མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
 
སྤྱི་ཚོགས་དུས་བབ་གསར་འགྱུར། http://blog.amdotibet.cn/society-news/index.aspx
སྲོལ་རྒྱུན་རིག་གནས་སློབ་གྲྭར་སྤེལ་བའི་བྱ་འགུལ།
2018-9-22 17:46:56


སྲོལ་རྒྱུན་རིག་གནས་སློབ་གྲྭར་སྤེལ་བའི་བྱ་འགུལ།

སྤྱི་ཟླ༩པའི་ཚེས༢༢རེས་གཟའ་སྤེན་པའི་ཉིན་གྱི་སྔ་དྲོར། ཡུལ་ཤུལ་ཁུལ་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་དང་ཡུལ་ཤུལ་ཁུལ་སློབ་གསོ་ལས་ཁུངས། ཡུལ་ཤུལ་ཁུལ་རིག་གནས་ལུས་རྩལ་ཁང་བཅས་ཀྱིས་མཉམ་སྒྲུབ་གནང་བའི། ཁུལ་ཡོངས་ཀྱི་དངོས་མིན་ཤུལ་བཞག་སྲོལ་རྒྱུན་རིག་གནས་སློབ་གྲྭར་སྐྱོད་པ་ཞེས་པའི་བྱ་འགུལ་རིགས་སྣ་མང་སྟེ། ཞབས་བྲོ་དང་། ཡིག་གཟུགས། སྒྲུང་བཤད། གླུ་གཞས་འགྲན་བསྡུར་སོགས་ལས། གེ་སར་སྒྲུང་བཤད་འགྲན་བསྡུར་དེ་ཉིད་ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་ལུས་རྩལ་ར་བ་རུ་གཟབ་རྒྱས་ངང་སྤེལ།

མདུན་གྲལ་དུ་བཞུགས་པའི་དཔྱད་འདེམ་པ་རྣམ་པ།

  བྱ་འགུལ་དེར་འགྲན་ཞུགས་སུ་ཁུལ་ཁོངས་ཀྱི་རྫོང་ཁག་སོ་སོའི་སློབ་གྲྭ་ཆུང་འབྲིང་དང་། ཁུལ་ཐོག་གི་སློབ་གྲྭ་ཆུང་འབྲིང་མཐོ་གསུམ་བཅས་མཉམ་ཞུགས་གནང་ཡོད་ཅིང་། ཚོགས་རའི་མདུན་གྲལ་གྱི་བཞུགས་གྲལ་ཐོག་ཏུ་དཔྱད་འདེམ་པའི་དགེ་རྒན་ཉི་མ་ཚེ་རིང་དང་དབང་གྲགས། ཟླ་བ་གྲགས་པ། ངག་དབང་དགེ་ལེགས་སོགས་དཔྱད་འདེམ་པའི་དགེ་རྒན་རྣམ་པ་ལྷན་བཞུགས་གནང་།

སློབ་མ་རྣམས་ཀྱིས་ཧོར་གླིང་གཡུལ་འགྱེད་འཁྲབ་སྟོན་གནང་བཞིན་པ། 

  དངོས་གཞིའི་འགྲན་བསྡུར་སྐབས་སུ་གར་སྟེགས་ཐོག་ཏུ་སློབ་གྲྭ་སོ་སོའི་སློབ་མ་རྣམས་ཀྱིས། ལུས་སུ་གཟབ་གོས་ལེགས་པར་སྤྲས་ཏེ་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་མངའ་བའི་རིག་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་པ། དེར་བཞུགས་ཚོགས་རའི་ལྟད་མོ་བའི་དགེ་སློབ་སྟོང་ཚོ་མང་པོའི་ཡིད་སེམས་སུ་སྤྲོ་བ་འཕེལ་བའི་རིག་རྩལ་གླུ་ལེན་གར་རྩེད་རེ་འདོད་ཁེངས་པ་ཞིག་བྱས་མཐར། འགྲན་ཞུགས་སློབ་མ་རྣམས་དང་དཔྱད་འདེམ་པ་རྣམ་པ་དང་སློབ་གཙོ་ལྷན་རྒྱས་མཉམ་པར་བླངས་ནས་བྱ་འགུལ་དེའི་མཇུག་རྒྱལ་ཁའི་ངང་རེ་ཞིག་ལེགས་པར་བསྡུས་པ་རེད།


ཡུལ་ཤུལ་རྫོང་སློབ་འབྲིང་གསུམ་པར་གླུ་གཞས་འགྲན་བསྡུར་སྤེལ་བ།

  ཡུལ་ཤུལ་ཁུལ་མཐོ་འབྲིང་བཞི་པར་ཡིག་གཟུགས་འགྲན་བསྡུར་སྤེལ་བ།

གེ་སར་མདུན་ཐང་དུ་ཞབས་བྲོ་འགྲན་བསྡུར་སྤེལ་བ།

society-news | རྩོམ་ཡོངས་ཀློག་པ།(129) | ལན་སློག(0)
ཕུལ་བྱུང་དགེ་རྒན་གྱི་མུ་འབྲེལ་འཆད་ཁྲིད།
2018-9-16 20:16:30

༄༅། །ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་ཕུལ་བྱུང་དགེ་རྒན་གྱི་མུ་འབྲེལ་འཆད་ཁྲིད།


དགེ་རྒན་ཚེ་འབར་ལགས་ཀྱིས་འཆད་ཁྲིད་མཛད་པའི་ཚོགས་རའི་རྣམ་པ།

སྤྱི་ཟླ༩ཚེས༡༥ནས༡༦བར་ཉིན་གཉིས་ཀྱི་རིང་དུ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་མི་རིགས་སློབ་གཞི་རྩོམ་སྒྲིག་ཁང་གི་རྒན་ཚེ་འབར་དང་སྟག་ལྷ། ལང་ཐོའོ་བཅས་གདན་ཞུས་ཀྱིས་ཁུལ་མཐོ་གཉིས་ཀྱི་ཐེམ་སྐས་སློབ་ཁང་དང་། རིག་གཞུང་སྙན་ཞུ་ཁང་དག་ཏུ་མཐོ་འབྲིང་གི་སྐད་ཡིག་སློབ་གསོའི་ཐད་ནས་འཆད་ཁྲིད་གཟབ་རྒྱས་ཤིག་སྤེལ།

དགེ་རྒན་སྟག་ལྷ་ལགས་ཀྱིས་འཆད་ཁྲིད་མཛད་བཞིན་པ།

འཆད་ཁྲིད་དེར་ཚོགས་ཞུགས་སུ་ཡུལ་ཤུལ་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་མཐོ་གསུམ་གྱི་དགེ་རྒན་རྣམ་པ་མཉམ་ཞུགས་གནང་།

ཁུལ་མཐོ་གཉིས་ཀྱི་སློབ་གཙོ་རྒན་དབང་འདུས་ལགས་ཀྱིས་མདོ་འཛིན་གནང་བཞིན་པ།

སློབ་གཙོ་རྒན་དབང་འདུས་དང་སློབ་དཔྱོད་ཁང་གི་འགན་འཛིན་རྒན་ཚེ་ལོ་བརྒྱ་རྣམ་གཉིས་ཀྱིས་འཆད་ཁྲིད་དག་གི་མདོ་འཛིན་མཛད།

རྒན་ལང་ཐོའོ་ལགས་ཀྱིས་འཆད་ཁྲིད་མཛད་བཞིན་པ།

འཆད་ཁྲིད་དེ་དག་གི་བརྗོད་བྱ་གཙོ་བོ་ནི།

བསླབ་ཚན་གྱི་ངོ་བོ། བསླབ་ཚན་གྱི་གཞི་རྩའི་ལྟ་བ། བསླབ་ཚན་འཆར་འགོད་ཀྱི་རིག་ལམ། ངེས་སྦྱོང་བསླབ་ཚན་གྱི་དམིགས་ཚད་དང་འདེམ་སྦྱོང་བསླབ་ཚན་གྱི་དམིགས་ཚད། ལག་བསྟར་གྱི་གྲོས་གཞི་སྟེ་སློབ་ཁྲིད་ཀྱི་གྲོས་གཞི་དང་དཔྱད་འཇོག་གི་གྲོས་གཞི། སློབ་དེབ་རྩོམ་སྒྲིག་གི་གྲོས་གཞི། བསླབ་ཚན་གྱི་ཐོན་ཁུངས་འདོན་སྤེལ་དང་བེད་སྤྱོད། མཐོ་རྒྱུགས་ཀྱི་རྒྱུགས་ཤོག་སྒྲིག་སྟངས་དང་མཐོ་རྒྱུགས་ལ་ཁ་ཕྱོགས་པའི་སློབ་སྦྱོང་བྱེད་ཐབས་སྐོར་ནས། རྒྱས་བསྡུས་རན་ཞིང་ཁ་གསལ་ལ་གོ་བདེ་བ། གནད་ལ་སྨིན་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་འཆད་ཁྲིད་ཚོགས་བཞུགས་དགེ་རྒན་རྣམ་པའི་འདོད་བློ་ཚིམ་པ་ཞིག་གནང་གྲུབ་པ་དང་།

ཚོགས་རའི་ཡུལ་དངོས་ཀྱི་རྣམ་པ།

ཚོགས་བཞུགས་དགེ་རྒན་རྣམ་པས་སྤྲོ་སེམས་འཕེལ་བའི་ངང་ནས་བཀའ་དྲིན་ཞུ་ཕྱིར། གུས་ལུགས་དང་བཅས་ཏེ་འདུག་སྟེགས་ལས་བཞེངས་ནས། དགའ་བསུའི་ལག་ཟུང་ཐལ་སྒྲའི་ཁྲོད་ནས་འཆད་ཁྲིད་དེ་ཉིད་རེ་ཞིག་མཇུག་ལེགས་པར་བསྡུས་པ་རེད།


དགེ་རྒན་རྣམ་པའི་མཉམ་པར།

society-news | རྩོམ་ཡོངས་ཀློག་པ།(152) | ལན་སློག(0)
ཡུལ་ཤུལ་གྱི་སྐད་ཡིག་སློབ་གསོའི་ཐད་ཀྱི་བསམ་ཚུལ།
2018-9-9 17:43:13



རྩོམ་པ་པོ། ལྕི་བ།

ཉེ་བའི་ལོ་འགའི་རིང་ལ་ཁུལ་དང་རྫོང་རིམ་པའི་འགོ་ཁྲིད་ཀྱི་ཡང་དག་པའི་མཛུབ་ཁྲིད་འོག། སློབ་གསོ་དང་འབྲེལ་ཡོད་སྡེ་ཁག་གི་ཧུར་བརྩོན་ཁྲོད། ཡུལ་ཤུལ་གྱི་སློབ་གསོ་ལའང་སྔ་ན་མེད་པའི་གསོན་ཤུགས་གསར་བ་ཞིག་རྒྱས་པ་དང་། སྒོས་སུ་བོད་སྐད་ཡིག་གི་ཐད་ལའང་འཕེལ་རྒྱས་ཀྱི་རླབས་ཕྲེང་གསར་བ་ཞིག་འཕྱུར་བཞིན་པ་ནི་སྐྱེ་བོ་སུས་ཀྱང་བསྙོན་དུ་མེད་པའོ། །ཡུལ་ཤུལ་རྫོང་ལྟ་བུ་ཞིག་ལ་ཆ་མཚོན་ནའང་ལོ་རེ་རེར་སློབ་གསོའི་ཕྱོགས་ལ་མ་དངུལ་འབོར་ཆེན་བཏང་སྟེ། དགེ་རྒན་རྣམས་ལ་གཟེངས་བསྟོད་ཀྱི་བྱ་དགའ་གནང་ནས་སྐུལ་འདེད་གནང་བཞིན་པ་ནི་ཡུལ་ལུང་གཞན་ན་ཉུང་བའི་ཚོད་དུ་གདའ།

དེ་ལྟ་ནའང་ང་ཚོའི་མཐོ་འབྲིང་གི་སློབ་མ་སྤྱིའི་ཆ་ནས་སྐད་ཡིག་གི་ཆུ་ཚད་ཞན་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་མཐོ་རྒྱུགས་ཁྲོད་ཀྱང་རྒྱུགས་འབྲས་བཟང་བོ་ཞིག་མི་ལོན་པས། དེ་ནི་ང་ཚོའི་སྐད་ཡིག་ལ་སེམས་ཁུར་བྱ་མཁན་དག་གིས་ངེས་པར་དུ་བསམ་གཞིགས་བྱ་དགོས་པའི་གནས་སུ་འཁུམས་སོ། །

 

སྤྱིར་བོད་སྐད་ཡིག་གི་རྒྱུགས་འབྲས་བཟང་པོ་ཞིག་ལོན་མིན་ནི་འགོ་ཁྱིམ་ཚང་ནས་བཟུང་སྟེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ། སྤྱི་ཚོགས་ཀྱི་ཕྱི་ནང་བར་གསུམ་ཚང་མ་ལ་འབྲེལ་བ་ཡོད་ནའང་། གཙོ་བོ་རྨང་གཞིའི་སློབ་གསོ་ཡག་པོ་ཞིག་འཁྱོངས་ཡོད་མེད་ལ་རག་ལས་ཤིང་། དེ་ཡང་ཡར་འདེད་ན་སློབ་མའི་སློབ་སྦྱོང་གི་གོམ་ཁ་དང་པོའི་ཕྱོགས་ལ་སློབ་ཆུང་གི་སློབ་གསོ་དང་འབྲེལ་བ་དམ་པོ་ཡོད་པར་སྙམ་ཞིང་། དེ་ཡང་སློབ་ཆུང་གི་སློབ་གསོའི་དམིགས་འབེན་དེ་སྐད་ཡིག་གི་རྨང་གཞི་སྟེ། འབྲི་ཀློག་འཛིན་གསུམ་དང་དཔེ་ཀློག་གི་གོམས་གཤིས་བཟང་པོ་བཅས་སློབ་མའི་རྒྱུད་ལ་འཇོག་ཐབས་གཙོ་བོར་འཛིན་མ་ཐུབ་པར། གནས་སྐབས་ཀྱི་གཅིག་གྱུར་གྱི་རྒྱུགས་ལེན་ལས་རྒྱལ་ཕྱིར། ལ་བཏུས་ལུང་བཏུས་ཀྱི་མིང་ཚིག་མང་པོ་ཞིག་དང་དེ་དག་གི་ཚིག་སྒྲིག་དང་ལྡོག་ཟླའི་མིང་ཚིག་དང་། ཁ་སྐོང་བཅས་བཙན་བཙན་རྒོད་རྒོད་ཀྱིས་སློབ་མར་བློ་རུ་འཛིན་དུ་བཅུག་སྟེ། མིག་སྔར་གྱི་གཅིག་གྱུར་གྱི་རྒྱུགས་ལེན་ལས་རྒྱལ་ཐབས་ཙམ་གྱི་སློབ་གསོ་དེ་ནི་སློབ་མའི་མདུན་ལྗོངས་རིང་མོའི་སློབ་གསོའི་ཕམ་ཁ་རུ་འདོད།

 

དེང་སྐབས་ཀྱི་མཐོ་འབྲིང་སློབ་མའི་བོད་སྐད་ཡིག་གི་ཤེས་ཡོན་ཆུ་ཚད་ཀྱི་གནས་བབ་ཞན་ཆའི་ཐད་ནས་གླེང་ན། སློབ་མ་མང་པོ་ཞིག་གི་རྨང་གཞིའི་ཀློག་འདོན་གྱི་ཆུ་ཚད་ཞན་པ་དང་། སྐད་ཡིག་གི་ཕྱི་མོའི་གཞུང་ལུགས་ཏེ་སུམ་ཅུ་པ་དང་། རྟགས་འཇུག དག་ཡིག་བཅས་གལ་ཆེའི་གཞུང་ལུགས་ཁག་གི་མགོ་མཇུག་ཚང་བའི་རྩ་ཚིག་བློ་འཛིན་ཡོད་མཁན་ནི་ཉི་མོའི་སྐར་མ་བཞིན་དུ་ཉུང་། བྲིས་གཟུགས་ཀྱང་ལེགས་པོ་འཁྱོངས་མཁན་ཉུང་ཞིང་། དེ་ལྟར་བོད་སྐད་ཡིག་གི་རྨང་གཞི་ཆུ་ཚད་ལེགས་པོ་མེད་ན། མཐོ་འབྲིང་ལོ་ངོ་གསུམ་གྱི་རིང་དེར་ཕུལ་དུ་བྱུང་བའི་གྲུབ་འབྲས་ཤིག་ལེན་འདོད་རུང་། མཐོ་འབྲིང་གི་སློབ་དེབ་དང་སློབ་མའི་སྐད་ཡིག་གི་རྨང་གཞིའི་ཆུ་ཚད་བར་གྱི་འགལ་འདུ་ཞིག་གིས་གཡུར་ཟའི་གྲུབ་འབྲས་ལེན་པ་ལ་གེགས་སུ་གྱུར་ཡོད་པར་སྣང་།

 

སློབ་ཆུང་སློབ་གསོའི་སྣང་ཚུལ་ཐད་ནས། གཙོ་བོ་གཅིག་གྱུར་གྱི་རྒྱུགས་ལེན་ལ་ཁ་ཕྱོགས་ཏེ་ཁ་སྐོང་འབྲི་ཚུལ། ཚིག་གྲོགས་བཙལ་ཚུལ། ཚིག་བསྒྲིགས་སྟངས་དང་ལྡོག་ཟླའི་མིང་ཚིག་བཅས་བཙན་བཙན་རྒོད་རྒོད་ཀྱིས་བློ་རུ་འཛིན་དུ་འཇུག་པ་དང་། སློབ་མ་རིག་གནས་ཞན་པ་རྣམས་ལ་དགེ་རྒན་གྱིས་ཚིག་གྲོགས་བྲིས་ནས་སློབ་མར་བློ་འཛིན་བྱེད་དུ་བཅུག་སྟེ། གཅིག་གྱུར་གྱི་རྒྱུགས་ལེན་ལ་ཞུགས་སུ་འཇུག་པ་ལས། སློབ་མའི་མདུན་ལྗོངས་རིང་པོའི་བོད་སྐད་ཡིག་གི་རྨང་གཞི་འཇོག་ཕྱིར། ཀློག་ལ་བྱང་ཐབས་དང་། བྲིས་ལ་མཁས་ཐབས། གཞུང་གི་རྩ་ཚིག་མགོ་མཇུག་ཚང་བ་བློ་འཛིན་ཡོང་ཐབས། དཔེ་ཀློག་ལ་གོམས་གཤིས་འཇགས་ཐབས་བཅས་ལ་གཙིགས་འཛིན་གནང་ཐུབ་ཀྱི་མེད་པའི་སྣང་ཚུལ་ཞིག་དང་། གལ་ཏེ་དགེ་རྒན་ཞིག་གིས་ཐད་ཀར་གནས་སྐབས་ཀྱི་གཅིག་གྱུར་རྒྱུགས་ལེན་དང་འབྲེལ་མི་ཆེ་བའི་འབྲི་ཀློག་དེ་དག་གཙིགས་འཛིན་གནང་རུང་གཅིག་གྱུར་གྱི་རྒྱུགས་ལེན་ལས་ཕམ་ཁ་ཉོ་ཞིང་། སྐབས་དེར་གཙོ་འཛིན་དང་ཁྱིམ་བདག་རྣམས་ཀྱིས་སྡིགས་མོ་བྱེད་པ་ལས་སུས་ཀྱང་བསྟོད་བསྔགས་མེད་ཕྱིར་སློབ་ཆུང་གི་དགེ་རྒན་རྣམས་ལའང་ཐུགས་ཁག་མེད་པ་འདྲ།

 

ཀློག་གཙོ་བོར་འཛིན་པ།

དེ་ཡང་སློབ་དཔོན་ཐོན་མིས་སུམ་ཅུ་པའི་རྩ་བ་ལས། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱང་། །སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན། ། ཞེས་དང་། འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི། །ཞེས་གསུངས་པ་ལྟར་དུ། སློབ་གཉེར་བ་ཞིག་ལ་མཚོན་ན། བརྗོད་བྱའི་དོན་ཚུལ་བཞིན་དུ་རྟོགས་པ་ལ་རྗོད་བྱེད་ཡི་གེ་ཚུལ་བཞིན་དུ་ཀློག་ལེགས་པར་ཤེས་པ་ཞིག་ངེས་པར་དགོས་ཤིང་། རྗོད་བྱེད་ཡི་གེ་ཀློག་མ་ཤེས་པར་བརྗོད་བྱའི་ནང་དོན་ཇི་ལྟར་གོ། ཁ་རྒྱུན་དུ་ཡི་གེའི་དག་ཆ་དང་ཀློག་ལེགས་པར་མི་ཤེས་པའི་མི་ཞིག་ལ། ང་ན་ཚ་མེད་གཡག་རྔ་དཀར་ཤི་སོང་། ཞེས་པའི་འཕྲིན་ཡིག་ཅིག་འབྱོར་སྐབས་འཕྲིན་དེ་བཀླགས་པ་ན། ང་ན། ཚྭ་མེད། གཡག་ལྔ་ཀ་ཤི་སོང་ཞེས་གོ་ནོར་ཐེབས་པ་ལྟར་དང་། ཡང་ཞིང་ཁ་རུ་ཡུར་མ་ཡུར་ལྟ་བུ་ཀློག་པའི་ཚེའང་། ཞིང་ཁ། རུ་ཡུར་མ་ཡུར། ལྟ་བུ་ཀློག་ངེས། དེ་བས་ཀློག་ལེགས་པར་མ་ཤེས་ན་དོན་ཡང་ཚུལ་བཞིན་གོ་མི་ནུས་པའི་ཕྱིར། རང་རེའི་སྲོལ་རྒྱུན་གྱི་སློབ་གཉེར་བྱ་ཐབས་ལྟར་དུ། སྐད་གདངས་གསལ་ལ་སྒྲ་དག་པ། ཐོགས་པ་མེད་པར་ཀློག་ནུས་ཕྱིར། གླེགས་བམ་པོ་ཏི་མང་པོ་ཞིག་འབྲུ་འདེད་དང་ཚེག་འདེད་སོགས་གོ་རིམ་བཞིན་དུ་ཀློག་ཏུ་འཇུག་པ་བཞིན་དུ། སློབ་ཆུང་སློབ་མར་དཔེ་དེབ་མང་དུ་བཀླག་ཏུ་བཅུག་ཏེ་ཀློག་ལ་བྱང་ཐབས་བྱ་གལ་ཆེ་བར་སྣང་།

 

བྲིས་གཙོ་བོར་འཛིན་པ།

རྩོམ་པ་ལེགས་ཀྱང་སུག་བྲིས་མ་འབྱོར་ན། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །ཞེས་གསུངས་པ་ལྟར་དུ་སློབ་ཆུང་དགེ་རྒན་བྲིས་ཞན་པ་རྣམས་ལ་བྲིས་གཟུགས་ཟབ་སྦྱོང་གནང་སྟེ། སློབ་ཆུང་སློབ་མས་བྲིས་གཟུགས་ལེགས་འཁྱོངས་ཡོང་བ་བྱ་རྒྱུ་ནི་གནད་ཀྱི་དོན་པོ་ཡིན་ཞིང་། དེ་ལྟར་སློབ་ཆུང་སྐབས་ནས་བྲིས་གཟུགས་ལེགས་པོ་ཞིག་མ་འབྱོར་བ་ཡིན་ན། རྗེས་སུ་བྲིས་ངན་ལང་ཤོར་དུ་སོང་སྟེ་ནམ་ཡང་བྲིས་ལེགས་པོ་ཞིག་ཡོང་དཀའ་ཚོད་འདུག ཡིན་ཡང་དེང་སང་སློབ་ཆུང་གི་སྣང་ཚུལ་ཞིག་ལ་སློབ་མར་འགན་ལྗིད་པོ་སྤྲད་དེ་ལས་བྱ་མང་དུ་སྤྲད་པ་ལས། བྲིས་གཟུགས་ལ་མཐོང་ཆེན་གྱིས་ལས་བྱའི་སྤུས་ཚད་ལ་གཙིགས་འཛིན་དེ་ཙམ་གནང་ཐུབ་ཀྱི་མེད་པའི་སྣང་ཚུལ་ཞིག་ཡོད་པ་འདྲ།

 

རྩ་ཚིག་བློ་འཛིན་གཙོ་བོར་འཛིན་པ།

གུང་ཐང་བསྟན་པའི་སྒྲོན་མེས་སློབ་གཉེར་བསླབ་བྱ་ལས། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། །བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། །དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། །ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། །དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིང་ཨང་། །གསུངས་པ་ལྟར་དུ། སློབ་གྲྭ་ཆུང་འབྲིང་མཐོ་གསུམ་ལ་རྣམ་ཀུན་བློར་སྐྱོར་བྱས་རུང་བྱེད་རིན་དང་སྤྱོད་སྒོ་ཡོད་པའི་བོད་ཀྱི་སྐད་ཡིག་གི་ཕྱི་མོའི་གཞུང་ལུགས་སུམ་རྟགས་དག་གསུམ་སོགས། དགོས་གལ་ཆེ་བའི་གཞུང་ལུགས་ཁག་གི་རྩ་ཚིག་རྣམས་མགོ་མཇུག་ཚང་བ་ཞིག་བློ་རུ་འཛིན་དུ་འཇུག་པར་གལ་ཆེ་བར་སྙམ། དེ་ལས་ལྡོག་སྟེ་ཚིག་སྒྲིག་སྣ་ཚོགས་བློ་རུ་འཛིན་དུ་བཅུག་ན་ཕན་ཐོགས་ཅུང་ཟད་རེ་ལོས་ཡོད་དེ་འོན་ཀྱང་ནམ་ཕུགས་ཕན་ཆེན་པོ་དེ་ཙམ་ཞིག་ཨེ་ཡོད་ན་སྙམ་བྱུང་།

 

དཔེ་ཀློག་གི་གོམས་གཤིས་བཟང་པོ་འཇགས་ཐབས་གཙོ་བོར་འཛིན་པ།

ཀོར་ཅིས། དཔེ་ཀློག་ནི་མིའི་རིགས་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་ཐེམ་སྐས་རེད་ཅེས་གསུངས་པ་ལྟར་དུ། དཔེ་ཀློག་ལ་མཐོང་ཆེན་གནང་ནས་སློབ་མའི་བློ་ཁ་དང་འཚམས་པའི་བྱིས་སྒྲུང་སོགས་བཀླགས་ན་འོས་པའི་དཔེ་དེབ་སྣ་ཚོགས་ཀློག་པ་ལ་སྐུལ་འདེད་གནང་སྟེ། སློབ་མར་དཔེ་ཀློག་ནི་སློབ་ཕྱིའི་སྤྲོ་སྣང་འཕེལ་བའི་ངལ་གསོའི་བར་སྐབས་ཤིག་དང་། རིག་པའི་སྒོ་མོ་འབྱེད་པའི་ལྡེ་མིག་དང་། བསླབ་གཞིར་རོགས་འདེགས་བྱེད་པའི་ཟུར་སྦྱོང་ལྟ་བུ་རུ་འགྱུར་བར་བརྩོན་གལ་ཆེ་བར་སེམས།

 

མདོར་ན་ང་ཚོའི་སློབ་མ་རྣམས་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གང་ནས་ཀྱང་སྦྱངས་འབྲས་གཡུར་དུ་ཟ་བ་ཞིག་ལོན་ཆེད། སློབ་ཆུང་སློབ་མའི་གནས་སྐབས་ཀྱི་བགྲོད་ལམ་ཆོད་ཐབས་ཙམ་བྱ་རྒྱུ་དེ་རིང་དུ་དོར་ཏེ། འབྲི་ཀློག་གཉིས་དང་། སུམ་རྟགས་དག་གསུམ་སོགས་གལ་ཆེའི་རྩ་ཚིག་རྣམས་མགོ་མཇུག་ཚང་བ་བློ་འཛིན་དང་། དཔེ་ཀློག་ལ་དགའ་བའི་གོམས་གཤིས་བཟང་པོ་བཅས་རྨང་གཞིའི་སློབ་གསོ་ལ་གཙིགས་འཛིན་གྱིས་འབད་པ་གནང་གལ་ཆེ་བའི་ལྷག་བསམ་གཙང་མའི་གུས་པའི་བསམ་ཚུལ་ཅུང་ཟད་ཞུས་ཡོད་པས། ནོར་འཁྲུལ་གྱི་ཚོགས་མཆིས་ན་མཁྱེན་ལྡན་གཟུར་གནས་མཁས་པའི་སྤྱན་སྔར་བཟོད་གསོལ་ཞུ་བ་དང་འབྲེལ། རང་རེའི་སློབ་གསོའི་བྱ་གཞག་རླབས་པོ་ཆེ་འདི་ཉིད་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་ཕྱིར།ལྷག་བསམ་གཙང་མས་དགོངས་འཆར་ལྷུག་སྩོལ་གནང་མཁན་གྱི་ཤེས་ལྡན་པ་ཡོངས་ལ་དགའ་བསུའི་གུས་བཀུར་ཞུ་རྒྱུ་ཡིན།

society-news | རྩོམ་ཡོངས་ཀློག་པ།(163) | ལན་སློག(0)
འཚོལ།
2018-5-10 8:56:31

སྒྲོལ་མ་མཚོ། ༢༠༡༧ལོའི་འཛིན་གྲྭ་བཅུ་གཉིས་པ།

མུན་པའི་གླིང་ནས།

སྐར་ཚོགས་ཀྱིས་ང་ལ།

ནག་སྣུམ་གྱི་མིག་ཟུང་བྱིན་སོང་།

ངས།

དེ་ལ་བརྟེན་ནས།

དཀའ་བ་ཁྱད་དུ་བསད།

ངལ་བ་དང་དུ་བླངས་ཏེ།

འོད་ཟེར་འཚོལ་དུ་སོང་།

 

མུན་པའི་གླིང་ནས།

རྒན་གྱིས་ང་ལ།

སྒྲོན་མེ་ཞིག་བྱིན་སོང་།

ངས།

དེ་ཁྱེར་ནས།

རི་ལུང་མང་པོ་བརྒལ།

ལམ་ཕྲན་དུ་མ་བརྒལ་ནས།

འོད་ཟེར་འཚོལ་དུ་སོང་།

society-news | རྩོམ་ཡོངས་ཀློག་པ།(117) | ལན་སློག(0)
དགེ་རྒན་ལགས། བཀའ་དྲིན་ཆེ།
2018-5-10 8:53:52

ཚེ་རིང་བསྟན་འཛིན། ༢༠༡༧མཐོ་གཅིག་འཛིན་གྲྭ་བཅུ་གཅིག་པ།

དགེ་རྒན་ལགས། ང་ཚོས་ལྗོན་མདོག་གི་རྨི་ལམ་འཚོལ་ནས། དཔེ་ཁུག་རྒྱབ་ལ་འཁུར། དབྱངས་གསལ་ངག་ལ་ཀློག་ནས་སློབ་འབྲིང་གི་འཚོ་བར་རོལ་བ་ལ་སྟོབས་ཤུགས་བསྐྱེད་དེ་ཕྲག་པར་འཁུར་ནས། ནམ་ཡང་སྐྱ་རེངས་དང་ལྷན་དུ་མལ་ལས་ལངས་ཤིང་། སྐར་ཚོགས་དང་མཉམ་དུ་ངལ་གསོ་བྱས་ཏེ། རང་གི་ཡོད་ཚད་ཀྱི་ཡོད་ཚད་བུམ་པ་གང་བྱོའི་ཚུལ་དུ་སློབ་གསོར་ཕུལ་ཏེ། སྐྲ་ལོ་ཁ་བ་དང་འདྲ་ཤིང་དཔྲལ་བ་ཆུ་གཉེར་གྱིས་བཀབ་ནའང་། ད་དུང་འབྱུང་བཞིའི་འཕེལ་འགྲིབ་ཀྱི་གོམ་སྟབས་དང་བསྟུན་ནས་ཤེས་རིག་གི་མྱུ་གུ་འབུས་ཤིང་། བློ་གྲོས་ཀྱི་གཤོག་རྩལ་རྒྱས་བཞིན་པའི་ངང་ཕྲུག་རེ་རེའི་གདོང་ལ་གཟིགས་བཞིན་ཡིད་ཆེས་དང་སྤྲོ་དགའི་ངང་ནས་རང་ཉིད་རྒས་བཞིན་པ་ཡང་འཚོལ་གྱི་མེད། ཁྱེད་ནི་མི་ཚེའི་ཁ་ཕྱོགས་སྟོན་པའི་སྒྲོན་མེ་དང་འདྲ་ལ། མི་ཚེའི་རིན་ཐང་མངོན་འགྱུར་བྱ་ཐུབ་པའི་སྒྲོན་མེ་ཞིག་དང་འདྲ།

 དགེ་རྒན་ལགས། ང་ཚོར་གནས་པའི་རྟོགས་འཆར་གྱི་ཞིང་ཁམས་འདི་རུ་ཁྱེད་ཀྱི་ལྷག་བསམ་རྣམ་དག་ཅིག་རྙེད་པ་ནས་བཟུང་སྟེ། རང་མི་རིགས་ཀྱི་མ་འོངས་པའི་དར་རྒུད་ཀྱི་ཆེད་དུ། དཀའ་སྡུག་ཅི་འདྲ་ཞིག་དང་འཕྲད་ཀྱང་དེར་མི་འཛེམ་པར། ནམ་ཡང་གྲུ་བཞི་ནག་པང་གི་འགྲམ་དུ་བཞེངས་ཏེ། ཤེས་རྒྱ་དང་མཐོང་རྒྱ་ཅི་ཡང་མེད་པའི་སློབ་བུ་ཚོའི་མ་འོངས་པའི་མདུན་ལམ་དང་དམིགས་ཡུལ་ལས་སྐྱོང་སྟེ་ས་བོན་འདེབ་བཞིན་ཡོད། ལྗོང་མྱུག་འབུས་སུ་འཇུག་པའི་ཆེད་དུ། དུས་ཀྱི་འགྱུར་བ་རྒོད་པའི་ཁུགས་སོ་ནས་རྐང་བཞིའི་རྫི་བོ་ཇི་བཞིན་ཆར་ཆུ་སེར་གསུམ་གྱི་དཀའ་སྡུག་ཐོག་ཏུ་ཁུར་ནས། དུངས་སེམས་ཀྱི་བརྩེ་བ་གཏན་ནས་ཆད་མ་མྱོང་།

 དགེ་རྒན་ལགས། ཁྱེད་ཀྱིས་ཀྱང་མི་ཚེའི་ལོ་ཟླ་རེ་རེར་བག་ཕེབས་ངང་བདེ་སྐྱིད་ཀྱི་འཚོ་བ་ཞིག་ལ་རོལ་ན་ལོས་འདོད། ཡིན་ནའང་། དགེ་རྒན་ལགས། ཁྱེད་ཀྱིས་རང་ཉིད་ཀྱི་བདེ་སྐྱིད་རྒྱབ་ཏུ་གཡུགས་ཏེ། རང་ལུས་ཀྱི་ཟུངས་བཅུད་ལྟ་བུའི་ཡོན་ཏན་དང་ལྷག་བསམ་རྣམ་དག་དེ་གངས་ལྗོངས་འཛིན་མའི་ལྟེ་གནས་རུ་ཕངས་མེད་དུ་གནང་བར་མ་ཟད། འུར་ཆ་སྐེད་དུ་གཟར་ནས་མུ་འབྲེལ་གྱི་རི་འདབས་སུ་རྟ་ནོར་ལུག་གསུམ་གྱི་སུག་རྗེས་སྙེག་པའི་ན་ཆུང་དག་གི་ལས་དབང་ལ་ཁ་ཕྱོགས་བསྒྱུར་ཏེ། རེ་སྨོན་ཀུན་གྱི་ཕུགས་འདུན་དང་། ཡལ་འདབ་སྨིན་སའི་ཤེས་རིག་གི་གླིང་དུ་ཁ་ཕྱོགས་བསྒྱུར།

 དགེ་རྒན་ལགས། འདི་ལྟར་ང་ཚོ་ལ་ཤ་ཚ་དང་སྙིང་རྗེ་ཡིས་གསོ་སྐྱོང་བྱེད་པ་ནི་ཁྱེད་ཀྱི་ཕུགས་བསམ་ཡིན་ལ། འོས་འགན་ཡང་ཡིན།

 དགེ་རྒན་ལགས། ཕུགས་འདུན་ལ་དུངས་པའི་དབང་གིས་ཆར་རླུང་དང་མཉམ་དུ་ཆག་སྒོ་ཤོར་བའི་རྨི་ལམ་ཞིག་འཐུ་བཞིན། ཡོད་ཚད་དྲང་བདེན་དང་ལྷག་བསམ་ཁོ་ན་ལས། རྒྱུ་དང་འབྱོར་བ། ཐོབ་ཐང་། སྙན་གྲགས་ཀྱི་ཆེད་དུ་མིན་པ་ང་ཚོས་ཀྱང་ལོས་ཤེས།

 དགེ་རྒན་ལགས། གནམ་ལྕགས་ཐོག་གི་ཟློས་གར་བསྒྱུར་བཞིན་པའི་དབྱར་ཟླ་རེ་ལ། དྭངས་གཙང་ཆུ་འཛིན་དཀར་པོ་མཁའ་དབྱིངས་སུ་ལང་ལོང་རྒྱུ་བཞིན་པའི་སྟོན་ཟླ་རེ་ལ། ཁ་བ་དཀར་པོའི་འདབ་དྲུག་འཐོར་གྱིན་པའི་དགུན་ཟླ་རེ་ལ། ང་ཚོས་འཇོ་སྒེག་གི་ལང་ཚོ་ངམ་བཞིན་ལག་ཟུང་དམ་པོར་སྦྲེལ་ནས་མཐུན་སྒྲིལ་དང་སྟོབས་ཤུགས་བསྐྱེད་དེ། ཁྱེད་ཀྱིས་སྟོན་པའི་ཁ་ཕྱོགས་བསྙེགས་ནས་འགྲོ་བཞིན་ཡོད། གནས་དེ་རུ་ང་ཚོའི་ལྐོག་གྱུར་གྱི་གསང་བ་སྟོང་ཕྲག་གི་མུན་པ་སེལ་ཞིང་། གནས་དེའི་ནང་པ་ཚོའི་ཕུགས་བསམ་ལ་འབྲས་བུ་སྨིན་ཏེ་མཚར་སྡུག་འཇའ་ཚོན་ཤར་བ།

དགེ་རྒན་ལགས། ཁྱེད་ནི་ང་ཚོའི་ཕུགས་བསམ་གྱི་སྒོ་གླེགས་རྡུང་མཁན་དང་། ཤེས་རིག་གི་སྒོ་མོ་འབྱེད་པའི་ལྡེ་མིག་ཐོག་མ་ཡིན་པས། ང་ཚོས་ཁྱེད་ལ་བཅངས་པའི་བཅོས་མིན་གྱི་ལྷག་བསམ་ལ་འོད་སྣང་འཚེར། དགེ་རྒན་ལགས། ཁྱེད་ཀྱིས་ལྷད་མེད་ལྷག་བསམ་དང་གཞན་ཕན་སོགས་ཀྱི་སྟོབས་ཤུགས་དེའི་དབང་གིས། མ་འོངས་པ་ན། ང་ཡང་ཁྱེད་ལྟ་བུའི་དྲང་བདེན་དང་ལྷག་བསམ། གཞན་ཕན་ཁོ་ནའི་ལས་སྒྲུབ་པའི་མི་བུ་ཞིག་བྱེད་འདོད་ཡོད།

དགེ་རྒན་ལགས་བཀའ་དྲིན་ཆེ། ཁྱེད་ནི་ངེད་ཅག་གོམ་པ་དང་གོམ་པ་བྱས་ནས་མདུན་སྐྱོད་ཀྱི་ཕུགས་བསམ་ལ་བསམ་ནས་སྐྱོང་མཁན་གྱི་ལྡེ་མིག་ཡིན། ཁྱེད་ནི་བློ་གསལ་ཤེས་རབ་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་དང་འདྲ། ཁྱེད་ནི་མི་ཚེ་ལ་ཁ་ཕྱོགས་སྟོན་པའི་སྒྲོན་མེ་སྦར་བྱེད་ཀྱི་ཡོ་བྱད་འབར་ཞུན་དང་འདྲ། མཐར་ངས་ཁྱེད་ཀྱི་ལྷག་བསམ་དང་དྲང་བདེན་ལ་བརྗོད་མི་ཚར་བའི་བསྟོད་ཚིག་རིང་མོ་ཞིག་འབྲི་ངེས་ཡིན། །

society-news | རྩོམ་ཡོངས་ཀློག་པ།(594) | ལན་སློག(1)
དགེ་རྒན་ལ་གུས་པར་བྱ་བ་དང་བཀའ་དྲིན་རྗེས་སུ་དྲན་པ།
2018-5-10 8:49:30

ཡེ་ཤེས་བཟང་མོ། ༢༠༡༧ལོའི་འཛིན་གྲྭ་བཅུ་གཅིག་པ།

ཤེས་མེད་ཀྱི་སྨག་རུམ་ནང་ནས། །མུན་སེལ་གྱི་སྒྲོན་མེ་རྐང་གཅིག །རྒྱུས་མེད་ཀྱི་མི་ཚོགས་ཁྲོད་ནས། །ལམ་སྟོན་གྱི་མིག་ཟུང་ཆ་གཅིག །ནུས་མེད་ཀྱི་མི་བུ་མང་པོར། །སྲོག་སྐྱབས་ཀྱི་དྲིན་ཆེན་དམ་པ། །སྐྱིད་སྡུག་གི་འཚོ་བའི་ཀློང་ནས། །བཤེས་གཉེན་ལགས་ཁོ་མོས་བསྟོད་དོ།

 ཚེ་སྲོག་གི་དབྱངས་རྟའི་བར་གསེབ་ནས་བཤེས་གཉེན་གང་མང་ཞིག་འཕྲད་སྲིད་ངེས་ཡིན་ལ། བཤེས་གཉེན་དེ་ཚོ་ནི་ཚེ་སྲོག་གི་ལམ་བར་ནས་རང་ཉིད་སྦར་རུང་བའི་སྒྲོན་མེ་རྐང་རེ་རུ་གྲུབ་ཅིང་། འུ་ཅག་སློབ་བུ་ཚོའི་མདུན་ལམ་མག་མོག་དེ་གསལ་བར་བྱས་ཏེ་མདུན་སྐྱོད་ཀྱི་སྤོབས་པ་འམ་སྒུལ་ཤུགས་ཤིག་དང་། གསར་གཏོད་ཀྱི་སྙིང་སྟོབས་སྦྱིན་མཁན་ཤ་སྟག་རེད། དེ་བས་གངས་རི་དཀར་པོའི་འདབས་སུ་བཞད་པའི་འདམ་སྐྱེས་པད་མ་དཀར་པོ་ལྟ་བུའི་མ་འོངས་བྱས་རྗེས་འཇོག་མཁན་གྱི་བློ་གསལ་སློབ་གྲོགས་རྣམ་པ་ལགས། འུ་ཅག་གིས་ཀྱང་སྒྲོན་མེ་དེ་དག་ལ་བསྟེན་ཏེ་རང་གིས་སྙེག་ན་འདོད་པའི་རྐང་ལམ་རེ་འཚོལ་དགོས་པ་མ་རེད་དམ། རྒན་ལགས་ནི་མ་རིག་པའི་མུན་པ་སེལ་བའི་སྒྲོན་མེ་རྐང་གཅིག་སྟེ། འུ་ཅག་གི་ཆེད་དུ་རང་སྲོག་སྦར་ཏེ་འུ་ཅག་ལ་འོད་སྣང་སྟེར། དེ་བས་ན་དགེ་རྒན་ནི་འཇིག་རྟེན་འདིའི་བླ་ན་འཕགས་པའི་སྐྱབས་མགོན་དམ་པ་དེ་ཡིན།

 དེ་ཡང་ང་རང་སློབ་ཆུང་ལ་འཚོགས་བཞིན་པའི་སྒང་གི་ཉིན་ཞིག་ལ། སྟབས་མ་ལེགས་པར་བསིལ་ཟས་ཟ་ན་དགའ་བའི་སློབ་བུ་ངས། ཞོགས་པའི་སྐྱ་རེངས་མ་ཤར་གོང་། མལ་ཁྲི་ཐོག་ཏུ་ཙོག་པུར་བསྡད་དེ། མདང་ནུབ་ལྷག་པའི་བསིལ་ཟས་དག་རྔམ་ཟ་རྔམ་འཐུང་བྱས་པ་ཡིན། ཉིན་དེར་ཏག་ཏག་བོད་ཡིག་ཞོགས་སྦྱོང་ཡིན་ལ། ང་རང་སློབ་ཁང་དུ་སླེབ་དུས། རྒན་ལགས་སྔར་ནས་སློབ་ཁང་དུ་བསླེབས་ཤིང་། སློབ་གྲོགས་ཚོས་ཀྱང་ཁ་གཡེང་མིག་གཡེང་མེད་པར་བློ་རྩེ་གཅིག་སྒྲིམ་ངང་བློ་འཛིན་བྱེད་ཀྱིན་འདུག དེ་ནས་ཁོ་མོས་ཀྱང་དཔེ་དེབ་ལག་ཏུ་བླངས་ཏེ་བློ་འཛིན་བྱེད་མགོ་བརྩམས། གྲྭ་མཚེས་ནི་ད་དུང་སླེབ་མི་འདུག་ལ། དེ་བས་རྒན་ལགས་ཁོང་ངའི་འགྲམ་དུ་བསྡད་དེ་དཔེ་ཆ་ལ་གཟིགས་སོང་། བསམ་ཡུལ་ལས་འདས་པ་ཞིག་ལ་ངའི་ལུས་ཁོག་ཡོངས་རྫོགས་ཐག་པས་བསྡམས་པ་དང་འདྲ་བར་འགུལ་སྐྱོད་བྱེད་མི་ཐུབ་ཅིང་། ཁོག་གཟེར་མེ་ལྟར་འབར་ཞིང་། ཆབས་གཅིག་ཏུ་དཔྲལ་བ་ལས་དངུལ་ཆུ་ས་རུ་ལྷུང་། དུས་དེར་རྒན་ལགས་ཀྱིས་ཡེ་ཤེས་དབང་མོ་ཁྱོད་ཅི་རེད་སོང་ཅི་རེད་སོང་ཞེས་ང་ལ་དྲིས་སོང་ལ། ཁོ་མོས་སྐྱོན་མི་འདུག་ཅེས་ལན་འདེབས་འདོད་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ང་རང་དྲན་མེད་དུ་བརྒྱལ། དུས་དེར་ང་ཚོ་ཐོག་བརྩེགས་གཉིས་པའི་ཐོག་ཏུ་བསྡད་ཡོད་པས། སློབ་གྲོགས་ཚོས་བཤད་གསལ་ལྟར་ན། རྒན་ཁོང་གིས་ང་རང་རྒྱབ་ལ་ཁུར་ཏེ་རླངས་འཁོར་གྱི་འགྲམ་བར་དུ་ཁྱེར་སོང་ཟེར། གང་ལྟར་ཀྱང་ང་རང་བརྒྱལ་བ་ལས་སངས་དུས་སྨན་ཁང་དུ་འདུག་ལ། རྒན་ལགས་ཀྱང་ངའི་མལ་ཁྲིའི་འགྲམ་ནས་ང་རང་ལ་ལྟ་སྲུང་གནང་ནས་བཞུགས་འདུག ཨ་ཙ་མ། ཞེས་ཁ་ནས་ཐོན་བཞིན་ཡར་ལངས་གྲབས་བྱས་པ་ན། རྒན་ལགས་ཀྱིས་མཐོང་བས་ཁོང་གིས་ཞལ་ནས་སྔར་ལྟར་ལྷག་བསམ་ཟོལ་མེད་ཀྱི་འཛུམ་ཞིག་སྟོན་ཏེ། ང་ལ་ཅུང་ཟད་མལ་གསོས་དང་སྐྱོན་མི་འདུག་ཟེར། ད་དུང་ཁོང་གིས་ང་ལ་གནས་ཚུལ་དག་གསལ་པོར་གསུང་ཞིང་། རྗེས་སུ་བསིལ་ཟས་ཀྱི་རིགས་ཟ་རྒྱུར་གཟབ་དགོས་པ་སོགས་ཀྱི་སློབ་གསོ་གང་མང་གནང་སོང་། དུས་དེར་ཁོ་མོའི་ལུས་ཁམས་ཡོངས་རྫོགས་འཁྱག་སིབ་སིབ་དུ་གྱུར་ཞིང་། སེམས་སུ་སྨྲ་མི་ཤེས་པའི་སྣང་བ་ཞིག་སྐྱེས་ཏེ་མིག་ཟུང་གཉིས་ལས་མུ་ཏིག་གི་ཕྲེང་ཐག་ཆད་དེ་མཁུར་སྒང་ཡོངས་རྫོགས་བརླན་སོང་། དུས་དེར་རྒན་ལགས་ཀྱིས་སྐྱོན་མེད་ཅེས་ཟེར་བཞིན་མགོ་ལ་བྱིལ་བྱིལ་བྱེད་བཞིན། ང་ནི་ནམ་ཡིན་ཡང་ཁྱོད་ཚོའི་ཕ་རྒན་དང་འདྲ་འདྲ་ཡིན་ཟེར་ལ། ང་རང་ལྷག་ཏུ་ངུས་པ་ཡིན། དངོས་གནས་ཕ་རྒན་ཞིག་གི་ཚོར་བ་ཁོ་མོ་ལ་སྦྱིན་སོང་།

 དེ་བས་ང་ཚོའི་མི་རིགས་འདི་ནི་རིག་གནས་ཀྱི་རྒྱབ་ལྗོངས་ཕུན་སུམ་ཚོགས་པའི་མི་རིགས་ཁྱད་དུ་འཕགས་པ་ཞིག་ཡིན་པའི་ཕྱིར་ན། ང་ཚོའི་མི་རིགས་འདི་ལའང་བཤེས་གཉེན་བསྟེན་ཚུལ་ཁྱད་དུ་འཕགས་པ་ཞིག་ཡོད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཏུ་གྲུབ་ནས་ཡོད་ལ། འོན་ཀྱང་ལོ་ཟླའི་འགྱུར་ལྡོག་ཆར་ཆུ་དང་ཁ་ཆར་བུ་ཡུག་གིས་བསྲེག་བཅད་རྡར་གསུམ་གྱི་རྗེས་སུ། ང་ཚོའི་བླ་ན་མེད་པའི་བཤེས་གཉེན་ལ་བསྟེན་ཚུལ་དེའང་རླུང་ནང་གི་མར་མེ་ཇི་བཞིན་གཟིམ་ལ་ཉེ་བའི་དེ་རིང་། ཁོ་མོས་བཤེས་གཉེན་གྱི་བཀའ་དྲིན་རྗེས་དྲན་དུ་གུས་བཀུར་ཀྱི་རིག་གནས་ཕུན་སུམ་ཚོགས་པ་དེ་དག་གསར་སློག་གཅིག་བྱས་ཏེ། འུ་ཅག་སློབ་གཉེར་བ་ཚོའི་བློ་ངོར་ཕུལ་དགོས་པ་ནི་དུས་ཐོག་གི་ཆར་བ་དང་ནད་ཐོག་གི་སྨན་མཆོག་ཅིག་ཏུ་ཆགས་པར་སེམས།

ཀུན་གསལ་འཆར་བའི་རྟ་བདུན་དབང་པོ་བཞིན།

བློ་གསལ་བདེ་སྐྱིད་བསྐྲུན་པའི་སློབ་དཔོན་རྣམས།

སྐུ་ཚེ་རིང་ཞིང་མཛད་འཕྲིན་རྒྱས་པར་སྨོན།

སྐུ་ཚེ་མི་འགྱུར་བསྐལ་བརྒྱར་བརྟན་པར་སྨོན།

society-news | རྩོམ་ཡོངས་ཀློག་པ།(306) | ལན་སློག(1)
གྲྭ་མཚེས་བྱམས་པ་བདེ་ལེགས།
2018-5-10 8:46:01

ཆུང་སློབ་ཆུང་གི་འཚོ་བ་དང་སློབ་འབྲིང་གི་འཚོ་བ།

ཚེ་རིང་བསྟན་འཛིན། ༢༠༡༧འཛིན་གྲྭ་བཅུ་གཅིག་པ།

ཀ་བ་གདུང་ལྕམ་མེད་པའི་ཁང་བཟང་འདིར། །

ཁ་ནས་ཅི་བཤད་མེད་པའི་བུ་ཆུང་ངས། །

ག་ལེར་བློ་འདྲིས་ངག་གི་ཐོག་ནས་ཤེས། །

ང་ལ་གྲྭ་མཚེས་བྱམས་པ་བདེ་ལེགས་ཡོད། །

 

ཅ་ཅོ་འ་འུར་གྲག་པའི་ཁང་བཟང་འདིར། །

ཆ་ལ་འདུག་པའི་སློབ་གྲོགས་བཟང་པོ་དེ། །

ཇ་ཆང་ལྟ་བུའི་ཤེས་བརྩོན་མེད་ན་ཡང་། །

ཉ་མོ་ཆུ་ནང་མཆོང་འདྲ་འབད་བརྩོན་ཡོད། །

 

ཏ་ལའི་འབུ་འདྲ་འཕུར་སྟབས་བདེ་བ་ན། །

ཐ་མ་རང་ཉིད་མཉམ་དུ་རྒུད་པ་ལྷག །

ད་དེ་རང་གིས་སྦྱང་བརྩོན་བྱས་པ་ཀུན། །

ན་ནད་མེད་པའི་ཤེས་བརྩོན་སྦྱོང་པ་བྱོས། །

 

པ་ཏྲ་ལྟ་བུ་མཛེས་རྒྱན་མེད་ན་ཡང་། །

ཕ་མར་དྲིན་ལན་འཇལ་བ་ཁོ་ཐག་ཡིན། །

བ་གླང་ལྟ་བུའི་ཀླད་ཆུང་རང་ཉིད་དེ། །

མ་གཞི་སྦྱང་བརྩོན་བྱས་ན་གྲུབ་འབྲས་ཐོབ། །

 

ཙ་རི་ལྟ་བུའི་ནུས་པ་མེད་ན་ཡང་། །

ཚ་བ་ཕོག་ཀྱང་དུག་སེལ་ནུས་པ་དོན། །

ཛ་དྲག་ཅན་གྱི་མི་ཞིག་འགྱུར་བ་ན། །

ཝ་མོ་ལྟ་བུའི་ཁྲམ་པ་བྱེད་མི་རུང་། །

 

ཞ་སྨྱུག་ལྟ་བུ་ནུས་པ་མེད་ན་ཡང་། །

ཟ་ངེ་ཟིང་ངེ་གྲགས་པ་ཁང་བཟང་འདིར། །

འ་འུར་སྐད་སྒྲ་འདྲེས་པའི་སློབ་བུའི་ཚོ། །

ཡ་མཚན་ཅན་གྱི་གྲྭ་མཚེས་ཕུ་བྱུང་ཁྱོད། །

 

ར་རི་ལྟ་བུའི་གཟི་བརྗིད་མེད་ན་ཡང་། །

ལ་ལུང་མང་པོ་བརྒལ་ནས་ཡོང་ངེས་ཡིན། །

ཤ་ཚ་སྙིང་རྗེ་ལྡན་པའི་གྲྭ་མཚེས་ཁྱོད། །

ས་བོན་བཏབ་པའི་འབྲས་བུ་ཡོང་བར་སྨོན། །

 

ཧ་ཧ་ཚིག་འདིར་ཉོན་དང་གྲྭ་མཚེས་ཁྱོད། །

ཨ་རོག་གྲྭ་མཚེས་མཉམ་དུ་འདུག་རོགས་ཞུ། །

society-news | རྩོམ་ཡོངས་ཀློག་པ།(262) | ལན་སློག(1)
སྐྱུ་རའི་བསམ་གཏན་རྣམ་རྒྱལ།
2018-4-10 17:20:47


རྒན་སྐྱུ་རའི་བསམ་གཏན་རྣམ་རྒྱལ།


རྩོམ་པ་པོ་རང་གི་བྱུང་བ་བརྗོད་པ་རྙོག་བྲལ་དྭངས་པའི་མཚེའུ།

   དེ་ཡང་གང་བརྗོད་པར་བྱ་བ། ཕྲན་སྐྱུ་རའི་བསམ་གཏན་རྣམ་རྒྱལ་ནི། རང་བྱུང་བཅུ་དྲུག་པའི་དངོས་པོ་ཞེས་པ་ཤིང་ཕོ་ཁྱིའི་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཏེ་ཉི་མ་བྱང་བགྲོད་ཀྱི་དུས་ཚེས་བཟང་པོར་འཇའ་ཐང་པད་མ་གཡས་འཁྱིལ་གྱི་གོང་བ། ཤར་ཟླ་དཀར་པོའི་ཀླུང་འགྲམ། འབྲོང་རྫོང་ཐུལ་བ་ཞེས་པའི་ས་གནས་སུ། ཕ་སྐྱུ་རའི་འཇིགས་བྱེད་སྐྱབས་དང་། མ་གེད་ཆུང་རིག་སྐྱིད་ཟེར་བ་གཉིས་ཀྱི་བུ་རུ་སྐྱེས། རང་ལོ་ལྔ་ཡི་ཐོག་ནས་ཀ་ཁ་སློབ་པའི་དབུ་བཙུགས། རང་ལོ་བརྒྱད་ཀྱི་ཐོག་ཉིན་ཐག་ཆེས་ཐུང་བ་དགུན་ལོ་སར་ཟླ་བའི་ནང་། ཉི་མ་རེ་ལ་བཀའ་འགྱུར་དུམ་པ་རེ་སྒྲ་དག་སྒྲོས་གཙང་གི་སྒོ་ནས་ཀློག་ཐུབ་པར་བྱུང་། དེ་ནས་སྒྲུབ་བརྒྱུད་དགོན་གྱི་མཁན་རིན་པོ་ཆེ་བསྟན་པ་རྣམ་རྒྱལ་དང་། ངེས་པ་དོན་གྱི་རྣམ་འབྱོར་པ་ཆེན་པོ་ལས་རབ་རིན་པོ་ཆེ་དང་། མདོའི་མཁྱེན་བརྩེའི་ཡང་སྲིད་པད་མ་འོད་གསལ་བཅས་ཀྱི་མདུན་ནས་དབང་ལུང་མན་ངག་ཟབ་མོ་ཞུས་ནས་རང་ལོ་དགུ་ནས་བཅུ་གསུམ་གྱི་བར་དུ་བཅད་རྒྱར་བསྡད་དེ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་དང་། འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་འབུམ་ལྔ་བཅས་བཞག དེ་ནས་རང་ལོ་བཅུ་གསུམ་ཐོག་སྒྲུབ་བརྒྱུད་དགོགན་དུ་ཚོགས་ཞུགས་བྱས། དེའི་དུས་ནས་འཚོ་མཛད་ཆེན་པོ་རིག་འཛིན་ཚེ་དབང་དང་། དུས་ཞབས་པ་ཡོངས་འཛིན་བཀའ་དྲིན་ཅན་དགེ་སློང་བསྟན་འཕེལ་རིན་པོ་ཆེ། ཆོས་མཛད་སྐུ་ཆེན་འཇིགས་མེད་ཆོས་དབང་བློ་གྲོས། ལྷོ་སྐྱབས་མགོན་རིན་པོ་ཆེ་མཁའ་ཁྱབ་རྡོ་རྗེ་དང་། རིག་འཛིན་འོད་གསལ་རྡོ་རྗེ། སྒྲུབ་སྤྲུལ་བརྒྱད་པ་དཀོན་མཆོག་བསྟན་འཛིན་ཐུབ་བསྟན་རྒྱལ་མཚན་རིན་པོ་ཆེ་དང་། གནས་ལྔ་རིག་པའི་པཎ་ཌི་ཏ་མཁན་ཆེན་ཐུབ་བསྟན་འོད་ཟེར། ལྕང་མ་རི་་ཁྲོད་ཀྱི་མཁན་ཆེན་རྒྱ་མཚོ་རིན་པོ་ཆེ་སོགས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་དང་། རྩིས་དཀར་ནག་གསོ་རིག་རྒྱུད་བཞི། སྒྲ་དབྱངས་ཅན་མ། སྙན་ངག་དན་ཊིའི་དགོངས་རྒྱན་སོགས་ཐུན་མོང་རིག་པའི་གནས་རྣམས་སྦྱངས་པ་མཐིལ་རྟོགས་པར་བྱས། ཁྱད་པར་དུ་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་གཙོས་དབུ་མ་རྩ་འཇུག་བཞི་གསུམ་དང་། མངོན་པ་གོང་འོག བྱམས་ཆོས་སྡེ་ལྔ་སོགས་མདོ་ཕྱོགས་ཀྱི་གཞུང་ཆེན་མོ་རྣམས་དང་། ཁྱད་པར་དུའང་རིགས་་ཀྱི་བདག་པོ་རྩ་བའི་བླ་མ་རྫ་དཔལ་སྤྲུལ་རིན་པོ་ཆེ། ༧རིག་འཛིན་ནམ་མཁའ་འཇིགས་མེད་ཀྱིས་ཐུགས་རྗེས་རྗེས་སུ་བཟུང་སྟེ། རིམ་དགུའི་ཐེག་པའི་ཡང་རྩེ་མན་ངག་རྫོགས་པ་ཆེན་པོའི་ལམ་ཁྲིད། ཁྲེག་ཆོད་ཀ་དག་གི་དགོངས་པ་དང་། ལྷུན་གྲུབ་ཐོད་རྒལ་གྱི་མན་ངག་མུན་ཁྲིད་དང་བཅས་པ་ཡོངས་སུ་རྫོགས་པའི་བཀའ་དྲིན་བསམ་ལས་འདས་པ་བསྩལ། དེ་ནས་རང་ལོ་ཉེར་ལྔ་པ་རྣམ་འཕྱང་ཞེས་པ་ས་ཕོ་ཁྱི། སྤྱི་ལོ༡༩༥༨ལོར། དུས་ཟིང་གི་དབང་གིས་དགོན་པ་དང་བྲལ་ཏེ་ངལ་རྩོལ་ལ་ཞུགས། ལྷག་པར་དུ་དཀར་ནག་དང་བདེན་རྫུན་གོ་ལྡོག་པའི་རིག་གསར་གྱི་རླུང་དམར་ཁྲོད། བར་དོར་འཁྱམས་པའི་རྣམ་ཤེས་བཞིན་དུ་སྒོ་གསུམ་རང་དབང་དང་བྲལ། གར་འགྲོ་དང་འདིར་སྡོད་ཀྱི་གཏད་སོ་མེད་པ། ས་རྐོ་རྡོ་སློག ཕྱུགས་རྫི་འོ་གཡུག་སོགས། ཞིང་ལས་དང་འབྲོག་ལས། ཕོ་ལས་དང་མོ་ལས་སྣ་ཚོགས་ལ་འབད་པས་ལོ་མང་པོ་འཕྲོ་བརླག་ཆུད་ཟོས་སུ་ཤོར། དེའི་དུས་སུའང་བོད་ཀྱི་རིག་གནས་ལ་མོས་པ་བརྟན་པོ་ཅན་འགའ་ལ་ལྐོག་ནས་ཟུར་ཁྲིད་ཅུང་ཟད་རེ་བྱས། སླར་ཡང་། དྲག་པོ་ལྕགས་སྤྲེལ་ལོ་སྟེ། སྤྱི་ལོ༡༩༨༠ལོར། ཡུལ་ཤུལ་ཁུལ་མི་རིགས་དགེ་འོས་སློབ་གྲྭས་ཆེད་མངགས་གདན་འདྲེན་བྱས། དེའི་སྐབས་རང་ལ་སྙིང་བརྩེ་བའི་མཛའ་བཤེས་རྣམས་ཀྱིས། ཁྱོད་ན་ཚོད་གཞོན་པའི་དུས་སུ་དོན་ཅི་ཡང་མ་འགྲུབ་ན། ད་རྒས་པའི་གྲོང་སྒོར་སླེབས་པའི་དུས། རྒྱལ་ཁབ་ཀྱི་བྱ་བ་འགྲུབ་ཀྱི་མ་རེད། དེ་བས་རང་ཁྱིམ་དུ་སྡོད་ལ་ཁ་ཏོན་དགེ་སྦྱོར་རེ་ཨེ་འགྲུབ་བལྟས་ན་དགའ་ངེས་རེད། ཅེས་པའི་བསླབ་བྱ་ཡང་ཡང་བྱས། ཡིན་ནའང་ངས་ང་རང་རྒྱལ་ཁབ་གྱི་ལས་བྱེད་པ་བྱས་ཏེ་རྒྱུ་ནོར་མང་ཙམ་གསོག་པའམ་ཡང་ན་གོ་གནས་ངེས་ཅན་ཞིག་ཐོབ་ཐུབ་པའི་རེ་བ་གཏན་ནས་ཡིད་ལ་ཤར་མ་མྱོང་། དེ་བས་ངའི་བསམ་ཚུལ་ནི་རང་གིས་ཤེས་ཡོན་ཅུང་ཟད་བསླབས་ཡོད་པ་འདི་མི་རིགས་རང་ཉིད་ཀྱི་རིག་གནས་ཉམས་གསོ་བྱ་བའི་ཆེད་དུ་ཕུལ་ཏེ། རང་ཉིད་ལ་ཐུགས་བརྩེ་བ་ཕ་མས་བུ་བརྒྱུད་བཞིན་དུ་བསྐྱངས་པའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཀྱི་དགོངས་པ་རྫོགས་པ་ཞིག་ཨེ་ཡོང་སྙམ་པའི་རེ་འདུན་ལྡོག་ཏུ་མེད་པ་དམ་པོར་བཅངས་ཏེ་དང་དུ་བླངས་ནས་ཕྱིན། དེ་ནས་བཟུང་འབྲིང་རིམ་ཆེད་ལས་སློབ་འབྲིང་གི་སློབ་མ་དང་། ཡུལ་ཤུལ་ཁུལ་རྫོང་ཁག་སོ་སོའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཟབ་སྦྱོང་འཛིན་གྲྭ་ཐེངས་དུ་མར་སློབ་ཁྲིད་བྱས་པ་མ་ཟད། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ཡུལ་ཤུལ་བོད་ཡིག་འཛིན་གྲྭ་དང་། ཡུལ་ཤུལ་དྭ་ཕྲུག་བོད་སྨན་སློབ་གྲྭ་བཅས་ལ། སུམ་རྟགས་དག་གསུམ་དང་། སྙན་ངག གནའ་རྩོམ་གཅེས་བཏུས། སྔགས་ཀྱི་ཀློག་ཐབས་དང་། སྒྲ་དང་ཚད་མ་སོགས་སློབ་ཁྲིད་བྱས་ཤིང་། དུས་མཚུངས་སུ་རང་སྐྱོང་ཁུལ་གྱིས་བསྡུས་པའི་དགོན་སྡེ་སོ་སོའི་བླ་སྤྲུལ་དང་གྲྭ་ཚང་མང་པོ་ལ་སློབ་ཁྲིད་བྱས་པ་དང་། དགོན་པ་ཁག་གི་བཤད་གྲྭས་གདན་འདྲེན་བྱས་པ་བཞིན་ཕྱིན་ཏེ་སློབ་ཁྲིད་ཐེངས་མང་པོ་བྱས། ད་ལྟ་ཡུལ་ཤུལ་ས་ཁུལ་གྱི་བླ་སྤྲུལ་གསར་གྲས་རྣམས་བདག་གི་སློབ་ཁྲིད་ལ་གསན་མ་མྱོང་པ་ཕལ་ཆེར་མེད། དེ་ནས་སྤྱི་ལོ༡༩༨༣ལོར་འཆད་ཁྲིད་དགེ་རྒན་གྱི་གོ་མིང་ཐོབ་པ་མ་ཟད། སྤྱི་ལོ༡༩༨༦ལོར་མཐོ་རིམ་འཆད་ཁྲིད་དགེ་རྒན་གྱི་གོ་མིང་ཐོབ་པ་དང་། རྒྱལ་ཡོངས་སློབ་གསོའི་འཐབ་ཕྱོགས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་། མི་དམངས་ཀྱི་དགེ་རྒན་དགེ་རྒན་ཞེས་པའི་གཟིག་ལྡན་དཔང་རྟགས་ཐོབ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་ཁང་སྐབས་བདུན་པ་བརྒྱད་པ་དགུ་པ་བཅས་ཀྱི་ཨུ་ཡོན་བདམས་ཐོན་བྱུང་། ཉེ་ལམ་རང་གི་ཤེས་ཡོན་མཐོར་འདེགས་ཆེད་དུ་དམིགས་ཏེ། རྒྱལ་སྲས་ཕྲིན་ལས་ཀུན་ཁྱབ་དང་། ངག་དབང་མཐུ་སྟོབས། ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་དང་། ཨ་རིག་མཁན་ཆེན་པད་མ་ཚེ་དབང་ལྷུན་འགྲུབ་དང་། ཁང་སར་བསྟན་པའི་དབང་ཕྱུག་རིན་པོ་ཆེ་སོགས་མཁས་གྲུབ་གཉིས་ལྡན་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་གསུང་གི་བདུད་རྩི་མནོས།  སྔ་རྗེས་སུ་མཚོ་སྔོན་དུས་དེབ་སྦྲང་ཆར་དང་ཡུལ་ཤུལ་གྱི་གཙང་གསུམ་དང་། སྐྱ་རེངས་དང་། གངས་རིའི་རང་མདངས་དང་། སྒྲུབ་བརྒྱུད་དང་། འཇའ་ཐང་སོགས་དུས་དེབ་དང་རྩོམ་དེབ་སྣ་ཚོགས་ཀྱི་ནང་དུ། རྫོགས་ལྡན་གསར་པ་མགྲོན་དུ་བསུ་ཞེས་པ་དང་། རང་ལ་དྲན་སྐུལ་གྱི་གསལ་འདེབས་དང་། སྙིང་རྩ་ལས་བྱུང་བའི་ཟུངས་ཁྲག་ཅེས་དང་། ཁོར་ཡུག་སློབ་གསོ་ཞེས་པ་དང་། ངུ་མ་དགོད་ཀྱི་གླུ་སྒྲ་ཞེས་པ་སོགས་བཀོད་ཡོད་ལ། གཞན་ཡང་རང་མཉམ་རྣམས་ལ་ཕན་པའི་ངག་དང་། མཇལ་བ་པོ་རྣམས་ལ་ཕན་པའི་ངག་དང་། སྙིང་གཏམ་ཉི་ཤུ་པ་དང་། སྒྲུབ་བརྒྱུད་ཆོས་ཀྱི་ཉི་མ་གསེར་ཁྲིར་མངའ་གསོལ་སྐབས་ཀྱི་གཏམ་བཤད་དང་། བླ་མ་མཆོད་པའི་ལས་ཚོགས་མཆོག་སྤྲུལ་མངའ་གསོལ་གྱི་ཆོ་ག་དང་། མངའ་གསོལ་སྐབས་ཀྱི་འབུལ་བཤད་དང་། རྒྱ་ནག་མ་ཎི་ཉམས་གསོ་གསར་བཞེངས་ཀྱི་མཚམས་སྦྱོར་དང་། གྲུབ་དབང་སྒྲུབ་བརྒྱུད་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་རྫོགས་ལྡན་གསར་པའི་དགའ་སྟོན་ཞེས་པ་དང་། བླ་མའི་སྒྲུབ་ཐབས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་དང་། བརྡ་སྤྲོད་སྐོར་གྱི་དཀའ་གནད་རང་ལྟོས་སླབ་བུ་རྣམས་ལ་ཕན་པའི་ངག་ཅེས་པ་དང་། སྙན་ངག་གི་རྣམ་བཤད་བློ་གསལ་མགུལ་རྒྱན་ཞེས་པ་སོགས་དང་། ད་ལྟ་ལོ་རུ་སྒར་པ་དགོན་འབྲུག་རྒྱས་ཆོས་འཁོར་གླིང་གི་བྱུང་བ་བརྗོད་པ་གཡའ་བྲལ་དངུལ་དཀར་མེ་ལོང་ཞེས་པ་དང་། རྒྱལ་སྲས་ལག་ལེན་གྱི་འགྲེལ་པ་ལམ་སྟོན་སྒྲོན་མེ་སོགས་རྩོམ་ཡིག་རིང་ཐུང་མང་པོ་ཞིག་འབྲི་ཁུལ་བྱས་ཡོད། ལས་འཁྱུར་ངལ་གསོ་བྱས་པའི་རྗེས་སུའང་། རིན་མེད་ཀྱི་བླ་སྤྲུལ་དང་གྲྭ་བཙུན། ལས་བྱེད་པ་དང་སློབ་མ། སྤྱི་ཚོགས་སྟེང་གི་མི་སྣ་སོགས་མོས་པ་ཡོད་པ་སུ་དང་སུ་ཡིན་ཡང་རང་གི་ཤེས་ཚོད་དང་འཇོན་ཚོད་ཀྱིས་སློབ་ཁྲིད་བྱེད་བཞིན་པ་ཡིན་པས། ངའི་ཁྱིམ་ནི་སློབ་ཁང་ཡིན་པ་མ་ཟད། གཞུང་ལས་ཁང་ཡང་ཡིན་ལ། ངའི་ལས་ཀ་ལ་དུས་ཚོད་མེད་པ་མ་ཟད། ཚར་རྒྱུ་མེད་པ་ཞིག་ཀྱང་ཡིན། ཡིན་ནའང་རང་ཉིད་ལ་དཀའ་སྣང་དང་འཚེར་སྣང་སྤུ་ཙམ་མེད་པར་དགའ་བའི་ཉམས་དང་དགོད་པའི་འཛུམ་དང་ལྡན་པས་དུས་འདའ་བ་ཡིན་ནོ།

རང་བློ་རང་ལ་ལྐོག་ཏུ་མ་གྱུར་ཅིང་།

རང་ཉིད་རང་ལ་ཆ་རྒྱུས་ཞིབ་པའི་ཕྱིར།

རང་གི་ཚུལ་ལུགས་སྒྲོ་སྐུར་མེད་པ་འདི།

རང་བཞིན་བརྗོད་པའི་ལུགས་སུ་བྲིས་པ་ལགས།

ཞེས་པ་འདི་ནི་འབོད་བྱ་སྐྱུ་རའི་བསམ་གཏན་རྣམ་རྒྱལ་ལམ། ཀུན་བཤད་ཀྱི་མིང་མཚོ་བྱུང་བཞད་པའི་གེ་སར་གྱི་ཕུལ་བ་ལགས་སོ།

society-news | རྩོམ་ཡོངས་ཀློག་པ།(302) | ལན་སློག(0)
འཆད་ཁྲིད་ཟིན་བྲིས།
2018-4-5 16:25:03

 སློབ་གསོ་བ་གཅན་རོང་བསྟན་འཛིན་གྱིས་ཟླ་རྒྱུད་དཔོན་རུ་དགོན་དུ་གནང་བའི་འཆད་ཁྲིད་ཟིན་བྲིས།

 

སློབ་གསོའི་གཙོ་ཕལ་རྣམ་གཞག་དབྱེ་ཚུལ་ནི། །

གང་ལས་ཀྱང་ནི་སློབ་མ་གཙོ་བོར་བཟུང་། །

སློབ་དང་གསོ་ལས་གསོ་བ་གཙོ་བཟུང་བའི། །

གཙོ་ཕལ་རྣམ་གཞག་འབྱེད་ཚུལ་ཡང་དག་ཡིན། །

 

སློབ་ཁྲིད་བཟང་ངན་ཁྱད་པར་འབྱེད་བྱེད་ནི། །

ཆེད་དུ་བྱ་བ་སློབ་མ་ཡིན་མིན་དང་། །

སློབ་མའི་འཕེལ་རྒྱས་དམིགས་འབེན་འཛིན་མིན་དང་། །

སློབ་མ་ཀུན་ལ་ཁྱབ་མིན་བཅས་ཀྱིས་འབྱེད། །

 

དགེ་རྒན་ཞིག་གིས་ངེས་པར་ཤེས་དགོས་པ། །

སློབ་དེབ་དང་ནི་སློབ་མ་ཤེས་པ་ཡིན། །

སློབ་ཁྲིད་གང་ཞིག་དགེ་སློབ་ཕན་ཚུན་དུ། །

དྲི་ལན་གོ་བསྡུར་དགེ་སློབ་ཟུང་འབྲེལ་གཅེས། །

 

དེ་ཉིད་ཐོས་བསམ་སྒོམ་གསུམ་ཟུང་འབྲེལ་བའི། །

ཤེས་ནུས་རྩལ་གསུམ་དམིགས་པའི་སློབ་ཁྲིད་གལ། །

སློབ་མར་ནམ་ཡང་ཚོགས་དབུས་མི་སྨད་ཅིང་། །

སློབ་མའི་ཐུན་མིན་རྩལ་ནུས་སྔོག་འདོན་བྱ། །

 

སློབ་མར་འཚམས་པའི་དགེ་རྒན་ཡིན་མིན་དེ། །

སློབ་མ་མཐོང་བ་ཙམ་གྱིས་ཤེས་པར་ནུས། །

རྣམ་རིག་གསལ་ཞིང་སློབ་ལ་མོས་སྤྲོ་ལྡན། །

རྒན་ལ་གུས་བཀུར་དགའ་ཞེན་ཡོད་པས་མཚོན། །

society-news | རྩོམ་ཡོངས་ཀློག་པ།(255) | ལན་སློག(0)
རྩྭ་ཐང་བུ་མོ།
2018-3-19 16:50:43

རྩྭ་ཐང་བུ་མོ།

 

དབྱར་ཟླ་མགོ་མའི་འབྲོག་ཐང་ཧ་ཅང་སྐྱིད།

ས་འཛིན་ཁ་མདོག་མིག་ལམ་སྔོ་ལེམ་ལེམ།

ལྗོན་ཤིང་སྟུག་པོའི་ཁྲོད་ཀྱི་བྱ་རིགས་ཚོགས།

བག་ཡངས་རྒྱུ་ཞིག་སྐད་སྙན་བར་མེད་སྒྲོག

 

གསེར་མདོག་ཉི་མ་སེར་པོའི་བཞིན་མདངས་རྒྱས།

མཁའ་དབྱིངས་སྔོན་མོ་དྭངས་ཤིང་རབ་ཏུ་གཙང་།

ཆུ་ཁུར་འདབ་མ་དཀར་པོས་དགུང་སྔོན་རྒྱན།

འདབ་ཆགས་ཚོགས་ཀྱིས་སྤྲོ་དགའི་རྩེད་འཇོར་རོལ།

 

གྱེན་དུ་འགྲེང་བའི་རི་བོའི་རྩེ་མོ་རྣམས།

ཁ་བཏགས་དཀར་པོ་ལྟ་བུའི་སྨུག་པས་རྒྱན།

རི་འདབ་སྤང་ལྗོངས་ཡངས་མོའི་ཁྱོན་ཡོངས་སུ། 

ཡིད་འོང་སྣ་འཛོམས་མེ་ཏོག་རྣམ་པར་བཀྲ།

 

རྐང་དྲུག་བུང་བའི་ཚོགས་རྣམས་བག་ཡངས་སུ།

དྲུག་འགྱུར་སྙན་དབྱངས་ལེན་བཞིན་ཅི་འདོད་དུ།

མཛེས་སྡུག་པད་མའི་སྦྲང་རྩི་ངོམས་མེད་དུ།

ལོངས་སུ་སྤྱོད་པའི་གནས་འདི་མཛེས་ཤིང་སྡུག

 

ལྷུང་ལྷུང་དལ་འབབ་ཆུ་བོ་ཐང་དཀྱིལ་ནས།

འཇམ་སྙན་རོལ་དབྱངས་འཁྲོལ་བཞིན་མཐའ་ངོགས་སུ།

བཞུར་བའི་ཚུལ་འདིས་ལྷག་ཏུ་ལྗོངས་འདི་རུ།

ཡིད་འགུགས་གསོན་ཤུགས་ནུས་པ་ཆེ་ཆེར་མངོན།

 

ནམ་མཁའི་སྤྲིན་དཀར་ས་རུ་ལྷུང་འདྲ་བའི།

གཡང་དཀར་ལུག་གིས་སྤང་ལྗོངས་སྔོན་མོ་ཡི།

ལྷད་བྲལ་རྩྭ་ཆུ་རོ་བཅུད་མཆོག་མངའ་བའི།

ཁ་ཟས་བཟའ་བཞིན་འབའ་སྒྲ་གང་སར་མངའ

 

མཐོ་སྒང་ནོར་ནག་ཚོགས་ཀྱིས་སྤང་ལྗོངས་རྒྱན།

རྐྱང་ཤེས་རྟ་ཕོའི་ཚེར་སྐད་ལྷང་སེ་ལྷང་།

མཛེས་པའི་སྤང་ལྗོངས་དབུས་སུ་ཐང་སྨུག་སྦྲ།

བརྗིད་ཆགས་ཉམས་དང་ལྡན་པར་ལྷིང་ངེར་འགྱིང་།

 

སྦྲ་སྒོའི་ལུས་སྟོབས་རྒྱས་པའི་སྒོ་ཁྱི་དེས།

མགྲོན་པོར་ངར་སྒྲ་མཚམས་དང་མཚམས་སུ་སྒྲོག

ཁྱིམ་འཛིན་ཨ་མ་རྒན་མོའི་མ་ཎིའི་དབྱངས།

ལམ་ཁའི་མགྲོན་པོ་དག་གིས་རྒྱང་ནས་ཐོས།

 

ཧ་ཅང་ཡིད་དབང་འགུགས་པའི་གླུ་དབྱངས་ཤི

ཐག་རིང་ཆུ་ཕྲན་སྔོན་མའི་འགྲམ་ངོས་ཀྱི།

མཛེས་པའི་སྤང་ལྗོངས་སྔོན་མོའི་ཐང་དཀྱིལ་ནས།

ནོར་རྫི་བུ་མོས་གླུ་དབྱངས་ལེན་བཞིན་སྐྱོད།

 

སྙན་པའི་དབྱངས་ལ་ཆགས་བཞིན་སྡད་པ་ན།

ནོར་རྗེས་འབྲང་བའི་བུ་མོ་རང་ཕྱོགས་དང་།

རིམ་བཞིན་བར་ཐག་ཉེ་ནས་ཉེ་རུ་སོང་།

ཁྲ་ཆུང་མིག་ཟུང་གཉིས་པོ་རྫི་མོར་གཏད།

 

རིང་ཡང་མི་རིང་ཐུང་ཡང་མི་ཐུང་ཞིང་།

ཕྲ་ཡང་མི་ཕྲ་སྦོམ་ཡང་མི་སྦོམ་བའི།

ནོར་རྫི་བུ་མོའི་གཟུགས་དབྱིབས་རིམ་པ་བཞིན།

ཁྲ་ཆུང་མིག་གི་སྤྱོད་ཡུལ་དུ་གྱུར་ཅིང་

 

ལུས་སུ་རན་པའི་བོད་གོས་སྨུག་པོ་གྱོན། །

ཕྲག་ཏུ་བལ་གྱིས་འཐག་པའི་སྐེ་དཀྲིས་དཀྲིས། །

ལག་ཏུ་དགུ་བསྒྲིལ་འུར་ཆ་ཁྲ་བོ་བཟུང་། །

སྐྲ་ལོ་སྨུག་པོ་རྒྱབ་ཏུ་ཆིག་སླས་བྱས། །

 

རེ་ཞིག་ངང་སྒུག་བྱས་པས་ཉེ་འགྲམ་དུ། །

ཉེ་ནས་ཉེ་རུ་སོང་བས་རང་སེམས་སུ། །

ཚུབ་ཆ་ལངས་ཤིང་དམར་ཆུང་འཕར་ལྡིང་བྱེད། །

དབུགས་ཀྱི་རྒྱུ་བ་སྔར་བས་མགྱོགས་སུ་ཕྱིན། །

 

ནོར་རྗེས་འབྲང་སྟེ་ཉེ་བར་འབྱོར་པ་ན། །

ཁ་བརྡ་བྱ་ཆེད་མགྲོན་པོའི་ལམ་ཁ་དྲིས། །

འཛུམ་པའི་ཚུལ་གྱིས་སྐད་གསང་རན་ཙམ་གྱིས། །

ཡ་རབས་ཚུལ་གྱིས་འགྲོ་ལམ་གསལ་བོར་བཤད། །

 

འགྲོ་ལམ་དང་སྦྲེལ་ཁ་བརྡ་ཡོང་ཐབས་བྱས། །

ཡུལ་གྱི་གནས་ཚུལ་དྲིས་ཤིང་རང་ཉིད་སྐོར། །

ངོ་སྤྲོད་བྱས་ཏེ་ལྷན་དུ་ངལ་གསོས་རྗེས། །

ཁྱོད་ནི་འབྲོག་མོ་བཟང་པོ་རེད་ཅེས་བཤད། །

 

པད་དཀར་ལྟར་དུ་མཛེས་པའི་སོ་ཡི་ཕྲེང་། །

འཛུམ་པས་ངོམ་བཞིན་ཁྲ་ཆུང་མིག་ཟུང་གཡོ། །

དཀར་ལ་དམར་མདངས་ཆགས་པའི་ངོ་གདོང་གི། །

བཞིན་མདངས་རྒྱས་པས་འོད་མདངས་གསལ་ལེ་མངོན། །

 

བདེན་པའི་གཏམ་ལས་རྫུན་ཚིག་བཤད་མི་ཤེས། །

གཤིས་རྒྱུད་བཟང་ཞིག་གཡོ་དང་སྒྱུ་མི་ཤེས། །

ངོ་བསྟོད་ཟོལ་ཚིག་མི་ཤེས་ཐད་ཀར་བཤད། །

བརྩེ་སེམས་གཏད་ཡུལ་གཅིག་ལས་གཞན་མི་ཤེས། །

 

འཛུམ་དགོད་དང་བཅས་ཕེབས་ལམ་བདེ་ཞེས་ཟེར། །

ངས་ཀྱང་ཁྱེད་ཉིད་གནས་སྐབས་བདེ་མོར་བཞུགས། །

རྗེས་སུ་གནས་འདིར་ཁྱེད་དང་འཕྲད་པར་ཡོང་། །

དེ་དུས་མཐོང་མྱོང་མེད་ཅེས་མ་ལབ་རོགས། །

ཁྱེད་བཞིན་ཡིད་ངོས་གསལ་བས་བརྗེད་པ་མེད། །

 

ད་ནི་ནོར་རྣམས་མིག་རྒྱང་རིང་བོར་འདུག །

ཁྱེད་ཉིད་མ་འདུག་ནོར་གྱི་རྗེས་སུ་སོང་། །

ང་ཡང་མི་འདུག་མགྲོན་པོ་ལམ་དུ་འགྲོ། །

ཁྱེད་ངོ་ཤེས་པས་ཡིད་སེམས་རབ་ཏུ་སྤྲོ། །

 

དེ་ལྟར་བཤད་རྗེས་སོ་སོའི་ལམ་དུ་སོང་། །

ནོར་རྫི་བུ་མོས་སྔར་བཞིན་སྙན་པའི་གླུ། །

ལེན་བཞིན་རྒྱང་རིང་ནོར་གྱི་རྗེས་སུ་སོང་། །

ང་ཡང་འབྲོག་མོར་འཁྲེན་བཞིན་ལམ་དུ་ཕྱིན། །

society-news | རྩོམ་ཡོངས་ཀློག་པ།(186) | ལན་སློག(0)
འབྲེལ་ཡོད་ནང་དོན་ 157 ཡོད།<<<12345678910>>>
ཟིན་བྲིས་བརྡ་ཁྱབ།

སྤྱི་ཚོགས་དུས་བབ་གསར་འགྱུར་གྱིས་

ཁྱེད་ལ་སྤྱི་ཚོགས་ཀྱི་གནས་ཚུལ་དང་ཤེས་བྱ་དུ་

མ་ཞིག་མཁོ་སྤྲོད་ཀྱི་ཞབས་ཞུ་འགྲུབ་པར་བརྩོན་གྱིན་ཡོད།

ཟིན་བདག་བོད་ཁམས་སྟོད་ཡུལ་ཤུལ་བ།

སྦྱིན་པ།

ངའི་ཡིད་འཇོག་བྱ་ཡུལ་གསུམ་ནི།

རང་ཉིད་ཚད་ལྡན། སློབ་མ་སྐྱེད་སྲིང་། དོན་སྨིན་བརྩམས་ཆོས།

ངའི་འདོར་མི་རུང་བ་གསུམ་ནི།

སེམས་ཀྱི་བསམ་གཞིག ངག་གི་སྨྲ་བརྗོད། ལག་གི་རྩོམ་འབྲི།

ང་ལ་ལྡན་ན་འདོད་པ་གསུམ་ནི།

སེམས་སུ་འགན་ཁུར། ངག་ལ་བདེན་དོན། ལག་ཏུ་སྨྱུག་གུ།

སེམས་ཁམས་ལོ་ཐོ།
པར་དེབ།
ཟིན་ཐོ་གསར་བ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.