའ་དབུགས་ཅུང་ཚ་ཚ་འུར་འུར་དུ་གྱུར་བའི་རྣམ་པ་ཡག་པོ་བྱུང་ཡོད་དོ།

 

ཚོགས་ཞུགས་མི་སྣ་དག་གི་གཏམ་བཤད་ཉིང་བསྡུས་ཀྱིས་ཟིན་བྲིས་སུ་ཕབ་པ།

 

འོད་ནག

བོད་ཀྱི་གླུ་བ་བདུད་བྷེ་སོགས་ཀྱིས་མཚོན་པའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ལྡན་པའི་གླུ་བ་མང་པོ་ཡང་རྒྱལ་ཡོངས་སུ་གྲགས་མ་ཐུབ་པ་དེའང་སྤྱི་ཚོགས་ཁོར་ཡུག་གིས་ཐེབས་པའི་གནད་དོན་ཡིན་པས་ང་ཚོས་ཇི་ལྟར་འདི་ལྟ་བུའི་སྤྱི་ཚོགས་ཁོར་ཡུག་གི་གནད་དོན་མེད་པར་བཟོ་དགོས་བའི་སྐོར་གྱི་བསམ་ཚུལ་མང་ཙམ་གླེང་།

སྤྱན་དུངས།

ནུབ་བྱང་ཚང་གི་སྙིང་སྟོབས་ནི་ཐུན་མོང་གིས་བསྐྲུན་པ་ལས་མི་ག་གེ་མོས་ཚབ་མཚོན་བྱེད་མི་ཐུབ་པ་གཞིར་བཞག་གི་སྟེང་ནས་སྤྱི་ཚོགས་ཁོར་ཡུག་ལ་གདོང་གཏོད་དགོས་པ་དང་།སློབ་མ་ཞིག་གི་ངོས་ཐད་ནས་དགེ་རྒན་གྱི་ཁྲིད་ཐབས་དང་བསླབ་དེབ་ཀྱི་སྒྲོམ་གཞི་ཚད་ལྡན་མིན་པ་དང་སློབ་མ་རང་ཅག་གི་སློབ་སྦྱོང་བྱེད་ཐབས་ཡང་དག་མིན་པ་བཅས་གསུམ་ལས་རང་གི་ཁོར་ཡུག་གི་ཉེན་ཚབས་གླེང་བ།

ཐུབ་པ།

ད་ལྟའི་བོད་ཀྱི་སྤྱི་ཚོགས་ཁོར་ཡུག་ནི་མུན་ནག་ཅིག་ཡིན་པས།དེ་གྲོལ་བར་བྱེད་དགོས་ན་གཙོ་བོ་རིག་གནས་དགག་སྒྲུབ་ཀྱི་ལས་ལ་གཞོལ་ཏེ་མི་བུ་སྒེར་ལ་སད་རྟོགས་ཀྱི་རིག་ལམ་ཡོད་པར་བྱ་དགོས་བའི་བསམ་ཚུལ་བཏོན།

དབལ་ཤུལ་བུ་ཆུང་།

རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་དངོས་ལ་སྦྱར་ཏེ་བོད་ཀྱི་སློབ་ཆེན་པའི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་གནད་དོན་ཁ་ཤས་གླེང་སྟེ།རང་གི་ཐག་ཉེའི་ཁོར་ཡུག་ལ་སུན་འབྱིན་བྱས།

ཐོག་མདའ།

མི་རིགས་རིག་གནས་རྒྱུན་སྐྱོང་དང་དྲ་སྟེང་གི་ཡ་མ་བརླའི་ང་ཚོ་གླེང་ནས་རང་གི་ཁོར་ཡུག་གི་ནག་ཉེས་ལ་བསམ་འཆར་བཏོན།

ཁ་བ་སྙིང་ལྕགས།

རང་དབང་།དམངས་གཙོ།འདྲ་མཉམ་གསུམ་གྱི་འབྱུང་ཁུངས་དང་དེ་དག་ད་ལྟའི་རང་ཅག་ལ་སྦྱར་ཏེ་ཇི་ལྟར་ངོས་འཛིན་དང་དབྱེ་ཞིབ་བྱེད་ཚུལ།དེ་མིན་མི་ལ་རས་པའི་ལོ་རྒྱུས་ལ་སྦྱར་ཏེ་མི་བུའི་རྩིས་ཐང་དང་འཇིགས་སྐྲག་སོགས་རེ་རེ་བཞིན་ནན་གྱིས་གླེང་།

གསོམ་བུ།

སྤྱིར་ཐེངས་འདིའི་བསམ་བློའི་བགྲོ་གླེང་གི་ངོས་ནས་བཤད་ན།གཞུང་ལུགས་ཆེན་པོའི་རྒྱབ་རྟེན་དང་ལྕི་དྲག་པའི་སྐད་ཆ་དག་སྙིང་བོ་མེད་པར་མཐོང་གི་ཡོད་ལ།དེ་བཞིན་དུ་སྤྱི་ཚོགས་ཁོར་ཡུག་གི་གུ་དོག་པའི་བསམ་བློ་དང་བགྲོ་གླེང་འཚོགས་འདུའི་གོ་རིམ་ལ་བརྩི་མཐོང་མི་བྱེད་པ་དག་ལ་ཚ་འདྲི་དང་སུན་འབྱིན་བྱས།

བློ་བཟང་།

འཇིག་རྟེན་གྱི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བ་ཡིན་པས་ཁོར་ཡུག་སྲོང་སྐྱོབ་བྱེད་དགོས་ཚུལ་དང་།མི་ལ་རས་པ་དང་རྗེ་རིན་པོ་ཆེ།མཁས་དབང་དགེ་ཆོས་སོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ལ་སྦྱར་ཏེ་ཀུན་སྤྱོད་དང་མི་ཚེའི་དམིགས་ཚད་གླེང་།

རྣོ་ཟུར།

མི་སུ་དང་གང་ཡིན་ཡང་འཆི་བ་ཤ་སྟག་ཡིན་པས་དེ་ལ་གདོང་གཏོད་བྱེད་དགོས་ཚུལ་རགས་ཙམ་གླེང་།

བཙན་སྒྲ།

ང་ཚོས་ངེས་པར་དུ་གླེང་དགོས་བ་ནི་རང་བྱུང་ཁོར་ཡུག་གི་ཚེ་སྲོག་མ་ཡིན་པར་སྤྱི་ཚོགས་འཚོ་བའི་གནས་བབས་ཡིན་པ།

རྩེ་བ་ཀུན་དགའ།

རང་ཉིད་སློབ་མ་ཞིག་ཡིན་པའི་ངོས་ཐད་ནས་ལངས་སྟེ།རྒྱུགས་སྤྲོད་གཞན་དབང་རིང་ལུགས་དང་ཟིན་བྲིས་ངོ་ལོག་རིང་ལུགས།བགྲོ་གླེང་གཏོར་བརླག་རིང་ལུགས་གསུམ་གྱི་སྐྱོན་ཆ་དང་མི་འདང་ས་མང་དུ་གླེང་།

 

གསལ་བཤད།

སྨིན་དྲུག་ཚོ་ཆུང་ནི་དགའ་ཁ་འཁྱེར་སོ་མཐུན་པའི་སློབ་གྲོགས་སྐོར་ཞིག་གིས་གྲུབ་པ་ཡིན་ཞིང་།དེ་དག་ནི་སྐར་མདའ་དང་སྒོ་བུ།ཐོར་གོད་ལྗང་མྱུགརྩེ་བ་ཀུན་དགའ།ཚེ་རིང་དོན་འགྲུབ།འབྲུག་པ་བཀྲ་ཤིས་སོགས་ཡིན།ཁོ་ཚོས་རང་ནུས་ཅི་ལྕོགས་ཀྱིས་སྔ་ཕྱིར་བགྲོ་གླེང་དང་རྩོམ་རིག་གླེང་བརྗོད་སོགས་ཐེངས་བཅུ་ལྷག་སྤེལ་བ་རེད།གཞན་འདིར་འགོད་མ་ཐུབ་པའི་ཚོགས་ཞུགས་མི་སྣ་རེ་འགའི་བསམ་ཚུལ་དང་བཀོད་ཟིན་པའི་སྐད་ཆའི་ནང་དོན་སོགས་ལ་གོ་འཛོལ་འདྲ་བྱུང་ཡོད་ན་དགོངས་དག་ཞུ།

 

 

 

 
 
བོད་ཀྱི་སློབ་ཆེན་སློབ་མ་དང་སྤྱི་ཚོགས་བར་གྱི་འབྲེལ་བ།
[ 2011-5-14 15:21:37 | By: xbxb ]
 

 བོད་ཀྱི་སློབ་ཆེན་སློབ་མ་དང་སྤྱི་ཚོགས་བར་གྱི་འབྲེལ་བ།

 

༼ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལ་ཚོགས་ཞུགས་མི་སྣ་དྲུག་བཅུར་ཉེ་བ་ཞིག་འདུས་ཤིང་།ཐེངས་འདིའི་ཚོགས་འདུའི་མགོ་མཇུག་བར་གསུམ་ཀུན་དུ་གཏམ་བཤད་པ་རེ་རེའི་ན་གཞོན་གྱི་ལང་ཚོའི་སྟོབས་ཀྱིས་འབར་བ་ལྟ་བུའི་དཔའ་གདེང་གང་དེས་བགྲོ་གླེང་གི་འཁྲིག་ཆ་ཤིན་ཏུ་དོད་པོ་བྱུང་ཡོད་དོ།༽

རྩོམ་རིག་ཚོགས་ཆུང་གིས་གཏམ་གྱི་དབུ་མཛད་པ།

དོ་ནུབ་འདིར་སློབ་གྲོགས་པོ་མང་པོ་ཞིག་འདུས་ཡོད་པ་ཅུང་དགའ་འོས་པ་ཞིག་རེད།ང་ཚོ་ཚང་མ་བོད་ཀྱི་སློབ་ཆེན་སློབ་མ་ཏག་ཏག་རེད།དེའི་ཆ་ནས་བོད་ཀྱི་སྤྱི་ཚོགས་དང་འཚོ་གནས་ལ་སེམས་ཁུར་དང་དོ་སྣང་བགྱིས་ཏེ་དེང་གི་སྤྱི་ཚོགས་གནས་བབ་ལ་གཞིགས་ནས་མ་འོངས་པའི་མདུན་ལམ་སྐོར་ལ་བསམ་གཞིག་དང་བགྲོ་གླེང་།ཡང་ན་སྐད་ཆ་གཙང་མ་རེ་བཤད་ཐུབ་ན་ཤིན་ཏུ་ལེགས།ཚོགས་ཞུགས་པ་དག་གིས་དེ་འདྲའི་གཟབ་ནན་བྱེད་མི་དགོས།ཕན་ཚུན་ལ་ཁ་བརྡ་དང་བགྲོ་གླེང་གི་ཚུལ་དུ་རང་གི་འཆར་སྣང་སྣ་ཚོགས་ལྷུག་པོར་བརྗོད་ཆོག 

 གནའ་གྲོང་།

རྩོམ་རིག་ཚོགས་ཆུང་གི་ལས་དབང་ནི་དོ་ནུབ་འདིར་གནས་ཀྱི་སློབ་གྲོགས་ཡོངས་དང་འབྲེལ་བ་ཡོད་པ་ཞིག་རེད།རྩོམ་རིག་ཚོགས་ཆུང་ནི་གནས་སྐབས་ཀྱི་སྐད་འབོད་རྒྱག་ས་ཞིག་མིནར་པར་ནུབ་བྱང་མི་རིགས་སློབ་ཆེན་མ་འཇིག་བར་དུ་བོད་ཀྱི་ན་གཞོན་དག་གིས་རང་གི་རྨི་ལམ་དང་ཕུགས་བསམ་མངོན་འགྱུར་བྱེད་སའི་ཞིང་ས་གཤིན་པོ་ཞིག་ཡིན་པས།རྩོམ་རིག་ཚོགས་ནི་མ་འོངས་པའི་བོད་ཀྱི་ན་གཞོན་རྩོམ་དགའ་དག་ལ་ཁ་ཕྱོགས་པ་ཞིག་དང་བོད་ཀྱི་བོད་ཀྱི་རྩོམ་རིག་གི་རྒྱ་ཆེ་བའི་སྟེགས་བུ་ཞིག་ཏུ་འགྱུར་བའི་བའི་ཆེད་དུ་ངེད་སློབ་བུ་སྐོར་ཞིག་གིས་བསམ་བློའི་བགྲོ་གླེང་དང་རྩོམ་རིག་བགྲོ་གླེང་ཞེས་བྱ་འགུལ་རིགས་གཉིས་སུ་སྤེལ་བར་དགོས་པ་ཆེན་པོ་ཡོད་སྙམ།དཔེ་ཆུང་ས་ཞིག་ནས་རྩོམ་པ་པོ་ཞིག་ཡིན་ན་བསམ་བློ་བ་ཞིག་ཡིན་དགོས་པ་དང་བསམ་བློ་ནི་གསར་རྩོམ་གྱི་ཚེ་སྲོག་ལྟ་བུ་ཞིག་ཡིན་པས་རྩོམ་རིགས་ཚོགས་ཆུང་ནི་ངེད་ཅག་གི་གསར་རྩོམ་གྱི་ཚེ་སྲོག་གི་མྱུ་གུ་འབུས་ས་ཞིག་ཏུ་ཨེ་འགྱུར་ལ་རེ་བ་དང་འབད་པ་རྒྱག་གི་ཡོད།

 

གསོམ་བུ།

ནུབ་བྱང་དུ་རང་མོས་གླེང་སྟེགས་དང་རྩོམ་རིག་ཚོགས་ཆུང་སོགས་ཅི་ཕྱིར་འཚོགས་དགོས་པ་རེད།སྤྱིར་ན་བོད་ཀྱི་རིག་གནས་པའི་སྡེ་ཕྱོགས་གཉིས་སུ་གྲུབ་ཡོད་དེ།དམ་པའི་ལྷ་ཆོས་གཉེར་བའི་དགོན་སྡེའི་གྲྭ་བ་དང་འཇིག་རྟེན་མི་ཆོས་གཉེར་བའི་སློབ་གྲྭ་འགྲིམས་པའི་ཤེས་ལྡན་མི་སྣ་རིགས་གཉིས་ཡིན།གྲྭ་བ་རྣམས་ཀྱི་གྲྭ་ས་ན་དམ་པའི་ལྷ་ཆོས་ཟེར་དུས་མག་མོག་ཅིག་དང་།སློབ་མ་རྣམས་ཀྱིས་སློབ་གྲྭ་ན་འཇིག་རྟེན་མི་ཆོས་ཟེར་དུས་རབ་རིབ་ཅིག་ལས་མེད་པའི་སྐྱི་གཡའ་བའི་སྣང་ཚུལ་ཞིག་མངོན་སུམ་དུ་གནས་ཡོད།ད་དུང་དེ་གཉིས་རང་སོ་སོ་ནས་བྲན་གཤིས་གཟེབ་དྲ་ཞིག་ཏུ་ཚུད་ཡོད།དེ་ཕྱིར་དུ་ང་ཚོས་མི་རང་ཉིད་བཅིངས་གྲོལ་དང་གསར་བརྗེ་ཡི་ཕྱིར་དུ་ཚོགས་འདུ་འདི་རིགས་སྐོང་དགོས་པ་རེད།

འབྲུག་བྱམས་མཁར།

དེང་སང་བོད་ཀྱི་སློབ་ཆེན་སློབ་མ་རྣམས་ལ་རྐུབ་སྟེགས་གཅིག་ལས་མེད།དེ་ནི་དགེ་རྒན་བྱེད་པ་དེ་རེད།གནད་དོན་དེ་ནི་གཙོ་བོ་བོད་མི་དག་གིས་རིག་གནས་ལ་གོ་བ་ལེན་སྟངས་ནོར་སོང་བས་རེད།བོད་མི་དག་གིས་རིག་གནས་ཟེར་བ་ནི་དགེ་རྒན་གྱི་ལས་ཀ་ཙམ་དུ་འདོད་པ་རེད།ཡང་གཅིག་བཤད་ན་བོད་ཀྱི་སློབ་ཆེན་པ་དག་ལ་བགྲོད་ལམ་འདི་ཙམ་ལས་མ་ཕྱེས་པ་རེད།གང་ལྟར་ང་ཚོས་དུས་རབས་རང་བཞིན་གྱི་ལག་རྩལ་༼ཁེ་ལས་རང་བཞིན་གྱི་རིག་ཚན་སྣ་མང་རྒྱུད་དུ་ལེན་པ།༽དང་ལས་ཀ་སྒྲུབ་ཕྱིར་ཕྱོགས་ཡོངས་ནས་ཤུགས་རྒྱག་དགོས།དེ་ལྟར་བྱས་ན་ང་ཚོས་ད་གཟོད་རང་གི་སྤྱི་ཚོགས་ལ་ཞབས་འདེགས་དང་སྣེ་ཁྲིད་བྱ་ཐུབ་པར་འདོད།

གླག

གཅིག  བོད་ལ་ལག་རྩལ་དང་འཇོན་ཐང་ངོམ་སའི་ཁོར་ཡུག་ལེགས་པོ་ཞིག་ཆགས་མེད་པས།ཤེས་ལྡན་པ་རྣམས་གསོན་མི་ནུས་པའི་ཚད་དུ་ལྷུང་འདུག  ཆེད་ལས་ཙམ་པོས་སྤྱི་ཚོགས་སྟེང་ནས་རང་གི་ལྟོ་གོས་ཀྱི་གནད་དོན་ཀྱང་ཐག་གཅོད་དཀའ།གཉིས།    ཤེས་ཡོན་པའི་སྤྱི་ཚོགས་ལ་བདག་པོ་མི་རྒྱག་པ།དཔེར་ན་སློབ་ཆེན་གྱི་དགེ་

རྒན་དག་གྲུབ་མཐའ་དང་དད་པའི་བྲན་གཤིས་ཀྱི་ཁོལ་དུ་ཚུད་པ།བོད་ཀྱི་དད་པ་ནི་དབུལ་ཕོངས་ཀྱི་འཚོ་བ་རོལ་སྟངས་ལྟ་བུ་ཞིག་ཏུ་གྱུར་ཡོད།གསུམ།  བོད་ཀྱི་བྱིས་པ་རྣམས་ཆུང་དུས་ནས་རྒྱའི་སློབ་གྲྭར་བསྐྱལ་ཏེ་མ་འོངས་པའི་མི་རབས་ཤིག་གི་རིག་གནས་ཀྱི་དྲན་པའི་ཚར་གཅོད་པའི་རྩོལ་བ་བསྟེན་པ་འདིས་བོད་ཀྱི་མི་རབས་འདིས་མིག་སྔའི་ལྕགས་དཀར་ཙམ་པོ་དང་བཞུགས་ཁྲི་མཐོན་པའི་བསླུ་བྲིད་ལས་ལྡོག་ནུས་ཀྱིན་མེད་པ་མཚོན་ཡོད།

དབལ་ཤུལ་བུ་ཆུང་།

ངེད་ཅག་གིས་མི་བུ་སྒེར་གྱི་དོན་དག་སྒྲུབ་ན་མི་རིགས་ཀྱི་དོན་དག་ཞོར་དུ་འགྲུབ་ཡོང་།རང་ལ་དགའ་མོས་མེད་པའི་བྱ་བཞག་ནི་འགན་འཁྲི་གཡར་མ་ཞིག་ཡིན་པས།ང་ཚོས་རང་གི་འགན་འཁྲི་དངོས་བསྒྲུབ་དགོས།

གཞི་བདག།

ཁ་མེད་མགོ་མེད་ཀྱི་སྤྱི་ཚོགས་འདིར་བདག་པོ་རྒྱག་མཁན་ང་ཚོ་ལས་གཞན་སུ་ཡང་ཡོད་ནི་མ་རེད།ཡིན་ནའང་ང་ཚོར་དབང་བསྒྱུར་མཁན་ནི་གཞན་མི་རེད།རྒྱུ་དང་འབྱོར་བ་འཕྲོག་མཁན་གཞན་མི་རེད།ཐོབ་དང་གོ་ས་འཕྲོག་མཁན་གཞན་མི་རེད།ང་ཚོར་དབང་དང་རྒྱུ་མེད་པས་རང་གི་སྤྱི་ཚོགས་འདིར་ཅི་ལྟར་བདག་པོ་རྒྱག་དགོས།ད་ལྟ་དངོས་གནས་བདག་པོ་རྒྱག་ཐབས་མེད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་ནའང་ང་ཚོས་དེ་ལྟར་འདོད་ནས་བསྐྱུར་མ་རུང་བར་ངེས་པར་དུ་མི་རེ་རེ་གནས་ལམ་ཐབས་ཤིག་འཚོལ་དགོས།

སྤྱན་དུངས།

བོད་ཀྱི་སློབ་ཆེན་པའི་ཤེས་ཡོན་གྱིས་བོད་མི་རིགས་ཀྱི་འཚོ་གནས་ཀྱི་དགོས་མཁོ་སྐོང་ཐུབ་མེད་པ་ནི་ཁོ་ཚོའི་ཤེས་ཡོན་ཉི་ཚེ་བ་ཞིག་ཏུ་གྱུར་བ་རེད།སློབ་སྦྱོང་ལེགས་པོ་མ་བྱས་པ་རེད།ཕྱོགས་གཞན་ཞིག་ནས་བཤད་ན་སློབ་གསོའི་ཁོར་ཡུག་དང་སློབ་གསོའི་སྒྲིག་གཞི་ཚགས་དམ་པ་ཞིག་དང་འབྱུང་འགྱུར་དམིགས་བཙུགས་པ་ཞིག་མེད་པ་རེད།ངེད་ཅག་གིས་རང་ཉིད་སུ་ཡིན་པ་ངོས་ཟིན་དགོས་ཚོད་འདུག མི་སྒེར་གྱི་རྩ་དོན་རྒྱུན་འཁྱོངས་ཀྱིས་ཚོགས་པ་ཆུང་ཆུང་ནས་ཚོགས་པ་ཆེན་པོར་ཤུགས་ཕུད་དགོས། ད་ལྟ་ནུབ་བྱང་དུ་རང་མོས་གླེགས་སྟེགས་ཀྱི་ཚབ་བྱེད་དུ་གྱུར་བའི་རྩོམ་རིག་ཚོགས་ཆུང་གི་མེ་ཁ་མི་རེ་རེ་གཉིས་གསོ་དགོས་པའི་འགན་ཁུར་དགོས།

ཁ་བ་སྙིང་ལྕགས།

ཐེ་ཝན་གྱི་རྩོམ་པ་པོ་ལའེ་ཨོ་ཡིས་བོད་ནི་མུན་མག་དང་བླུན་རྨོངས་ཀྱི་ཞིང་ཁམས་ཞིག་སྨྲས་འདུག་པར།བོད་རིགས་ཤེས་ཡོན་པ་སྐལ་བཟང་ཚེ་བརྟན་དང་ཚེ་དབང་ནོར་བུ།བཀྲ་ཤིས་ཟླ་བ་སོགས་ཀྱིས་མ་འཐད་པའི་ཚུལ་དུ་བོད་ནི་འོད་གསལ་གྱི་ཞིང་ལྟ་བུ་ཞིག་ཏུ་ལན་སྨྲས་ཡོད།ཡིན་ནའང་ང་ཚོས་ལའེ་ཨོ་ལ་གཏམ་ལན་སློག་པ་ཨང་དང་པོར་འཛིན་པ་ལས་ང་ཚོ་མུན་ནག་དང་བླུང་རྨོངས།ཀླ་ཀློས།མི་ཆོས་འཕེར་མེད་པ་ཞིག་ཡིན་མིན་ལ་བསམ་གཞིགས་གཏོང་བ་ཨང་དང་པོར་འཛིན་དགོས་པ་འདྲ།སློབ་ཆེན་སློབ་མ་སློབ་མཐར་ཕྱིན་ཁ་ཆང་ཁང་སོགས་སུ་འཛུལ་ནས་སྡུག་གཏམ་སྨྲ་བ་ལ་ཉན་ན་ཕལ་ཆེར་སྤྱི་ཚོགས་སུ་གོམ་པ་སྤོ་བར་སྐྲག་གི་ཡོད་པ་རེད།སྤྱི་ཚོགས་ལ་འཇུག་པར་སྐྲག་པ་ནི་སློབ་གསོའི་ཕམ་ཁ་ཞིག་རེད།དེ་བས་དེང་གི་སྤྱི་ཚོགས་སུ་གསར་གཏོད་ནི་ཡོད་ཚད་ལས་ཚད་མཐོ་བ་ཞིག་ཏུ་གྱུར་ཡོད་པས་ང་ཚོས་ཐོག་མར་གཞུང་ལུགས་དང་ལག་ལེན་ལ་བསྟེན་ནས་དུས་རབས་དང་རིག་གནས་ཀྱི་མཐུན་ཆོས་འཚོལ་དགོས།

ཐོག་མདའ།

ཤེས་བྱ་སྦྱོང་བ་ནི་སྤྲོ་སྣང་གི་སྟེང་དུ་འཇོག་མི་རུང་བར་འགན་འཁྲི་ཞིག་གི་ངོས་ནས་གླེང་ན་ཅུང་རན་པར་འདོད་ལ།སློབ་སྦྱོང་ལ་སྣེ་ཁྲིད་མཁན་གྱི་དགེ་རྒན་གྱིས་ཐོག་མར་ལྷ་གཤིས་འདོར་དགོས་པ་དང་བློ་སྐྱེད་ཀྱི་རྒྱུ་རུ་གྱུར་བའི་ཁྲིད་དེབ་དག་གི་ཁྲོད་དུ་ལྷ་ཡི་ལུང་བསྟན་མཆིས་བ་དག་ཀྱང་འདོར་དགོས། 

འོད་ནག

ང་ཚོས་རྗེས་ལུས་ཀྱི་སྤྱི་ཚོགས་མདུན་དུ་ཁྲིད་པ་དང་སྤྱི་ཚོགས་ཀྱི་སྒྲིག་སྲོལ་རྙིང་བ་༼འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་འཚམ་པ༽གཏོར་དགོས།གསར་བ་དང་ལེན་དང་གསར་སྐྲུན་བྱེདགོས།བོད་ཀྱི་སློབ་ཆེན་སློབ་ཆེན་པ་དག་ལ་ལྟད་མོ་བ་ལས་འཐབ་མོ་བ་བྱེད་པའི་བསམ་བློ་མེད་པ་ནི་གནད་དོན་ཚབས་ཆེན་ཞིག་དང་འཕེལ་རྒྱས་མདུན་ལམ་སྟེང་དུ་བྱུང་བའི་སྐྱོ་གར་ཞིག་རེད།ང་ཚོ་ནི་ཆེས་མ་མཐའ་ཡང་འཕྲུལ་འཁོར་གྱི་འཛེར་མ་ཞིག་བྱེད་དགོས།ང་ཕོད་ལྟ་བུའི་འཛེར་མ་ཞིག་མི་བྱེད་པར་འབའ་བ་ཕུན་དབང་ལྟ་བུའི་འཛེར་མ་ཞིག་བྱེད་རྒྱུ་ཡིན།

རླུང་བུ།

ང་རང་ཚོ་རྩོམ་རིག་གི་ཆེད་ལས་གཉེར་མཁན་ཞིག་ཡིན་པ་དང་གཅིག   རྩོམ་རིག་ལ་དགའ་མཁན་ཞིག་ཡིན་པ་དང་གཉིས།རྩོམ་འབྲི་མཁན་ཞིག་ཡིན་པ་གསུམ་གྱི་ཆ་ནས་ང་ཚོས་རྩོམ་ལེགས་པོ་ཞིག་ཨེ་འཁྱོངས་ལ་འབད་དགོས།ཆེད་ལས་ཀྱི་འགན་ཁུར་འགྲུབ་ཏུ་བཅུག་ནས་དེ་ཡིས་རང་ཉིད་ལ་ཁ་ལོ་བསྒྱུར་དགོས།

བཙན་སྒྲ།

ལག་རྟགས་དང་ཟླ་ཕོག་ཙམ་དུ་ཤུགས་རྒྱག་པ་ནི་ཁྱི་སྐྱག་གི་ལས་ཀ་དང་པོ་ཡིན།སློབ་ཁྲིད་ཀྱི་འཇོན་ཐང་ཞན་པའི་དགེ་རྒན་གྱིས་སྤུས་སོབ་སོབ་ཀྱི་སློབ་དེབ་ཁྲིད་དེ་ལས་འགན་འགྲུབ་ཐབས་བྱེད་པ་ནི་ཁྱི་སྐྱག་གི་ལས་ཀ་གཉིས་པ་ཡིན།སྣང་སྟོང་དང་སྒྱིད་ལུག་གིས་ཉི་མ་འཁྱོལ་ཐབས་བྱེད་པའི་སློབ་ཆེན་པ་དག་ནི་ཁྱི་སྐྱག་ཨང་གསུམ་པ་ཡིན།༼ཐེངས་འདིར་བཙན་སྒྲ་ལགས་ཀྱིས་དཔེ་གཅིག་གི་དཔེ་འཇོག་ལས་དཔེ་ཅན་གསུམ་སྟོན་པའི་རིག་འཕྲུལ་གྱིས་ཚོགས་ཞུགས་པ་བདག་ཀྱང་དར་ཅིག་དགོད་བྲོ་ལ་ངུ་སྐྱེན་པ་ཞིག་ཏུ་བཏང་སོང་།༽

རྩེ་བ་ཀུན་དགའ།

བོད་ཀྱི་སློབ་ཆེན་པའི་སྒམ་ཚུགས་ལ་སུན་འབྱིན་དང་དགག་རྒྱག་བྱེད་དགོས།སློབ་ཆེན་པ་ནི་སྤྱི་ཚོགས་ལ་སྣེ་ཁྲིད་མཛུབ་སྟོན་གནང་མཁན་གྱི་མི་རབས་ཤིག་ཡིན་པས།སློབ་ཆེན་པས་རྗེས་རབས་པར་ཁ་མིག་ཡར་ལྟ་བྱེད་པའི་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་སྐྲུན་དགོས་པ་དང་ང་རང་གི་ཀུན་སློང་གཙང་མ་དང་འཇོན་ཐང་དངོས་དེ།སྤྱི་ཚོགས་སྟེང་ནས་མངོན་དུ་འཇུག་དགོས།

འབྲུག་པ་བཀྲ་ཤིས།

རང་གིས་རང་གི་འཇོན་ཐང་ལ་ཚད་འཇལ་རྗེས་དེ་ཡིས་ཐེག་པའི་ལས་དོན་ཞིག་སྒྲུབ་ན་ད་གཟོད་གྲུབ་འབྲས་ལེན་ཐུབ་པའི་བློ་གདེང་འདྲོངས་ངེས།མི་ལ་ལས་བོད་ཀྱི་སྲོལ་རྒྱུན་རིག་གནས་མཁོ་མེད་དང་དེའི་བསྐྱེད་པའི་ཤེས་ལྡན་པ་༼སྣང་བའི་རྗེས་འཇུག་པ༽སྤྱི་ཚོགས་འཚོ་བའི་ཁྲོད་ནུས་མེད་དུ་བརྩི་བ་ཡང་གོ་ནོར་ཞིག་ཏུ་འདོད།བོད་ཀྱི་དགོན་སྡེའི་རིག་གནས་འོག་འཚར་ལོངས་བྱུང་བའི་ཤེས་ཡོན་པས་ཀྱང་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་འཚོ་གནས་ལ་ཕན་འབྲས་ཆེན་པོ་བླངས་ཡོད་པ་མ་ཟད།དེང་གི་བོད་ཀྱི་སྤྱི་ཚོགས་འཚོ་བའི་སྣེ་གང་རུང་དུ་ནུས་པ་ཆེན་པོ་ཐོན་ཡོད།༼ཐེངས་འདིར་འབྲུག་པ་བཀྲ་ཤིས་ལགས་ཀྱིས་རྗེའི་རིན་པོ་ཆེའི་བན་བོད་གཉིས་ཀྱིས་དང་ལེན་བྱེད་མོས་པའི་གསུང་རྩོམ་གྱི་གྲུབ་འབྲས་དང་དེང་གི་ཆོས་སྲིད་གཉིས་ཀྱི་བྱ་བཞག་ལ་འབད་པའི་བོད་ཀྱི་དགོན་སྡེའི་ཤེས་ཡོན་པའི་བསམ་སྦྱོར་དེ་ལུགས་དང་མཐུན་ལུགས་ཀྱི་གཟུ་གཏམ་སྨྲས་སོ།༽

ཚེ་རྒྱལ་ཐར།

བོད་ཀྱི་སྤྱི་ཚོགས་གླེང་ན་རིག་གནས་གསར་རྙིང་གཉིས་ཀྱི་གཞིའམ་འབབ་ས་གཙོ་བོའམ།གཅིག་གྱུར་གྱི་མཐུན་ཆོས་འཚོལ་དགོས་པ་རེད།དེ་མིན་ན་གྲུབ་མཐའི་ཕྱོགས་ལྷུང་སོགས་ཀྱི་དུས་རྒྱུན་འཕེལ་རྒྱས་བྱ་བར་གནད་བྱེད་པ་རེད།གཙོ་བོ་སྤྱི་ཚོགས་འཕེལ་རྒྱས་བྱ་བར་ཤུགས་རྒྱག་ན་ཐོག་མར་སྲིད་ཕྱོགས་ནས་བཅོས་བསྒྱུར་དང་འཕེལ་རྒྱས་གཏོང་དགོས་ས་རེད།དེ་མིན་ཐམས་ཅད་ཁ་བཤད་ཆུ་ཡི་ཝུ་བ་ཙམ་ལས་མ་འདས་པ་ཞིག་རེད།

ཤེར་རྒྱམ།

གལ་ཏེ་སློབ་ཆེན་སློབ་མ་ནི་ཅི་ལྟ་བུ་ཞིག་རེད་ཟེར་ན།ནངས་དུས་ཡར་ལངས་ནས་སློབ་ཁྲིད་ལ་བཞུགས་པ་དང་།ཐུན་གྲོལ་རྗེས་ཟ་ཁང་དུ་ཟས་འགྲངས་ཚོད་ཟ་བ།དེའི་རྗེས་ན་ཉལ་ཁང་དུ་གཉིད་མུག་ལ་ཚིམ་མེད་རོལ།སྦྱང་བརྩོན་གྱི་གྲུབ་འབྲས་ནི་ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་དང་ངོ་བསྟོད་ཀྱི་བྲེལ་ལད་འབྱིན་པའི་རྩོམ་འབྲི་བ་ཙམ་རེད།དེ་བོད་ཀྱི་མ་འོངས་པའི་ཉེན་ཁ་མཚོན་ཡོད།སྲིད་དོན་དཔྱད་བརྗོད་པའམ་བུད་མེད་གསར་འགོད་པ་གྲགས་ཅན་འོད་ཟེར་ལགས་ཀྱིས་བོད་ལ་ད་ལྟ་ཆེས་ཉེན་ཁ་ཆེ་བ་ནི་སྟོབས་ལྡན་རྒྱལ་ཁབ་ཀྱི་དྲག་དཔུང་གི་བཙན་འཛུལ་མིན་པར་རིག་གནས་ཀྱི་བཙན་འཛུལ་རེད་ཅེས་སྨྲས་ཡོད།གཏམ་དེ་ལ་ཡང་གོ་རྒྱུ་ཞིག་འདུག   དེ་གོ་མཁན་ཐོག་མར་བོད་ཀྱི་སློབ་ཆེན་སློབ་མ་ཡིན་ན་ལེགས།༼མཇུག་ཏུ་སློབ་གྲོགས་འདིས་འཛམ་གླིང་གི་རོལ་མོའི་མཁན་ཆེན་མའོ་ཀྲ་ཐི་ཡི་འཆི་བ་དང་འབྲེལ་ནས་མི་རེ་རེ་ལ་རང་ཉིད་ཀྱི་སྒྱུ་རྩལ་གྱི་དད་ཞེན་དང་བདེན་པ་འཚོལ་བའི་སྙིང་སྟོབས་ཤིག་མེད་དུ་མི་རུང་བར་གདམས་ཏེ།རང་གི་སེམས་འདུན་གྱི་སྐད་ཆ་མངོན་དུ་འགྱུར་ཕྱིར་ཐང་སྟོང་ཞིག་ནས་བཀྲེས་ལྟོགས་ཀྱིས་འཁྱགས་ཤི་ཐེབས་པའི་ཚེ་སྲོག་ཅིག་སྟེ།མའོ་ཀྲ་ཐི་ཡི་འཆི་བ་ཡིས་སྒྱུ་རྩལ་གྱི་མཐར་ཐུག་གི་བདེན་པ་མཚོན་ཡོད་ཅེས་སྨྲས་ཏེ་གཏམ་གྱི་མཇུག་སྒྲིལ་བར་བྱས།༽

 

གོང་གི་གཏམ་བཤད་དག་གུས་པོས་ཚོགས་ར་ནས་ཐད་ཀར་ཉིང་བསྡུས་ཀྱིས་ཟིན་ཐོར་བཀོད་པ་ཡིན་པས་ཆད་ལྷག་གི་ཆ་མང་དུ་མཆིས་པས་གཏམ་བཤད་མཁན་དག་ལ་དགོངས་འགལ་བཟོས་པར་ཐུགས་དཀྱེལ་ཡོད་པར་ཞུ།ད་དུང་སྒེར་གྱི་གཏམ་བཤད་ལ་སྣོན་འཕྲི་དང་བསམ་འཆར་ཡོད་ན་མི་སྒེར་ངོས་ནས་བྲིས་ཏེ་རྩོམ་རིག་ཚོགས་ཆུང་གི་ཟིན་བྲིས་སུ་ཐད་ཀར་བསྐུར་ཆོགདེ་མིན་རྩོམ་རིག་ཚོགས་ཆུང་དང་འབྲེལ་ཡོད་ཀྱི་བརྡ་འཕྲིན་དང་རྩོམ་ཡིག་ཀྱང་འདིར་བཀོད་ཆོག   བསྐུར་ཡུལ།   sufeigerge@gmail.com

 

 
 
བགྲོ་གླེང་བསྡུ་བའི་བརྡ་སྦྱོར།
[ 2011-5-12 12:01:16 | By: xbxb ]
 

                             བགྲོ་གླེང་བསྡུ་བའི་བརྡ་སྦྱོར།

 

བརྩེ་ལྡན་གྱི་དགེ་སློབ་ལྷན་རྒྱས།

   སང་ཉིན་ཕྱི་དྲོའི་༼གཟའ་པ་སངས༽དུས་ཚོད6:30ཡི་སྟེང་རིག་ཚན་ཐོག་ཁང་གི408སློབ་ཁང་ནས།རྩོམ་རིག་ཚོགས་ཆུང་གིསབོད་ཀྱི་སློབ་ཆེན་པ་དང་སྤྱི་ཚོགས་འཚོ་བའི་བར་གྱི་འབྲེལ་བའི་སྐོརནས་བགྲོ་གླེང་སྤེལ་རྒྱུ་ཡིན་ལ།  རིགས་ཞེན་གྱི་བརྩེ་བ་མཚོ་ལྟར་འཕྱུར་བའི་སློབ་གྲོགས་རྣམས་དུས་ལྟར་ཕེབས་ཏེ་རང་ཉིད་ཀྱི་འདོད་ཚུལ་ལྷུག་པོར་བརྗོད་པའི་རེ་བ་སྙིང་ནས་ཞུ་བཞིན་ཡོད་པས་ཐུགས་ལ་འཇོག་པར་འཚལ།

                                                  2011.5.12ཉིན།

 
 
བརྩམས་ཆོས་བགྲོ་གླེང་གི་ཚོགས་འདུ་བསྡུས་པ།
[ 2011-5-8 12:16:17 | By: xbxb ]
 

 

                           བརྩམས་ཆོས་བགྲོ་གླེང་གི་ཚོགས་འདུ་བསྡུས་པ།

 

    རེབས་འདིའི་གཟའ་མཇུག་ལ་ནུབ་བྱང་གི་རྩོམ་རིག་ཚོགས་ཆུང་གིས་བརྩམས་ཆོས་བགྲོ་གླེང་གི་ཚོགས་འདུ་བསྡུས་ཤིང་།ཚོགས་འདུའི་སྟེང་དུ་སློབ་གྲོགས་ཚོས་ཕན་ཚུན་བར་བརྩམས་ཆོས་གསར་བ་དག་གི་མྱོང་ཚོར་བརྗེ་རེས་དང་དགེ་སྐྱོན་ཐད་བརྗོད།ད་དུང་དེ་ལས་འཕྲོས་ཏེ་སྙན་ངག་གི་བློ་སྦྱོང་དང་འབྲི་ཐབས་སོགས་ཕྱོགས་མང་པོ་ནས་གླེང་ཞིང་འཁྲུག་ཆ་ཤིན་ཏུ་དོད་པོ་བྱུང་ཡོད།

གླེང་གཞི།   བརྩམས་ཆོས་བགྲོ་གླེང་།

དུས་ཚོད།   ཟླ་ལྔ་བའི་ཚེས་དྲུག་གི་དགུང་ཁའི་དུས་ཚོད7ནས།

ས་གནས།  སློབ་གྲྭའི་རིག་གནས་ཐོག་ཁང་གི408

བརྩམས་ཆོས་གསར་བ།  དྲུག ༼སྙན་ངག༽

ཚོགས་ཞུགས་མི་སྣ།   ལྡེ་མིག  གླག  རྨེ་ཆུའི་རིན་རྡོར། ཐོག་མདའ།  ཚ།   རྣོ།  འོད་ནག  དུང་དཀར་དཔལ་ལྡན།   ཚ་བུ།  ཁ་བ་སྙིང་ལྕགས།  གསོམ་བུ།  གཞི་བདག རྣོ་ཟུར།  ཐུབ་པ།  གངས།  མགར་དམག   སྤྱན་དུངས་སོགས་མི་ཉི་ཤུ་ལྷག་འདུས།༼ཚང་མས་མིང་གསལ་བོ་མ་ཤེས༽ 

 

སྙན་ངག་གསུམ་གྱི་ཀློག་འགྲེལ་ཞོར་བཀོད།

          

       སེམས་ཀྱི་བྲིས་རིས་ཤིག

                                          སྤྱན་དུངས།

དེར་སྔོན་ངས་གཏམ་རྒྱུད་ཅིག་བཀླགས་མྱོང

གཏམ་རྒྱུད་དེའི་ནང་དུ་མི་ཞིག་གིས་རང་གི་སེམས་པ་རི་མོར་བྲིས་འདུག

 

རི་མོ་དེར

རབ་ཏུ་གསལ་བའི་ཞག་སྒྲོན་ཅིག་དང

མེ་ཕྱེ་ཞིག་གི་གཤོག་པའི་ཚིག་རོ

ད་དུང་རྣོ་སྦྲེང་ལྟ་བུའི་རོལ་ཆས་ཅིག་ལས་གཞན་ཅི་ཡང་མི་འདུག

 

ཁོས་བཤད་ན

ང་ནི་དབྱངས་རྟ་ཞིག་གིས་འཕྱོ་ཞིང་སྐྱོམས་པར་བྱེད་དོ་ཟེར

 

 ༼སེམས་ཀྱི་བྲིས་རིས་ཤིག༽་ཅེས་པའི་ཀློག་འགྲེལ།   ཁ་བ་སྙིང་ལྕགས།

སྙན་ངག་འདི་ཀློག་པའི་མོད་ལ།ང་ཡང་དབྱངས་རྟ་ཞིག་གིས་སྐྱོམས་པར་བྱེད།དེ་ནི་སྙན་ངག་འདིའི་ཚིག་གི་སྡེབ་སྦྱོར་གྱིས།ཆུ་བོ་ཞིག་དལ་གྱིས་འབབ་བཞིན་པ་ལྟ་བུའི་རོལ་དབྱངས་གསལ་ལ་མི་གསལ་བ་ཞིག་ཁོ་བོའི་ཐོས་འཛིན་གྱི་ལམ་དུ་བསྐྱལ་ཡོང་བས།ངའི་ཡུན་རིང་བག་ལ་ཉལ་བའི་བྱིས་སྒྲུང་གི་རྨི་ལམ་ཞིག  ཡང་བསྐྱར་མིག་ལམ་དུ་མངོན་པར་བྱེད།

 

༼སེམས་ཀྱི་བྲིས་རིས་ཤིག༽་ཅེས་པའི་ཁྲོད་ཀྱི་སྨྲ་བསམ་བརྗོད་འདས་ཀྱི་རི་མོ།  གངས།

གལ་ཏེ་ངས་མཆོད་མདུན་དང་ལྷ་ཁང་གི་ལྡེབས་རིས་ཤིག་ལ་ལྟ་སྐབས་ཐག་རིང་ནས་ལྡེབས་རིས་ཙམ་ཞིག་སྣང་ཡུལ་དུ་ཤར་ཞིང་རིམ་གྱིས་ཉེ་སར་བཅར་བས་ལྡེབས་རིས་དེ་ཇེ་གསལ་དུ་གྱུར་ནས་དེའི་བྱེ་བྲག་གི་སྣང་བརྙན་གྱི་ཚོགས་མིག་ལ་རེ་རེ་བཞིན་སྣང་ཞིང་།རིམ་གྱིས་བསམ་གཞིགས་ཕྱོགས་སུ་གྱེས་ཏེ་ལྡེབས་རིས་དེ་དག་ལས་རང་གི་ཡིད་ཤེས་ཕྱོགས་གཞན་དང་གནས་གཞན་ཏུ་འགྱུ་བར་བྱེད་པའི་ཚེ།འཆར་སྣང་སྣ་ཚོགས་ལག་པ་དང་མིག་ཟུང་གི་བྱེད་ལས་ལས་འགོངས་ངེས་པ་ཞིག་ཡིན་པས་།སྙན་ངག་ནི་ཡི་གེའི་རྒྱབ་ཀྱི་རི་མོ་ཞིག་ཡིན་པ་ལ་གོ་བ་གཏིང་ནས་ལེན་ཐུབ།སྙན་ངག་འདི་ཡང་ང་ཚོས་ལྡེབས་རིས་དང་སྦྱར་ནས་གོ་བ་བླངས་ཀྱང་གནོད་བྱེད་དུ་འགྲོ་ག་ལ་སྲིད།སྙན་ངག་འདིས་ཐོག་མར་ང་ཚོར་གཏམ་རྒྱུད་ཅིག་འཆད་ཀྱིན་ཡོད་ལ་དེ་ནི་མཐར་གཏུག་ན་བཀྲག་མདངས་གྱ་ནོམ་པའི་རི་མོ་ཞིག་རེད།རི་མོ་དེ་ཡང་བག་ཡངས་ཀྱི་འདུ་ར་ཞིག་དང་འདྲ་བར་དེའི་ཁྲོད་དུ་ཞག་སྒྲོན་འོག་གི་བཟི་སྣང་གི་འཚོ་བ་དེང་སང་གྲོང་ཁྱེར་དུ་ཞག་སྒྲོན་འོག་གི་འཚོ་བ་ནི་འཆར་ཡན་ཞི་ཏུ་འདོད་ཡོད་ལ་།དེ་དང་ཆབས་གཅིག་མི་སྡུག་པའི་ཚོན་མདངས་གཞན་ཞིག་སྤྲོས་ཡོད་དེ་སྒྲོན་འོད་འཚོལ་བའི་མུན་ནག་གི་འཚོ་བ་༼མཐོ་སྒང་གི་རྗེས་ལུས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་ཞག་སྒྲོན་ཏེ་བཀར་མེ་ཙམ་དུ་འདོད༽་སྣང་བརྙན་སྐྱ་ཤུར་ཤུར་དུ་མཚོན་ཡོད་ཅེས་མེ་ལ་འཚིག་པའི་ཕྱེ་ལེབ་དེའི་ལས་དབང་གིས་གསལ་བཤད་བྱས་ཀྱང་འགལ་བ་ཆེར་མེད་མོད།ཡིན་ནའང་སྐབས་འདིར་རྩོམ་པ་པོས་སྨྱུག་ཁ་བསྐོར་ཕྱོགས་ལ་བརྟག་ན་སྙན་ངག་འདིའི་སྐད་ཆའི་འགན་ཁུར་ནི་དེ་འདྲ་ཞིག་མིན་པར་ཤིན་ཏུ་ནས་འཕྱོར་ཞིང་སྒེག་པའི་འགྲོས་ཀྱིས་མི་ཚེའི་ལྟ་ལྟངས་ཤིག་ཕུན་སུམ་ཚོགས་པའི་ཉམས་སྣང་གིས་བྲིས་ཡོད་དེ།རྩོམ་པ་པོས་ཕུགས་འདུན་གྱི་སྒྲོན་མེ་སྤར་བའི་དུས་མཚུངས་སུ་གནམ་རྡིབ་ཀྱི་ལས་ཀྱང་སྨིན་སྲིད་པ་ཕྱེ་མ་ལེབ་ཀྱི་མཁའ་དབྱིངས་བརྟོལ་བྱེད་ཀྱི་གཤོག་པ་མེས་འཚིག་པ་ཡིས་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཡོད་ལ།ད་དུང་བདེ་སྐྱིད་ཀྱི་འཚོ་བ་ཉམས་སུ་མྱོང་བྱེད་ཀྱི་རྣོ་སྦྲེང་རོལ་དབྱངས་ཤིག་ཀྱང་སོར་མོས་གར་གྱིས་དཀྲོལ་བ་ལས་མི་ཚེའི་ཉིན་སྲིབ་གཉིས་བཞེངས་ཡོད།མཇུག་ཏུ་སྐྱིད་སྣང་ངམ་སྡུག་སྣང་གང་ཡིན་མི་ཤེས་པ་ཞིག་གིས་གཡོ་ཞིང་སྐྱོམས་པར་བྱེད་པ་ནི་སྒྱུ་རྩལ་བརྩམས་ཆོས་ཁྲོད་ཀྱི་ན་སོ་མི་རྟོགས་པའི་སྒྲུང་བ་ལྟ་བུའི་གཏམ་རྒྱུད་བཤད་མཁན་ཞིག་ཡིན་པས་རྩོམ་པོའི་སྙན་ངག་གི་སྐད་ཆ་ལ་ཡང་ཉམས་ཁྱད་ཅིག་རང་ཤུགས་ཀྱིས་མངོན་ཡོད་པས།ཀློག་པ་པོ་འགུགས་པའི་ཀུན་ལྡན་འཐེན་ཤུགས་ཤིག་ཀྱང་བརྩམས་ཆོས་ཀྱི་སྲོག་གི་རྩ་བར་གནས་ཡོད།

          

      མེ་ལོང་ངོས་ཀྱི་བདག

                             རྣོ།

ངས་རང་ཉིད་མཐོང་འདོད་ཆེ་དྲགས་པས

སྲང་ནས་དྭངས་གསལ་གྱི་མེ་ལོང་ཞིག་ཉོས

གསེར་གྱི་སྐུད་ལུང་བརྒྱབ་ཏེ

སྔས་འགྲམ་དུ་རྟག་ཏུ་བཀལ

 

སྐྱ་རེངས་ཀྱི་འོད་གཤོག་ཐོགས་པའི་ཞོགས་པ་རེ་རེར

ངས་ཉིན་བཞིན་མེ་ལོང་གི་ངོས་སུ་རང་ཉིད་འཚོལ་བར་སོང

ཉིན་བཞིན་མེ་ལོང་ངོས་སུ་འཆར་གྱིན་པ་ནི

རང་ཉིད་མིན་པས

ལག་པ་ཟུང་གིས་མེ་ལོང་ཤུགས་ཀྱིས་ས་རུ་བརྡབས་ནས་ཧྲུག་ཆག་ཏུ་བཏང

མཐོང་མི་འདོད་པའི་རང་ཉིད་རྩད་མེད་དུ་གཏོང་ཆེད

 

དེའི་རྗེས  ངས་མེ་ལོང་ཆག་རོ་དག་རྒུམ་དུས

ཆག་འབྲུ་རེ་རེའི་ངོས་སུ

མཐོང་མི་འདོད་པའི་ངོ་གདོང་དག

ད་དུང་གསལ་གྱི་ལེར

 

                             ༢༠༡༡    

༼མེ་ལོང་ངོས་ཀྱི་བདག༽་ཅེས་པའི་ཀློག་འགྲེལ།    ཁ་བ་སྙིང་ལྕགས།

མེ་ལོང་།དྭངས་གཙང་གི་ཤེལ་ལེབ་ཅིག  མེ་ལོང་གི་ནང་ནའང་མེ་ལོང་གི་འཇིག་རྟེན་ཡོད།

ང་ཚོ་ནམ་རྒྱུན་མེ་ལོང་གི་མདུན་དུ་ལངས་ནས་རང་ཉིད་བཙལ།མེ་ལོང་ནང་གི་མིག་ཟུང་དེས་མེ་ལོང་ཕྱི་རུ་ཅེར་ནས།རང་ཉིད་གཞན་ཞིག་འཚོལ་གྱིན་ཡོད།ཕན་ཚུན་འཚོལ་བའི་གོ་རིམ་ནི།ཕན་ཚུན་བོར་བའི་གོ་རིམ་ཡང་རེད།རང་ཉིད་བོར་བའི་གོ་རིམ་ནི།མེ་ལོང་ཞིག་གས་ཆག་ཧྲུག་ཆག་ཏུ་བཏང་རྗེས།རང་ཉིད་དངོས་མ་ཞིག་སྔར་བཞིན་རང་ཉིད་ཀྱི་སེམས་ཀྱི་ཟབ་སར་གསལ།

 

༼མེ་ལོང་ངོས་ཀྱི་བདག༽་ ཅེས་པ་བཀླགས་རྗེས་ཀྱི་འཆར་སྣང་དངོས་བྲིས།   གངས།

༼བདག༽་ནི་མེ་ལོང་ཉོ་མཁན་དང་།མེ་ལོང་ནང་དུ་ལྟ་མཁན།ཆེས་མཐའ་མཇུག་ཏུ་མེ་ལོང་གཅོག་མཁན་གྱི་བསྟན་བཤིག་ཚ་བའི་མི་གཤིས་ཀ་ཅན་ཞིག་རེད།གསེར་གྱི་སྐུད་ལུང་རྒྱབ་པ་ཡིས་མེ་ལོང་ལ་བྱི་དོར་དང་གཅེས་སྤྲས་བྱེད་པ།མེ་ལོང་དེ་རྩ་ཆེན་འགངས་ཆེན་གྱི་རྒྱུ་སྣོམ་ཞིག་བརྩི་བ་མཚོན་ཡོད་མོད།ཡིན་ནའང་མེ་ལོང་གི་ནང་དུ་མདོག་འགྱུར་བའི་མི་ཞིག་གི་གདོང་འབག་གི་རི་མོས་༼བདག༽་གི་བློ་ཁ་གཙེས་བས་མེ་ལོང་དེ་སྐད་ཅིག་ཉིད་དུ་གྲ་ཆག་གྲུ་ཉམ་དུ་བཏང་།དགྲ་རུ་གྱུར་བའི་མི་དེ་ནི་གཞན་སུ་ཡང་མ་ཡིན་པར་རང་ཉིད་ཀྱི་རང་བཞིན་དངོས་ཡིན་པས་༼བདག་༽གིས་རང་ཉིད་ཀྱི་དགྲ་རུ་གྱུར་བའི་རང་ཉིད་གཞན་ཞིག་ཀྱང་རྙེད་བྱུང་།དུས་དེ་ནསབདག་ནི་བདག་གི་སྐྱབས་མགོན་ཡིན་ཏེ་ཞེས་པ་ལྟར་བདག་ནི་བདག་གི་གདུལ་བྱ་རུ་བླངས་ནས་

དེང་གི་བུད་མེད་རྣམས་ཀྱིས་གདོང་མདོག་བསྒྱུར་བྱེད་ཀྱི་རྫས་འགྱུར་གྱི་སྐག་རྫས་ཉོ་བ་བཞིན་གསང་བའི་མེ་ལོང་ཞིག་ཏུ་ལྐོག་གྱུུར་གྱི་གསར་བརྗེ་ཞིག་བྱེད་པའི་འདོད་བློའི་ཆུ་བོ་བྲུབ་ནས་བོགས་ཐོན་པའི་རྒྱ་མཚོ་ཆེན་པོ་ཞིག་གྲུབ་ཡོད།

        

            ཤི་བོའི་ཉི་མ།

                 ཚ།   

ཤི་བོའི་ཉི་མ

སྲོད་ཁའི་ཁ་ཟས་སུ

བྱ་གླག་གིས་ཕོ་བྲང་ལ་ཁྱེར

 

གྲིབ་མའི་ལྕགས་བྲེ

ལོ་མའི་རྩད་པར་ཐོགས་པས

ནམ་མཁའི་བྲོ་ར་རླུང་གིས་ཁུར

 

མིག་ཆུ་རྐང་གཅིག་རྡོ་བ་ལས་གད་པས

གངས་རི་འོད་ཀྱིས་འགམ

སྙིང་ཉེ་བའི་འདྲེ་ཡ

མུན་པའི་སྒྱོགས་ཏེ་ཞོགས་པར་མཁོ

               

༼ཤི་བོའི་ཉི་མ༽་ཞེས་པའི་ཀློག་འགྲེལ།    ཁ་བ་སྙིང་ལྕགས།

ཡིད་བརྙན་གྱི་གཤོག་པ་བརྐྱངས་ནས་ནམ་འཕང་གཅོད་དུས།ངས་བྱ་གླག་གིས་ཁྱེར་བའི་ཕོ་བྲང་དེ་མཐོང་ན་འདོད།ནམ་མཁའི་བྲོ་ར་རླུང་གིས་ཁུར་དུས།ངས་ཁྱོད་ཀྱི་སྨྱུག་རྩེ་ནས་འཁྲུངས་པའི་འདྲེ་དེ་དང་ལྷན་དུ་ས་སྲོད་ཀྱི་མཚམས་སྤྲིན་འོག་ནས་ཐེངས་ཤིག་འཆམ་འཆམ་ལ་འགྲོ་ན་འདོད།

 

༼ཤི་བོས་ཉི་མ༽་བཀླགས་པའི་རྗེས་མཐུད་དུ་ཚོར་བ།   གངས།

ཤི་བོའི་ཉི་མ་ཡིས་ཆེས་མཚོན་སླ་བ་སྟེ་སྐད་ཅིག་ཉིད་དུ་འཇིག་ཟིན་པའི་ཆུ་ཡི་ཟིལ་བ་ལྟ་བུའི་བདེ་སྐྱིད་ཅིག་གམ་འབྱོར་བ་ཞིག་མཚོན་ཡོད་ལ།དེ་ཉིད་བྱ་གླག་གིས་ཁྱེར་བའི་གྲོ་ཟན་ཞིག་གི་ཚུལ་དུ་བཞག་ནས་ས་རུབ་ཁ་ཞིག་ལ་རྒྱལ་བོའམ་སྐུ་ལྕམ།ཡང་ན་ཕོ་བྲང་སྙན་ངག་བ་ཞིག་གི་གསོལ་ཟས་སུ་བསྟེན་པ་ལྟ་བུའི་ཤུགས་སུ་རེ་ཆད་དང་ཡ་ང་དགོད་བྲོ་ལྟ་བུ་ཞིག་གིས་ཚན་པ་དང་པོ་གྲུབ་ཏུ་བཅུག་སྟེ་ཡུལ་དུས་ཀྱི་ཁྱད་ཆོས་གསལ་བའི་༼སྲོད་ཁ༽་དང་༼ཕོ་བྲང༽་ལ་བརྟེན་ནས་ཀློག་མཁན་གྱིས་རྟོགས་འཇུག་གི་གོམ་པ་དང་པོ་སྤོས་ཆོག

འཕྲོར་མཐུད་ནས་གྲིབ་མའི་ལྕགས་བྲེ་སྟེ་ལོ་མའི་རྩད་པར་ཐོགས་པ་ནི་སྲེད་པའམ་ཕྱིར་མིག་ལྟ་བུའི་འདོད་པ་ཞིག་གིས་འཇིག་རྟེན་འདི་ནས་འཐོབ་འདོད་པ་གང་ཞིག་བློས་མ་ཐོངས་པ་བཞིན་ཤི་ཡང་ཕྱིར་མིག་གི་རེ་བས་ཕ་ཡུལ་གྱི་གཉེན་ཉེ་བསམ་འདུག་ཅེས་པའི་སྙན་ཚིག་ཚན་པའི་འདིའི་དགོངས་དོན་དང་འཚམ་པའི་འགྲེལ་བཤད་ཅིག་བྱས་ཏེ་བར་སྣང་ནས་བཞེངས་པའི་གར་སྟེགས་ཆེན་པོ་ཞིག་གློ་བུར་འཇིག་ཟིན་པ་ལྟ་བུའི་འཆར་ཡན་གྱི་བློ་ཁམས་ཤིག་འཇའ་གུར་བཞིན་སྤྲོས་ཡོད།འདོད་པ་དེ་ཡང་ཉག་ཕྲ་བའམ་ཉི་ཚེ་བ་ཞིག་ཡིན་པ་ལོ་མའི་རྐང་གཅིག་གི་རྩད་པར་ཐོགས་པ་ལས་ཤེས་ཐུབ།གལ་ཏེ་དེ་ལྟར་མི་འདོད་ན་བྱང་ཆུབ་ཤིང་དང་ཙན་དན་སྡོང་བོ་སོགས་ཀྱི་རྩད་པར་ཐོགས་ཀྱང་མི་ཆོག་རྒྱུ་མེད།འདོད་པ་ཉི་ཚེ་བ་དེ་སྐུད་པ་ཕྲ་མོ་བཞིན་ཆད་མ་ཐག་མིག་ཆུ་རྡོག་ཅིག་ཙག་སྒྲ་གྲགས་པ་བཞིན་གད་པ་དེས།འདྲེ་ཡིས་མཚོན་ནུས་པའི་འཆི་བའམ་སླར་ཡང་གསོན་འདོད་པའི་རེ་བ་ཞིག་མཚོན་ཡོད་དེ།ཚེ་སྲོག་གསར་བ་ཞིག་ཏུ་ངོས་བཟུང་བའི་ཞོགས་པ་ཞིག་གིས་ཡིད་ཀྱི་དང་བ་དྲངས་ཡོད་པའི་ཤུགས་བསྟན་ཞིག་རྩིག་ངོས་ཀྱི་ལྡེབས་རིས་ཇི་བཞིན་མངོན་ཡོད།སྙན་ངག་ཧྲིལ་བོ་ལས་ཆག་འཇིག་ཆེན་པོ་ཞིག་གིས་འདོད་སྲེད་དང་ཞེན་ཆགས་ཀྱི་བསམ་པ་རྨག་མེད་དུ་བཟོ་ཡི་འདུག་པའི་སྣང་བརྙན་སྐྱི་གཡའ་བ་ཞིག་བྲིས་ཏེ་མི་ཡུལ་ལ་སུན་སྣང་གི་རྣམ་འགྱུར་ཞིག་ངོམ་ཡོད།

 

 

 
 
དྲ་རྩོམ་བགྲོ་གླེང་སྐོར་གྱི་གནས་ཚུལ་གསར་བ།
[ 2011-4-25 10:55:01 | By: xbxb ]
 
               

                        དྲ་རྩོམ་བགྲོ་གླེང་སྐོར་གྱི་གནས་ཚུལ་གསར་བ།

  

    ནུབ་བྱང་གི་རྩོམ་རིག་ཚོགས་ཆུང་གིས་ད་ཐེངས་ཀྱི་གཟའ་མཇུག་ལ་དྲ་རྩོམ་བགྲོ་གླེང་སྐོར་གྱི་ཚོགས་འདུ་བསྡུས་པ་དང་ཚོགས་ཐོག་ཏུ་བོད་ཀྱི་དྲ་བ་སྤྱིའི་གནས་བབས་དང་ཁ་ཕྱོགས།དྲ་རྩོམ་དང་དྲ་བདག་དག ཟིན་བྲིས་པ་སྤྱི་དང༼ནུབ་བྱང་བ༽དག་རེ་རེ་བཞིན་དགེ་སྐྱོན་སྣ་ཚོགས་ཀྱི་མཐོང་སྣེ་ནས་གླེང་ཞིང་།སློབ་གྲོགས་ཕན་ཚུན་བར་བགྲོ་གླེང་འཁྲུག་ཆ་དོད་པོ་བྱུང་ཡོད།གཞན་གླེང་གཞི་ལས་འཕྲོས་ཏེ་ན་གཞོན་གྱི་གསར་རྟགས་དང་རྒན་པོའི་ཞིབ་ཆ་སོགས་ཀྱང་ལྟ་ཚུལ་སྣ་ཚོགས་ཀྱི་ལམ་ནས་གླེང་བྱུང་ངོ།

གཅིག    གནས་ཚུལ་རགས་ཙམ།

ཚོགས་འདུའི་ཁ་བྱང་།   དྲ་རྩོམ་བགྲོ་གླེང་།

དུས་ཚོད།           2010.4.23.ཉིན།ཕྱི་དྲོའི་ཆུ་ཚོད 2.30

ས་གནས།           སློབ་གྲྭའི་རིག་གནས་ཐོག་ཁང་གི 409

ཚོགས་ཞུགས་མི་སྣ།  བཙན་སྒྲ  ཐུབ་པ།  མགར་དམག  བུ་ཆུང་།  རྣོ་ཟུར།  ཡར་འཕེལ།  རྣོ  གསོམ་བུ།  འོད་ནག  གནའ་གྲོང་།  སྟག་མིག  ཕུར་བ་སྐྱབས།  གདུགས་དཀར་ཚེ་རིང་།  སྟོབས་ལྡན་ཚེ་རིང་།  མགོན་པོ་རྒྱལ།  སྦྱིན་པ།  གླག  སྙིང་ལྕགས།  སྤྱན་དུངས།  རྡོ་རྗེ་ཚེ་བརྟན། ༼མཚོ་སྔོན་དགེ་ཐོན་སློབ་ཆེན༽སོགས་ཉི་ཤུ་རྩ་ལྷག་འདུས།

གཉིས།  དྲ་རྩོམ་སྐོར་གྱི་བསམ་ཚུལ་ཐུང་ངུ་ཞོར་བཀོད།

 

       

                       འོད་ནག

དྲ་བ་དག་གི་སྒྲིག་གཞི་ལ་བསྟུན་ནས་རྩོམ་བྲིས་ན།རང་གི་བྲིས་རྩོམ་གྱི༼རྭ༽གཅོད་དགོས་པ་རེད་པས།བྲིས་རྩོམ་དྲ་སྟེང་དུ་འགོད་མིན་དོ་དམ་པའི་དབང་ན་ཡོད་པས་ཁོ་ཚོའི་ལག་རེད་མོད།རང་གི་བྲིས་རྩོམ་གྱི༼རྭ༽གཅོད་མིན་རང་གི་ལག་རེད་པས།ང་ཚོས་རང་གི་བྲིས་རྩོམ་གྱི༼རྭ༽ལ་བདག་ཡག་པོ་བྱེད་དགོས་པར་འདོད།༼རྭ༽མེད་པའི་བྲིས་རྩོམ་ནི༼མགོ་རྡོ༽རེད་ལ།༼མགོ་རྡོ༽དག་གིས་ཅི་ཞིག་ནུས་སམ།

        

                      གསོམ་བུ།

ཟིན་བྲིས་སྤེལ་མཁན་གྱིས་རང་ཉིད་ཀྱི་རྩོམ་ཡིག་གི་རིགས་ལ་མ་བལྟས་པར།གང་འདོད་དུ་ལེ་ཚན་སྣ་ཚོགས་སུ་འགོད་པ་ནི་ཟིན་བྲིས་བཟོ་མཁན་དང་སྤེལ་མཁན་གཉིས་ཀྱི་བར་ཐག་ཅིག་ཡིན་པ་འདྲ།

          

                        སྦྱིན་པ།

གུས་པོས་བསམ་པར་རྩོམ་ཞིག་འབྲི་སྐབས།ངེས་པར་དུ་དོ་སྣང་དགོས་པ་ནི་ཡུལ་སྐད་ཕྱོགས་རེ་བ་མི་འདྲེས་པ་དེ་རེད་འདོད།

       

                      རྣོ་ཟུར།

ད་ལྟ་དྲ་རྩོམ་གཉེར་བའི་དཔུང་སྡེ་ནི་གཙོ་བོ་གསར་བུ་གསར་མོ་རེད་ལ།ལ་ལར་སྐྱོན་ཞིག་ཡོད་པར་འདོད་པ་ནི།ཁ་བྱང་གི་འགུག་ཤུགས་ལས་ནང་དོན་ལ་དེ་འདྲའི་གཙིག་ཆེན་བྱས་མེད་པ་ལྟ་བུ།དཔེར་ན། ཀློག་པ་པོར་ཆ་རྒྱུས་མངའ་བའི་དོན་དག་ཅིག་གི་ངོས་ནས་གླེང་བ་མང་ཀི

        

                   ཁ་བ་སྙིང་ལྕགས།

བོད་ཀྱི་དྲ་བའི་རིག་གནས་དར་ནས་ལོ་འགའ་མ་གཏོགས་འགོར་མེད་ནའང་།འདིའི་ཕྱོགས་ཀྱི་གླེང་བརྗོད་ཤིན་ཏུ་ཆེ་ཞིང་།ཚ་ཚ་འུར་འུར་དུ་གྱུར་ཡོད།ཡིན་ནའང་།ད་ལྟ་བོད་ཀྱི་དྲ་བ་ཁག་ཏུ་གླེང་རིན་ཡོད་པའི་རྩོམ་ཡིག་མང་པོ་ཞིག་མཐོང་རྒྱུ་མི་འདུག་ལ།ཟིན་བྲིས་སྤེལ་མཁན་དང་ཀློག་མཁན་གང་ཡིན་ཀྱང་གཟབ་ནན་གྱི་ཆ་དེ་འདྲ་མེད་པས།དྲ་བའི་རྩོམ་རིག་གི་རྒྱུ་སྤུས་དེ་སྤྱིའི་ཆ་ནས་ཉམ་ཞན་དུ་གྱུར་ཡོད།

       

                     དབལ་ཤུལ་བུ་ཆུང་།

དྲ་ཐོག་རྩོམ་རིག་གི་ལས་འདི་མི་བུ་སྦྱོང་བརྡར་བྱེད་པའི་ལམ་ཁ་ཞིག་ཡིན་པས་ཆ་ནས།རྩོམ་གང་དང་གང་ཡིན་རུང་།རང་ཉིད་ཀྱི་ཆེད་དུ་སྤེལ་བ་མ་ཡིན་པར།ཀློག་པ་པོའི་གདེང་འཇོག་དང་དཔྱད་བརྗོད་ཀྱི་ཆ་ནས་བསམ་གཞིག་ཡང་དག་ཅིག་བྱ་རྒྱུ་གལ་ཆེ་བར་འདོད། 

       

                        གླག

དྲ་རྩོམ་ནི་སྐད་ཅིག་ཐོག་མའི་ནང་དུ་ཀློག་པ་པོའི་མིག་མདུན་དུ་བསྟར་ཐུབ་པས།དེ་ནི་རྩོམ་པོ་གང་དེའི་སྐབས་དེའི་སེམས་ཀྱིས་བརྗོད་འདོད་པའི་སྐད་ཆ་རེད།དེ་ལྟ་ན།ང་ཚོ་ཚང་མ་ན་གཞོན་རེད་པས།ཆོས་ལུགས་དང་ཀུན་སྤྱོད་མ་ལག སྒྲིགས་འཛིན་ཡོད་ཅོག་དང་མཐུན་མི་མཐུན་ལ་འདང་རྒྱག་ཅི་ཡང་མེད་པའི་སྒོ་ནས།རང་གི་བཤད་འདོད་པ་གང་དེ་མི་སྦེད་མི་གསང་མི་འཁྲབ་པར།དམར་ཧྲེངས་ཧྲེངས་སུ་སྒོ་ལ་ཅི་ཤོམས་དང་བྱོ་ཅི་ཐུབ་བྱས་ན་དེ་ནི་མཛེས་པོ་རེད་དེ།་མི་རབས་གསར་བའི་ཁྱད་ཆོས་གཙོ་བོའང་དེ་རེད་དོ།

གསལ་བཤད།  འདི་སྤེལ་ནས་ཅུང་འགོར་ཟིན་མོད། དེ་རིང་ཉམས་མ་བཞག་པར་བཟོ་བཅོས་ཅེས་པ་དེའི་སྟེང་ནས་བསྣན་སོང་བས།ཡར་བསྐྱར་མི་སྤེལ་ཐབས་མེད་བྱུང་། དྲ་བདག་གིས་དྲ་བའི་མདུན་ངོས་སུ་འཆར་དུ་འཇུག་མི་དགོས། ངའི་ཟིན་བྲིས་སུ་འཆར་བས་ཆོག

 

 
 
ནུབ་བྱང་གི་རྩོམ་རིག་ཚོགས་ཆུང་གི་གནས་ཚུལ་གསར་བ་ཞིག
[ 2011-4-11 13:48:40 | By: xbxb ]
 

ནུབ་བྱང་གི་རྩོམ་རིག་ཚོགས་ཆུང་གིས་རྩོམ་རིག་བགྲོ་གླེང་ཚོགས་འདུ་བསྡུས་བའི་གནས་ཚུལ།

 

ཚོགས་འདུའི་ཁ་བྱང་།   རྩོམ་རིག་བགྲོ་གླེང་། 2011ལོའི་ཚོགས་ཐེངས་གཉིས་པ།

དུས་ཚོད།  2011ལོའི་ཟླ4ཚེས9ཉིན་གྱི་ཕྱི་དྲོའི་ཆུ་ཚོད་2དང་སྐར་མ30སྟེང་།

ས་གནས།  སློབ་གྲྭའི་རིག་གནས་ཐོག་ཁང་།

བགྲོ་གླེང་བརྩམས་ཆོས།  བརྩམས་ཆོས་གསར་བ་བཅུ་དྲུག་ལྷག་འདུས།

ཚོགས་མི།  ཁ་བ་སྙིང་ལྕགས།  གླག  གསོམ་བུ།  གངས།  འོད་ནག  རྨེ་ཆུའི་རིན་རྡོར།  སྤྱན་དུངས།  རྣོ་ཟུར།  ཐུབ་པ།  ཚ།  དབལ་ཤུལ་བུ་ཆུང་།  གནའ་གྲོང་སོགས་མི་ཉི་ཤུ་རྩ་ལྷག་འཛོམས།

བརྩམས་ཆོས་གསར་བར་མྱོང་རོལ་གནང་གིན་པའི་ཟུར་ཅིག

 

གླག་གི་ལྟ་ཚུལ་སྙན་ངག་ལས་འཕྲོས་ཀྱིན་པའི་ཚུལ།

 

གཞན་རེབས་འདིའི་བརྩམས་ཆོས་ཅིག་ཀློག་པ་པོར་ངོ་སྤྲད་ན།

    ལྡེ་མིག་སེར་བོ༼ སྒྲུང་གཏམ་སྙན་ངག་ཁག་གཉིས།༽

                                  གངས

ལྡེ་མིག་དང་འཕྲད་པའི་ལག་པ

སྒོ་ཞིག་དང་འབྲེལ་འདུག

 

གཏམ་རྒྱུད་འདི་སེམས་ནས་བྲིས་པའི་མུར

མི་ཞིག་ནང་དུ་འཛུལ་ཡོང

ངེད་ཚང་གི་ཨ་མའི་ཁང་བའི་ནང་དུ

ད་བར་དུ  མི་གཅིག་ཀྱང་ཡོང་མ་མྱོང་བ་དྲན

 

ལག་པའི་ནང་གི་ལྡེ་མིག་འདི་ལ་རིན་ཐང་ཆེན་པོ་མེད་ནའང

དེའི་སྟེང་ནས་འཕྲོས་པའི་འོད་སྣང་ལ་བརྟེན་ནས

ཨ་མ་ཉི་མ་ལྷ་སར་ཐེངས་ཅིག་འགྲོ་མྱོང

སྐབས་དེ་དུས  ལྡེ་མིག་དེ་དབུས་ལམ་ནས་རྙེད་པ་ཡིན་ཡང་སྲིད

 

ངས་ལྡེ་མིག་འདི་དང་འབྲེལ་བ་ཡོད་པའི་སྒོ་མང་པོ་ཞིག་ཕྱེས་མྱོང

དེའི་སྟེང་དུ་འོད་སྣང་མཆེད་པས

སྒེའུ་ཁུང་རེ་རེ་ནས་ཁྱོད་ཀྱི་འཇིག་རྟེན་གསལ་བོར་མཐོང

                                        ༢༠༡༡     

                 ཀློག་པ་པོ། 

ས་རུབ་ནའང  གནམ་ངོ་ཇེ་གསལ་ནས་ཇེ་གསལ་དུ་གྱུར

ཏག་ཏག་ཀློག་བཞིན་པའི་དཔེ་ཆ་སྟོང་བ་དེའི་གསེང་ནས

མི་ཞིག་ཡར་འགྲེངས་ཡོང

དེའི་ནག་ཡོར་ཡོར་གྱི་གྲིབ་མའི་ཁྲོད་ནས

གྲོག་མ་ཞིག་ངའི་ཕྱོགས་སུ་འདུར་ཡོང

ངས་ཁ་མི་གྲག་པར་མཛུབ་མོ་ཁོ་ནས

འདི་ནི་ངའི་མདུན་ལྗོངས་ཏེ

བསླུ་བྲིད་དང་ལྐོག་གྱུར་གྱི་ནགས་ཚལ་ཞེས་གསལ་བཤད་ཅིག་བྱེད་འདོད་ཀྱང

ལུས་ཀྱི་དབང་རྩ་དག་གཞི་ནས་བག་གཡེང་ལ་རོལ་འདུག

 

བར་སྐབས་ཤིག་ལ

ང་རང་གྲོག་མ་དེར་འགྲོགས་ནས

མུན་ནག་གི་ཤམ་བྷ་ལ་རུ་སླེབས་ཡོང

དཔེ་ཆ་སྟོང་བ་དེ་བསྐྱར་དུ་ཀློག་པའི་མུར

དམྱལ་ཁམས་ཀྱི་འོད་ཟེར་ཕྱོགས་སོ་སོར་འཕྲོས་ཀྱང

འཁྲིས་ཀྱི་གྲོག་མ་དེའི་ལུས་པོས་ངའི་དྲང་ཐད་ཀྱི་འོད་ཟེར་སྒྲིབ་འདུག

 

མ་གསང་དྲང་མོར་བཤད་ན

དེ་དག་ཐམས་ཅད

དཔེ་ཆ་སྟོང་བའི་དེའི་རྣམ་ཤེས་ཁུར་བའི

ཡི་གེ་དེ་དག་གིས་སྤྲུལ་བ་འགྱེད་པ་ཤ་སྟག་རེད 

 

 
 
བཟོ་མཁན། ལྡོང་བླ།
Powered by Oblog.