མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
ངས་བཟོས་པའི་པར་དེབ་དང་པོ། 分享按钮
རྡོ་རང་སྐྱེད།
སྙན་ངག་གི་ས་བོན།
[ 2017-11-25 11:07:47 | By: smdj ]
 

  སྙན་ངག་གི་ས་བོན།

 

བདག་ཡིད་མངོན་རྟོགས་ཡོལ་བ་རུ།།

སྲིད་པའི་ཐང་ཆེན་ལྟེབས་གཉེར་བྱེད།།

དེ་ཡི་པང་ན་གྲོང་ཚོ་རེ།།

ཚོམ་བུར་ཟེགས་པའི་འཚུབ་མ་དེས།།

བདག་གཞན་ཕྱི་ནང་སློག་པ་རྨིས།།

ས་གཞི་འགུལ་བ་གླང་ཆེན་གོམ།།

ལྡིར་ཆོམ་ཁང་བའི་སྒལ་ལྕམ་ཡང་།།

ལྷུ་ལག་འཐོར་བའི་རུས་མཁར་བཞིན།།

རྡུལ་ལ་བཏུམས་ནས་འགྱེལ་བ་རྨིས།།

ད་ལྟ་སྙན་ངག་ས་བོན་ཞིག།

སྤར་སྙོབ་བྱས་ན་རྙེད་དམ་ཅི།།

སྔར་སོང་ཆུ་ནང་རི་མོ་དེ།།

མི་ཚེ་བཞུར་བའི་ཤག་སྒྲ་ཙམ།།

རྣ་ཡི་པད་མ་རྙིད་པ་ལས།།

གཉེར་མའི་ལོ་རྒྱུས་ནར་ནར་དུ།།

ཁྱི་རོ་འདྲུད་པའི་ཤན་པ་རྣམས།།

སྙན་ངག་མཁན་གྱི་བརླ་བར་ན།།

ཤིག་བཞིན་འཚང་བའི་ཉེ་དུ་བཞིན།།

རུས་སྦལ་སྐོགས་ལ་བྲིས་པ་ཡི།།

ལྷ་ཡི་བརྡ་རིས་མ་བསྟན་ཡང་།།

ལས་ངན་མིན་པའི་མི་ཡུལ་ན།།

ཀླད་པ་བཀླུབས་པའི་ཁུང་བུ་ཞིག།

སྦྲུལ་ནག་འཛུལ་སའི་ཁྲབ་མཁར་འདྲ།།

ད་ལྟ་སྙན་ངག་ས་བོན་ཞིག།

གཙུག་གི་ནོར་བུ་སྟེར་བ་བཞིན།།

སུ་ཡི་ཁྲག་ཏུ་མ་སྦགས་པའི།།

གཙང་མའི་ཕྱག་ཏུ་འཇོག་པ་ཡི།།

རེ་བའི་ཡིད་ཀྱང་འཇའ་ཤིང་བཞིན།།

ཐར་གྱིས་ཟེགས་ཤིང་འཐོར་བའོ།།

 
 
༼འབར་ཞུན༽ཚགས་པར།
[ 2014-3-1 0:54:32 | By: smdj ]
 

                          རྔ་བའི་༼འབར་ཞུན༽ཚགས་པར་གྱི་ཐད་ནས་བཤད་ན།

སྲིད་པའི་གཏམ་ཆེན་གནས་ལུགས་དཔེ་འཇོག་གི་རྡོ་ཁ་བཙན་གྱིས་མ་བསྒྲིག་པར་བཤད་ན།མྱི་ཐོག་གསར་བའི་དཔེ་མཚོན་ལས་རིགས་ཤིག་སད་རན་པའི་དུང་བརྡ་བར་མེད་དུ་སྤུར་ན་འང་༼འབར་ཞུན༽ཚགས་པར་རྩོམ་སྒྲིག་པའི་ན་གཞོན་ཡི་གེ་བ་དེ་དག་ལས་མཚོན་པའི་བསམ་བློ་སྒ་འབུར་རྒྱག་མཁན་གྱི་གཅེས་ཕྲུག་གང་མང་གི་མགོ་ཐོག་ལ་གནའ་ནས་གནམ་ངོ་མི་རིག་པའི་ཕྱར་ནག་གོང་ཆེན་དེ་འགེབས་ཀྱིན་པ་ཅི་ལ་མི་ཤེས།ངོ་མ་སྡུག་ཐུག་གི་གནས་ཚུལ་ཞིག་ལས་ཅི་ཡང་མ་རེད་དེ།ཡི་གེ་བའི་སྟེང་ལ་དགྲ་སྟ་ཐོགས་པའི་སྐོར་དེས་རང་མཚང་འགེབས་པའི་སྡུག་ཐུག་གི་ངོ་ལན་དེ་འགྲུབ་རྗེས།རང་གི་ངོ་ཚ་སྦད་དེ་བོར་ཚར་བའི་རྟགས་སུ་མི་འགྲོ་བའི་ངེས་པའང་མེད་པ་ཡུན་གྱིས་ཤེས་འགྲོ།ནད་པའི་ནད་དེ་གང་དུ་ཡོད་པ་རེད།སྨན་པའི་སྨན་དེ་གང་ནས་སྦྱར་བ་རེད།ན་གཞོན་ཚོས་ནང་གི་ནད་བསྟར་བ་བཞིན་དྲང་བཞག་གི་ལྷག་བསམ་ཁོ་ན་ཤུལ་དུ་ལུས་དུས།རང་གི་ཐོད་པའི་བསྟར་ཁ་དེ་ཡང་ཡང་རིགས་འདི་ལ་བྱིན་པའི་རྩོམ་ཡིག་ཆེས་ཡག་ཤོས་དེ་ཡིན་ནོ།།

 
 
རྗེས་དྲན་གྱི་སྣང་བ།
[ 2013-12-6 11:38:32 | By: smdj ]
 
 

རྗེས་དྲན་གྱི་སྣང་བ།

མི་གཅིག་འདས་པ་ནི་སླར་ཡང་འགོ་ཚུགས་པ་དེ་ཡིན་ཞིང་། དེ་ལྟར་རྗེས་དྲན་གྱི་སྣང་བ་གང་མང་ཞིག་ཀླད་པར་འཆར་གྱིན་པའི་དུས་སུ་རང་ཉིད་ཀྱང་འཇིག་རྟེན་གྱི་ལམ་འགྲོ་བ་ཞིག་ཡིན་པ་ཤེས་དཀའ་ནའང་།  གང་ལྟར་ང་ཚོ་རེ་རེ་བཞིན་འཇིག་རྟེན་གྱི་རྩེད་མོའི་ཀློང་དུ་ལག་ཆགས་བཞིན་ཡོད་ལ།  དུས་བཞི་ཁོར་མོ་ཡུག་ཏུ་འབབ་ཀྱིན་པའི་ཁ་བ་དང་ཆར་བ་མཉམ་དུ་གདོང་གིས་བསུ་དགོས་པ་རེད།   ཐེངས་ཤིག་ལ་ཕ་ལགས་ཀྱིས་ང་ལ་མི་འཆི་བའི་དུས་སུ་གློ་བུར་དུ་འཇིག་རྟེན་མི་ཡུལ་གྱི་གཞན་དག་ཤེས་འོང་བ་ནི་ཤུལ་དུ་ལུས་པ་ཚོས་གནས་ལུགས་ཀྱི་ལམ་ནས་སེམས་རེ་ཤེས་ཡོང་བ་ནི་མིན་ཡང་།  དེ་འདྲ་ཞིག་མིན་པའི་ངེས་པའང་མེད་དེ།   གང་ལྟར་ན་ཚོད་ཀྱིས་དེད་དེ་གསལ་ཁ་འཕྲོད་འོང་བ་ནི་འཇིག་རྟེན་པ་སོ་སོའི་རང་གི་མདུན་དུ་ནར་བའི་འཚོ་བ་དེའི་དཀར་ནག་ཁྲ་གསུམ་གྱི་ཁུགས་སོ་མང་བོ་རེད།   ཕ་ལགས་འདས་ནས་མི་ལོ་བཅུ་གཅིག་འགོར་སོང་ནའང་།   ཡིད་ལ་ཝ་ལེར་དྲན་འོང་བ་ནི་ཁོང་གིས་རྒྱུན་པར་བཤད་ཀྱིན་པའི་གནས་ལུགས་དང་རྒྱུ་འབྲས་ཀྱི་སྐོར་དེ་དག་རེད།   ངས་རང་གི་ཕྱོགས་ཀྱི་མི་སྣ་གང་ཞིག་སྐྱོན་མེད་དྲི་མས་མ་གོས་པར་རློམ་མི་ཐུབ་ནའང་།   རང་གི་སྐད་ཆའི་བར་གསེང་དག་ན་གནས་ལུགས་ཤིག་མུ་མཐུད་དུ་འཚོལ་གྱིན་ཡོད།།

 
 
སྒྲོལ་མ་རིག་འཛིན་ལ་ཕུལ་བ།༩
[ 2013-11-4 11:08:05 | By: smdj ]
 
 

སྒྲོལ་མ་རིག་འཛིན་ལ་ཕུལ་བ།

༼ཉིན་ཐོ་ལྟ་བུའི་ཁ་བརྡ༽

དེ་རིང་གི་ཁ་བ་དང་གྲང་ངར་གྱིས་བཅུམས་པའི་ཞོགས་ཀ་སོགས་བདག་གི་འབྲི་དེབ་ཀྱི་ཟ་འགྲམ་དུ་འབྱར་བའི་བད་ཀྱི་ཟེའུ་འབྲུ་དང་ཁོ་མོའི་ཞིབ་ཅིང་ཕྲ་བའི་མཆུ་འདབ་ཀྱི་རྩ་རིས།  ང་རང་ཆང་གིས་བཟི་བ་ལྟ་བུའི་མཚན་མོ་དེར་ཕྱི་རོལ་དུ་ཁ་བ་ལྷབ་ལྷུབ་ཏུ་བབས་བྱུང་།   ཁྱི་སྐད་རླུང་གིས་ཁྱེར་ཏེ་རི་བོའི་ཕར་ངོགས་སུ་མཆེད་ཅིང་།   དབྱིངས་སུ་འཕུར་བའི་སེམས་པ་ཞིག་རྩིས་ཐང་གི་གོས་ཆེན་ལས་བཏུམས་པ་བཤུས་ཏེ་གཅེར་བུར་རུམ་ལ་བཅུག་ནས།ས་ཁང་གི་སྟེང་ངམ་རྩྭ་དོས་ཀྱི་སྟན་དུ་བསྡད་དེ་མཉམ་གཅིག་ཏུ་རྒྱང་ཐག་ཧ་ཅང་རིང་བའི་ཁྱིམ་ཚང་དང་འཁོར་བ་ཞིག་བཤད་ཅིང་།   མཛུབ་མོ་ཀེར་རེར་གནམ་གྱི་སྐར་མ་ཞིག་ལ་གཏད་དེ་མུ་ཏིག་གཉིས་བརྡར་གཙུབ་ལས་བཞུར་བའི་ལྷའི་ཆུ་བོ་དང་བརྩེ་བ་འཛིན་པའི་ལྷ་མོ་དེ།ཕྱག་ཏུ་བུམ་པ་འཛིན་པའི་བུ་མོ་ཞིག་གསེང་རས་ཀྱི་ཡོལ་བ་ལས་ཕྱིར་བུད་དེ་དལ་བུར་ཆུ་ལ་འགྲོ་བའང་བསྟན།   གྲུབ་ཆེན་ཞིག་ལ་ཤྭེའུ་ཞིག་གིས་མཆུ་ཏོ་འཁྱག་སིལ་སིལ་དེ་རྣ་རྩར་གཏུག་པ་བཞིན་འཇམ་ཤས་ཆེ་བའི་སྐད་ངག་དེས་ནེའུ་གསིང་གི་རྩི་ཏོག་དང་འཕུར་བཞིན་པའི་ཕྱེ་ལེབ་ཅིག་གི་གཏམ་རྒྱུད་ཀྱང་སྙན་ངག་ལྟར་ཤབ་ཤུབ་ཏུ་གསུང་བྱུང་།   ལྷབ་ལྷུབ་ཏུ་འབབ་པའི་ཁ་བ་དང་ཕྲ་མའི་ཤེལ་ལེབ་ཀྱི་ངོར་ཁངས་པའི་བད་ཤིང་གི་ལོ་མ་སོགས་གཞིས་ཁང་གྲུ་བཞིའི་ཕྱི་ནང་ཁོར་ཡུག་མ་ལུས་པ་ལག་མཐིལ་དུ་བབས།  ལྕགས་ཐབ་ཏུ་རྡོ་མྱེ་འབར་ཞིང་།   ཆུ་རྒོད་གདུས་ཏེ་དེམ་གྱི་ཁ་ལེབ་སིང་སིང་དུ་འགུལ་བ།ཐབ་རྩ་ན་དྲོད་པོར་གཉིད་དུ་ཡུར་བའི་ཞི་ལ་སྟག་རིས་ཅན།    ང་ཐེངས་འདིར་གཉིད་དུ་ཡུར་བའི་འཇིག་རྟེན་འཁོར་བ་དང་དེའི་བདག་མོ།གྱང་ངོར་བཀལ་བའི་ཤོག་པར་གྱི་ངོ་ན་བྲག་རི་བཀན་མོ་གྱེན་དུ་བསླངས་པ་དང་།   གནའ་ཤིང་གི་རིགས་སུ་གཏོགས་པའི་གསོམ་སྡོང་སྦོམ་པོ།   དྭངས་གཙང་ཆུ་ལ་ཞུགས་པའི་གསེར་མིག་ཉ་མོ་སོགས།   དྲི་བཟང་བྱུགས་པའི་རས་ཐུམ་གྱི་མེ་ཏོག་ཁུག་མ་དེ་སྔས་ཀྱི་གཞོགས་སུ་བཀལ་ཞིང་།   སྔས་ཁྲིའི་གྲུ་ཟུར་དུ་བཀླག་འོས་པའི་དཔེ་དེབ་འགའ་གོ་རིམ་མེད་པར་བཞག་འདུག་ཅིང་།  རས་བཟོས་རྩེད་ཆས་དོམ་ཕྲུག་གདོང་དཀར་དེའི་སྐྲ་ལོ་གྱེན་དུ་གཟེངས་ཤིང་རྔ་མ་ཐུར་དུ་ནར་བ། གློག་འོད་དམར་སྨུག་དེས་རྒྱུན་པར་རྨི་ལམ་གྱི་སྒོ་མོར་འཁྲིད་ཅིང་།   ལྡེའུ་མ་གཞོན་པའི་བུ་མོ་ཇ་ཤིང་ལོ་མའི་བར་བཅུག་རི་མོ་རེ་རེ་ཡང་དྲན་པའི་ཡོལ་ངོས་སུ་ཤར་ཡོང་།    སྒྲོལ་མ་རིག་འཛིན་ལགས།   ཆང་སྟོན་བཤམས་པའི་མཚན་མོའང་སྙན་ངག་པའི་སེམས་བསུས་ཤིང་ཚིག་ཀྱང་གཅུས་ཏེ་འདི་སྣང་གི་གྲང་ངར་བརྗེད་དུ་འཇུག་པའི་ཁྱོད་རང་ཏག་ཏག་བརྩམ་ཆོས་ཀྱི་ཕྱི་རོལ་ན་ཡོད་དམ།།

 
 
སྒྲོལ་མ་རིག་འཛིན།༨
[ 2013-10-21 10:56:33 | By: smdj ]
 
 

སྒྲོལ་མ་རིག་འཛིན་ལ་ཕུལ་བ།

༼ཉིན་ཐོ་ལྟ་བུའི་ཁ་བརྡ༽

དུས་ཚོད་ལ་འགོག་རྐྱེན་མེད་པར་རི་གཟར་གྱི་རྦབ་ཆུ་ལྟར་ཤུགས་ཀྱིས་བཞུར་གྱིན་འདུག་སྟེ།   མདུན་དུ་གདོང་ཐུག་རྒྱག་ས་དེ་ནི་རང་ལས་སྲ་མཁྲེགས་སུ་འགྱུར་བའི་རྡོ་བ་སྒོར་མོའི་སེམས་པ་འཁྱགས་པ་ཞིག་ཡིན་ན།   དྲོད་དུ་རེ་བའི་རྨི་ལམ་ཡོངས་སུ་རྫོགས་པ་ཞིག་མུ་རུ་སྤྲེལ་ནས་བཤད་ཅི་ཐུབ་དང་འབྲི་ཅི་ནུས་བྱས་ནའང་།    མིག་ཆུ་བཞིན་འཇིམ་སྲིད་པའི་དངོས་གྲུབ་ཅིག་མེད་སོང་བ་ནི་ཅི་འདྲའི་རེ་ཐག་རྩད་ནས་འབལ་བའི་གནས་ལུགས་ཤིག་རེད།    མི་རྣམས་དཔུང་བ་གཤིབ་ནས་འགྲོ་བཞིན་འདུག་སྟེ།མདུན་གྱི་ལམ་སྣེ་ཙམ་མཐོང་བས་མ་ཡིན་ནམ།  འོན་ཀྱང་ལམ་དེའི་མཐའ་དང་དབུས་ནས་རང་གི་ལུས་ངག་ཡིད་གསུམ་འཁོར་ལོ་རྩིབས་སྟོང་དུ་བསྒྱུར་བ་ཇི་བཞིན་ང་ཚོས་འབྲི་དེབ་དང་སྨྱུ་གུའི་བར་ཐག་ནས་གཙུབ་པའི་སློབ་རྭའི་སྙན་ངག་ཚོགས་པའི་བསྒྲགས་གཏམ་ལྟར་ལུང་དང་ཡུ་བ་མེད་པའི་རྩེད་མོ་ཙམ་ག་ལ་ཡིན་ཏེ།   རྡོག་སྣེ་གཉིས་འཕྲུལ་གྱིས་བསླུས་པ་ལྟར་འཕྲང་ལམ་གཟར་ཤོས་ཤིག་ན་སྟངས་སྟབས་བསྒྱུར་གྱིན་རི་ཆུ་ནགས་གསུམ་གྱི་ལྡེབས་རིས་རིང་བ་མོ་དེ་སྐད་ཅིག་སྐད་ཅིག་ལ་ཕྱི་ལྟག་ཏུ་བསྐྱུར་ནས་ཐོན་ཡོང་།  རི་འགག་གི་དོང་ལམ་དེའི་མུན་ནག་གི་བཞིན་ལ་ཤར་པ་ནི་མིག་གི་དབང་བོའི་ཁེ་གྲགས་གོང་ཐང་ལ་སྡོམ་རྩིས་འགོད་པ་ཇི་བཞིན། དལ་འབྱོར་དོན་ཡོད་བྱེད་པའི་གང་ཟག་སུ་ལའང་གནས་ལུགས་ཀྱི་ལམ་དར་མ་བྱིན་པར་འཇིག་རྟེན་རུལ་སུངས་ཀྱི་རྫ་འགག་ཏུ་སྒོ་ཕྱུགས་བཞིན་བདའ་འདེད་བཏང་།   ཕྱིར་འཁོར་ནས་འདང་རེ་བརྒྱབ་ན་གནས་ཕ་མའི་གཅེས་པའི་སེམས་པའི་ཁུར་དུ་བླངས་པ་ནི་རྒྱུན་ལྡན་ལྟ་བུའི་གོམས་གཤིས་ཀྱི་ཁུངས་སུ་འདུ་ནའང་།  མི་ཡི་སྐྱེས་པ་བྱེ་ཟེགས་འཚུབ་པ་བཞིན་ས་གནམ་གྱི་སྣོད་རྣམས་ནས་ཕྱི་འཕོས་བྱེད་པའི་དུས་ན་སུ་ཞིག་ལན་ཆགས་ཀྱི་འབྲས་བུ་རུ་སྔོ་ཐོགས་པ་རེད།   དུས་ཚོད་ཚོ་བདག་དང་འབྲེལ་མེད་དུ་བཞུར་གྱིན་པའི་ཆུ་བོ་ཞིག་ཡིན་ནའང་།       དེ་ཉིད་འཐུང་བའི་སྐོམ་གདུང་ཅན་གང་མང་ཞིག་སྔུན་ལ་བོང་བུ་བཞིན་དུ་འདུར་གྱིན་འདུག་སྟེ།ང་རང་གང་ཞིག་ནས་འདམ་ལྟ་བུའི་རུམ་དུ་སུག་པ་ཟུག་ཟིན་པ་མ་ཤེས་ཤིང་།   འདམ་ལྟ་བུའི་ཞིང་ནས་པད་ལག་ཇི་བཞིན་སྐྱེས་ནས་འོང་བ་ནི་མ་ཤེས།ཐམས་ཅད་ལ་ལས་ཀྱིས་བགོས་པའི་སྐལ་ཞིག་ལག་པས་ལེན་རྒྱུ་ཡོད་ན་བསམས།   བུ་མོ་སྒྲོལ་མ་རིག་འཛིན་ལགས།ངས་མི་ཤེས་པ་དེ་ཁྱོད་ལ་འདྲི་དགོས་པ་མ་ཡིན་ཏེ།   ང་ཚོས་སུ་ལའང་ལན་གྱི་སེར་སྣ་ཞིག་བུ་ལོན་དུ་འཇོག་རྩིས་མེད།།

 
 
ངས་རྩོམ་རིག་འཚོལ་བཞིན་ཡོད།
[ 2013-10-17 15:55:24 | By: smdj ]
 
 

                                         ངས་རྩོམ་རིག་འཚོལ་བཞིན་ཡོད།

ང་ཚོ་ནི་བོད་ཡིག་གི་སྟེང་ནས་ཤེས་བྱ་འཐོར་རེ་བ་བཏུས་ནས་རང་གི་འཆར་སྒོ་དང་ཀླད་རྒྱ་ཆེར་སྐྱེད་མཁན་གྱི་རིགས་དེ་ཡིན་ཕྱིན།   ལྟ་ཀློག་གི་དཔེ་ཆའི་སྐོར་ལ་ཚད་བཀག་ངེས་ཅན་ཞིག་ཡོད་པ་བཤད་མ་དགོས་པ་ཞིག་རེད།   དེ་བཞིན་རང་གིས་རྒྱུན་པར་རྩོམ་རིག་གི་སྐོར་ལ་ཐོས་བསམ་བྱ་འདོད་པ་ཙམ་མ་ཡིན་པར་ཉིན་རྒྱུན་གྱི་འཚོ་བའི་ནང་དུ་ལག་ལེན་དུ་བསྟར་ཡོད་ཅེས་ནའང་རྫུན་དུ་མི་འགྱུར།    འོན་ཀྱང་ཕྱིའི་འཛམ་གླིང་གྲགས་རྩོམ་ལོངས་སུ་སྤྱོད་པའི་གོ་སྐབས་ནི་ཧ་ལམ་སྟོངས་པ་ལྟ་བུ་ཆགས་ཡོད་དེ།   ང་ཚོར་ལོ་ཙྰའི་ལས་རིགས་ཀྱི་དཔུང་ཤུགས་དེ་ལག་ཆགས་མེད་པས།  བོད་ཡིག་གི་སྟེང་དུ་ཡོད་པའི་སྲོལ་རྒྱུན་རྩོམ་ཡིག་འགའ་རེ་ཤ་ཟིན་སྤུ་ཟིན་དུ་བཀླགས་པ་དེས་བློ་སྐྱེད་ཀྱི་ཆ་ལ་ཕན་ཐོགས་ཆེན་པོ་མི་ནུས།   གང་ལྟར་རྩོམ་རིག་གི་དད་འདུན་དེ་ནི་ཁེ་གྲགས་ཀྱི་ཆེད་དུ་མ་ཡིན་ལ་རྒྱུ་ནོམ་གྱི་ཆེད་དུའང་མིན་པས།   རྩོམ་རིག་ལ་དུངས་པའི་གོམས་གཤིས་དེ་ནི་ཆང་དང་དུ་བ་ལོབས་པ་ཇི་བཞིན་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་ཡོད།།

 
 
ཕྲག་དོག།
[ 2013-6-13 9:29:03 | By: smdj ]
 
 

                                               ཕྲག་དོག  ཕྲག་དོག

ང་ལ་ཐབས་ཤེས་མི་འདུག  ངས་རང་ཉིད་ཁྱེད་དང་ཁྱེད་ཀྱི་ཕྲག་དོག་དང་མི་ཕྲད་པར་དོགས་ཟོན་མཐོར་འདེགས་བྱས་ནའང་།  རླུང་བཞིན་གཡུགས་པའི་ང་ནི་ཚོད་བཟུང་མེད་པར་ཁྱེད་ཀྱི་ཕྲག་དོག་གི་བ་སྤུའི་བུ་ག་འབུམ་ཕྲག་དང་ཕྲད་བྱུང་། ངས་རང་ཉིད་དབེན་པའི་བྲག་གི་ཁུང་བུ་ཞིག་ཏུ་ཕ་ཝང་བཞིན་ནར་ནས་ཤིང་ཏོག་བཞིན་འདུག་ཏུ་བཅུག་ནའང་།    ཁྱེད་ཀྱིས་རྣམ་རྟོགས་ཀྱི་སྐར་མདའ་དེས་བདག་གི་གཤོག་ཁུགས་སུ་ཟ་འཕྲུག་ཡང་ཡང་སློང་གིན་འདུག  ང་འཕུར་དགོས་པ་དེ་མི་ཡུལ་གྱི་ཕྲག་དོག་འཚོལ་བའམ་རྙེད་པའི་ཆེད་དུ་མིན་ནའང་། བདག་གི་ནང་དོན་མཐའ་དག་ནི་འདི་ལྟར། ཉི་མ་གང་འཁོར་ལ་ང་ནི་ཕྲག་དོག་ཙམ་རང་སྟེང་ལ་ལེན་ཤེས་པའི་གདུལ་བྱ་ཞིག་གོ།

 
 
རང་རློམ་གྱི་སྐོར།
[ 2013-5-8 9:04:32 | By: smdj ]
 
 

རང་རློམ་གྱི་སྐོར།

 

གནད་དོན་ལ་བརྡར་ཤ་ཞིག་གཅོད་དགོས་པ་ནི་རང་ཉིད་ནས་འགོ་རྩོམ་དགོས་པ་མ་ཡིན་ནམ།  མི་རྣམས་ཀྱིས་རང་བློ་ཙམ་གྱི་སྒེར་ཚུགས་ཀྱི་བཙན་རྫོང་དེ་ནས་མི་གཞན་ལ་ཕྲ་མིག་གཏད་དེ་དགེ་སྐྱོན་གྱི་བྱ་ར་བྱེད་པ་དེ་ནི་ལས་ཀ་བཟང་བོ་མིན་ཏེ།    མི་ཁོ་ཚོ་ལའང་རང་ཉིད་ཀྱི་རློམ་སེམས་སྲ་མཁྲེགས་ཤིག་ཡོད་པ་ཙམ་མ་ཟད།    རང་གི་ཡིན་མདོག་ངང་བསགས་པའི་ལག་འབབ་ལྗིད་པོའི་གྲུབ་འབྲས་ཤིག་ཀྱང་ཡོད་པ་རེད།   གྲུབ་འབྲས་དེའི་སྡུག་ཡུས་ནི་ཕན་སེམས་དང་འབྲེལ་བ་མེད་ཅིང་།     གང་ཞིག་ནས་རྣམ་པར་རྒྱལ་བ་དེ་ཙམ་གྱི་ཚོར་བ་གཙིགས་སུ་འཛིན་ཐུབ་མིན་ལ་རག་ལས་ཡོད།     གྲོགས་པོ་དག་ངའི་བློ་ལ་རང་ཉིད་ལས་ཡོངས་སུ་འགོངས་པའི་གཞན་སྐྱོན་འབའ་ཞིག་འཆར་གྱིན་པ་དེ་ནི་རང་གི་གོ་རྟོགས་ཤིག་ཏུ་རློམ་པ་ནི་ནོར་འཆུག་ནང་གི་འཆུག་བཙོག་ཅིག་ཡིན་པ་ཤེས་ཡོད་ལ།      ངོ་ཤེས་པའི་མི་དེ་ནི་འཇིག་རྟེན་པའི་འདོད་ཡོན་སྙན་གྲགས་ལ་དགའ་བ་ཙམ་མ་ཟད།     རང་རློམ་གྱིས་བཏུམས་པའི་མི་ང་ཚོ་དང་འདྲ་བར་ཀུན་ཏུ་གདུ་བཞིན་པའི་ཁེ་གྲགས་གི་གཏིང་མར་འཛུལ་བ་ནི་ཉེན་ཁ་ཧ་ཅང་ཆེ་བའི་སྨུག་རྒྱུའི་དཔའ་ཀློང་ཞིག་གོ།།

 
 
རིན་པོ་ཆེ།
[ 2013-5-7 10:01:03 | By: smdj ]
 
 

རིན་པོ་ཆེ།

 

བུ་དེར་རིན་པོ་ཆེ་ཞིག་ཡོད།རིན་པོ་ཆེ་དེ་སྒམ་དུ་བཅུག་རྗེས་རྐུན་མས་ཁྱེར་སོང་།   འཕྲལ་མར་རྐུན་མ་རྩད་གཅོད་དགོས་པའི་གནས་ལུགས་དེ་ཉེན་རྟོག་པར་བཤད་ཀྱང་།   ཉེན་རྟོག་པས་རིན་པོ་ཆེ་དེ་གཞུང་གི་ཐོ་ཐེམ་དུ་མ་བཀོད་པས་ད་ལྟ་དཔྱད་གཞིའི་རྒྱུ་ཆ་ཅི་ཡང་མེད།   རྩད་གཅོད་པར་དཀའ་ཁག་ཆེ་ཟེར།  བུ་དེས་དེ་མ་ཐག་ཉེན་རྟོག་པར་རིན་པོ་ཆེའི་དཔེ་དབྱིབས་དང་གསང་བའི་ཡོན་ཏན་མ་ལུས་པར་བཤད་རྗེས་ཕྱིར་ཁྱིམ་དུ་ལོག   ཉིན་གཉིས་པར་རིན་པོ་ཆེ་དེ་ཕྱིར་རྙེད་ཅིང་།    ཆེད་དུ་སྒམ་གྱི་སྟེང་ལ་གཞུང་གི་ཐོ་ཐེམ་ཨང་གྲངས་དང་ཐམ་ཀ་བསྣན་འདུག་པ་མ་ཟད།    རྗེས་ཕྱོགས་བདག་དམ་ཡག་པོ་བྱ་དགོས་ཞེས་རིན་པོ་ཆེ་སྐྱེལ་མཁན་གཞུང་གི་ལས་བྱེད་པ་གཉིས་ཕྱིར་ལོག་སོང་།།

 
 
རང་གི་ཚོར་བ།
[ 2013-5-4 8:46:33 | By: smdj ]
 
 

རང་གི་ཚོར་བ།

 

འདི་སྣང་ནས་སོང་བ་རྣམས་ཕྱིར་རྡོ་ཆག་ལྟར་སྒྲིག་པའི་སྐབས་སུ་གཏན་དུ་འདས་ཟིན་པའི་མི་སྣ་རེ་དྲན་སྲིད་ཅིང་།   དུས་དེ་ནས་བཟུང་གྲག་འགུལ་མེད་པའི་བག་ཆགས་ཤིག་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་ཡིད་ཀྱི་གཏིང་མཐར་ཟུག་ཡོད།    ཁོ་ཚོས་རེ་རེ་བཞིན་རང་གི་གཤིས་ཀ་དེ་བཤུལ་དུ་བཞག་ནས་ཕེབས་སོང་ལ།  ང་ཚོའི་དྲན་ཤེས་པའི་སྣང་བ་དེ་ནི་འདི་ཕྱི་གཉིས་ཀྱི་ངོགས་སུ་སྦྲེལ་བའི་རྨུ་ཐག་དཀར་བོ་ན་བུན་ལྟ་བུ་དེ་ཡིན་ཤག   སུ་ཡང་རྐང་བས་མ་བཅག་པའམ་རྨི་ལམ་ནས་ཀྱང་སོང་མ་མྱོང་བའི་ས་དེ་ནི་ཆ་རྒྱུས་ཀྱིས་སྟོངས་ཤིང་སྣང་བ་ལྐོག་ཏུ་གྱུར་བ་ཞིག་ཡིན་མོད།   ཡིད་སྤྲུལ་གྱི་བཟོ་གྲྭ་ན་མཚམས་མི་ཆད་པར་ཐོན་བཞིན་པ་དེ་དག་ནི་པར་ལྡེབས་སུ་བཟོས་པའི་འབུ་ཕྲ་ལངས་འགྱུར་དང་།    སྲིད་པ་ཆེན་པོའི་དཀྱིལ་འཁོར་དེ་དག་མི་ཚོའི་མིག་མདུན་ན་ཀེར་རེར་བདེན་ཅོག་ཅོག་ཏུ་འགྲེང་བ་ནི་མི་ཚོའི་ཀླད་པར་ཐེལ་ཚེ་བསྣན་པ་ལྟར།   རྫོགས་མེད་པའི་བག་ཆགས་ཀྱི་རྩེད་ར་འགྲུབ་པར་ལག་རྗེས་མི་དམན་པ་བཞག་ཡོད་པ་ནི།   སློབ་ཁང་ནང་གི་ཁ་ཆུ་ཁྲོམ་ཁྲོམ་དུ་གཏོར་བཞིན་པའི་དཔེ་ཁྲིད་དགེ་རྒན་ཚོས་རྫུན་དང་འབྲེལ་བའི་མི་ཚེའམ་ཁོ་ཚོས་ཤིན་ཏུ་བློ་རྟོན་བྲལ་བའི་སྐད་ཆ་རྫོགས་མེད་ཅིག་བཤད་པར་འབྲེལ་བ་དམ་པོ་ཡོད།།

 
 
སོས་དལ་བ།
[ 2013-5-2 15:09:29 | By: smdj ]
 
 

                                                      སོས་དལ་བ།

 

                                      ལྷིང་འཇགས་ཀྱི་ནགས་གསིང་ན

                                      སྦྲང་བུའི་གཤོག་སྣེ་ལས་སྒྲ་སྐུད་མཉེད

                                      སྤང་དུ་བཞག་པའི་ཤོག་བུ་དེ་རླུང་གིས་གཡོས་ཚེ

                                     ཤག་ཤག་གི་སྒྲ་ཞིག་གྲག་པ་ཐོས

                                     

                                     ཆང་ཞིམ་པོ་འཐུང་མཁན་གྱི་ཁོ་ཚོ

                                     སླར་ཡང་ས་སྲོད་ཀྱི་སྐབས་སུ

                                     ཁང་བ་དམར་པོ་དེའི་སྟེང་ཤོད་དུ་འཛོམས

                                    རྒྱབ་ཁུག་ནག་པོ་ཁུར་བའི་ཁོ་རང་གཅིག་པུ

                                    གཡུ་ལྟར་སྔོ་བའི་རྫིང་འགྲམ་དུ་ལུས་འདུག།

                                                      ༢༠༡༣  ༥  ༢

 
 
འབྲོག་པའི་སྙན་ངག།
[ 2013-4-25 15:16:19 | By: smdj ]
 
 

                 ༡འབྲོག་པའི་སྙན་ངག།

                   

                    ཐང་སྟོང་རྩྭ་འཇམ་སྒྱིད་ཤ་རླན་པའི་གོམ་བགྲོད་དེས།།

                    ནེའུ་གསིང་སྔོན་མོའི་བ་སྤུ་སེད་པའི་དབྱར་ངོགས་ཤིག།

                    ཡུན་གྱིས་སོང་པ་གྲང་ངར་ཙག་གི་སྣ་ལེན་འདྲ།།

                    སྲུང་མདུད་དར་འཛིན་རི་སྐམ་ཀོག་པོའི་ཉིན་སྲིབས་ན།།

                    ནོར་གནག་ཁྱུ་ཡི་སྣེ་འཛིན་རྫིག་པོ་ཁྲོས་པ་ན།།

                    ཡིད་སྟོང་རྒོད་པོས་དགྲ་རྣམས་བརླག་པས་ཧམ་ངན་དེ།།

                    རྩུད་པའི་འུར་དུ་རྡོ་ཡི་བྱ་སྒོང་བཞག་པ་ན།།

                    བྲག་གི་ཐེམ་ན་གཉིད་དུ་ཡུར་བའི་ནེ་ལེ་དེས།།

                    དགོད་ཆུང་བྲག་ཆ་རྒྱ་མཚོའི་མཐའ་རུ་ཁྱབ་པ་གང་།།

 
 
སྤྱི་ཚོགས་ཟེར་བ་དེ།
[ 2013-4-23 10:47:17 | By: smdj ]
 
 

                                                སྤྱི་ཚོགས་ཟེར་བ་དེ།

 

རྟག་པར་འཚོ་བའི་ནང་གི་ཕུན་སུམ་ཚོགས་ཤིང་སྣ་མང་ལ་ཉོག་དྲ་འཛོམས་པའི་སྤྱི་ཚོགས་དང་རང་ཉིད་བར་གྱི་འབྲེལ་བ་དེ་ངོས་འཛིན་ཡང་དག་པ་ཡོང་རྒྱུ་ནི་གལ་ཤིན་ཏུ་ཆེ་བར་མཐོང་།  རྒྱུ་མཚན་ནི་མི་མང་ཚད་ཅིག་གིས་སྤྱི་ཚོགས་ལ་བཟུང་བའི་ལྟ་ཚུལ་ནི་བློ་རྟོན་བྲལ་ཞིང་རྒྱུ་འབྲས་སམ་འདྲ་མཉམ་སོགས་ཀྱིས་ཀུན་ནས་སྟོངས་པར་དགོངས་ཡོད་དེ།   ནམ་རྒྱུན་མང་ཆེ་བས་བསུན་སྣང་གི་སྐད་ཆ་དང་རྣམ་འགྱུར་སྐྱོ་བོ་དེས་སྤྱི་ཚོགས་ཧྲིལ་བོ་གཞི་གཅིག་ཏུ་བཀར་ཏེ་རང་གི་ལྡོག་ཕྱོགས་ཀྱི་གྲུ་ག་ཞིག་ཏུ་བཞག་ཡོད་པ་རེད།  དོན་ལ་སྤྱི་ཚོགས་ནི་རང་ཉིད་ཐེ་བའི་ཁྱིམ་གཞི་ཆེན་པོ་ཞིག་ཡིན་ཞིང་།    ངེས་པར་དུ་རང་ཉིད་དང་མཉམ་དུ་འཁོར་སྐྱོད་བར་མ་ཆད་པར་འགྱུར་ལྡོག་གི་ངང་དུ་འཕེལ་འགྲིབ་བྱ་བཞིན་ཡོད་དེ།    ཡང་ན་སྤྱི་ཚོགས་ནི་སྔར་བཞིན་རང་གི་སེམས་ཁམས་ཀྱི་ལྡེབས་ལ་དཀར་ནག་རེས་མོས་སུ་འཆར་གྱིན་པའི་འཁྲབ་གཞུང་ཆ་ཚང་ཞིག་ཡིན་ལ།  རང་ཉིད་ནི་འཁྲབ་གཞུང་དེ་ལྟ་ཀློག་བྱ་མཁན་གྱི་ལྟད་མོ་བ་ཞིག་གམ།  ཆགས་ཞེན་གྱི་འོབས་སུ་ལྷུང་བའི་གླེན་པ་དག་མ་ཞིག་གོ།   གཙོ་བོ་རང་གི་ཡིད་ཁམས་ཧྲིལ་བོའི་མངའ་བདག་ལྟ་བུ་ནི་གཞན་མ་ཡིན་ཏེ།    ང་ཚོས་རྒྱུན་པར་དོན་བྱ་ཙག་ཙིག་ཅིག་གམ།རང་གི་ཁམས་ལ་རྩུབ་རེག་གི་ཚོར་བ་བསྟེར་བའི་རྒྱུ་རྐྱེན་ཕྲན་བུ་རེ་དམིགས་སུ་བཟུང་ནས་སྤྱི་ཚོགས་ཧྲིལ་བོར་འཁོན་འགྲས་མི་འཛིན་པ་དེ་ནི་རང་གི་ཕུང་ཁམས་བདེ་ཐང་ལ་འགན་ཁུར་བ་ནང་བཞིན།      ང་ཚོས་རང་གི་དགའ་ཕྱོགས་ངོས་མ་ཟིན་པ་དེ་ནི་བླུན་པོ་སྣ་ནག་ཅིག་ཡིན་པའི་རྒྱུ་མཚན་དུ་གོ་ན་ཆོག་སྟེ།       ང་ཚོས་སླར་བྱིས་པའི་འོད་སྣང་གིས་ཁྱབ་པའི་སེམས་ཁམས་ལ་ཕྱིར་ལོག་པར་བསམ་གཞིགས་བྱ་དགོས་པའི་ཚད་དུ་བསྐྱལ་འདུག།

 
 
ཚན་རིག་རྩེད་ཆས།
[ 2013-4-11 9:38:57 | By: smdj ]
 
 

ཚན་རིག་རྩེད་ཆས།

 

   གཏམ་གླེང་ནི་རང་བཞིན་ཞིག་ཡིན་ཞིང་།    དོན་ལ་འཚོ་བ་ཞིག་རེད།དེར་ལྷག་ཏུ་དེ་འདྲ་གཟབ་ནན་བྱ་དགོས་པའི་ངེས་པ་མེད་མོད།    འོན་ཀྱང་རང་ཉིད་དགེ་རྒན་དུ་རློམ་པའི་མི་ལ་འགན་ཁུར་ལྷག་མ་ཞིག་ཡོད་པ་ནི་དུས་རྒྱུན་དུ་ཕ་རོལ་བོར་གོ་བརྡ་ཞིག་གམ་གནས་ལུགས་ཤིག་འཕྲོད་དང་མ་ཕྲོད་པའི་བར་ན་དཀར་ཆ་དང་ནག་ཆ་རེས་མོས་བཞིན་འཆར་གྱིན་པ་དེ་ནི་དགེ་རྒན་དུ་རློམ་པ་རང་ཉིད་གཅིག་པུར་ཐེབས་པའི་རྣམ་སྨིན་ལས་གཞན་ཅི་ཡང་མིན།   རིམ་གྱིས་བརྡ་འཕྲིན་སིལ་མའི་གསོས་ཏེ་ཀླད་སྒྲོམ་ཡོངས་རྟ་རྨོག་རྨོག་གི་སྤུ་ལྟ་བུར་འགྱུར་བའི་དེང་གི་མི་ལ།   ལུང་གི་ཆོས་ཤིག་དགོས་མཁོ་རུ་མི་འགྱུར་ཞིང་།  བཤད་བསམ་པ་དེ་ལ་ཉན་མཁན་མེད་པ་ནི་རང་བཞིན་ཞིག་ཏུ་འགྲོ་ངེས་བས།      རྟོགས་པའི་ཆོས་ཤིག་ལ་ཁྱི་སྐེ་བསྲིངས་ནས་ཡི་དྭགས་བཞིན་འཇིག་རྟེན་ནུབ་པའི་སྔ་ལྟས་ཤིག་མཁྱེན་པ་ནང་བཞིན།   ཀུན་གྱི་གདོང་ལ་སྡུག་མདོག་ཁ་བོའི་ཉམས་རེ་དོད་དེ།  ཕན་ཚུན་བར་སྐད་ཆ་དང་ཧབ་ཆ་མེད་པར་ཚན་རིག་རྩེད་ཆས་ཀྱི་བྲན་དུ་བཏུལ་ཟིན་པ་ཅི་ལ་མི་ཤེས།  དེ་ལ་ངེས་པར་དུ་སེམས་སྡུག་བྱ་དགོས་དོན་ནི་མེད་དེ་ཐམས་ཅད་རང་བཞིན་དུ་གོ་དགོས་པ་རེད།     ལྷག་ཏུ་སྲོལ་རྒྱུན་དཔེ་ཁྲིད་ལ་སྒྱུར་བཅོས་མ་བྱས་ཚེ་ཉན་མཁན་ཇེ་ཉུང་ནས་ཇེ་ཉུང་འགྱུར་ངེས་ཤིང་། ཐ་ན་མི་གཅིག་ཀྱང་གམ་དུ་བཏུད་མཁན་མེད་པའི་ཚད་དུ་ལྷུང་ཡང་སྲིད།།

 
 
ང་སླར་ཡང་ཐོན་ཡོད།
[ 2013-4-10 10:50:12 | By: smdj ]
 
 

ང་སླར་ཡང་ཐོན་ནས་དྲ་གྲོགས་ཚོ་དང་ཕྲད།

 

 དྲ་ལམ་ལ་གེགས་ཐེབས་ནས་ཟླ་གཅིག་ལྷག་འགོར་སོང་།   དེ་རིང་ཟིན་བྲིས་ཀྱི་པར་ལྡེབས་སུ་ཐོན་པ་ནི།  སླར་ཡང་མི་ལུས་ཤིག་ཐོབ་པ་ཇི་བཞིན།    འཇིག་རྟེན་མི་ཡུལ་གྱི་ལོངས་སྤྱོད་རིགས་མཐའ་དག་ཉམས་སུ་ལེན་འདོད་པའི་སྣང་བ་དེ་ནི།    ཞོགས་ཁའི་མཁའ་དབུགས་གསར་བ་རྔུབ་པ་དང་འདྲ།།

 
 
སྒྲོལ་མ་རིག་འཛིན་ལ་ཕུལ་བ།༧
[ 2013-2-19 0:41:10 | By: smdj ]
 
 

        སྒྲོལ་མ་རིག་འཛིན་ལ་ཕུལ་བ།

         ༧

        ༼ཉིན་ཐོ་ལྟ་བུའི་ཁ་བརྡ༽

བོད་ཡུལ་ཟེར་བའི་ས་ཡི་སྒང་བ་རུས་སྦལ་གྱི་སྒལ་སྐོགས་འདྲ་བ་དེའི་སྟེང་ན་ནམ་ཡང་འབུ་སྣག་ལྟར་འབྱར་བགས་ཀྱི་ཚུལ་དུ་གཙང་སྦྲ་ལ་དགའ་བའི་གྲོགས་པོ་ཀུན་ལ་དོགས་མི་བདེ་བའི་ཚོར་སྣང་བཟོ་མཁན་དེ་ནི། ང་དང་ང་འདྲ་བའི་སྲོག་ལྡན་རྐང་གཉིས་པ་ཐ་མ་དག་ཡིན་ཞིང་།   ས་དང་གནམ་གྱི་ཆེད་དུ་ཅི་ཡང་མ་བསྒྲུབ་ལ་མ་བྱས་པ་དེ་ནི་མང་ཕྱོགས་ནས་སྐྱོན་འཛུགས་ཉེས་ཆ་རྙེད་པའི་ཆེད་དུ་མ་ཡིན་ནམ།   ཆོས་སྒྲ་ལྡིར་ལྡིར་དུ་གྲགས་པ་དེ་ནི་འཕྲུལ་ཆས་ཀྱི་ཆོམ་སྒྲ་མ་ཡིན་པར་མི་སེམས་རྡུལ་དུ་བཏུལ་བའི་ཆོ་ག་འཇིགས་སུ་རུང་བ་ཞིག་ཡིན་ཡང་སྲིད་དེ།    གླེན་པ་རྣམས་དཔའ་ཞུམ་ཞིང་ཉྭ་གུག་གུག་ཏུ་སྡོད་སྟངས་དེ་ནི་དམག་སྦྱོང་ཐེབས་པའི་འཛིན་གྲྭ་ཞིག་གཡུལ་དུ་མ་ཞུགས་པར་དགྲ་ལག་ཏུ་མགོ་འདོགས་བླ་འབུལ་བྱེད་ཀྱིན་པ་དང་འདྲ་ལ།ཆོས་པ་རྣམས་རེ་རེ་བཞིན་ཁྲི་སྟེང་ལ་བུད་དེ།   རང་རང་གི་ཟ་འབྲས་སྨིན་པའི་ལོ་ཏོག་གི་སྡེར་མ་ཐོགས་པའི་དད་ལྡན་ཚོའི་སྐྱབས་འགྲོ་འདོན་སྟངས་ལ་ཉན་འདུག    མིག་ཐོགས་ཚད་ལ་སྙིང་རྗེ་འགུག་བྱེད་དུ་བསམས་ནའང་།      སེམས་ཐོགས་ཚད་ཀྱིས་འདི་ལྟར།    དགོད་སྒྲའི་ཁྱབ་པའི་ཇ་སྟོན་དེའི་མགྲོན་པོ་རྣམས་རེ་རེ་བཞིན་ཆང་དང་དུད་ནག་གི་བཟི་ཁ་དཀོན་མཆོག་ཏུ་བརྩི་བའི་བདེན་ཁ་དེས་མི་སེམས་ཁ་ཐག་རིང་དུ་བཀྱེད།   རི་རྩེ་ནས་ཐུར་དུ་གྲོག་སྒར་ལྟ་བུའི་གྲོང་སྡེ་དེའི་འགུལ་སྐྱོད་མཐའ་དག་ལ་བལྟ་དུས།  བདེ་འབྱོར་གྱི་སྩོལ་བའི་ཤུགས་སུ་ལུ་གུ་ཕྲེང་བ་རྒྱུན་དུ་དྲུད་འོང་བ་ནི་འདི་སྣང་མི་རྟག་པར་སྨྲ་བའི་ཆེ་བཤད་ཀྱི་རིགས་མཐའ་དག་ཡིན་ཞིང་།    བསུན་སྣང་འཇོམ་པའི་རང་རློམ་དེའི་ལྟག་རྒྱབ་ཏུ་འདར་སིག་སིག་ངང་ཁེར་རྐྱང་ཡུལ་བྱོལ་བ་འབུམ་ཕྲག    མཉམ་གཅིག་ཏུ་སྙིང་སྟོབས་ངར་གཞས་ལེན་པའི་བྱ་འགུལ་དུ་ཞུགས་ནའང་། ནང་འགལ་ཕྱི་འགལ་དུ་ཕྲ་མ་འབུམ་སྡེ་ཀློག་པའི་ལྕེ་བ་ནག་པོའི་ཞགས་ཐག་དགུ་སྒྲིལ་དུ་ཐོགས་མཁན་ཚོ་ནི་ནམ་ཡང་སྐད་ཆའི་མེ་ལུམ་དུ་ལྷུང་ནས་ཡོད་ཅིང་།   དེ་ཡང་ཚིག་གི་མཚོན་ཆ་ཆར་བཞིན་འབབ་པའི་ན་ཟུག་གི་ཆེད་དུ་ཐོན་པ་འདྲ།   སྒྲོལ་མ་རིག་འཛིན་ལགས།    ས་ཁྲ་ཁྲ་སྦྲུལ་ཤུན་གྱི་ཀོ་བ་རྒྱོང་ཤིང་དུ་བརྐྱངས་པ་དེའི་སྟེང་ན་ང་ཚོའི་ཡིད་ལ་དུངས་པའི་ཕ་ཡུལ་དེ་ཡོད་དམ།།

 
 
སྒྲོལ་མ་རིག་འཛིན་ལ་ཕུལ་བ།༦
[ 2013-2-17 1:24:18 | By: smdj ]
 
 

སྒྲོལ་མ་རིག་འཛིན་ལ་ཕུལ་བ།

༼ཉིན་ཐོ་ལྟ་བུའི་ཁ་བརྡ༽

ངས་ལྷིང་འཇགས་སུ་སྒོམ་པའི་ཤེས་ཡོན་གྱི་སྐར་ཁུང་དེ་ནས་ཁྱེད་རང་ནི་བདག་གི་དུས་ཚོད་ཀྱི་སྒྲོག་སྣེ་དགྲོལ་མཁན་གྱི་ཚོར་སྣང་མངོན་སུམ་དེ་དང་།   གསང་བའི་ཕུགས་སྒོ་དེའི་ལྡེ་མིག་ལྟ་བུའི་བློ་རྟོད་ཀྱང་ཡིན་པ་འདྲ།  ང་གང་ཞིག་ནས་ཀེར་རེར་འགྲེངས་ཤིང་།  རང་ལུས་ཀྱི་མཁར་རྫོང་སྲུང་བའི་བདག་འཛིན་གྱི་གོ་ཆ་ཚགས་སུ་ཆུད་ཅིང་།  ཕོ་མོ་གང་བདེར་གཟུགས་འགྱུར་གྱི་ཕྱི་ནང་གཉིས་ན།  ཆགས་པའི་རྟེན་དུ་བཞེངས་པའི་གཅེར་འབག་གི་སྲོག་ཆགས་དེ་དག་ལམ་གྱི་འགྲམ་རྒྱུད་དུ་སྟར་ཕྲེང་བསྒྲིགས་ཤིང་།  གླིང་བུའི་སྒྲ་སྐད་གྲགས་པའི་རྗེས་སུ་གཡོག་འཁོར་ཚོས་སྤོས་སྣ་དྲངས་ཏེ་མཛེས་མའི་མདུན་བསུས།  ང་རང་རྒྱལ་སྲས་ཤིག་གམ་ཡིད་སྦྲུལ་གྱི་དར་ཆ་ཕྱར་བའི་དམག་དཔོན་ཇི་བཞིན་ཐ་སྙད་འབུམ་ཕྲག་གི་སྟོད་དུ་བཀའ་ཡི་དཀྱིལ་འཁོར་ཕུབ།  གནའ་གཏམ་དེར་ལེའུ་སྔ་ཕྱི་བར་གསུམ་དུ་ཡོད་པ་ད་དུང་མཇུག་མ་དྲིལ་ཞིང་། མངའ་བདག་གི་བཀའ་ཤོག་དེ་ཕྱེ་ལེབ་དཀར་པོ་ཞིག་འཕུར་བ་ཇི་བཞིན།  རྫིང་བུའི་མེ་ལོང་གི་གདོང་ཐད་དུ་བཞད་པའི་མེ་ཏོག་གི་འདབ་མར་འཁྱུད་།  ས་སྲོད་ལ་ཆར་བ་ཤག་ཤག་འབབ་པའི་གྲོང་བརྡལ་དེའི་སྲང་བར་ན།  སྙིང་གཏམ་ཤབ་ཤུབ་སྨྲ་མཁན་དེ་གཉིས་ཀྱིས་ཆར་བྱོལ་གྱི་ཆེད་དུ་ཤིང་ཁང་དེའི་བྱ་སྐྱིབས་ན་ཅིར་ཅིར་གྲགས་པའི་བྱ་སྐད་ལའང་ཉན།  དལ་གྱིས་ལྡང་བའི་གྲང་རླུང་དེས་ཐག་རིང་ན་ཟུག་ཀྱིན་པའི་ཁྱི་སྐད་དེ་ཡང་རྣ་ལམ་དུ་དྲངས་འོང་།  བར་སྣང་དུ་སྐབས་དང་སྐབས་སུ་སྐར་མ་རེ་འགའ་གསེར་མདའ་གཞུ་རྒྱུན་ནས་ཤོར་བ་ཇི་བཞིན་དམིགས་པའི་འབེན་དང་འབེན་ལ་ཟུག་གིན་འདུག  གནས་དེར་བདེ་སྐྱིད་འཚོལ་བའི་ཤེས་ལྡན་པ་སྐོར་ཞིག་དང་།   འཚོ་བ་ལྷིང་འཇགས་སུ་སྒོམ་པའི་མི་རྣམས་འདུས་ཤིང་།   ཞེ་སྡང་གི་སྣང་བ་བོར་གཏོར་ཐེབས་ཤིང་།   ཕྲག་དོག་གི་རྩོད་ཉོག་བརྗེད་དུ་ཐལ་བའི་བྱིས་པ་འགའ་སླར་ཡང་པར་ལྡེབས་སུ་ཤར།  གློག་བརྙན་བསྟན་ནས་དུས་ཚོད་ངེས་ཅན་ཞིག་འགོར་ཟིན་པ་ཤེས་ཤིང་།  ཁོ་མོ་འཕྲེད་དུ་ཉལ་བའི་རྣམ་འགྱུར་དེ་ནི་ཉ་ཡི་བུ་མོ་པང་དུ་ལྷུང་བ་དང་འདྲ་ནའང་། ལྟ་མཁན་རྣམས་རིམ་བཞིན་གཉིས་ཆ་གཉིས་ཆ་བྱས་ཏེ་རྒྱ་ལམ་གྱི་ཕྱོགས་བཞི་མཚམས་བརྒྱད་དུ་གྲོལ།   སྒྲོལ་མ་རིག་འཛིན་ལགས།   ཆར་བ་སླར་ཡང་ཤག་ཤག་འབབ་པའི་དུས་གང་ཡིན་དུ་ཁྱེད་ནི་ལམ་འགྲམ་དུ་འགྲེངས་ཏེ་གླ་གཏོང་འཇེབ་འཁོར་ལ་ལག་གཡུག་བྱ་མཁན་དེ་ཡིན་ན།  ང་མ་བརྗེད་པར་གནས་དེར་མཉམ་དུ་འཁྲིད་རོགས་ཞུ།།

 
 
སྒྲོལ་མ་རིག་འཛིན་ལ་ཕུལ་བ།༥
[ 2013-2-11 1:29:44 | By: smdj ]
 
 

སྒྲོལ་མ་རིག་འཛིན་ལ་ཕུལ་བ།

ཉིན་ཐོ་ལྟ་བུའི་ཁ་བརྡ

གྲང་ངར་གྱིས་བཅུམས་པའི་དགུན་གཞུང་ཞིག་ན།   ངའི་ཕ་ཡུལ་གྱི་འབྲོག་སྡེ་དེ་སྔར་བཞིན་ཞོགས་སྤྲིན་གྱིས་བཏུམས་པའི་གསེང་རས་དེའི་འོག་ཏུ་ནས་འབྲུ་དཀར་ནག་གི་ཐང་མ་བརྡལ་བ་ཇི་བཞིན།  ལག་པའི་མཐིལ་དང་མིག་གི་དཀྱིལ་ན་གསལ་ལྷིང་ངེར་བདག་གི་མིག་མང་གདིང་བའི་སྟན་རིས་དེ་ཡིན་ཡང་སྲིད།    ངལ་གསོའི་སྐབས་ཤིག་ལ་འདི་ལྟར་སྡོད་པའི་རང་ཅག་གི་ལས་ཀ་ནི་སེམས་པའི་ངལ་དུབ་བརྗེད་དུ་རེ་བའི་སྟོང་བསམ་དེ་མ་ཡིན་ནམ།   གཞོགས་ཤིག་ན་ང་ལས་རྒན་པའི་ཕ་སྤུན་དེས་མི་གཤིས་བརྟན་པོ་གླེན་འཛུམ་དེར་གཏིང་ལོན་དཀའ་བའི་སྣང་བ་ཞིག་འཁོར་དགོས་བྱུང་ཞིང་།    ཕྲ་འཕྲིན་ལས་གྲགས་པའི་ཆོས་བཤད་དེར་སྲོལ་རྒྱུན་རྒན་པོའི་གཉིད་ལབ་ལྟར་ན་གཞོན་ཚོས་རྟ་བྲོ་འཁྲབ་པའི་འཚུབ་ཆ་ཤིག་ཤིག་ཏུ་དོ་སྣང་བྱ་མཁན་མེད་ནའང་།   ངས་བཀླགས་པའི་དཔེ་ཆོས་སྣ་ཚོགས་ཀྱི་གསེབ་ཏུ་བྱེའུ་བཞིན་འཕུར་སྡེབ་བྱེད་ཀྱིན་པ་དེ་ནི་བདག་གི་སེམས་པ་གཤོག་པ་ཅན་དེ་ཡིན་ཞིང་།   གཅིག་མཐུན་གྱི་དགའ་ཁ་འཁྱེར་ཕྱོགས་དེ་ཡང་འདི་ལས་གཞན་དུ་ཆེར་མེད་ཅེས་བཤད་ན།    ཁྲོ་བོ་ཕྲག་དོག་གི་རྣམ་ཤེས་ལྷོག་ལྷོག་གདུ་བའི་འཇིགས་ཉམས་ཅན་དུ་མ་མདུན་གྱི་གར་སྟེགས་ལ་བུད་དེ།   སྡིགས་མཛུབ་སྟོན་པས་ལྐོག་མདའ་རིང་ཐུང་གཉིས་ཐུར་མ་འཐོར་བ་ཇི་བཞིན་ང་ཚོའི་ཅན་ཁ་དེར་འབབ་ངེས་པ་ནི་དབྱར་ཁའི་དྲག་ཆར་མ་ཡིན་ནའང་།  མི་སེམས་ཤོག་དཀར་གྱི་ཞྭ་མོ་དེ་བརླན་དུ་མི་སྦངས་པའི་ཐབས་ཤེས་ཤིག་ཁྱོན་ནས་མི་འདུག  རེད་ལགས།  དང་པོ་དེ་འདྲ་ན་ཚོད་རྒན་པས་ཚུལ་དུ་རྒྱ་ཆེར་གཡེལ་བའི་ཆེ་བཤད་དང་གསལ་དྭངས་ངེས་གནས་ལུགས་ཚོ་རྡོ་སྒྲིག་པའི་རྩིག་བཟོ་བ་ཞིག་དང་ལྷན་དུ་ཁྱེད་ཀྱི་སྒོ་དྲུང་དུ་ཐོན་ཞིང་། ཆོ་འཕྲུལ་སྣ་ཚོགས་བསྒྱུར་བའི་སྒྱུ་མའི་ཐང་ཆེན་དུ་བརྩེ་དུང་གི་གཏམ་རྒྱུད་འཚོལ་དུ་སོང་ནའང་།   དེ་རིང་ཇི་བཞིན་ཁྱོད་དྲན་པའི་གློ་བུར་བའི་སྣང་བ་དེ་རྟ་རྒོད་ཇི་བཞིན་ཕུགས་ཀྱི་ལུང་བར་རྟོད་ཐབས་བྲལ།   ཁ་པར་ལས་ཨང་ཀི་རྣམས་གོ་རིམ་མ་འཁྲུག་པར་རྟེན་འབྲེལ་གྱི་ཕར་སྣེ་ལ་ཆ་རྒྱུས་ཤིག་གསལ་བཤད་བྱེད་པ་ཇི་བཞིན་ལམ་ལ་ཆས།   ལམ་དར་དེ་སྤྲུལ་གྱི་འཁྱུག་འགྲོས་ལྟར་གློག་རླབས་ཀྱི་ཁྱུང་ཆེན་ལ་སྦྲུལ་ཏེ།   ས་པད་མ་ལྟ་བུའི་ཞིང་ཁམས་སུ་གནས་པའི་ཁྱོད་འཚོལ་དུ་འཕུར་སོང་།   སྒྲོལ་མ་རིག་འཛིན།   ངའི་སེམས་ཀྱི་ཞིང་ཁམས་ན་གཉིད་དུ་ཡུར་བའི་ལྷ་བུ་དཀར་ནག་གཉིས་གཞི་གཅིག་ཏུ་འདྲིས་པ་དེ་ནི་ལྷ་སའི་བར་སྐོར་ན་ཚོང་ཁྲོམ་དུ་བཤམས་པའི་གཟུ་མིག་གསུམ་པ་དེ་ཡིན་ནམ།།

 
 
ལོ་གསར་བཟང་།
[ 2013-2-8 23:02:17 | By: smdj ]
 
 

ལོ་གསར་བཟང་།

 

༇།།དུས་དང་རྣམ་པ་ཀུན་ཏུ་རྩོམ་རིག་གི་རྩེད་རོགས་འབྲལ་མེད་དུ་འཁྲིད་པའི་ཤེས་ལྡན་པའི་དཔུང་སྡེ་གསར་བ་ཞིག་སྟེ།   མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ཀྱི་རྩོམ་སྒྲིག་པ་དང་དྲ་གྲོགས་ལྷན་རྒྱས་རྣམ་པར་ལོ་གསར་བའི་ནང་དུ་བྱ་བ་ལམ་འགྲོ་དང་།  སྐུ་ལུས་བདེ་ཐང་འོང་བའི་བཀྲིས་སྨོན་འདུན་ཞུས་པ་ཡིན་ལགས།།

༢༠༡༣     

 
 
བོད་གཞས་སྐོར་གྱི་ཁ་བརྡ།
[ 2013-2-5 0:27:20 | By: smdj ]
 
 

བོད་གཞས་སྐོར་གྱི་ཁ་བརྡ།

 

སྤྱིར་བཏང་བོད་གཞས་ཀྱི་རྒྱབ་ལྗོངས་ལ་བལྟས་ཚེ་དེ་འདྲའི་ཡིད་དུ་འོང་བ་ཞིག་མ་རེད།  ཆེད་དམིགས་ཀྱི་ལས་གཞི་དང་།   ཆེད་དམིགས་ཀྱི་བསླབ་གཞི་མེད་པ་ཇི་བཞིན་ཉམ་ཆུང་ཚུལ་མཐུན་དུ་གནས་འདུག་པ་རེད།རྒྱུ་མཚན་ནི་བོད་པའི་གླུ་བ་ཚོའི་གོང་ཐང་ནི་སྤྲེའུའི་སྐེ་ལ་མེ་ཏོག་གི་ཕྲེང་བ་བསྐོན་པ་ཙམ་རེད། དེ་ལྟར་བོད་གཞས་ལེགས་པར་སྨིན་པའི་ཞིང་ས་ནི་རྫི་བོ་རི་ལ་འཁྱམས་དུས་ཀྱི་སེམས་ཁམས་དབྱངས་སུ་གྱེར་བའི་སྣང་ཚུལ་ཞིག་དང་།   སོ་ནམ་པ་ཞིང་ཚིགས་སུ་སླེབས་དུས་ཀྱི་སེམས་ཁམས་དབྱངས་སུ་གྱེར་བའི་སྣང་ཚུལ་ཞིག།ཡང་ན་རྔོན་པ་རི་ལ་འགྲོ་དུས་ཀྱི་སེམས་ཁམས་དབྱངས་སུ་གྱེར་བ་ཞིག་གམ།   ཕོ་མོའི་དྲན་སྣང་གི་ངད་ཁ་གླུ་རུ་འགུག་པའི་སྣང་ཚུལ་སོགས་ཧ་ཅང་མང་།   དེ་ལྟར་བོད་མི་སེར་ངལ་རྩོལ་བའི་སེམས་ཁམས་ནས་རྡོལ་བའི་སྣ་གླུ་དག་མཐར་སྒྲ་སྙན་དུ་དཀྲོལ་བ་ཙམ་གྱི་རྒྱུད་རིམ་ཞིག་རེད།  ཡང་ན་སྤྱི་ཚོགས་ནང་གོང་ཐང་ཟིན་མིན་གྱི་སྟེང་ནས་བལྟས་ཚེ།      བོད་གཞས་ལས་ཐོབ་པ་ནི་དཔོན་པོའི་མདུན་དུ་གུས་ཉམས་ཆེན་པོས་གཞས་འབུལ་བྱེད་པའི་གཡོག་ཚང་གི་ལས་ཀ་ཞིག་ཡིན་ཙ་ན།  ད་ལྟའི་རྡུང་ལེན་པའི་ཕྱི་ནང་གི་རྣམ་འགྱུར་ཡང་དེ་འདྲ་ཞིག་ཏུ་འགྱུར་མེད་དམ་སྙམ།   དེ་ནི་བོད་པའི་སྤྱི་ཚོགས་ཡར་སྔོན་དག་གི་ལོ་རྒྱུས་ནས་མངོན་འོང་བའམ་ཡོད་འོས་པའི་གོང་ཐང་གི་གནས་བབ་རང་རེད།  དེ་འདྲ་དཔེ་ལྟོས་པ་ཅན་གྱི་ལམ་ནས་ཞིབ་འཇུག་རེ་བྱས་ཚེ་བོད་གཞས་ཀྱི་འཕེལ་རྒྱས་ལ་དགག་རིམ་པར་ཕྲད་ཅིང་དེ་བཞིན་དེ་ཉིད་དར་སྤེལ་ལ་མཐོང་ཆེན་གཏན་ནས་མ་བྱས་པ་རེད།  མ་གཞི་བོད་ཀྱི་སྲོལ་རྒྱུན་རིག་གནས་སམ་ཆོས་ལུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མི་ཆོས་རིག་གནས་ཀྱི་གསོན་ཤུགས་རྡོག་རུལ་གཏོང་གིན་ཡོད་དེ།  མདོར་ན་སྒྱུ་རྩལ་རིག་གནས་ཡོད་ཚད་ཆོས་ལུགས་ཀྱི་རྩ་བ་དང་རྒྱུད་པར་ཨ་ལོང་དགུ་དྲིལ་དུ་བཅོས་ནས་ཞབས་འདེགས་ཞུ་བའི་ཡོ་བྱད་དུ་བཅོས་ཡོད་པ་རེད།    དེ་ནི་བོད་པའི་ཆབ་སྲིད་དང་ཆོས་ལུགས་གཉིས་སྟར་སོ་རེ་མོས་བཞིན་བོད་མི་སེར་གྱི་ལུས་སེམས་གཉིས་ཀ་བདག་དབང་དུ་བསྣོས་ཡོད་པའི་རྒྱུ་རྐྱེན་དང་འབྲེལ་བ་དམ་ཟབ་ཡོད་པས་ཡིན་ལ། སྐབས་ཤིག་རིང་བོད་ལ་མཚོན་ན་ཡོད་ཚད་ཆོས་ལུགས་ཡིན་པ་རེད། གལ་སྲིད་བོད་ལའང་རྒྱ་ནག་གི༼སཽང་ཙིའི་དམག་ཇུས༽ལྟ་བུའི་རྒྱལ་འདོད་རིང་ལུགས་ཀྱི་རིག་ལམ་ཞིག་ཡོད་ན་འཇིག་རྟེན་སྒྲུབ་པའི་ཐབས་ལ་བཟང་རྒྱུ་རེད་འདོད།  གཙོ་བོ་ཡོངས་ཁྱབ་ཏུ་སྒྱུ་རྩལ་བ་འམ་སྒྱུ་རྩལ་ཟེར་བ་སོགས་བཟོ་རིག་པའི་སྐོར་ཡང་ཆོས་ལུགས་ཀྱི་ཁྱབ་ཁོངས་སུ་བཅོས་པའམ་བཙན་ཁྲིད་བྱས་ཏེ་དབང་འཛིན་པའི་བླ་དྲག་དང་སྐུ་དྲག་ལ་ཐུགས་གསོས་ཞབས་ཏོག་པ་ཙམ་གྱི་ལས་ཀ་སྤྲད་ཡོད་པ་ལས་མི་སེར་གྱི་སྒྱུ་རྩལ་ལ་རང་རྐྱ་འཕེལ་བར་གུ་ཡངས་ཏན་ཏན་སྤྲད་མེད་པ་མཐོང་ཐུབ།   དཔེར་བཞག་ནས་བཤད་ན་བོད་ཀྱི་རིག་གནས་གང་ཡིན་ལ་ཆོས་ལུགས་ཀྱིས་བེད་སྤྱོད་ཡག་པོ་བྱས་ཡོད་པ་རེད་དེ།   མཛེས་རྩལ་གཅིག་པུའི་སྟེང་ལ་བལྟས་ནའང་ཐང་ཀའི་མ་ལག་གི་འབྲི་ལུགས་གང་དང་ཅི་ཡོད།  གསོ་བ་རིག་པའི་ཐད་དུ་འང་དེ་ལྟར་ཆོས་ལུགས་ཀྱི་སྡིག་སྒྲིབ་སྨིན་པའི་ལུགས་ནས་ལྷན་ཐབས་སུ་བཅོས་ཡོད་པ་སོགས།   ཆོས་ལུགས་ཀྱིས་སེམས་ཁམས་བདག་གིར་འཁྲིད་པར་གོ་གནས་མི་དམན་པ་བཟུང་ཡོད་པ་རེད།   གསལ་བཤད་བྱ་དགོས་པ་ཞིག་ནི།  ཆོས་ལུགས་དེ་སྒྱུ་རྩལ་གྱི་ཁྱབ་ཁོངས་ནས་འདའ་ཐུབ་པའམ་འདའ་ཐུབ་སྟེ་ཆོས་ལུགས་རང་སྐྱ་ཐུབ་པའི་སྐོར་ལ་ནང་བ་སངས་རྒྱས་པའི་ཆོས་ལུགས་ལས་ཕར་ཕྱིན་གྱི་སྐབས་རེད་འདོད། དེ་ལྟར་སྐབས་འདི་དག་ལ་རང་རེར་ཆོས་ལུགས་ཀྱིས་འཇིག་རྟེན་འཁོར་བ་མ་འགྲུབ་པ་དང་ཆབ་སྲིད་ཀྱིས་གཡོ་སྒྱུ་མ་ཟིན་པར་ལས་ཀའི་ཁྱབ་ཁོངས་མཐའ་དག་ནས་ཕམ་ཁ་རིམ་པར་ཉོས་པ་དེ་ནི་བོད་པའི་མི་ཆོས་རིགས་གནས་གཙོ་བོར་ངོས་མ་ཟིན་པའམ། ཆོས་ལུགས་རང་སྟེང་གི་མ་འདང་སའམ་ཆོས་ལུགས་ཀྱི་ཞན་ཆ་རུ་བལྟ་དགོས་པ་མ་ཡིན་ནམ་སྙམ།   གཞུང་གང་མོས་ནས་མཆོད་པར་བརྗོད་པའི་ལས་གང་ཡང་དེ་ལྟ་བུ་ཆགས་ཡོད་པ་རེད་དེ་སྙན་ངག་ཀྱང་དེ་བཞིན་ལགས།བོད་གཞས་པའི་རྣམ་པ་དང་འཚོ་བའི་འགུལ་སྐྱོད་ཀྱི་སྔུན་མ་འམ་ཡང་ཐོག་ནི་སྤྲང་པོས་ཟས་སློང་གི་ལས་ཀ་དང་གླུ་དེ་ལག་ཆ་ལྟ་བུར་བེད་སྤྱོད་བྱས་ཏེ་རིམ་པར་ཁྲོམ་ཆེན་བསྟོད་པའི་གླུ་ཡི་རྣམ་པར་འཕོས་ཏེ་འགྱུར་བ་ཆེན་པོ་ཐེབས་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། ལྷག་པར་དུ་དེང་སང་རྡུང་ལེན་པ་ཞེས་པའི་ལས་རིགས་དེར་སྤྱི་ཚོགས་སྟེང་ལྟ་སྟངས་དེ་འདྲ་ཡག་པོའམ་ཡང་དག་པ་ཞིག་མེད་པ་དང་། ལྷག་ཏུ་རང་མོས་སྙན་ངག་པ་མང་ཕྱོགས་ལ་མཚོན་ན་རྡུང་ལེན་པར་ལྟ་སྟངས་ཁྱད་དུ་དམན་པ་དེ་ལྟ་བུ་ཞིག་རེད། གང་ལྟར་རྡུང་ལེན་པ་སྤྲང་ཀོག་གི་ལས་ཀ་ཞིག་སྤྱི་ཚོགས་ཀྱི་འཕེལ་རིམ་དང་བསྡོངས་ནས་མང་བོའི་དབུས་ཀྱི་གར་སྟེགས་སུ་ཐོན་པ་ཙམ་གྱི་ཁ་མིག་གི་བར་ཐག་དེ་ནི་ལོ་རྒྱུས་ཤིག་ཡིན་ཞིང་།   རང་རེའི་མེས་པོས་གནང་བའི་སྟོང་ཆ་ཕྲ་རགས་ཀྱི་སྐོར་ལ་ངེས་པར་དུ་ཡང་དག་པའི་བསམ་གཞིགས་གཟུ་མོ་ཞིག་གཏོང་དགོས་པ་རེད་མ་གཏོགས།  རྡུང་ལེན་པ་ཞེས་ཐུར་འདེད་ཀྱི་རྣམ་འགྱུར་དེ་ནི་ཡོན་ཏན་པའི་ལས་ཀར་མི་འགྲོ་བ་འདྲ།   དེ་བཞིན་རྡུང་ལེན་ནམ་བོད་གཞས་ཀྱི་ཐད་ནས་ཡང་ལས་ཀ་བ་དང་རྡུང་ལེན་རིག་གནས་དེ་རང་སར་རྩ་བ་བརྟན་པོར་ཆགས་ཐུབ་མེད་པའི་གནས་ཚུལ་འདི་ལ་བལྟས་ཚེ་གནད་དོན་གང་མང་ཞིག་ལྷགས་ཡོད་པ་རེད།དཔེར་ན་བོད་གཞས་ཟེར་བ་དེ་ནི་འབྲོང་རྭའི་སྒྲ་གྲག་ཚད་ལྟ་བུ་ལ་གོ་དགོས་པ་ཡིན་ནམ།  སྒྲ་སྙན་གྱི་སྐུད་སྒྲ་ལྡིར་བ་ཙམ་ཡིན།   ཡང་ན་དུང་ཆེན་གྲག་མ་ཐག་ཆོས་འདོན་པའི་སྣང་བ་དང་།  རྒྱ་གླིང་དང་སྦུག་ཆལ་གྲག་མ་ཐག་བླ་མ་ཞིག་ཕེབས་བསུ་ཞུ་བའི་སྣང་བ་འཆར་བ་སོགས་ཆོས་ལུགས་ཀྱི་སྣང་ཚུལ་ཡོད་ཚད་ལྟ་བུ་ཡིན་ནམ།   ཕྱི་རོལ་གྱི་ལོ་རྒྱུས་སམ་སྔོན་ཐོན་ཡིན་པའི་རྒྱལ་ཁམས་གཞན་གྱི་གླུ་གཞས་ཀྱི་འཕེལ་རྒྱས་ལ་སོགས་པར་ལྟ་རྟོགས་བྱས་ཚེ།  བོད་ལ་ལྷགས་པ་ནི་སྐབས་འདིར་མི་སེར་སྤྱི་བཏང་བ་ལ་ལ་གླུ་ཟེར་བའམ་ལ་གཞས་ཟེར་བ་དེ་འདྲ་རང་རེད་དེ།  བརྩེ་བ་གཙོ་བོར་འཛིན་དགོས་པའི་བརྩམ་ཆོས་གང་ཡིན་ལ་མཐོང་ཆེན་བྱ་དགོས་པ་རེད།    དེ་ནི་མི་སེར་ཁོ་ན་ལ་དབང་བའི་བརྩེ་བ་རང་ཡན་པ་མཚོན་བྱེད་ཀྱི་གླུ་གཞས་རེད།དཔེར་ན་ལ་གཞས་ཀྱི་ཐད་ནས་སྡེ་ཚན་སོགས་ཀྱང་རིམ་པར་ཕྱེ་སྲོལ་ཡོད་པ་སྟེ།   བརྩེ་བའི་སྐོར།  མཐུན་པའི་སྐོར།  དྲན་པའི་སྐོར།   འགལ་བའི་སྐོར།   དག་སེལ་གྱི་སྐོར་སོགས་ལྟ་བུ་ནི་མི་སེར་གྱིས་རྩོལ་བ་ཁོ་ནས་སྒྲུབ་པའི་རང་དབང་རྩོམ་རིག་སྣ་གཅིག་ཏུ་འགྱུར་བ་ནི་སྣང་ཆུང་བྱ་མི་རུང་བའི་ཚད་དུ་གནས་ཡོད། ནམ་རྒྱུན་དེ་ལྟར་ཞིབ་འཇུག་ཙམ་བྱས་ཚེ་བོད་འདི་ངོ་མ་མྱི་གཤིས་人性文化ཟད་པའི་མི་རིགས་ཤིག་ཏུ་འགྱུར་ཟིན་པའི་སྣང་བ་འགོག་ཐབས་མི་འདུག་སྟེ།  དམ་པའི་ཆོས་ལ་ལོག་ལྟ་སྐྱེད་པ་ལྟར་སེམས་ཁམས་ཡོངས་སུ་འཐིབས་བྱུང་།འོན་ཀྱང་མི་ལའི་མགུར་གླུ་སོགས་ཀྱི་ཆེ་བ་དེ་ཆོས་ལུགས་ཀྱི་སྐྱེས་རབས་རྣམ་ཐར་གྱི་ཁོངས་སུ་འཇོག་དགོས་པ་ལས་མི་སེར་གང་མོས་ཀྱི་གླུ་ཡི་སྡེ་ཚན་དུ་བཞག་ན་ཡང་བསྐྱར་ཆོས་ལུགས་ཀྱིས་སྒྱུ་རྩལ་བེད་སྤྱོད་བྱེད་པའི་གནད་དོན་ལ་ཐུག་འདུག་པ་བཅོས་ཐབས་དཀའ།   གང་ལྟར་བོད་པའི་གཞས་པ་ཚོས་འཛམ་གླིང་གི་མི་ཆོས་རིག་གནས་ཀྱི་མ་ལག་ཆ་ཚང་རེར་ལྟ་ཀློག་བྱས་ན་ཕན་པ་ཆེན་པོ་ཡོད།ངས་རྒྱུན་པར་འདི་ལྟར་དཔེར་ན་བོད་ལའང་སྲོལ་རྒྱུན་རོལ་དབྱངས་ཀྱི་བརྩམ་ཆོས་ཏེ།  རྒྱ་ནག་གི་གནའ་བོའི་རོལ་དབྱངས། ཀོས་ཏྲིན་གཙོ་དཀྲོལ་གྱི༼རི་གཟར་རྦབ་ཆུ༽ལྟ་བུའི་བརྩམ་ཆོས་རེ་ཡོད་ཚེ་བོད་པའི་གཞས་པ་ཚོ་འང་རྡུང་ལེན་ཙམ་ནས་འཕགས་ཡོད་པའམ་འཕགས་ཐུབ་པར་གདོན་མི་ཟའོ།།

༢༠༡༣

 
 
གཡང་ཕྱུག་འཚོ།
[ 2013-2-3 6:14:41 | By: smdj ]
 
 

                                                 གཡང་ཕྱུག་འཚོ།

                                             

                                           གློག་འོད་ཀྱི་གུར་དུ

                                           གཟིམ་མ་སད་ཀྱི་བུ་མོ

                                           དབྱངས་ཀྱི་ཆུ་བཞུར

                                           གར་གྱིས་ས་གཡོས

                                          ཆགས་ཉམས་ཀྱི་ལྟ་སྟངས

                                          མེ་ཡི་དཔལ

                                          འདོད་ལྡན་གྱི་གཙང་བོ་ཁོལ

                                          སྐེད་པའི་སྦྲུལ

                                          ཆགས་པའི་སེམས་ལ་འཁྱུད

                                          གཡང་ཕྱུག་འཚོ

                                          ཧི་མ་ལ་ཡའི་སྲས་མོ།།

གསལ་བཤད།གཡང་ཕྱུག་འཚོའི་གླུ་དབྱངས་༼ཧི་མ་ལ་ཡའི་སྲས་མོ༽ལ་མཉན་རྗེས་བྲིས་པ་ཡིན།འབྲེལ་སྒྲ་དགུ་ལྡན་གྱི་སྙན་ཚིག་འདི་གླུ་དབྱངས་ཀྱི་ཁ་བྱང་དང་མཐུན་པར་འབྲེལ་སྒྲའི་ཕྲད་ཀྱི་སྒྲོག་ལུང་དགུ་དྲིལ་དུ་བྱས་པ་ཡིན་ཞིང་།ཆགས་པའི་རྟེན་འབྱུང་གིས་སྲིད་པ་གསུམ་གཡོ་བའི་ངང་ཚུལ་འདི་སྐྱེ་དགུའི་བདག་པོ་ངོ་མ་བྱོན་པའི་འགྲེལ་བཤད་ཀྱང་མ་ཡིན་ནམ།ང་ཚོས་སྔར་ནས་བུད་མེད་ཀྱི་ལྷན་སྐྱེས་ཆགས་པའི་ཉམས་འགྱུར་ལ་མཐོང་ཆེན་མ་བྱས་པ་དེས་སྒྱུ་རྩལ་གྱི་རྩ་བ་མ་རྙེད་པ་ཇི་བཞིན་བོད་པའི་གླུ་མ་མང་ཆེ་བ་ཆོས་གླུ་དང་ཆབ་སྲིད་ཀྱི་གླུ་དབྱངས་ལེན་མཁན་དུ་བསྐོས་པ་དེས། མི་ཆོས་རང་བཞིན་གྱི་སྒྱུ་རྩལ་བརྩམ་ཆོས་ལ་གཏོར་བརླག་ཚབ་ཆེན་བྱས་ཡོད་དོ།།

 
 
དཔེ་སློག།
[ 2013-2-2 18:36:09 | By: smdj ]
 
 

དཔེ་སློག།

 

ངས་ཉིན་འདི་དག་ལ་རྒྱ་ཡིག་གི་དེབ་སྣ་ཁ་བཅུ་ཕྲག་འགའ་ཡར་སློག་མར་སློག་བྱས་པ་ཡིན།  གློ་བུར་དུ་ང་འགྱུར་གྱིན་འདུག་སྟེ།   དངོས་པོའི་འཕེལ་འགྱུར་གྱི་རང་བཞིན་འཁྲུགས་པ་དང་བསྡོངས་ནས་ང་ཡང་འཇིག་རྟེན་གྱི་ཀློང་ཞིག་ཏུ་རྡུལ་ཕྲན་ཇི་བཞིན་འཚུབ་འཁོར་གྱི་འགྲོས་ཤིག་ཏུ་འདུར་གྱིན་འདུག་ཅིང་།  ཐོན་ངེས་པའི་གནས་ཤིག་ཡོད་པར་སུ་ལའང་གསལ་ཆ་ཁྱོན་ནས་མི་འདུག་མོད།   དཔེ་དེབ་ནས་ཅི་ཞིག་འཚོལ་དགོས་པར་དམིགས་ཡུལ་བོར་ཞིང་ཀླད་པའི་དབྱིངས་སུ་ནར་བའི་ཤེས་རབ་ཀྱི་ལྕགས་ཀྱུ་དེ་གང་ཞིག་ཟིན་མཁན་ནམ་གང་ཞིག་ནས་འཛིན་པར་འགྱུར་བའི་ཉེན་ཁ་རབ་ཏུ་ཆེ་སྟེ།     སྤྲེའུ་ཚོས་སྲོ་མ་འཐུ་བ་ལྟར་དཔེ་སློག་གི་རྣམ་འགྱུར་དེ་ནི་རང་གི་ཚོར་བ་དང་སྣང་ཚུལ་གྱི་ཟ་འཕྲུག་འཇགས་པར་བྱེད་པ་ཙམ་མོ།།

 
 
སྙན་ངག་གི་ལྟེ་ཐག
[ 2013-1-25 0:15:38 | By: smdj ]
 
 

                                     སྙན་ངག་གི་ལྟེ་ཐག

 

                                 ཆང་གི་ཐིགས་པ་འཛར་ལ་ཁད

                                 མཁར་ལྕོག་སྟེང་གི་བྱེའུ་འཕུར་ལ་ཁད

                                 དགུན་གྱི་ཟླ་བ་འདར་ལ་ཁད

                                 སུ་ཞིག་རང་གི་གྲིབ་མའི་ཆེད་དུ་བཟི་སོང

 

                                 ཐེངས་དུ་མར་མི་སྐད་ཀྱི་དྲ་བ

                                 སེམས་པའི་རྐང་ལག་ལ་འཁྱུད་བྱུང

                                 ངས་རང་ཉིད་དང་བཅས་པའི་

                                 དངོས་པོ་ཚང་མ

                                 སིལ་བུར་གཏོར་འདོད།

                                      ༢༠༡༣     ༡         ༢༤

 
 
མེ་ཏོག་མ་ལ་ཕུལ་བ།
[ 2013-1-20 18:10:00 | By: smdj ]
 
                                                     མེ་ཏོག་ལ་ཕུལ་བ།

 

ལགས་སོ་ཞེས་པའི་བརྡ་ལན་སླ་མོ་ཞིག།

ཐར་མོའི་རྩེ་ནས་ཁ་བ་བཞིན་དུ་འཐོར།།

ང་ཚོའི་འབྲོག་རུའི་དགུན་ལྗོངས་སྐྱ་བོ་ལ།།

ཤེས་དཔྱོད་མེ་ཏོག་བཞད་པའི་དུས་དེ་ནམ།།

 

མ་བསམ་ཡིད་སྟོང་གློ་བུར་འཁྲུགས་པ་ཡིས།།

གར་ཡང་སྣ་ཚོགས་སྲིད་པའི་ཐང་ཆེན་དུ།།

སྒྱུ་མའི་འཇོ་སྒེག་ལང་ཚོའི་མེ་ཏོག་ཀྱང་།།

དུས་ཚོད་རྐུན་པོས་ཁྱུར་མིད་བྱེད་པ་དེས།།

ང་ཡང་འཇིགས་པའི་ཚོར་བ་ལེན་མཁན་དུ།།

མ་བསྐོས་བར་ཡང་ཚོགས་སུ་དུད་པ་ཅི།།

 

བཤད་པའི་གནས་ལུགས་འཇའ་ཚོན་རི་མོ་དེ།།

བདག་གི་དཔྱིད་ཀའི་སེམས་ལ་ཤར་བ་འདྲ།།

མེ་ཏོག་འཛུམ་པའི་རྨི་ལམ་ལྗང་ཁུ་ཡང་།།

མི་རྟག་རྩག་ཏུ་མ་ཁྱེར་དགའ་བ་ལ།།

 

སེམས་ཉིད་རྟག་པའི་ཉ་མོ་འཛིན་མཁན་དུ།།

རྫིང་བུའི་འགྲམ་དུ་རྐང་རྗེས་མེད་ནའང་།།

ཟླ་བ་ཁྲུས་ལ་ཞུགས་པའི་ལྟད་མོ་ཞིག།

ལྐོག་མིག་མགྲོན་དུ་འགུག་པ་རྟག་པའི་རིས།།

 

མི་ཁོམ་བྲེལ་བ་འདི་བདེ་སྐྱིད་ཡིན་གཤིས།།

སེམས་ཡན་འཆར་སྒོ་འདི་ཕྱེ་ཁོམ་མེད་པས།།

མི་དགོས་མགྲོན་རྐྱལ་དག་བཏུད་ས་དཀའ་བས།།

རྒྱུ་མཚན་མང་མང་གི་འཆལ་གཏམ་ལུང་བ།།

རེ་ཞིག་ཁུ་སིམ་དུ་བཞག་པའི་གནས་ལུགས།།

གར་ཡང་གང་ལའང་ཡོད་པ་མི་འདུག།

 

ཆུ་ལ་རྒལ་འདོད་ཀྱི་སྲེད་པའི་ལག་བརྡ།།

མ་གཡུག་རྫུན་གཏམ་གྱི་ངོ་གདོང་དམར་བོ།།

བཏུམས་ཀྱང་གྲུ་སྟེང་གི་བལ་སྟན་ཁ་ཆུ།།

བྱིལ་བྱིལ་བྱ་འདོད་ཀྱི་སོར་རྩེའི་ཕྱག་རྒྱ།།

སྦེད་ཀྱང་ཡ་ཐོད་ཀྱི་མེ་ལོང་བདག་མོས།།

མཁྱེན་པའི་འཛུམ་ཆུང་དེ་གཟེར་མདའ་རྣོན་པོ།།

 

ལས་ཀྱི་བགོས་བསྐལ་འདི་མེ་ཏོག་ཆར་བ།།

འབབ་པའི་དུས་ཚིགས་ལ་འགྲོ་ཞོར་བྱམས་པ།།

འཛུམ་པའི་ཐ་སྙད་ཀྱི་མུ་ཏིག་ཚེམས་ཕྲེང་།།

ཡི་གེའི་སྐྱེམས་ཆང་ནས་འཁྲུངས་པའི་བཟི་ཁ།།

ཕྲ་འཕྲིན་གསང་ལམ་ནས་བཞུར་བ་ཡིན་ནམ།།

 

མི་ཁོམ་བྲེལ་བའི་བར་གསེང་ནས།།

སྙན་ཚིག་འབྲུ་མ་གཏོར་མཁན་དུ།།

ཡིན་ཞེས་སོ་ནམ་ཞིང་ས་རུ།།

སྨིན་པའི་སྟོན་ལྗོངས་བརྗེད་ལགས་སམ།།

 

ལས་དབང་བཙན་པོའི་དེད་པ་འམ།།

རང་ཡང་མཚར་སྣང་ཆེ་བ་འམ།།

ཞེ་འདོད་དྲི་མེད་རྙེད་པ་འམ།།

གང་ཡང་དགའ་བའི་འགྲོ་བ་རྣམས།།

འཕྲད་པའི་བསྐལ་བཟང་འཐོབ་པ་འདྲ།།

 

གང་ཞིག་བདེན་པར་མ་བཞེད་མེ་ཏོག་མ།།

རྟག་འཛིན་ལག་ཏུ་རྙེད་པའི་རྡོ་རྗེ་མ།།

བསླུ་བྲིད་རིས་སུ་འཁོར་བའི་རྩེད་དགའ་མ།།

མ་ངེས་ཡིད་བློ་འཁྱོམས་པའི་ཐུགས་ཆུང་མ།།

 

མི་སེམས་གཤིས་སུ་བསྟིམས་པ་ཡི།།

བརྩེ་བའི་ནོར་བུ་ལྗང་ཁུ་མ།།

ལེན་པའི་དེད་དཔོན་ཕུག་རོན་མ།།

ཆུ་སྲིན་རྨི་ལམ་དཀྲོག་མཁན་དུ།།

འགྱུར་བའི་སྡིག་སྒྲིབ་འདག་པ་དཀའ།།

ཞེས་ཚིགས་སུ་བཅད་པ་འདི་ནི་ཕྲ་འཕྲིན་ནས་མེ་ཏོག་མ་ཟེར་བའི་དྲ་གྲོགས་ཤིག་ལ་སྐད་ལན་དུ་བྲིས་པ་འདིར་བཀོད་པ་ཡིན་ལགས།།

 
 
ང་ཚོའི་མིག་དཔེ།
[ 2013-1-6 11:41:57 | By: smdj ]
 
 

ང་ཚོའི་མིག་དཔེ་གང་དུ་ཡོད།

 

ད་ལོའི་དགུན་གནང་ལ་སྔར་བཞིན་ཆུ་ཁ་མ་ཡུལ་ཚོའི་འཆར་གཞི་ཡོད་ཚད་ཐར་ཐོར་དུ་སྣང་བས།    རིག་གནས་གསོ་སྦྱོང་གི་རེ་བ་དེ་སྟོང་ཟད་ཀྱི་འགོ་ཚུགས་སོང་།      སྤྱིར་ཡིན་ན་དགུན་གནང་གི་དུས་ཚོད་འཕྲོ་བརླག་མི་གཏོང་བར་སྡེ་བའི་རུ་གཙོ་སོ་སོར་འཆར་བཀོད་རེ་ཡོད་ན་ཆོག་ཀྱང་།     གླེན་ཤ་རྒྱས་པའི་འབྲོག་དཔོན་ཚོའི་གདོང་ལ་ཉལ་ཐ་འཐེན་མཁན་ཞིག་གི་ཤ་ཉེ་ལྟར་གཉིད་མ་སད་དུ་སྡོད་པའི་བཞིན་མདངས་ཤིག་ཤར་བའི་ངང་ཚུལ་དེ་ནི་རེ་བ་སྟོང་ཟད་ཀྱི་རྒྱུ་ལས་གཞན་མ་མཆིས།    སྐབས་འདི་ལ་ཡུལ་ཚོའི་སྟེང་དུ་སློབ་གྲྭ་བ་ཚོ་ཕྱོགས་ཕྱོགས་ནས་འདུས་ཡོད་པས་རིག་གནས་བགྲོ་གླེང་དང་ཡིག་རྨོངས་སེལ་བའི་བྱ་འགུལ་ཕྲན་ཚེག་རེ་སྤེལ་ན་ཤིན་ཏུ་ལེགས་མོད།     རེ་བ་དེ་རྡོ་འཁྱག་རུམ་དུ་བཅུག་པ་དང་གཉིས་སུ་མ་མཆིས།  རུལ་སུངས་ཀྱི་སྣང་ཚུལ་སྐྱི་གཡའ་བ་འགའ་ལས་སྔར་བཞིན་འབྲོག་པའི་བྱིས་པ་ཚོར་མ་འོང་བར་ཕྱོགས་གང་ཐད་ནས་དཀའ་རྒྱུ་རེད།     གཙོ་བོ་དུས་ཚོད་ཉེར་བཞིའི་ནང་བྱིས་པ་ཚོའི་ཀླད་པའི་ནང་དུ་མི་བཞིན་མཐུན་པའི་ཀུན་སྤྱོད་ཡང་དག་གི་གོམས་གཤིས་མི་ལྡུག་པར།      ཇ་ཁང་ཡིན་ཟེར་བའི་ཁང་མིག་ཕག་ཚང་འདྲ་མ་རེའི་ནང་དུ་ཤོ་འཕེན་ཆང་འཐུང་གི་དུས་འདའ་བར་བྱེད་པའི་འབྲོག་པའི་ཡུལ་ཚོ་རེ་རེ་ན་མྱི་རུལ་སུངས་ཀྱི་ནད་རྟ་སྒྲུང་བར་བྱེད་པའི་མཐུན་རྐྱེན་ཡོངས་སུ་ཚང་འདུག   དེ་བཞིན་ཡིག་སྐད་དུ་གཞི་རིམ་ཡིན་ཟེར་བའི་ལུང་ཀོག་རེ་ན་དུས་དང་མཐུན་པར་སློབ་གསོའི་ཁོར་ཡུག་འོས་འཚམ་ཞིག་མེད་པར་མི་རྒན་ཚོ་གྱང་རྩ་ནས་ཉི་མར་བསྲོས་ཏེ་ཉིན་གང་བོར་སྐོར་འདུས་བྱས་ཏེ་འདུག་པ་དང་།      ན་གཞོན་ཚོས་འཇེབ་འཁོར་ནག་རྡོ་དང་འཕྲུལ་རྟ་རྫབ་ཏོ་རེ་རྡུལ་འཚུབ་བེར་བསྐོར་ནས་རུ་ལག་དང་རུ་ལག་ཙམ་བརྒྱུད་ནས་འཛིང་ཁ་ནོག་མཆུ་བྱེད་པ།    ཁ་ནས་གཏམ་ཡུ་བ་མེད་པ་རྐྱང་བ་ལབ་པ།  དེ་བཞིན་མི་རྒན་ཚོའི་གྲས་སུ་དཔེ་མཚོན་རང་བཞིན་ཅན་གྱི་ཡོན་ཏན་པའམ་རིག་གནས་བགྲོ་གླེང་བྱ་མཁན་དཀོན་པ་དེ་བཤད་ག་ལ་དགོས།   ལོ་རེ་བཞིན་ཡུལ་ཚོ་སོ་སོར་རིག་གནས་རང་བཞིན་ཅན་གྱི་བྱ་འགུལ་སྤེལ་བའི་གོམས་གཤིས་མེད་པ་མ་ཟད།      ཅུང་ཟད་གོ་རྟོགས་ཀྱིས་ཟིན་པའི་ལོ་ཆུང་འགའ་རེས་རིག་གནས་ཀྱི་བྱ་འགུལ་རེ་སྤེལ་གྲབས་བྱས་ཚེ་རྒྱབ་སྐྱོར་རྩ་བ་ནས་མེད་པ།   མདོར་ན་ལོ་ཡི་འཁོར་མོ་དུས་དྲུག་ལ་ཡུལ་ཚོའི་སྟེང་དུ་གཞུང་སྒེར་གང་རུང་གི་དཔེ་ཁང་ངམ་རིག་གནས་རང་བཞིན་གྱི་གཙུག་ལག་ཁང་མེད་པ་སོགས་སྐྱ་ཆད་སྔོ་སྡུག་གི་གནས་ཚུལ་གང་མང་ཞིག་ཡོད་པ་དེ་ནི་ཡུལ་དཔོན་གླེན་ཤ་རྒྱས་པའི་གདོང་དང་སེམས་པའི་བར་གསེང་ལ་ཚ་ཤད་ཙམ་ཡང་རྒྱུག་པའི་ཚོར་སྣང་མེད་པ་དེ་འཇིགས་སུ་རུང་བ་ཞིག་མ་ཡིན་ནམ།།

 
 
ཟོག་རྫི་རྣམས་ལ།
[ 2013-1-5 11:19:34 | By: smdj ]
 
 

ཟོག་རྫི་རྣམས་ལ།

 

ཟོག་རྫི་ཡིག་ལོང་བ་ཇེ་མང་རེད།   ཁོ་ཚོས་རང་ཉིད་ནི་ཟོག་རྫི་ཞིག་ཡིན་པས།   ཡི་གེ་མི་ཤེས་ཟེར།དེ་བཞིན་ཡི་གེ་མི་ཤེས་ཟེར་བ་དེ་ཡང་བརྒྱན་ཆ་ལྟ་བུ་ཞིག་གམ་རང་མཚན་དུ་འཇོག་གི་ཡོད་པར་སྣང་།  གལ་ཏེ་ཟོག་རྫི་རང་སྟེང་ནས་གོམས་གཤིས་འདི་སྒྱུར་དགོས་པའི་འདུན་པ་ཙམ་ཡོད་ནའང་།   ང་ཚོས་ཕན་ཚུན་ལ་བཀའ་ལོག་བྱ་དགོས་པ་མི་འདུག་སྟེ།    ཡོན་ཏན་ནི་མ་བགོས་ཐུན་མོང་གི་ལག་ཆ་ཡིན་ཞིང་།   བུ་སུ་སྐྱེས་ཀྱི་བགོས་ནོར་རེད།   དེ་བཞིན་རང་སྦྱོང་གི་གོམས་གཤིས་ཤིག་ཆགས་དགོས་པ་ནི་འཕྲལ་དུ་གོ་བརྡ་འདི་རྟོགས་པར་སྔོན་འགྲོ་མེད་དུ་མི་རུང་བ་ཞིག་རེད།།

 
 
ད་ལོའི་སྙན་ངག །
[ 2013-1-4 9:31:26 | By: smdj ]
 
 

                                           ད་ལོའི་སྙན་ངག།

                                   

                                    མི་སེམས་ནག་རོག་གེར།

                                    ཉི་མ་མེད་པ་ཇི་བཞིན

                                   

                                    གསོན་པོ་རྣམས་ཅི་ཐུབ་ཀྱིས་འགུལ

                                    མུན་དོང་ལ་སྤར་སྙོབ་བྱེད་པ་ཇི་བཞིན

                                    ལོ་སྔུན་མ་བཞིན   ཅི་ཡང་རྙེད་མི་སྲིད་པ

                                   

                                    ཙིར་ཙིར་གྲག་པའི་ཤིང་སྒོ་ཇི་བཞིན

                                    ཉིས་སྟོང་བཅུ་གསུམ་གྱི་སྒོ་མོ་ཕྱེས་བྱུང་།

                                               

                                              ༢༠༡༣ལོའི་སྙན་ངག་དང་པོ།

 
 
འཐུས་མི་འཐུས་མི།
[ 2013-1-2 14:28:42 | By: smdj ]
 
 

འཐུས་མི།འཐུས་མི།

 

རྨ་ཆུ་རྫོང་གི་ཡུལ་ཚོ་སོ་སོའི་གཞི་རིམ་འཐུས་མིའི་ཁྲོད་དུ་སེར་མོ་བ་བོད་ཡིག་ཤེས་མཁན་འགའ་ལས་དེ་བྱིངས་ཀྱི་རྒན་ཀོག་ཚོའི་ཁྲོད་དུ་སློབ་ཆུང་ལོ་རིམ་གཉིས་པའི་རིག་གནས་ཆུ་ཚད་ཡོད་པ་གཅིག་ཀྱང་མི་འདུག་ཟེར།  གལ་སྲིད་སྔར་བཞིན་འཐུས་མི་རྣམས་རྒན་ཀོག་ནུས་མེད་དང་ཡིག་རྨོངས་པའི་བཀང་ན་འབངས་མི་སེར་གྱི་འཚོ་དོན་གསར་བའི་ཇུས་གཞི་གང་ཡག་ཅིག་ལག་ཏུ་བསྟར་བའམ།མི་རིགས་རང་སྐྱོང་སྲིད་ཇུས་ཀྱི་འབྲས་བུ་ཡག་པོ་ཞིག་ཐོགས་ཐུབ་པར་རེ་བ་ཞིག་ཡོད་དམ། །

 
 
རང་རློམ།
[ 2012-12-30 19:55:22 | By: smdj ]
 

                                                           རང་རློམ། 

དུས་རྒྱུན་པར་རྩོམ་ཡིག་འབྲི་མཁན་ཚོས་འདི་ལྟར། ཀུན་གྱིས་ཀླད་ཤེས་ནས་མ་རྟོགས་པ་ཞིག་གམ་ཚོར་ཤེས་ཀྱིས་མ་ཟིན་པ་ཞིག་རང་གིས་མཁྱེན་མདོག་ངང་ཕ་རོལ་བོ་ལ་སྐད་སིང་སིང་སྒོས་བསླབ་པར་བྱ་བའམ་ལེགས་ཉེས་ཀྱི་བླང་དོར་སོགས་རང་གིས་ཤེས་ཅོག་ཅོག་མང་ཚད་ཅིག་གང་སར་སྒྲོག་ཅི་ནུས་བྱེད་ཀྱིན་པ་དེ་ནི་རང་རློམ་གྱི་ཆེ་བ་མཚོན་ཚུལ་ཙམ་ལས་ཅི་ཡང་མི་འདུག་སྟེ།  ཐོག་མར་ཤེས་དགོས་པ་ནི་ཕ་རོལ་བོ་ནི་མི་ཀླད་ཆ་ཚང་ཏག་ཏག་གི་བདག་པོ་ཡིན་པས་རང་ཉིད་ཁ་མང་སོང་བ་ཙམ་དུ་མི་འདུག་གམ། དཔེར་ན་ཆོས་ལུགས་དང་སྲིད་ལུགས། རྩོམ་རིག་དང་ལོ་རྒྱུས།  ཐ་ན་ཚན་རིག་སོགས་ཀྱང་བཤད་དེ།   གང་ཞིག་འགྲིག་མིན་གྱི་འཁྲུན་ཐག་གཅོད་པར་མོས་པ་དེ་ནི་རང་རློམ་གྱི་རྔ་མ་ཐང་དུ་འདྲུད་པའི་དཔེ་མཚོན་བཟང་པོ་ཞིག་རེད།།

 
 
དཔེ་ཆ་འདོན་པ།
[ 2012-12-29 21:48:07 | By: smdj ]
 
 

དཔེ་ཆ་འདོན་པ།

 

རྐྱལ་སྟོང་གི་འཚོ་བ་ངོམ་མེད་དུ་སྤྱོད་བཞིན་པའི་དེང་གི་དུས་སུ་དཔེ་ཆ་ཀློག་དགོས་པའི་གཏམ་དེ་ནི་ཁོ་ཚོ་དང་གཏན་འབྲེལ་བ་མེད་པ་ཞིག་ཏུ་ལྟ་ཡང་སྲིད།   ངས་དགེ་གྲོགས་རྣམས་ལ་དཔེ་ཆ་ཀློག་པ་ནི་ཀླད་ཤུགས་དང་ལུས་ཕུང་ངལ་གསོ་བའམ་རྒྱུན་ལྡན་གྱི་འཚོ་བའི་ནང་དུ་བདེ་ཐང་གི་འགུལ་སྐྱོད་མེད་དུ་མི་རུང་བའི་གོམས་གཤིས་བཟང་བོ་ཞིག་ཡིན་པས།   དུས་ཚོད་རྒྱུན་བསྲིང་ངང་ཉིན་ལྟར་དཔེ་ཆ་ཀློག་པར་སྐུལ་མ་ཅི་ནུས་གཏོང་དགོས་པ་ནི་རླབས་ཆེན་གྱི་རྟོགས་སད་ཅིག་རེད་ཅེས་ཀྱང་བཤད་མྱོང་།   དེ་བཞིན་མི་ཚང་མས་དཔེ་ཆ་ཀློག་པ་དེ་ནི་རྒྱུན་ལྡན་འཚོ་བའི་ནང་གལ་ཆེན་གྱི་དོན་དག་ཅིག་ཏུ་གོ་བ་བླང་ན་ཧ་ཅང་ལེགས་ཏེ།   ད་གཟོད་ང་ཚོས་མི་དང་སྲོག་ཆགས་བར་གྱི་ཁྱད་པར་འབྱེད་ཐུབ་རྒྱུ་རེད་ལ།  མི་ཚེར་ཐེབས་པའི་དཀའ་གནད་མང་པོ་ཞིག་ཀྱང་བཀྲོལ་ཐུབ་རྒྱུ་རེད། གལ་ཏེ་ཉིན་རྒྱུན་དཔེ་ཆ་མི་ཀློག་པ་དང་གསར་འགྱུར་གྱི་རིགས་ལ་དོ་སྣང་མི་བྱེད་པའི་སྣང་ཚུལ་དེ་ནི་མི་རང་ག་བའི་ལུས་སེམས་གཉི་ཀ་ཤེས་དཔྱོད་དང་ཕུགས་རེ་ཡར་རྒྱས་མེད་པའི་ནད་རྟགས་སྨྲ་མེད་ཅིག་ཏུ་འགྱུར་ངེས།།

 
 
མྱི་རྣམས་རྒས་པ།
[ 2012-12-25 13:48:15 | By: smdj ]
 
 

མྱི་རྣམས་རྒས་པ།

བྱིས་པ་ཞིག་གིས་ང་ལ་མྱི་རྒན་ཚོའི་གདོང་སྟེང་ན་གཉེར་མ་དེ་འདྲ་མང་དོན་ཅི་ཡིན་ནམ་ཟེར། ངས་འདི་ལྟར་ལན་སློག་པ་ཡིན།   མྱི་སེམས་གུམ་སོང་བ་དང་།མྱི་པགས་རྙིང་སོང་བས་རེད་ཅེས་པ་ན།  བྱིས་པ་དེས།ཨོ་ཁོ་ཚོ་མྱིའི་ནང་གི་དཔེར་ན་ཅ་ལག་རྙིང་བར་འགྱུར་སོང་བ་འམ།   ཡང་ན་གད་སྙིགས་སུ་འགྱུར་སོང་བ་ཡིན་ནམ་ཟེར།   ངས་ཕལ་ཆེར་དེ་འདྲ་ཡིན་རྒྱུ་རེད་ཅེས་ལན་བྱིན་པ་ཡིན།།          

 
 
མྱི་ཡུལ། མྱི་ཡུལ།
[ 2012-12-24 19:25:20 | By: smdj ]
 
 

         མྱི་ཡུལ། མྱི་ཡུལ།

 

བསུན་སྣང་ཡོད་དུས་སུ་ཀླད་པའི་ནང་དུ་ཅི་ཞིག་འགྲིག་མིན་གྱི་དོགས་པ་དགུ་སྐོར་དུ་ཐོན་ཡོང་བ་ནི་ཁེར་འདང་རྒྱག་པར་གོམས་པའི་རང་ཅག་གི་ཁྱད་ཆོས་ཤིག་རེད།  དེ་བཞིན་མྱི་རྣམས་ལྷན་དུ་འཛོམས་དུས་སུ་སྐད་ཆ་གང་མང་ཞིག་ཡོད་ནའང་།   སེམས་དང་སེམས་པའི་ཁ་ཐག་རིང་དུ་གྱེས་པའི་སྣང་ཚུལ་དེ་ནི་འཇིགས་སུ་རུང་བ་ཞིག་རེད།མྱི་ཚོ་ཁེར་རྐྱང་དུ་སྡོད་དུས་སུ་སླར་ཡང་མྱི་ཡི་ཚོགས་སྤྱི་ཞིག་དྲན་སྲིད་ནའང་།དེང་གི་སྤྱི་ཚོགས་ལས་མི་ཁྲལ་ཁྲུལ་ཕོན་ཆེ་བ་ཐོན་གྱིན་པའི་སྣང་ཚུལ་དེ་ནི་བློ་གཏོད་ཀྱིས་ཀུན་ནས་འཕུངས་ཤིང་།   ཕྲག་དོག་དང་ཁེ་དྲག་གི་རྩོད་རྙོག་གཡུལ་དུ་བཤམས་པའི་མངོན་སུམ་ལས།  སྟོང་འདང་གི་དྲན་པའི་ཡུལ་ན་འཛུམ་མདངས་ཀྱིས་བསུ་བ་གནང་མཁན་དེ་ནི་འཁྲུལ་སྣང་ངོ་།།          

 
 
ན་མཉམ་གྱི་ཡིག་རྨོངས་པ།
[ 2012-12-8 10:43:55 | By: smdj ]
 
 

                                       ན་མཉམ་གྱི་ཡིག་རྨོངས་པ།

ང་ལ་ཅུང་ཆ་རྒྱུས་ཡོད་སའི་འབྲོག་ཁུལ་མང་ཆེ་བར་རང་དང་ན་ཚོད་ཅུང་མཉམ་པའི་ཡིག་རྨོངས་པ་ཧ་ཅང་མང་བའི་ཚོར་སྣང་གློ་བུར་བ་ཞིག་གིས་རེ་བ་སྟོང་སངས་ངེ་བའི་འཇིགས་སྐྲག་གི་ཚོར་བས་ཟིན་ཐལ།   དེ་ཡང་དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་བ་དང་བརྒྱད་ཅུ་བའི་ནང་འབྲོག་ཕྲུག་གང་མང་ཞིག་སློབ་བྱོལ་ཐེབས་པའི་མཇུག་འབྲས་ཡིན་ཞིང་།  ཡིག་རྨོངས་པ་མང་ཆེ་བ་ནི་ཕྱུགས་རྫི་ལྟ་བུའི་ལས་ཀ་ཁོ་ན་གཉེར་མཁན་དུ་འགྱུར་བ་ལས། ལས་རིགས་གཞན་ཅི་ཡང་མི་འབྱོང་བའི་གནད་དོན་དང་ཕྲད་འདུག གལ་ཏེ་འདི་ལྟར་ཤེས་ཡོན་ལ་མཐོང་ཆེན་མ་བྱས་ཚེ་སྔར་བས་ཀྱང་ཡིག་རྨོངས་པ་ཇེ་མང་ནས་ཇེ་མང་དུ་ཕྱིན་ཏེ་མཐར་རྗེས་ལུས་ཐེབས་པར་ཡིད་གཉིས་ཐེ་ཚོམ་མི་དགོས།།  

 
 
སྙན་ཚིག
[ 2012-12-7 22:10:18 | By: smdj ]
 
 

                                  སྙན་ཚིག

 

                          སྟོང་གསུམ་འཇིག་རྟེན་ཀུན་ཏུ་མི་ཤོང་བའི།།

                          ངོ་མཚར་མི་སེམས་གཡུ་ཡི་གཤོག་པ་ཅན།།

                          གང་ལ་འཕུར་བའི་བཤུལ་ལམ་མི་གསལ་ཡང་།།

                          ཡི་གེའི་ཉི་རྡུལ་བབས་པའི་འཇའ་གུར་དུ།།

                          སྐད་ཅིག་བརྡ་ཡི་ཁ་ཆད་འཕྲོད་པ་ཅི།།

 
 
དགེ་བཅུ། དགེ་བཅུ།
[ 2012-12-2 11:07:18 | By: smdj ]
 
 

དགེ་བ་བཅུ། དགེ་བཅུ།

དགེ་བཅུའི་ཆོས་དེ་སེམས་ཀྱི་གོ་རྟོགས་སུ་ལེན་ཞིང་བཀུར་བྱའི་བྱ་བ་ལས་དེ་ཉིད་འཇིག་རྟེན་ཁྱིམ་པའི་ཁྲིམས་དང་བྱུས་སུ་བཅོས་པའི་བྱ་འགུལ་གང་ཡིན་གྱི་གོ་རིམ་ཁྲོད་སྐྱོན་ཆ་གང་མང་ཐོན་བཞིན་ཡོད།  གསལ་བོ་བཤད་ན་དགེ་བཅུ་ནི་ཆོས་བཞིན་བསམ་བློའི་གོ་རྟོགས་སུ་རིམ་གྱིས་རིམ་གྱིས་འཁྱེར་བ་ལས།  དེ་ཉིད་ཁྲིམས་ཏེ་བཀའ་བཏགས་སུ་བཅོས་ནས་འཇིག་རྟེན་ཁྱིམ་པར་གར་ཡང་ཟ་ཁྲིམས་དང་འཐུང་ཁྲིམས་བཞག་ན་མི་སེར་ལ་གནོད་པ་ལས་ཕན་པ་ཆེར་མེད་པ་ཀུན་གྱིས་ཤེས་གསལ་རེད།།
 
 
ཉིན་ཐོ།
[ 2012-12-1 17:15:17 | By: smdj ]
 
 

ཉིན་ཐོ།

 

རང་ཅག་འཚོ་སྡོད་ཀྱི་སྤྱི་ཚོགས་ཡོངས་སུ་ཟང་ཟིང་དུ་གནས་ཤིང་། སྔར་བཞིན་ལ་མགོའི་ཟོག་རྫི་ཇེ་མང་དང་། སྲང་དང་སྲང་གི་བར་མདོ་རུ་མི་ཚེར་འཆར་གཞི་བོར་བའི་མི་ལྡོམ་ཡང་ཇེ་མང་རེད།  དཔེ་དེབ་ལ་དགའ་བའི་མི་ཁར་ཁེར་ཞིག་གྲོགས་མེད་ཁེར་རྐྱང་དུ་ལུས་འདུག་ཅིང་།  རང་གི་ལྟ་བ་ཞིག་བདེན་ཐབས་སུ་འབད་ནའང་། དེ་ལ་རྣ་བ་བླགས་ནས་ཉན་མཁན་མེད་པར། མཐར་ཐུག་རང་རློམ་ཅན་གྱི་ཞྭ་མོ་ཞིག་མགོ་ལ་རེག་པ་ལས་ཅི་ཡང་མི་འདུག།

 
 
ཉིན་ཐོ།
[ 2012-11-30 23:09:10 | By: smdj ]
 

                                                             ཉིན་ཐོ།

ཉིན་དེར་ང་རང་ཁོམ་སོང་བ་ཡིན་ནམ། གཟའ་ཉི་མའི་དུས་ཚོད་བེད་སྤྱད་དེ་རྨ་ཆུ་རྫོང་མཁར་གྱི་བོད་ཁྱིམ་བདུན་ལ་རུ་ཉུལ་བྱས་པ་ཡིན།  ཁང་ཁྱིམ་རེ་རེའི་སྒྲིམ་ཤོམ་གྱི་བཟོ་བཀོད་ནི་ཕན་ཚུན་ཕྲག་དོག་གིས་འགྲན་པ་ཇི་བཞིན་གཅིག་ལས་གཅིག་ལྷག བསམ་ཡུལ་ལས་འདས་པ་ཞིག་ལ་ཁྱིམ་ཚང་གཅིག་ལའང་དཔེ་སྒམ་དང་དཔེ་ཆའི་རིགས་གར་ཡང་མཐོང་རྒྱུ་མེད་ཅིང་། དཔེ་ཆའི་སྐོར་གྱི་སྐད་ཆ་འམ་ཁ་བརྡ་ནི་དེ་བས་ཀྱང་མེད་པར་རྒྱུན་བཀོལ་སྐད་ཆ་འགའ་བསྟུན་མར་ལབ་ཀྱིན་འདུག གལ་ཏེ་དཔེ་ཆའི་ཆེད་དུ་ཆ་སྒམ་རེ་སྔོག་པའི་དབང་དུ་བཏང་ན་འང་༼ཞལ་འདོན་ཕྱོགས་བསྒྲིགས༽ཅིག་རྙེད་མི་འོང་ངམ་སྙམ་པའི་དོགས་པ་མ་གཏོགས་རེ་བ་གཞན་ཅི་ཡང་མི་འདུག།

 

 
 
རང་མོས་སྙན་ངག་ཀློག་པ།
[ 2012-11-24 17:03:37 | By: smdj ]
 
 

རང་མོས་སྙན་ངག་ཀློག་པ།

སློབ་བུ་རྒྱལ་སྲས་ཀྱི་དྲི་བར་ལན་སློག་པ།

རང་མོས་སྙན་ངག་ལའང་རྩོམ་པ་པོ་སོ་སོར་རྩོམ་རིག་བློ་སྦྱོང་གི་ཆུ་ཚད་དམ།  རང་སྟེང་གི་རྩོམ་རིག་སྒྱུ་རྩལ་མཚོན་ཐབས་ཀྱི་སྲབ་མཐུག་སོགས་ཧེ་བག་གང་ཡིན་ཞིག་གིས་ཀློག་པོའི་རིག་སྟོབས་ལ་གློག་འཁྱུད་པ་ཇི་བཞིན་གོ་འཛོལ་རགས་ཞིབ་ཏུ་ཐེབས་དང་ཐེབས་ཀྱིན་ཡོད་པ་རེད།  ཐ་ན་སྙན་ངག་རིག་དང་གཏན་ཚིགས་རིག་པ།  རྟེན་འབྲེལ་རིག་པ་དང་དད་མོས་རིག་པ་སོགས་མདོར་ན་ཀློག་པོར་ཐེབས་པའི་སློབ་གསོའི་ཁོར་ཡུག་བག་ཆགས་ཀྱིས་བཀླག་བྱའི་རང་མོས་སྙན་ངག་ལ་འབྲེལ་མེད་ལྟ་བུའི་སྡོམ་རྒྱ་གང་ཡིན་ཞིག་འཇོག་སྲིད།  དེ་བཞིན་བཀླག་བྱའི་རང་མོས་སྙན་ངག་དེ་ཀློག་པའི་སྐབས་སུ་མཉམ་འཇོག་བྱ་དགོས་པ་ནི་ཀློག་མཁན་གྱི་སེམས་ཁམས་དྭངས་རུབ་ལ་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་ཕྱིན། སྤྱི་བཏང་གི་སྲོལ་རྒྱུན་སྙན་ངག་ཇི་བཞིན་མཚོན་པ་དེ་འམ་བརྗོད་བྱའི་བསྟན་དོན་གཞི་གཅིག་ཏུ་ངེས་པའི་ཡིད་བརྟན་གྱི་ཕྱི་ཐག་རི་ལ་རྟོད་པ་ནི་གླེན་པའི་ལས་ཀ་ཙམ་ཡིན། རང་མོས་སྙན་ངག་གི་བསྟན་བྱ་གང་ཡིན་ཞིག་ཐད་གར་ཀློག་མཁན་གྱི་སེམས་ཁམས་དང་བསྡོངས་ནས་གཟུགས་འགྱུར་འབུམ་ཕྲག་གི་ལམ་དུ་ཆས་ཏེ་ཕྱིར་ལྡོག་དཀའ་བ་ནི་རང་མོས་སྙན་ངག་གི་མཐོ་བ་བར་སྣང་གི་བརྡ་ལམ་ཞིག་གསར་དུ་བརྡོལ་བ་དང་གཉིས་སུ་མ་མཆིས་པས།  དེ་བཞིན་གོ་བ་ལེན་སྟངས་ཀྱི་ཐད་ནས་ཀྱང་རང་མོས་སྙན་ངག་ཅེས་སྨྲ་བར་རིགས་ཏེ།  རང་མོས་རིག་པ་འདི་ཉིད་གདོད་མའི་འཇིག་རྟེན་ནམ་སེམས་ཁམས་ཀྱི་ཡུལ་ལྗོངས་འཚོལ་སྟངས་ཤིག་ཀྱང་ཡིན་ངེས་པས།གསལ་བོར་བཤད་ན་འཇིག་རྟེན་རིག་གནས་ཀྱི་སྡོམ་ཁྲིམས་འགས་གཏོར་གཏོང་བའི་གོ་རིམ་ཞིག་ཏུ་འང་རིག་འཕྲོས་བྱེད་ཀྱིན་གདའ།  གང་ལྟར་རང་མོས་དེ་ཉིད་རྩོམ་རིག་གི་ཚུལ་ལྡན་སྣང་ཚུལ་ཞིག་ཏུ་གྲུབ་ཟིན་པ་ནི་ཡོན་ཏན་པའི་སྡེ་ལ་སྔར་ན་མེད་པའི་ལག་འབབ་ཅིག་ཏུ་མཐོང་།།

གསལ་བཤད།རང་གི་ཤེས་ཚོད་ལྟར་ན་དེང་གི་བོད་ཡིག་གི་སྟེང་ནས་རང་མོས་སྙན་ངག་ཚད་ལྡན་ཞིག་འཚོལ་རྒྱུ་ནི་རུས་སྦལ་གྱི་སྤུ་ལྟར་དཀོན་ནའང་དམིགས་སུ་བཀར་ན་ལྗང་བུ་སོགས་སྐྱེས་དུ་དམ་ཉུང་ཤས་ཤིག་གི་བརྩམ་ཆོས་ནི་དེ་ལྟར་གཟབ་ནན་དང་བརྩི་འཇོག་གི་ལམ་ནས་བཀླག་ཆོག་ཆོག་རེད།

 
 
ལུས་དང་ལས་ཀྱི་སྙན་ངག།
[ 2012-11-23 20:34:47 | By: smdj ]
 
 

                ལུས་དང་ལས་ཀྱི་སྙན་ངག།

           

            གོན་པའི་ཞྭ་དེ་འབྲོང་གི་རྭ་བཞིན་རྫ་རིའི་ཟོམ་ན་རྒྱངས་སེ་ཡོད།།

            རྡུལ་དང་རྡུལ་གྱི་འཁོར་བ་འདི་ཡང་ཕ་མས་བཞེངས་པའི་ཕོ་བྲང་བཞིན།།

            ཧྲུལ་གྱིས་གཏོར་ཡང་རང་གི་ཡན་ལག་གླང་ཆེན་རུས་པའི་ཕྲེང་ཞིག་བཞིན།།

            མགོ་ནག་སྟོང་གི་མགུལ་དུ་སྒྲོན་པ་ལ་རྒྱའི་སྐར་མ་བསྒྲིག་པ་འདྲ།།

           

            འོང་བའི་མནའ་མ་ཡུལ་དུ་ལོག་ཀྱང་ཨ་མའི་མིང་གི་རྐང་རྗེས་ཤིག།

            སྔ་མའི་ཁྱིམ་གྱི་རྫིང་བུའི་ནང་དུ་ཟླ་བ་བཞིན་དུ་ཤར་ནས་ཡོད།།

            འོད་དུ་འཚོ་བའི་ཡིད་ལྡན་བརྩེ་བ་འཁྱུག་པའི་རི་མོ་ཅི་ཡང་བཀྲ།།

            ཆུ་དེ་ཕྱི་ཡི་རྐྱེན་ཙམ་ལགས་ཏེ་བདག་པོའི་མིག་ནི་མེ་ལོང་བཞིན།།

 
 
ཉིན་ཐོ་ལྟ་བུའི་སེམས་གཏམ།
[ 2012-10-21 11:46:57 | By: smdj ]
 
 

          ཉིན་ཐོ་ལྟ་བུའི་སེམས་གཏམ།

 

ངས་རང་གི་ཉེ་ལོགས་ཀྱི་མི་འགའ་ལ།བསམ་བློའི་གོ་རྟོགས་རྒྱ་ཁབ་ཀྱི་མིག་ལྟ་བུ་རེད་ཅེས་བཤད་པ་ན་ཁོ་ཚོས་རྒྱུན་པར་ཕྱིར་ཁ་ལན་རྩུབ་མོ་སློག་གི་རེད།   གང་ལྟར་ཕ་ཡུལ་འབྲོག་པའི་ནང་ན་ཡི་གེ་ཤེས་མཁན་གྱི་ན་གཞོན་ཇེ་ཉུང་རེད།    དེ་དག་ལ་སེམས་ཅན་གྱིས་རི་འཁྱམ་པ་ཞེས་མིང་ཞིག་བཏགས་ཡོད་པ་རེད།  རྫོང་མཁར་ན་བོད་རིགས་ལས་བྱེད་པ་རྒྱལ་སྐུགས་དང་བཟི་བོ་ཧ་ཅང་མང་གི།  ངས་དེ་དག་ལ་ཉི་མ་ཕུད་སྟངས་ཡག་པོ་མ་རེད་ཅེས་བཤད་པ་ན།   ཁོ་ཚོས་དུ་བ་ལྷོག་ལྷོག་གི་ཁ་ནས་བཀོད་པ་མེད་དེ་གོམས་གཤིས་རེད་ཟེར།    ཡིད་སེམས་མི་བདེ་བའི་སྐབས་སུ་ངས་རྒྱུན་པར་དཔེ་ཆར་བལྟ་བ་དང་སྒྲ་སྙན་དཀྲོལ་བ་ཡིན། མཐར་དེད་ན་དཔེ་ཆའི་ནང་གི་གནས་ལུགས་ཀྱི་ལམ་ངོ་ཟིན་པ་ཧ་ཅང་དཀོན་མོ་རེད།།

       ༢༠༡༢  ༡༠ ༢༡

 
 
སྙན་ངག་བོར་ཚར་བ།
[ 2012-10-20 17:13:23 | By: smdj ]
 
 

སྙན་ངག་བོར་ཚར་བ།

 

སྙན་ངག་ནི་བློ་གྲོས་ཀྱི་མཆོག་དང་ཚིག་གི་ཆེས་མཛེས་པ་སོགས་སུ་གོ་བ་བླང་ན་འགྲིག་པ་འདྲ། འོན་ཀྱང་སྙན་ངག་ལ་མཚན་ཉིད་ཀྱི་ལྟ་བ་མེད་དེ་སྐབས་སུ་བབས་པའི་ཚོར་སྣང་ཡིག་ཐོ་རུ་བཀོད་པ་ཙམ་ཡིན་ཟེར་བའི་ན་གཞོན་རང་མོས་རིང་ལུགས་པ་མི་ཉུང་བ་ཞིག་གིས་ག་ས་གང་དུ་ཡིད་སབ་སིབ་ཀྱི་ཚིག་འགྲོས་ནར་ནུར་གྱི་རྐང་ཆག་མ་སྤེལ་སྟངས་དེ་ནི་བོད་པའི་རྩོམ་རིག་གི་གད་སྙིགས་སུ་བརྩི་ཆོག་གམ། དེ་བཞིན་རང་གིས་རང་ངོ་ཇི་བཞིན་ཨ་འགྲེལ་ཡང་འགྲེལ་གྱི་དོར་མ་གཡོགས་བཞིན་པ་དེ་ངོ་ཚའི་རིགས་གང་ལ་གཏོགས།། 

༢༠༡༢   ༡༠  ༢༠

 
 
བརྡ་ཐུང་།
[ 2012-10-19 17:39:25 | By: smdj ]
 
 

བརྡ་ཐུང་།

གནམ་ལ་ལྕགས་ཀྱི་བྱ་དང་།   ས་ལ་འཕྲུལ་ཆས་ཀྱི་རྟ་གླང་དར་བས་རྐང་གཉིས་པ་དག་རྐང་ཐང་ལ་འགྲོ་མཁན་མེད་པ་ཇི་བཞིན།    བརྡ་འཕྲིན་གྱི་ལམ་དུ་ཁ་མཚར་བརྡ་སིལ་དར་བའི་སྒང་འདི་ལ་ལྷག་ཏུ་བོད་པའི་གཞུང་ཆེན་ཀློག་མཁན་མེད་པའི་སྔ་ལྟས་དེ་གྲྭ་བ་གྲོང་འཁྱམ་པ་དང་།  སློབ་རྭའི་ན་གཞོན་རླུང་འཁྱེར་དག་གི་རྣམ་འགྱུར་ལ་བལྟས་ནའང་གསལ་བོ་ཤེས་ཐུབ་ཅིང་།   མི་རིང་བར་ཕ་གཏམ་བུ་ལ་མི་འཕྲོད་ཅིང་མ་ཆན་བུ་མོར་མི་ཞིམ་པའི་དུས་ཤིག་བྱུང་རྒྱུ་རེད།།

                                                   ༢༠༡༢  ༡༠  ༡༩

 
 
གཟའ་མཇུག་ལ་གྲོང་གསེབ་ཏུ་ཐོན་པ།
[ 2012-10-12 18:22:37 | By: smdj ]
 
 

གཟའ་མཇུག་ལ་གྲོང་གསེབ་ཏུ་ཐོན་པ།

 

འདམ་རྫབ་འཁྲིགས་པའི་གྲོང་སྡེའི་སྲང་བར་དུ་མྱི་རྣམས་ཀྱི་སུག་འདབས་ཧྲིལ་བོ་ས་འདམ་གྱིས་སྦགས་ཏེ་རློན་ཆོབ་ཆོབ་ངང་ད་དུང་འགུལ་སྐྱོད་ལ་ཞུགས་པ་ནི་ཇི་འདྲའི་ཐབས་རྡུགས་ཤིག་རེད་ཨང་། འཇེབ་འཁོར་དང་སྦག་འཁོར་ཐར་ཐོར་དུ་འགྲོ་ཞིང་།  དེ་ཚོས་འདམ་གཤེར་དཀྲུགས་པའི་ལས་ཀ་ཡོངས་སུ་འགྲུབ་པའི་སྣང་བ་བྱིན་ཞིང་།  གཙང་སྦྲ་མི་བཟང་བའི་སྒེར་གཉེར་ཟ་ཁང་གི་རུལ་སྙིགས་ཕོས་པའི་སླེ་གཟེབ་དེའི་མཐའ་རུ་གླང་ལྟོགས་དང་ཁྱི་ལྡོམ་འགའ་མཉམ་རུབ་ཀྱིས་ཟན་དང་ལྟོ་འཚོལ་དུ་ཐོན་འདུག  ད་སོ་མ་གོ་རྟོགས་སད་པའི་རྒྱང་མི་དེས་ང་ལ་ས་སྡུག་འདི་ནི་ངོ་མ་བསུན་སྣང་སློང་བའི་ཕོར་རྒན་ཞིག་དང་འདྲ་བ་ལ་ཟེར་ཞིང་། ཕོར་རྒན་དེའི་ནང་དུ་ཕག་ཟན་གྱི་དྲི་མའི་འཁེངས་འདུག་པས།  དེར་འབུ་སྣག་བཞིན་འགུལ་བཞིན་པའི་ང་ཚོ་ལ་ཚོར་སྣང་ག་འདྲ་ཞིག་སྟེར་སྲིད་ཟེར།།

       ༢༠༡༢    ༡༠     ༡༡

 
 
རྟེན་འབྲེལ་འགྲིག་པ།
[ 2012-10-4 21:35:57 | By: smdj ]
 
 

རྟེན་འབྲེལ་འགྲིག་པ།

 

དགུན་འཁྱག་མ་སླེབ་ཙམ་གྱི་སྔ་གོང་ལ་ཉི་ཐག་ཇེ་ཐུང་དུ་ཕྱིན་ཞིང་།  དེ་བཞིན་མཚན་དུས་རིང་བའི་སྐབས་སུ་ཤྰོ་རྒྱག་མཁན་གྱི་མི་ཡན་སྐོར་ཞིག་ལ་རྟེན་འབྲེལ་འགྲིག་སོང་བའི་སྣང་བ་ཤར་ཏེ། རང་དང་བཅས་པའི་སྤྱི་དོན་ཕར་གཡུགས་སྟངས་ལ་བལྟས་ན། རྗེས་སུ་ལུས་པའི་མི་རིགས་ཤིག་གི་སང་ཉིན་ལ་རྩྭ་སྐྱ་སྤུངས་འདུག་པ་ཅི་ལ་མི་ཤེས།།

 
 
བརྡ་ཡི་གོ་འཛོལ།
[ 2012-10-3 23:03:19 | By: smdj ]
 
 

བརྡ་ཡི་གོ་འཛོལ།

གྲོགས་པོ་ཚོ། ཐེངས་དུ་མར་རང་གིས་མི་སྐད་རྐྱང་བ་སྤྱད་དེ་རླབས་ཆེན་གྱི་བསམ་བློ་གང་ཡིན་ཞིག་ཐོས་འཛིན་གང་ཐོགས་ཀྱི་སེམས་ཅན་ལ་བརྡ་ཡི་ལམ་ལྟ་བུར་བསྟན་ནའང་།  ཁོ་ཚོས་རེ་རེ་བཞིན་ཚོར་སྣང་ཅི་ཡང་མེད་པར་འཇིག་རྟེན་ནི་མ་གཞི་བརྡ་ཙམ་གྱི་དབང་དུ་ཚུད་ཐབས་མེད་པར་མངོན་སུམ་ལག་ལེན་གྱི་འགུལ་སྐྱོད་ལ་རག་ལས་པས།  མྱུར་ཏུ་ས་སློག་པ་དང་རྡོ་བཤིག་དགོས་ཟེར།།

 
 
ཡིད་ཆེས་དོག་ཙམ་ཞུ་རོགས།
[ 2012-9-21 17:40:20 | By: smdj ]
 
 

ཡིད་ཆེས་དོག་ཙམ་ཞུ་རོགས།

 

སུ་དང་སུ་ལའང་མི་མངོན་པའི་རང་གཤིས་ཤིག་གབ་པའི་དཔེ་རྒྱན་ཇི་བཞིན་གསང་བ་རྒྱ་རུ་འཛིན་པའི་ཁེ་དབང་ཞིག་ཡོད་ནའང་།  མི་བཞིན་འཚོ་བའི་གྲོགས་པོ་གཞན་དེའི་བློ་སྣ་བལ་དཀར་གྱི་ཆུ་དར་དག་མེ་ཏོག་གི་འདབ་མ་ཇི་བཞིན་བསྲིང་འོང་ཚེ།   ཡིད་གཉིས་ཐེ་ཚོམ་གྱི་མགྲིན་པ་ནང་དུ་གུག་པའི་ངན་གོམས་དེ་ལ།ངས་ནི་འདི་ལྟར་རིག་པའི་དོགས་པ་མཆོག་ཏུ་བསྟོད་པའི་རྭ་ཅོ་དེ་ཉིད་ཀྱི་གཙུག་ཏུ་འགོད་ཐབས་རང་མི་འདུག   ནམ་ཞིག་མི་དང་མིའི་བར་དུ་རྨུ་ཐག་གི་ཟམ་པ་ཇི་བཞིན་འཐེན་ཐུབ་པ་ནི་བསམ་བློ་དང་སོ་སོའི་ཡིད་ཆེས་ཡིན་པས།   དེ་ལ་འཕྲལ་མར་རྩིས་ཐང་གི་གཡང་དར་སྒྲོན་རྒྱུ་ནི་བློ་དང་ལྡན་པའི་སྐྱེས་བུ་སོ་སོའི་ལས་འགན་ནོ།།

 
 
སྐད་ཆ་ཞིག
[ 2012-9-15 23:06:15 | By: smdj ]
 
 

སྐད་ཆ་ཞིག

 

ནུབ་ཁའི་ཉི་ཟེར་དེ་སྒེར་དོན་གྱི་ཆེད་དུ་འཕྲོས་པ་མིན་ནའང་།  སྒེར་གྱི་རྨི་ལམ་དང་དོར་མ་བརླ་ཐུང་དག་ཉི་མར་བསྲོ་མི་ཆོག་པའི་ཞལ་ལྕེ་སུ་ལ་འང་མེད།  སྙན་ངག་གི་ལམ་ནས་རིན་མེད་མགོ་སྟོང་གི་ལ་རྒྱ་ཟེར་བའི་ཚིག་ཉུང་ཉུང་དེ་དག་འབྲི་མཁན་ལ་བལྟས་ན། ཅི་ཞིག་འགྲུབ་སོང་བའི་སྣང་བ་ཁྲ་ཆིལ་ལེར་འཆར་གྱིན་འདུག་མོད། གློ་བུར་དུ་མི་འགའ་སྒོ་དྲུང་དུ་ཐོན་ནས་ཚང་མ་འགྲོ་རན་སོང་ཟེར་དུས། བདེ་སྐྱིད་ཀྱི་ཆེད་དུའམ། གང་དུ་འགྲོ་དགོས་པ་སུ་ལའང་གསལ་ཆ་མེད་དེ།  རྒྱུ་མཚན་ནི་དོན་དེར་ཡང་ནས་བསྐྱར་དུ་དྲི་བ་འཕེན་མི་ཆོག  རྒྱུ་མཚན་ནི་ཁྱེད་ཅག་ལ་སྔ་མོ་ནས་རང་གི་ཡིད་ཆེས་གཙང་མའི་ཕུགས་འདུན་ཟེར་བ་དེ་མེད་པས་སོ།། 

 
 
ང་ད་ལྟ་ཁེར་རྐྱང་ཡིན་ཆོག།
[ 2012-9-8 22:14:53 | By: smdj ]
 

                                                 ང་ད་ལྟ་ཁེར་རྐྱང་ཡིན་ཆོག།

                                               ཡ་ང་བའི་༼ཉིན་ཐོ་༽ལས་ཁག་ཅིག 

ང་ད་ལྟ་ཁེར་རྐྱང་ཡིན་ཆོག   ར་སྐྱེས་རྣམས་གཟི་བརྗིད་ཀྱིས་འཚོགས་འདུར་ཞུགས་ཤིང་།  དུས་ཆེན་གྱི་ཆེ་བ་མཚོན་ཆེད་དུ་ཁོ་ཚོར་འཚམ་པའི་རྭ་ཚར་ཡང་རེ་རེ་བཏགས་བྱུང་།  ཁོ་ཚོའི་གདོང་ལ་དགའ་སྤྲོའི་དམར་ཤ་རྒྱས་བྱུང་།   ཡིད་སྨོན་འཆོར་དགོས་པ་ཞིག་རེད།   སྒོ་དེའི་ཕྱི་ལོགས་སུ་ང་དང་རྩྭ་ཕྱག་འཛིན་མཁན་གྱི་མི་སྣ་གསུམ་ད་དུང་ཀྲོང་ངེར་ལངས་ཡོད།   ཕལ་ཆེར་གནད་དོན་ཞིག་ཡོད་པ་འདྲ།   གཞུང་ལམ་དེའི་ཟུར་ཞིག་ནས་རྒྱང་ཕུད་བཏང་བའི་མི་ཞིག་ཀྱང་འདི་ལྟར་ལམ་ལ་ཆས་བྱུང་།   ཁོའི་རེ་བ་ཞིག་འགྲུབ་པའི་སྣང་བ་ཙམ་ཡིད་ལ་བཟུང་ནས།   ཕ་ཡུལ་ལྟ་བུའི་ཕུགས་བསམ་དེ་རེ་ཞིག་བཤུལ་དུ་བཞག ཡིག་ཚགས་དང་རེའུ་མིག་ནས་རྫུན་སུག་མ་རྙེད་པས་མི་འདི་གནད་དོན་ཞིག་ཏུ་མཐོང་བས།    དབང་ཆེན་དེས་ཁོ་བོ་ནི་ར་སྐྱེས་མ་ཡིན་པར་བསྒྲགས་ཏེ་རྒྱང་ཕུད་བཏང་སོང་།  ཕྱི་ལོག་ནས་བཤད་པ་ཡང་འདི་ལྟར་ཁོའི་གཞུང་དྲང་ནི་རྫུན་བཟོ་ཁོ་ནའོ།། 

           ༢༠༡༢     ༨

 
 
རང་ལ་ཕུལ་བའི་དུས་ཆེན།
[ 2012-9-8 10:17:32 | By: smdj ]
 
 

    རང་ལ་ཕུལ་བའི་དུས་ཆེན།

བྱིས་སྒྲུང་༼འབར་ཞུན་འཚོང་བའི་བུ་མོ༽བཀླགས་སྟངས་ཤིག

 

དགེ་རྒན་དུས་ཆེན་གྱི་སྔ་ནུབ།ཅི་ཡང་མེད་དེ།དཔེ་དེབ་ལས་རྙེད་པའི་གཟི་བརྗིད་སྣ་རལ་དེ། ལྟོ་དྲོད་ཀྱི་ཆེད་དུ་མི་འདུག་པ་འདྲ་ཡང་།  སློབ་ཁང་ནས་བཤད་པའི་གཞུང་དྲང་གི་མི་དེ་དང་། ཡང་དག་པའི་འགོ་ཁྲིད་དང་མེས་རྒྱལ།  ཆེ་ཉམས་ཀྱི་རེ་སྒུག་ཡོད་ཚད་རེ་ཞིག་སློབ་ཁང་ནང་དུ་བཞག་སྟེ།  ང་གཅིག་པུ་སྲང་ལམ་དུ་འགྲོ་དུས།  ཟླ་བ་སྒོར་དབྱིབས་ཅན་དེ་ཁྲེལ་འཛུམ་དང་བཅས་བདག་གི་མགོ་ཐོག་ཏུ་ཤར་འདུག  དུས་ཆེན་ཞིག་ཡིན་པའི་དྲན་སྣང་དེའི་ལྡོག་ཕྱོགས་སུ་འབར་ཞུན་འཚོང་མཁན་གྱི་བུ་མོ་ཞིག་སྣང་བའི་དཔེ་ཀློག་གི་བག་ཆགས་སུ་འཁོར་ནས་རང་གི་འཚོ་བའི་དཔེ་བརྗོད་དུ་བཞག་སྟེ།  རང་གཅིག་པུ་ཁུང་དགོད་ཅིག་ཤོར།  གྲང་ཟུག་གིས་བསུ་བཞིན་པའི་མཁའ་དབུགས་སྐྲ་གསེབ་ཏུ་འཚང་འོང་ཞིང་།  རྫོང་མཁར་དེའི་ས་འོག་ཆུ་སྙིགས་བཤང་ལམ་ནས་ཐོན་པའི་རུལ་སུངས་ཀྱི་དྲི་ངད་དེས་བདག་གི་འཁྲུལ་སྣང་ཡོད་ཚད་ལ་རྫོགས་ཤད་བཀོད་ཅིང་།   ངས་ཡང་དག་པའི་མི་གཤིས་དེའི་བདེན་དཔང་བརྒལ་བཞིན་ཡོད་མོད་།  དུས་ཚོད་ཀྱིས་བདག་ལ་ཡོད་ངེས་པའི་རྫུན་ཆད་ཅིག་འདེབས་ཀྱིན་པ་འདྲ།།

   ༢༠༡༢ ༩ ༨

 
 
དགེ་རྒན་གྱི་འོས་འགན།
[ 2012-9-7 17:22:22 | By: smdj ]
 
 

དགེ་རྒན་གྱི་འོས་འགན།

རྡོ་རང་སྐྱེད།

གླེང་གཞི།

དགེ་རྒན་ནི་མིའི་རིགས་ཀྱི་རྣམ་དཔྱོད་བསྐྱེད་སྲིང་བྱ་མཁན་གྱི་ལས་ཀ་བ་ཡིན་པའི་ཆ་ནས་རང་གི་ཤེས་ཡོན་དང་ཀུན་སྤྱོད་ལ་ཐོག་མར་འགན་འཁུར་དགོས་པ་ནི་སྨྲ་མ་དགོས་པ་ཞིག་རེད།འདིར་དམིགས་བསལ་དུ་གཞི་རིམ་དགེ་རྒན་གྱི་སྟེང་ནས་ཚང་དགོས་པའི་ཆ་རྐྱེན་རིམ་པ་ཞིག་ངོ་སྤྲོད་ལྟ་བུ་འམ་གནས་ལུགས་ཀྱི་ལམ་ནས་བཤད་ན།ཐོག་མར་བསམ་བློ་བརྗེ་རེས་ཀྱི་རྣམ་འགྱུར་ལ་ཞུགས་ཏེ། ་་་་་་་་་་་གསལ་བཤད། རྩོམ་ཡིག་འདི་རྩོམ་གྲོགས་འུར་ཆ་བས་བསྒྲིག་བཞིན་པའི་༼སྨན༽དེབ་ཏུ་འགོད་རྒྱུ་བྱས་ཟིན་པས་རེ་ཞིག་ཁོང་གི་རེ་བ་བཞིན་པོད་ཁུག་གི་པར་ངོས་ལས་བསུབས་པ་ཡིན་ལགས། ཐུགས་རྗེ་ཆེ།

 
 
འབྲེལ་ཡོད་ནང་དོན་ 296 ཡོད།<<<123456>>>
 
ཟིན་བྲིས་བརྡ་ཁྱབ།

ང་ནི་མྱི་ཡིན་ཞེས་བཤད་ག་ལ་དགོས།

གལ་ཏེ་བཤད་དགོས་ཚེ།

ཁྱོད་ཀྱང་མི་མ་ཡིན་ནོ།

དཔྱད་བརྗོད་གསར་བ།
ཟིན་བྲིས་གསར་བ།
སྐད་གསར་བཞག
མཛའ་འབྲེལ།
ཆ་འཕྲིན།
བཟོ་མཁན། ལྡོང་བླ།
Powered by Oblog.