མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།

amdotibet

ཟིན་རྩོམ་འོས་སྦྱོར།

rqdzpc  2014-12-5 9:44:24
 

གཉེན་སྒྲིག་པར་སྐྲག་པའི་གཏམ།

                  བོང་སྟག་རི་ལུ། ༼ གཏེར་ལེན་ཁ ༽

ང་ཡིས་གཉེན་ནི་མ་སྒྲིག་ཕོ་ལོ་སོ་ལྔ་ལོན་པས།།

ད་ནི་གཉེན་སྒྲིག་ཞེས་ན་སེམས་ལ་འཚུབ་ཆ་སྐྱེས་འོངས།།

ལན་རེར་མི་རྒྱུད་མེད་པས་གཉེན་ནི་སྒྲིག་དགོས་བསམ་ཡང་།།

མཚམས་རེར་མི་རྐྱང་ཡིན་ན་དེ་ལས་སྐྱིད་པོ་མི་འདུག །

 

གཞེས་ནིང་འགྲོགས་པའི་བུ་མོ་ཁ་སྟོད་འབྲོག་གི་ཡིན་སོང་།།

ཨ་ནེ་ཨ་མྱེས་བློ་ལ་ང་རང་རབ་ཏུ་བབས་སོང་།།

ཡིན་ཡང་བུ་མོའི་རང་གཤིས་གཡག་གི་ཀོ་ལས་སྲ་བས།།

ང་ཡིས་མིག་ཆུས་བརླན་ཀྱང་ཀོ་བར་མཉེན་ཤ་མ་བབས།།

 

ད་ལོ་འགྲོག་པའི་བུ་མོ་ང་ལས་ལོ་ན་ཆུང་སྟེ།།

ང་དང་ཁོ་མོའི་བར་ན་ལོ་སྐོར་གཅིག་གིས་ཆོད་ཡོད།།

སློབ་ཆེན་སློབ་མ་ཡིན་ལ་བློ་རིག་གྲིམ་པོ་འདུག་པས།།

ད་ནི་ང་ཡི་ལས་དབང་འདི་ལས་ཐར་ས་མེད་འདྲ།།

 

དང་པོ་སྐད་ཆ་ཡོད་ཚད་མ་གསང་དྲང་བོར་བཤད་ན།།

ང་ཡིས་ཆུང་མ་ཞེས་ནས་མགུལ་ལ་ཁ་བཏགས་བཏགས་ཏེ། །

ད་དུང་གཉེན་སྒྲིག་ཞེས་ནས་ཆོ་ག་མ་སྤེལ་མ་གཏོགས།།

ང་དང་བཟའ་ཚང་བྱས་ནས་བསྡད་པ་གྲངས་ཀྱིས་མི་ལངས།།

 

ང་ཡིས་དྲང་མོ་བཤད་ན་ང་ཡི་འབྲོག་མོ་འདི་ཚོར།།

མི་གཤིས་ཁྱད་པར་ཅན་ལ་རང་གཤིས་ཁྱད་པར་མངའ་འདུག །

གལ་ཏེ་དེ་འདྲ་མིན་ན་ང་ཡི་ཉེས་པ་ཡོད་ཚད།།

འབྲེལ་ཡོད་ཁྲིམས་ལ་སྦྱར་ན་ཁྲིམས་ནས་ཤོང་ཚད་མི་འདུག །

 

ཕོ་ལོ་ཉེར་གཉིས་ཉེར་གསུམ་ཚོར་བ་རྣོ་བའི་སྒང་རེད།།

གཟུགས་དང་ཆ་བྱད་ལ་སོགས་རང་ལ་འཛོམས་པའི་སྒང་རེད།།

ད་དུང་གཉེན་སྒྲིག་ཟེར་ན་འདང་རྒྱག་མེད་པའི་སྒང་རེད།།

ལོ་ཟླ་དམ་འཛིན་མ་བྱས་ད་ནི་སྙིང་སྟོབས་ཞན་འདུག །

 

ད་ནི་བུ་མོ་ཚོ་དང་བརྩེས་ནས་ལོ་ཟླ་སྐྱེལ་རྒྱུ།།

ང་ཡི་མི་ཚེའི་ནང་གི་གྲུབ་ཆར་ཆེ་ཤོས་གྱུར་ཡོད།།

གལ་ཏེ་མཛེས་མ་གང་གིས་བཟའ་ཚང་བཅའ་འོ་ཟེར་ན།།

ང་ཡིས་ཐབས་ཤིག་བཙལ་ནས་ཡུན་གྱིས་བར་ཐག་བཀྱེད་ནས།།

 

སྙན་ངག་འདི་དག་བྲིས་ནས་ཚན་པ་འདི་གར་ཐོན་དུས།།

རྒྱབ་ན་ལྐོག་ལྟ་བྱེད་པའི་གྲོགས་པོས་ཁེར་དགོད་བྱས་བྱུང་།།

ཚན་པ་རེ་རེ་བཏོན་ན་དགོད་ཁ་ཐེངས་རེ་འཆོར་བའི།།

ང་ཡི་ཚིག་རྒྱན་འདི་དག་ཚོར་བ་ངོ་མ་ཡིན་ནོ།།

                                                       2014. 12. 4 གཏེར་ལེན་ཁ་རུ་སྦྱར།

rqdzpc  2013-12-20 15:11:00

བོང་སྟག་རི་ལུའི་བརྩེ་དུང་གི་གཏམ་རྒྱུད་ཁག་གསུམ་པ།

 

   བརྩེ་དུང་གི་གཏམ་རྒྱུད་ཁག་དང་པོ་དང་གཉིས་པ་སྔ་རྗེས་སུ་དྲ་སྟེང་དུ་སྤེལ་བ་ནས།  བརྩེ་དུང་གི་གཏམ་རྒྱུད་ཁག་གསུམ་པ་དེ་འབྲི་རྒྱུར་ཅུང་འགོར་འགྱངས་བྱས་སོང་། དེ་ལ་ཡང་རྒྱུ་མཚན་ཁྱད་པར་བ་ཞིག་ཡོད་དེ།ཐེངས་འདིའི་གཏམ་རྒྱུད་ཀྱི་བརྗོད་བྱ་ནི་མི་སྣ་ཁྱད་པར་བ་ཞིག་སྟེ།ངའི་མི་ཚེ་འདིའི་ཆེས་ཐོག་མའི་དགའ་རོགས་ཀྱི་ལུས་འབྲེལ་བྱུང་མྱོང་བའི་མཁའ་མོ་ཚེ་རིང་ཞེས་པ་དེ་ཡིན།མཁའ་མོ་ཚེ་རིང་ཞེས་པའི་མིང་དེ་གླེང་མ་ཐག ཀློག་མཁན་གང་མང་ཞིག་གི་སེམས་ཁོང་ན་བག་ཆགས་མི་དམན་པ་ཞིག་ཡོད་སྲིད་དེ།རྒྱུ་མཚན་ནི།བདག་གི་མཁའ་མོ་ཚེ་རིང་ཞེས་པའི་གཞས་ཚིག་དེ་དམངས་ཁྲོད་ཀྱི་རྡུང་ལེན་པ་གྲགས་ཅན་ནམ་མཁའ་ཡིས་བླངས་པ་ནས་ཆེ་རྒན་པ་དང་ཆུང་བྱིས་པའི་རྣ་ལམ་དུ་གསལ་ལྷང་ངེར་བཞག་ཡོད་ཚོད་འདུག་ལ། ད་དུང་། མཁའ་མོ་ཚེ་རིང་དང་འབྲེལ་བའི་བདག་གི་སྙན་ངག་རེ་འགས་ཀྱང་ཀློག་མཁན་མི་དམན་པ་ཞིག་ལ་བག་ཆགས་བཞག་མྱོང་བས།དེ་སྔ་བོད་ཀྱི་སྙན་ངག་པ་གྲགས་ཅན་ལྗང་བུ་ཡིས་བདག་ལ་བཅར་འདྲི་བྱེད་དུས་སུ་ཡང་།ངས་ང་རང་རྩོམ་རིག་གི་ལམ་དུ་ཆེས་ཆེར་ཁྲིད་མཁན་ནི་མཁའ་མོ་ཚེ་རིང་ཡིན་ལ།ཁོ་མོ་ལག་ཏུ་མ་ཐོབ་པའི་ཐོབ་ཤོར་དང་འགྱོད་གདུང་།སྨྲེང་སྐྱོ།ན་ཟུག་དང་སྡུག་བསྔལ་གང་མང་ཞིག་བཞག་པ་དེས་ང་རང་ཁེར་རྐྱང་དང་སྡུག་བསྔལ་གྱི་རྩོམ་རིག་གི་ལམ་བུ་འདིར་དེད་པ་ཡིན་ཞེས་བཤད་པའོ།།ཨོ།དེས་ན་མཁའ་མོ་ཚེ་རིང་དང་ངེད་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་དངོས་གླེང་བར་བྱའོ།།

         བརྗེད་མི་སྲིད་པའི་ཁམས་པའི་ཕོ་རྒོད་ཞེས་པའི་གླུ་དབྱངས་དེ།

   ངས་མཁའ་མོ་ཚེ་རིང་ཐོག་མར་ངོ་ཤེས་དུས་ནི་སྤྱི་ལོ་ཉིས་སྟོང་ཐམ་པ་རེད། ལོ་དེར། ང་རང་སྟོང་སྐོར་ཕྱུགས་ལས་སློབ་གྲྭ་ནས་སློབ་མཐར་ཕྱིན་ནས་ལོ་ངོ་གཅིག་ཙམ་འགོར་ན་ཡང་བྱ་བའི་ལས་བགོས་མ་བྱས་པས། ད་ནི་རང་ཉིད་ཀྱི་ནུས་པར་བརྟེན་ནས་ལག་རྩལ་ཅིག་སློབ་དགོས་སྙམ་ནས་རྨ་ལྷོ་གསོ་རིག་སློབ་གྲྭ་རུ་རང་སྦྱོང་རྒྱུགས་ལེན་སློབ་ཆེན་གྱི་འཛིན་གྲྭ་ཞིག་ཡོད་པ་དེར་སོང་བ་ཡིན་ལ། སྐབས་ཐོག་དེར། མཁའ་མོ་ཚེ་རིང་སོགས་མཚོ་ལྷོ་གསོ་རིག་སློབ་གྲྭའི་སློབ་གྲོགས་སྐོར་ཞིག་གིས་རྨ་ལྷོ་ཁུལ་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་ཡོད་ལ། ཁོ་ཚོ་འདུག་སའི་ཉལ་ཁང་ནི་རྨ་ལྷོ་གསོ་རིག་སློབ་གྲྭའི་ར་སྐོར་ནང་ཡིན་པས། ང་ཚོའི་རྒྱུན་དུ་ཡར་འགྲོ་མར་འགྲོའི་སྐབས་སུ་ཕན་ཚུན་ཡང་ཡང་མཐོང་ཡོང་། ལྷག་པར་དུ། ཕ་ཡུལ་གཅན་ཚ་ནས་ཡིན་པའི་རྒྱལ་མཚན་ཞེས་པའི་ཁོ་མོའི་སློབ་གྲོགས་ཤིག་ངའི་གྲོགས་པོར་གྱུར་ལ། ཐེངས་ཤིག་ལ། ངས་ཁོ་མོ་ལ་དགའ་རོགས་ཡོད་མེད་རྩད་བཅད་རྗེས། ད་གཟོད་གྲོགས་པོ་རྒྱལ་མཚན་བརྒྱུད་ནས་བརྩེ་འཕྲིན་ཞིག་ཁོ་མོར་བསྐུར་བ་ཡིན། ཡིན་ན་ཡང་། ཉིན་འགའ་འགོར་རྗེས་སུ་ངའི་བརྩེ་འཕྲིན་དེ་ལ་ལན་ཅི་ཡང་མ་གནང་བས། ངས་ཡང་བསྐྱར་གྲོགས་པོ་རྒྱལ་མཚན་ལ་བཤད་དེ་ས་གནས་གཏན་ཁེལ་བྱས་ཏེ་ཕྱི་དྲོ་ཆུ་ཚོད་དྲུག་གི་སྟེང་ནས་དགུ་ཆུའི་གྲམ་ཁ་ནས་ཐུག་པར་ཁ་ཆད་བཏབ་པ་ཡིན། ངའི་བྱེད་ཐབས་དེ་ནི་ཐབས་རྡུགས་པའི་བྱེད་ཐབས་ཤིག་ཡིན་ན་ཡང་། ཕྱི་དྲོ་ཆུ་ཚོད་དྲུག་གི་སྟེང་ནས་ང་རང་རྨ་ལྷོ་གསོ་རིག་སློབ་གྲྭ་དང་ཐག་ཉེ་སའི་དགུ་ཆུའི་འགྲམ་ངོགས་སུ་ཕྱིན་པ་ན། ཁོ་མོས་ཀྱང་དེ་གར་དཔེ་ཆར་བལྟ་ཁུལ་བྱས་ནས་ང་ལ་སྒུག་འདུག ཐོག་མར་ངས་ཁོ་མོ་ལ་སྐད་ཆ་ཅི་ཞིག་བཤད་རྒྱུར་དངངས་འཚབ་ཆེན་པོར་སྐྱེས་ན་ཡང་། ཁོ་མོའི་གམ་དུ་ཐོན་རྗེས་སུ་ཁ་དེ་མི་གྲགས་ཐབས་མེད་ཡིན་པས། ཁོ་མོ་ལ་ཁྱེད་བདེ་མོ་ཞེས་དྲིས་པ་ན། ཁོ་མོས་ཀྱང་མགོ་བོ་ཡར་མི་དགྱེ་བར་བདེ་མོ་ཞེས་གོ་ལ་མི་གོ་བའི་ལན་ཞིག་བྱིན། སྐབས་ཐོག་དེར་ང་ལ་མཚོན་ན། བུ་མོ་མང་པོ་ཞིག་ལ་འགྲོགས་མ་མྱོང་བས་སྐད་ཆ་དག་གང་ནས་མགོ་རྩོམ་དགོས་པ་དང་གང་ནས་མཇུག་བསྡུ་དགོས་པ་ཡང་མི་ཤེས་ལ། ལྷག་ཏུ། རང་ཉིད་ཆེས་དགའ་སའི་མི་ཞིག་དང་ཁ་བརྡ་བྱེད་རྒྱུ་ནི་ཆེས་དཀའ་བའི་དོན་དག་ཅིག་ཡིན་པས། མ་འཕྲད་ཡར་སྔོན་ལ་གྲ་སྒྲིག་བྱས་པའི་སྐད་ཆ་དག་ཀྱང་ཁོ་མོ་ལ་འཕྲད་རྗེས་སུ་གར་སོང་ཆ་མེད་དུ་གྱུར་ལ། ཡུད་ཙམ་ཞིག་ལ་རང་རང་ས་ནས་ཁ་རོག་གེར་བསྡད་རྗེས་སུ། ངས་གཞི་ནས་ཁ་གྲགས་པ་ཡིན། ཁྱེད་ལ་དགའ་རོགས་ཨེ་ཡོད།  ཁོ་མོ་ཡང་དུས་ཡུན་ངེས་ཅན་ཞིག་ལ་ཁ་རོག་གེར་བསྡད་རྗེས་སུ་མེད་ཅེས་ལན་བཏབ་བྱུང་།  འོ་ན་འུ་གཉིས་དགའ་རོགས་བྱས་ན་ཆོག་གམ། ཁོ་མོས་ལན་ཅི་ཡང་མ་བཏབ་པར་ཁ་རོག་གེར་བསྡད། དེ་ལྟར་དུས་ཡུན་རིང་བོ་ཞིག་ལ་རང་རང་ས་ནས་ཁ་རོག་གེར་བསྡད་རྗེས་སུ་ངས་ཡང་བསྐྱར་དྲི་བ་དེ་དྲིས་པ་ན། ཁོ་མོས་ཉིན་འགའི་རྗེས་སུ་ཁྱེད་ལ་ལན་སྟེར་ཟེར། སྤྱིར་ན་བོད་མོ་མང་པོ་ཞིག་ལ་མཚོན་ན་དེ་མ་ཐག་དགའ་ན་དགའ་ཟེར་མི་ཐུབ་པ་ནི་ཐུན་མོང་ལ་གནས་པའི་གཅིག་གྱུར་གྱི་ལྟ་བ་ཞིག་ལས་མ་འདས་པས་ས་སྲོད་དེའི་དུས་ཆད་ཀྱང་སྐད་ཆ་དེ་ལྟ་བུ་ཞིག་གིས་མཇུག་མི་བསྡུ་ཐབས་མེད་དུ་གྱུར།  དྲང་མོར་བཤད་ན། ཁོ་མོའི་སློབ་གྲོགས་རྒྱལ་མཚན་དང་ངེད་གཉིས་ནི་སྔོན་ཆད་ངོ་ཤེས་པ་ཙམ་གྱི་གྲོགས་པོ་ཡིན་མོད། མཁའ་མོ་ཚེ་རིང་ལ་འབྲེལ་བ་འཛིན་པའི་ཆེད་དུ་འབྲེལ་འདྲིས་མང་པོ་བྱས་པ་བརྒྱུད།  ངེད་གཉིས་ནི་སྐད་ཆ་ཡོད་ཚད་སྦ་གསང་མེད་པའི་གྲོགས་པོ་ཞིག་ཏུ་གྱུར་སོང་།  ངས་ཡུན་གྱིས་གྲོགས་པོ་རྒྱལ་མཚན་ལ་མཁའ་མོ་ཚེ་རིང་གི་དགའ་ཕྱོགས་སོགས་དྲིས་པ་ན། ཁོས་མཁའ་མོ་ཚེ་རིང་གླུ་དབྱངས་ལ་ཉན་རྒྱུར་ཧ་ཅང་དགའ་བོ་ཡོད་ཟེར། དེ་བས། ཉིན་ཞིག་གི་ཕྱི་དྲོར་ང་རང་རེབ་གོང་རྫོང་གི་སྲང་ལམ་ཉུལ་དུ་སོང་བ་ཡིན་ལ། དེ་ལས། སྒོར་བདུན་ཅུ་ཡས་མས་ཀྱི་སྒྲ་ཕབ་འཕྲུལ་ཆས་ཆུང་བ་ཞིག་དང་གླུ་བ་ཡ་ཏུང་གི་ཁམས་པའི་ཕོ་རྒོད་ཅེས་པའི་སྒྲ་ཐག་ཞིག་ཁོ་མོ་ལ་ཉོས་པ་ཡིན།  ཕྱི་དྲོ་དེར། ངས་གྲོགས་པོ་རྒྱལ་མཚན་བརྒྱུད་ནས་ཁོ་མོ་ངའི་མལ་ཁང་དུ་བོས་པ་ཡིན་ལ། དེ་ནས་ངེད་གཉིས་ཀྱིས་ཁ་བརྡ་གང་རུང་བྱེད་ཞོར་དུ་སྒྲ་ཕབ་འཕྲུལ་ཆས་ལས་ཁམས་པའི་ཕོ་རྒོད་ལ་ཉན་པ་ཡིན། བར་མཚམས་ཤིག་ལ་ངས་ཁོ་མོ་ལ་ཁེ་ཉིན་ངས་ཁྱེད་ལ་བཤད་པའི་སྐད་ཆ་དེར་འདང་བརྒྱབ་ཡོད་དམ་ཞེས་དྲིས་པ་ན། ཁོ་མོས་དོགས་མི་བདེ་བའི་ཉམས་ཀྱིས་ཨུན་ཞེས་མགོ་བོ་ནང་དུ་ལྡེམ་ཙམ་བྱས།  བཟོ་ལྟ་དེ་དང་ཨུན་སྒྲ་དེ་ཡིས་ང་ཡི་རྩ་ལམ་ཡོད་ཚད་དྲོད་ལམ་ལམ་དུ་བཏང་སོང་སྟེ། སྐད་ཆ་མང་པོ་ཞིག་ནི་ད་ནི་འདྲི་མི་དགོས་པར་མགོ་བོ་ནང་དུ་ལྡེམ་པ་དེས་ཡོད་ཚད་ཁས་བླངས་པ་མཚོན། ངེད་གཉིས་ཀྱིས་སྒྲ་ཕབ་འཕྲུལ་ཆས་ལ་ཉན་ཞོར་དུས་ཚོད་གཅིག་རིང་བསྡད་པ་ཡིན་ལ། དེ་ནས་ཁོ་མོ་ཕྱིར་མལ་ཁང་དུ་སྐྱེལ་དུས་སུ་ངས་སྒྲ་ཕབ་འཕྲུལ་ཆས་དེ་བཙན་གྱིས་ཁོ་མོ་ལ་འཁྱེར་དུ་བཅུག་པ་ཡིན། དེ་ལྟར། ངེད་གཉིས་ཀྱི་བརྩེ་དུང་གི་ཐོག་མ་དེ་ཁམས་པའི་ཕོ་རྒོད་ཀྱི་དབྱངས་རྟའི་ཁྲོད་ནས་བྱུང་བ་ཡིན་པས། ད་སྐབས་ང་ལ་མཚོན་ན་ལས་གྲོགས་ཚོ་དང་འགྲོགས་ནས་གླུ་གར་ཁང་གང་རུང་དུ་སོང་ན། ཐོག་མར་ཡ་ཏུང་གི་ཁམས་པའི་ཕོ་རྒོད་ལ་ཉན་པར་རེ་བ་བཏོན་པ་ཡིན་ལ། ཁམས་པའི་ཕོ་རྒོད་ལ་ཉན་ན་ངས་ལོ་ངོ་བཅུ་ལྷག་གི་ཡར་སྔོན་གྱི་རང་ཉིད་ཀྱི་བཅོས་མ་མིན་པའི་བརྩེ་དུང་དེར་དྲན་གསོ་བྱེད་ཐུབ་པར་མ་ཟད། ལན་རེར།  ཝུ་ཆང་གིས་ཅུང་ཙམ་བཟི་འདུག་དུས་སུ་དབྱངས་རྟ་དེ་ལ་ཉན་ན་ཐོབ་ཤོར་གྱི་མི་ཚེའི་ལས་སྐལ་ཅིག་ལ་ལེ་བདའ་གང་རུང་ཡང་བྱེད་ཐུབ་པའོ།།  ༼ མུ་འགོད ༽

 

rqdzpc  2013-12-18 11:35:06
མི་ལོ་བཅུ་བཞིར་མ་མཐོང་བའི་སྦྲ་ནག (བོང་སྟག་རི་ལུའི་ཁ་སྐད་སྙན་ངག)
                 ངེད་ཚང་གི་མི་ལོ་བཅུ་བཞི་ལ་མཛོད་དུ་ཉར་བའི་མགོ་སྦྲ་སྨུག་པོ་དེ། ཁྱིམ་མི་དག་ལ་ཞུ་བ་ཡང་ཡང་བྱས་མཐར་ད་གཟོད་ཕྱིར་ཕུབ་ཏུ་འཇུག་ཐུབ་སོང་།


ཁྱེད་རང་མཛོད་དུ་ཉར་བའི་མི་ལོ་བཅུ་བཞི།།
ང་རང་གཉིད་དུ་ཡུར་བའི་མི་ལོ་བཅུ་བཞི།།
མི་ལོ་བཅུ་བཞིའི་རིང་གི་མགོ་སྦྲ་སྨུག་པོ།།
ཆུ་དང་རྡུལ་གྱིས་ཟེགས་ནས་ག་ཙམ་འགོར་ཡོད།།


སྤུན་དང་ན་ཟླས་ལན་ཆགས་ཤིག་ཏུ་བསམ་ཡོད།།
གཡག་རྒན་རྒྱ་ཐོས་ཁུར་བོ་ཞིག་ཏུ་བསམ་ཡོད།།
ཡིན་ཡང་ཁྱེད་རང་སྤང་ཐང་འདི་ནས་འཚོ་རྒྱུ།།
ང་དང་རིགས་མཐུན་མང་པོའི་རེ་བ་ཡིན་ནོ།།


ཨ་ཕས་ངོ་ཐིག་སྒྲིམ་རྒྱུར་ཡི་ཐང་ཆད་ནས།།
ཨ་མས་རེ་ལྡེ་འཐག་རྒྱུར་རེ་བ་ཆད་ནས།།
ཕུ་བོས་ཕུར་བ་རྡེབ་རྒྱུར་སྐྱོ་བ་སྐྱེས་ནས།།
ཁྱེད་རང་མ་མཐོང་མི་ལོ་བཅུ་བཞི་འགོར་སོང་།།


རིང་ན་རིང་བར་བརྩིས་ཆོག་མི་ལོ་བཅུ་བཞི།།
ཐུང་ན་ཐུང་བར་བརྩིས་ཆོག་མི་ལོ་བཅུ་བཞི།།
མི་ལོ་བཅུ་བཞིའི་རིང་གི་མགོ་སྦྲ་སྨུག་པོ།།
ཨེན་ཙམ་མིན་ན་ས་དང་ཆུ་ཡིས་ཟེགས་སོང་།།


དེ་རིང་ང་ཡིས་ཨ་མར་ཞུ་བ་བྱས་ནས།།
དེ་རིང་ང་ཡིས་ཕུ་བོར་རེ་བ་བཏོན་ནས།།
དེ་རིང་ང་ཡིས་ནུ་བོར་ཁ་ཏ་བཏང་ནས།།
སྦྲ་ཁྱིམ་སྨུག་པོའི་ཕ་ཁྱིམ་ཡང་བསྐྱར་མཐོང་བྱུང་།།


ང་ནི་སྐྱེས་ས་བོད་པའི་ལུང་བ་ཡིན་པས།།
རི་ཆུ་ནགས་གསུམ་རེ་རེར་འདང་ཞིག་འདུག་གོ།
ང་ནི་སྐྱེས་ས་ཐང་སྨུག་སྦྲ་ཆུང་ཡིན་པས།།
ཀ་བ་གདུང་མ་རེ་རེར་དྲོད་ཅིག་འདུག་གོ།


ས་རྡོའི་ཁང་བ་འདི་རང་བསོར་མོར་འདུག་ཀྱང་།།
ས་འགུལ་ཨེན་ཙམ་བརྒྱུག་ན་གསོད་སྤྱད་ཡིན་ནོ།།
འོ་བཤིག་འཕྲུལ་འཁོར་འདི་རང་བདེ་མོར་འདུག་ཀྱང་།།
ཁ་འཕེན་ཁ་ལ་འཕང་ན་ཁ་མོར་འདུག་གོ།


རྩྭ་ཐང་མཛེས་ཤིང་སྡུག་པ་ཕྱུགས་ཀྱི་དྲིན་ཡིན།།
མི་རྣམས་ཚེ་ཐག་རིང་བ་སྦྲ་ཡི་དྲིན་ཡིན།།
ད་ནི་སྒོ་ཟོག་བསྐྱུར་ཞིང་མགོ་སྦྲ་བོར་ན།།
གངས་ཅན་བོད་པ་རྒུད་པའི་སྔ་ལྟས་ཡིན་ནོ།།


མི་ལོ་བཅུ་ལ་མི་རིགས་སློབ་གསོ་བསྐྱངས་ནས།།
ཚ་ཟུག་ན་ཟུག་ང་ཡི་སེམས་ལ་འབབ་མྱོང་།།
བོད་པའི་སྲོལ་རྒྱུན་རེ་རེ་འབོར་ལ་ཉེ་དུས།།
ང་ཡི་མིག་ཆུའི་བཞུར་རྒྱུན་ད་དུང་རིང་ངོ་།།

rqdzpc  2013-11-6 15:43:00
སྲང་མགོ་ནས་སྲང་དཀྱིལ་དང་།
སྲང་དཀྱིལ་ནས་སྲང་རྔ་བར།
ང་ཚོ་ལ་ངོམས་ཆོག་ཆོག་གི་ནོར་བུ་ཞིག་ཡོད་ན།
དེ་ནི་ཡིག་ནོར་གྱིས་གཏམས་པའི་བོད་ཡིག་གི་སྒོ་བྱང་དག་རེད།
 
སྒོ་བྱང་དེ་དག་གི་ནང་དུ།
ས་གནས་ཀྱི་དཔོན་པོ་དང་།
མཁས་པ། ཤེས་ཡོན་པ་རེ་རེའི།
འཇོན་ཐང་དང་ནུས་པ་བསྡུས་ཡོད།
 
 
རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར།
བཀའ་འགྱུར་ཉག་ཁ་ནས་འབུད་དུས།
ལག་ཏུ་ཁ་བཏགས་བཟུང་བའི།
ཚོ་ཆེན་གྱི་རིགས་རྒྱུད་ཅིག་སྤྲོ་སྣང་གིས་བཟི་ན་ཡང་།
མགྲོན་ཁང་དང་ཟ་ཁང་། ཚོང་ཁང་རེ་རེའི།
སྒོ་བྱང་གྲུ་བཞིའི་སྟེང་བག་ལ་ཞ་བའི།
བོད་ཡིག་གི་ཕྲེང་རྡོག་རེ་རེ་ཤི་མ་གསོན་གྱིས་གཟིམ་ལ་ཉེ།
 
ལོ་རྒྱུས་དང་དཔེ་དེབ་ལས།
ཡི་གེ་ལ་སྲོག་ཡོད་ཟེར།
དེ་ཡིན་ན། དབང་བོ་རྣམ་ལྔ་དེ་རང་དགར་མ་གཅོད།
དོན་ལྔ་སྣོད་དྲུག་དེ་ག་སར་མ་གཡུག
རྐང་ལག་ཉིང་ལག་དག་རྩད་ནས་མ་གཅོད།
 
ཡི་གེ་ལ་ཨུ་ཚུགས་བཙོང་ས་མི་འགྲོ།
ཡི་གེ་ལ་ཐོབ་ཐང་ངོམས་ས་མི་འགྲོ།
ཡི་གེ་ལ་འཇིགས་སྐུལ་སློང་ས་མི་འགྲོ།
 
ད་ནི་ངའོ་ངའོ་སྙམ་པའི་ང་རྒྱལ་དེ་དོར་ནས།
ང་ཚོས་རང་ཉིད་ལ་ཚང་རྩིས་ཐེངས་ཤིག་རྒྱག་རན།
 
                               
          
 
rqdzpc  2013-2-25 9:59:23

ཁྱེད་དང་ཁྱེད་ཀྱི་སློབ་བུ་དག་གིས་ཆེས་ལེན་པར་དགའ་བའི་རྡུང་ལེན་ཞིག

                      ----------གཉའ་གོང་ལྷ་བྷེ་ལགས་ལ་རྗེས་དྲན་དུ།

                  བོང་སྟག་རི་ལུ།  ༼ མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ༽

ནམ་རྒྱུན་གཞུང་ལས་ཁང་དུ་ཐོན་མ་ཐག  བོད་ཀྱི་རྒྱུགས་ཆེ་བའི་དྲ་བ་སྐོར་ཞིག་ལ་བལྟ་ཀློག་བྱེད་རྒྱུ་ནི་ངའི་འཚོ་བའི་གོམས་གཤིས་ཤིག་ཏུ་ཆགས་འདུག  དེ་རིང་ཡང་སྔར་ལྟར་གཞུང་ལས་ཁང་དུ་ཐོན་མ་ཐག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་སྒོ་ཕྱེས་པ་ན་བོད་ཀྱི་སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་སྐུ་མྱ་ངན་ལས་འདས་པའི་ཚུལ་དེ་ཐོས་བྱུང་།  ཡིད་སྐྱོ་བའི་སྣང་ཚུལ་འདི་མཐོང་མ་ཐག  ངས་ནི་ལོ་ངོ་དུ་མའི་ཡར་སྔོན་དུ་རང་དང་སྙན་ངག་གི་ལག་རྡང་སྦྲེལ་མྱོང་བའི་ན་གཞོན་སྙན་ངག་པ་འབའ་སེང་སྨྱོན་ལགས་ལ་ཡང་མི་འདོད་རྐྱེན་ངན་གྱི་བར་ཆད་བྱུང་ནས་སྐུ་མྱ་ངན་ལས་འདས་པ་དྲན་ཞིང་།  སྐབས་དེར།  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བས་ཁོང་ལ་རྗེས་དྲན་གྱི་ལེ་ཚན་རབ་དང་རིམ་པ་བསྒྲུབས་ཅིང་། བོད་ཀྱི་སྙན་ངག་པའི་ཤོག་ཁ་གསར་བ་རུ་འབོད་པའི་ན་གཞོན་སྐོར་ཞིག་གིས་མི་རབས་གསུམ་པའི་སྙན་ངག་གི་འདུ་ཚོགས་སྟེང་ནས་ཁོང་ལ་རྗེས་དྲན་གྱི་སེམས་གཏམ་ངུ་ངག་ལ་བསྐྱོན་ཏེ་གྱེར་འདོན་བྱས་ཡོད་པས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བས་གཤེགས་ཟིན་པའི་རང་རེའི་བོད་ཀྱི་སྙན་ངག་པ་གང་མང་ཞིག་ལ་འདི་ལྟར་རྗེས་དྲན་གྱི་ལེ་ཚན་རེ་རེ་སྒྲུབ་པ་ལ་བཀའ་དྲིན་ཞུ་འོས།

ངས་ནི་ཆུང་དུས་ནས་བཟུང་གངས་རྒྱན་མེ་ཏོག་དང་སྦྲང་ཆར་སོགས་དུས་དེབ་སྐོར་ཞིག་མཚམས་མ་ཆད་པར་བཀླགས་པ་ཡིན་ལ།  བར་སྐབས་ཤིག་ལ། གཉའ་གོང་ལྷ་བྷེ་དང་རི་སྔོན་བླ་མ་ཐར་ཞེས་པའི་མིང་ཚིག་འདི་གཉིས་ནི་དུས་རྒྱུན་གངས་རྒྱན་མེ་ཏོག་ལས་མཐོང་ཡོང་ལ། ཁོ་གཉིས་ཀྱིས་མཉམ་འབྲེལ་གྱིས་བྲིས་པའི་སྙན་ངག་རིང་མོ་དང་ཡང་ན་རང་རང་སོ་སོ་ནས་བྲིས་པའི་སྙན་ངག་གང་མང་ཞིག་ནི་དུས་རྒྱུན་གངས་རྒྱན་མེ་ཏོག་དུས་དེབ་ཀྱི་བར་གསེབ་གང་རུང་ལས་མངོན་ཡོང་།  དེ་བས་གཉའ་གོང་ལྷ་བྷེ་ཞེས་པའི་མིང་ཚིག་འདི་ནི་ང་ལ་མཚོན་ན་ཆེས་རྒྱུས་མངའ་ཡོད་པའི་མིང་ཞིག་ཡིན་ཨང་།

  ལྷག་པར་དུ། ལོ་ངོ་གཉིས་ཀྱི་ཡར་སྔོན་དེ་ངས་དགེ་རྒན་གྱི་ལས་ཀ་སྒྲུབ་དུས་སུ། མཚོ་ནུབ་ཁོངས་གཏོགས་ཀྱི་བོད་ཡིག་དགེ་རྒན་སྐོར་ཞིག་ལ་ཆེས་ལེགས་པའི་གོ་སྐབས་ཤིག་ཐོབ་པ་ནི། ཁུལ་སློབ་གསོ་ཅུའུ་ཡི་བཀོད་སྒྲིག་འོག གཙོད་གྲོང་ཁྱེར་དུ་ཕྱིན་ནས་ཉིན་བཅུ་ཙམ་གྱི་རིང་ལ་སྐད་གཉིས་སློབ་གསོའི་ཕྱོགས་ཀྱི་ཟབ་སྦྱོང་བྱས་པ་དེ་ཡིན་ལ། ཉིན་གུང་ཞིག་ལ་ང་རང་སློབ་གྲྭའི་མལ་ཁང་དུ་ངལ་གསོ་བཞིན་པའི་སྐབས་སུ།  ལས་གྲོགས་དགེ་རྒན་ཞིག་གིས་ཁ་པར་བཏང་ནས་གཙོད་དགེ་ཐོན་སློབ་གྲྭའི་སྒོ་འགྲམ་དུ་བོས་སོང་ལ།  སྐབས་དེར།  སློབ་གྲྭའི་མར་གཤམ་གྱི་ཚོང་ཁང་ཆུང་བ་ཞིག་གི་སྒོ་འགྲམ་ན་ངའི་ལས་གྲོགས་དེ་དང་ཤ་རྒྱགས་ལུས་དར་གྱི་ངོ་མི་ཤེས་པའི་མི་ཞིག་གིས་ང་ལ་སྒུག་འདུག་པ་དེ་ཡིན། མཚམས་སྦྱོར་བྱས་པ་ལྟར་ན། དེ་ནི་སྙན་ངག་པ་གཉའ་གོང་ལྷ་བྷེ་ལགས་ཡིན་ཏེ། ངའི་ལས་གྲོགས་དེ་དང་ཁོ་གཉིས་ཀྱིས་སྔ་ཉིན་དགོང་མོ་དེ་གའི་ཆང་ཁ་ཞིག་ནས་ངོ་ཤེས་པ་ཡིན་ལ།  ཁ་བརྡ་བརྒྱུད་ང་རང་དེ་གར་ཟབ་སྦྱོང་དུ་ཐོན་ཡོད་པ་ཤེས་པས་ཁོས་བསམ་གཟས་ཏེ་ང་དང་འཕྲད་དུ་ཡོང་བ་ཡིན་ཟེར། དེ་བས། ངེད་གསུམ་གྱིས་ཚོང་ཁང་དེ་ཡི་སྒོ་འགྲམ་གྱི་ཝུ་ཆང་འཐུང་སའི་སྒྲོག་ཙེ་གྲུ་བཞི་མ་དེའི་མཐའ་བསྐོར་ཏེ་ཁ་བརྡ་གང་རུང་བྱས་པ་ཡིན་ལ། ཉིན་མོ་དེར། ང་ལ་མཚོན་ན་སྔ་ཉིན་ཀན་ལྷོའི་མཛེས་སྡུག་གི་རྩྭ་ཐང་མཐོང་རྗེས་སེམས་པ་དབང་མེད་དུ་ཤོར་བར་བརྟེན་ཝུ་ཆང་འགམས་རྒྱུ་མང་དྲགས་པས་ཨ་རག་གི་ཡི་ག་གཏིང་ནས་ཆད་འདུག་ལ། ཝུ་ཆང་ཉུང་ཙམ་དང་ཁ་བརྡ་ཉུང་ཙམ་ལས་བྱེད་མ་ཐུབ་མོད། དུས་ཚོད་ཐུང་ངུ་ཞིག་གི་ནང་ལ་ཁ་བརྡ་བྱས་པ་ལས་མཐོང་ཡོང་བ་ནི་ཁོ་ནི་ཁེར་རྐྱང་པའི་སྙན་ངག་པའི་གྲས་སུ་གཏོགས་ཤིང་། ལྷག་ཏུ། སློབ་གསོ་དང་རྩོམ་རིག་གིས་ཁོའི་མི་ཚེའི་ཆ་ཤས་ཤིག་ཟིན་ཡོད་པར་མ་ཟད། ཁོ་རང་སྡོད་སའི་ཞང་གྲོང་དེ་ན་ལྷད་མེད་དྭངས་གཙང་གི་མིག་ཟུང་བཀྲ་བའི་བྱིས་པ་སྐོར་ཞིག་གིས་ཁོའི་ཤེས་རིག་གི་སྐོམ་ཆུ་ལ་རེ་ཡོད་པ་དང་།  ཁོའི་ཁེར་རྐྱང་གི་སེམས་པར་ཡང་ཆེས་ཁེར་རྐྱང་མིན་པའི་གླུ་སྐད་ཅིག་གཤེགས་ཡོད་པ་ནི་བྱིས་པ་ཆུང་ཆུང་དེ་དག་གི་དཔེ་ཀློག་གི་དབྱངས་རྟ་ཡིན་སྲིད། ངེད་གཉིས་ནི་ཚེ་གཅིག་གི་གྲོགས་པོ་མིན་ལ་ཐ་ན་ཞག་གཅིག་གི་ཆང་གྲོགས་ཀྱང་མིན་ཡང་། ཁོས་ང་ལ་བཤད་པའི་སྐད་ཆ་ཞིག་ངའི་རྣ་ལམ་ན་ད་དུང་ཡང་ལྷང་ལྷང་གྲགས་ཀྱིན་ཡོད་དེ། དེ་ནི་ང་ལ་ཝུ་ཆང་དཀར་ཡོལ་གང་བཀྱགས་པ་དང་ལྷན། ངས་ནི་ཁྱེད་ཀྱི་གླུ་ཚིག་ཅིག་ནམ་རྒྱུན་བླངས་པ་ཡིན་ལདེ་ནི་ངའི་འཛིན་གྲྭའི་སློབ་བུ་དག་གིས་ཀྱང་ནམ་རྒྱུན་ལེན་པའི་གླུ་དབྱངས་ཤིག་སྟེ་ཁ་བྱང་ལ་འུ་ཚང་གི་རྒྱབ་རི་སྨུག་པོ་ཞེས་པ་དེ་ཡིནཟེར་བ་དེ་རེད། བདག་གི་གླུ་ཚིག་དེ་ནི་བོད་ཁམས་སུ་ཆེས་སྐད་གྲགས་ཆོད་པའི་གླུ་བ་ནམ་མཁའ་དང་དར་མཚོ་གཉིས་ཀྱིས་བླངས་པ་ཡིན་ལ། དེ་རིང་མི་འདོད་རྐྱེན་ངན་གྱི་བར་ཆད་ཐེབས་པའི་འདས་པོ་ཁོ་ལ་མྱ་ངན་ཞུ་བྱེད་དུ་ཁོ་དང་ཁོའི་སློབ་མ་དག་གིས་ཆེས་ལེན་པར་དགའ་བའི་གླུ་ཚིག་ཚན་པ་ཞིག་འདིར་བཀོད་པ་ཡིན་ཏེ། གངས་རི་དཀར་པོ་འུ་ཚང་གི་རྒྱབ་རི་ཡིན་ན་དགའ་དགའ།། རྫ་རི་སྨུག་པོ་འུ་ཚང་གི་མདུན་རི་ཡིན་ན་སྐྱིད་སྐྱིད།། ལ་དང་ལུང་བ་འུ་ཚང་གི་སྙིང་སྟོབས་ཡིན་ན་དགའ་དགའ།། འགྱུར་བ་མེད་པ་འུ་ཚང་གི་དམ་བཅའ་ཡིན་ན་སྐྱིད་སྐྱིད། གླུ་ཚིག་འདི་སྒྲ་མེད་སིམ་སིམ་གྱིས་ཡིག་ངོས་སུ་ཕབས་དུས་སུ། ངས་ཁྱེད་དང་ཁྱེད་ཀྱི་བུ་སློབ་དག་དྲན་འོངས་ལ།  ཁྱེད་ཀྱི་བུ་སློབ་དག་གིསཁྱེད་རང་དེ་བས་ཀྱང་དྲན་བཞིན་པའི་སྒང་ཡིན་པར་མ་ཟད། ཁྱེད་རང་གློ་བུར་དུ་བཞུད་སོང་བའི་ཉིན་མོ་འདིར། གླུ་ཚིག་འདི་ཡིས་ཁྱེད་ཉིད་འཁྲེང་སའི་ཁྱེད་ཀྱི་བུ་སློབ་དག་ལ་སྙིང་སྟོབས་དང་དམ་བཅའ་གང་རུང་ཞིག་བསྩོལ་ཐུབ་པར་སྨོན་ནོ།།

 

 

 

rqdzpc  2013-2-13 12:53:17

ང་རང་ཕ་ཡུལ་དུ་ལོག་མི་འདོད་པ་ནི།

                        བོང་སྟག་རི་ལུ། གཏེར་ལེན་ཁ

ང་རང་ཕ་ཡུལ་དུ་ལོག་མི་འདོད་པ་ནི།

ཕ་ཡུལ་གྱི་ན་ཟུག་མཐོང་མི་འདོད་པས་ཡིན་ལ།

ང་རང་ཕ་ཡུལ་དུ་ལོག་མི་འདོད་པ་ནི།

ཕ་ཡུལ་ལ་བརྩེ་བ་ཆེ་དྲགས་པས་ཡིན།

 

ཕ་ཡུལ་དུ་ལོག་ཐེངས་རེ་རེར།

ངའི་སེམས་ཁ་རྨང་ནས་དཀྲིགས་འགྲོ་ལ།

ཕ་ཡུལ་དུ་ལོག་ཐེངས་རེ་རེར།

ངའི་གློ་སྙིང་མཆིན་གསུམ་འདར་ཡོང་།

 

ང་རང་ཕ་ཡུལ་གྱི་ས་རྡོ་ལ་ཁེན་ཏེ་ཡར་འགྲེངས་པ་དང་།

ཕ་ཡུལ་གྱི་གཏམ་རྒྱུད་ལ་གསན་ཏེ་ནར་སོན་པས།

མིང་མི་ཤེས་པའི་རི་ཆུ་རེ་རེ་ལ་བརྩེ་བ་ཟབ་མོ་ཆགས་ཡོད་ལ།

བརྗོད་མི་ཚར་པའི་གཏམ་རྒྱུད་རེ་རེ་ཡིས་མི་ཚེའི་ལམ་རྒྱགས་གནང་ཡོད།

 

དེ་བས་ན། སྦྲ་ནག་གི་དྲོད་ཁོལ་དང་ནོར་ལུག་གི་རྩེད་འཇོ་ནི།

ཐེམ་ཆེན་རྩྭ་ཐང་གི་ཆེས་མཛེས་པའི་རི་མོ་དང་།

ཆེས་སྙན་པའི་རོལ་མོ་སྟེ།

བདག་གི་མེས་པོ་ཚོས་དུས་ད་ལྟའི་བར།

འདི་ལྟ་བུའི་རི་མོ་ཞིག་ཐང་ཆེན་པོ་འདི་ལ་བྲིས་ཏེ་འོངས་ཤིང་།

འདི་ལྟ་བུའི་རོལ་དབྱངས་ཤིག་ཐང་ཆེན་པོ་འདི་ནས་དཀྲོལ་ཏེ་འོངས།

 

ཡིན་ན་ཡང་།  སྤྱི་ལོ་གསར་བ་ཚེས་ཤིང་མི་རབས་གསར་བ་འཁྲུངས་བ་ནས།

རྩྭ་ཐང་གི་རི་མོ་དེ་དག་རིམ་བཞིན་ཡལ་ཅིང་།

རྩྭ་ཐང་གི་རོལ་དབྱངས་དེ་དག་རིམ་བཞིན་ཆད་སོང་།

 

དེ་རིང་ནི་བོད་ལུགས་ཀྱི་ལོ་གསར་ཚེས་གཅིག་རེད།

ང་རང་ཕ་ཡུལ་དུ་ལོག་ན།

བསང་མེ་དམར་པོ་འོད་ཆེམ་ཆེམ་གྱིས་འབར་བ་མཐོང་སྲིད་དམ།

གཡས་འཁྱིལ་དུང་དཀར་སྙན་ལྷང་ལྷང་གིས་འབུད་པ་ཐོས་སྲིད་དམ།

ཆུང་ངུའི་ཆུང་ངུའི་དུས་ཀྱི།  གནའ་བོའི་གནའ་བོའི་དུས་ཀྱི།

ལོ་ལོན་ཚོས་གདོང་བ་སྣུམ་ཤིག་གེར།

མ་བཅོས་པའི་བརྩེ་བ་རྣལ་མ་དེས་ང་ལ་གཅེས་ཕྲུག་ཅེས་འབོད་སྲིད་དམ།

 

ང་རང་ཕ་ཡུལ་དུ་ལོག་མི་འདོད་པ་ནི།

ཕ་ཡུལ་གྱི་ན་ཟུག་མཐོང་མི་འདོད་པས་ཡིན་ལ།

ང་རང་ཕ་ཡུལ་དུ་ལོག་མི་འདོད་པ་ནི།

ཕ་ཡུལ་ལ་བརྩེ་བ་ཆེ་དྲགས་པས་ཡིན།

 

 

rqdzpc  2012-12-24 9:18:48
བ་མོ་གྱོང་བོ་བཞོ་བའི།།
རོང་མོ་སྐམ་པོ་ཞིག་ལ།།
འབྲོག་པ་ཚོན་པོ་ཞིག་གིས།།
གམ་ན་སྐེ་སོ་བྱེད་དོ།།
 
བ་མོ་འཚུབ་ཆ་མ་ལངས།།
རོང་མོ་ཚུར་འཁོར་མ་གནང་།།
ར་བཟི་ཨ་ཕོའི་མིག་གིས།།
རབ་རིབ་ངང་ནས་བལྟས་ཡོད།།
 
ས་འདིའི་ས་རྩ་རུབ་སོང་།།
འདོད་པའི་ཆགས་རྩ་དམར་སོང་།།
བ་མོ་རི་ལ་གཏོང་རོགས།།
བུ་མོ་ཚུར་ལ་ལོག་རོགས།།
rqdzpc  2012-12-20 10:02:27

            ཁྲིན་ཏུའུ་གྲོང་ཁྱེར་ནས་བཏབ་པའི་ཟིན་ཐོ།

                               བོང་སྟག་རི་ལུ།

   ད་ལོའི་སྤྱི་ཟླ་བཅུ་བའི་ནང་།ང་རང་རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་ལེ་ཚན་གྱི་བཅར་འདྲི་དང་རྩོམ་སྒྲིག་པའི་ཟབ་སྦྱོང་འཛིན་གྲྭ་དེར་ཞུགས་པར་ལམ་དུ་ཆས་པ་ཡིན།གནའ་མཁར་ཟི་ལིང་ནས་མེ་འཁོར་ལ་བསྡད་དེ་ཉིན་མཚན་གཉིས་ལ་བསྐྱོད་མཐར་གཞི་ནས་ཁྲིན་ཏུའུ་གྲོང་ཁྱེར་དུ་འབྱོར།ཚོགས་འདུའི་ལས་ཡུལ་དངོས་ལ་སོང་ནས་མིང་ཐོ་བཀོད་རྗེས་སུ་ང་དང་ལས་གྲོགས་ཤིག་ཁྲིན་ཏུའུ་གྲོང་ཁྱེར་གྱི་འོད་སྡེར་པར་བསྐྲུན་བྱེད་ས་ཞིག་ཏུ་ཕྱིན་པ་ཡིན་ལ།གོ་ཐོས་ལྟར་ན།ཁྲིན་ཏུའུ་གྲོང་ཁྱེར་ནས་འོད་སྡེར་སོགས་དཔར་ན་རིན་གོང་སླ་ཞིང་རྒྱུ་སྤུས་ཡག་པོ་ཡོད་པ་རེད་ཟེར།དེ་བས།ངེད་གཉིས་འོད་སྡེར་པར་བསྐྲུན་བྱེད་སའི་ཀུང་ཟི་ཞིག་ཏུ་ཕྱིན་ནས་རུས་ཁྲིན་ཅན་གྱི་སྦྱིན་བདག་ཅིག་དང་གླེང་མོལ་བྱས་པ་ན་ངོ་མ་མི་རྣམས་ཀྱིས་བཤད་པ་བཞིན་རྒྱུ་སྤུས་དག་ཅིང་རིན་གོང་སླ་བའི་འོད་སྡེར་མང་པོ་པར་བསྐྲུན་བྱེད་ཐུབ་པ་ཤེས་ལ།ཕ་ཡུལ་མཚོ་སྔོན་གྱི་འོད་སྡེར་རྫན་རྫུན་དག་དང་བསྡུར་ན་རྒྱུ་སྤུས་ཡང་ཡག་པོ་ཡོད་པ་རེད།དེ་ག་ནས་ཙག་ཙིག་གི་ལས་ཀ་དག་བསྒྲུབ་རྗེས་སུ།གླ་གཏོང་རླངས་འཁོར་ཞིག་ལ་བསྡད་ནས་ཕྱིར་མགྲོན་ཁང་དུ་ལོག་པ་ན།མགྲོན་ཁང་གི་སྒོ་སྲུབས་ན་མིང་བྱང་མང་པོ་བཞག་འདུག་ལ།སྟེང་དུ་༼ཁ་པར་གཅིག་གིས་མགྲོན་ཁང་དུ་ཐོན་ལ་སློབ་གྲྭའི་གནས་སྡོད་ཀྱི་སློབ་མ་དག་ཡིན་པས།ལོ་ཆུང་ལ་ཞབས་ཞུའི་རྣམ་འགྱུར་གྱིས་ཁྱེད་རང་རང་ཡུལ་ཏུ་ལོག་མི་འདོད་པའི་ཚོར་བ་སྟེར་ངེས༽་ཞེས་བྲིས་འདུག མིང་བྱང་སྟེང་གི་ཡི་གེ་དེ་དག་མཐོང་རྗེས་སུ།ངའི་ཡིད་ལ་གྲོགས་པོ་ཞིག་གིས་བཤད་པའི་མཚར་གཏམ་དེ་དྲན་བྱུང་།དེ་ནི་དཔོན་པོ་མཐོ་ཤོས་ཤིག་གིས་རང་ཉིད་ཀྱི་བུ་མོ་དེ་གྲོང་ཁྱེར་ག་གེ་མོའི་སློབ་གྲྭ་ཞིག་ལ་བཅུག་པ་དང་།ཐེངས་ཤིག་ལ།ཁོ་རང་གྲོང་ཁྱེར་དེ་གའི་གླུ་གར་ཁང་ཞིག་ཏུ་ཕྱིན་ནས་སློབ་གྲྭའི་གནས་སྡོད་ཀྱི་སློབ་མ་ཞིག་ཉོ་རྒྱུ་ཞེས་སྦྱིན་བདག་ལ་བཤད་པ་ན།སྦྱིན་བདག་གིས་ཁོ་ཡི་བུ་མོ་དེ་ཁྲིད་ཡོང་བས་ཕ་བུ་གཉིས་གློ་བུར་འཕྲད་པ་དེས་ཅི་བྱ་གཏོལ་བྲལ་དུ་གྱུར་ཞེས་པའི་གཏམ་རྒྱུད་དེ་ལ་ཡང་བདེན་ཤས་ཅུང་ཙམ་འདུག་ཨང་བསམ་བྱུང་།མགྲོན་ཁང་ནས་ངལ་ཅུང་ཙམ་གསོས་རྗེས།ཁྲིན་ཏུའུ་གྲོང་ཁྱེར་གྱི་བོད་མིའི་ཁྲོམ་དུ་ཆས་པ་ཡིན་ལ།གླ་གཏོང་རླངས་འཁོར་ཞིག་གིས་བོད་མིའི་ཁྲོམ་གྱི་འདབ་རོལ་ཞིག་ཏུ་གཡུག་རྗེས་སུ་བོད་མིའི་ཁྲོམ་མ་རྙེད་པར་ཡར་ལ་བསྐྱོད་ཅིང་མར་ལ་བསྐྱོགས་ནས་དུས་ཚོད་ངེས་ཅན་ཞིག་བརྒྱུད་མཐར་ད་གཟོད་བོད་མིའི་ཁྲོམ་དེ་རྙེད་པ་ཡིན་ལ།བོད་མིའི་ཁྲོམ་ནི་ལྷ་ས་དང་།མཚོ་སྔོན།ཀན་སུའུ།ཟི་ཁྲོན་སོགས་ཀྱི་བོད་མི་འགྲུལ་བཞུད་པ་དག་གི་ཕ་ཁྱིམ་ལྟ་བུ་ཞིག་ཏུ་གྱུར་འདུག་ལ།བོད་ཟས་ཟ་ཁང་ཞིག་ནས་ཐུག་པ་དཀར་ཡོལ་གང་དང་ཤ་རྒྱ་མ་གང་ཟོས་པ་དེས་རང་ཁྱིམ་དུ་ཐོན་པ་ལྟ་བུའི་སྣང་བ་སྐྱིད་པོ་ཞིག་བྱིན་སོང་།

    སྤྱི་ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན།ང་ཚོའི་ཟབ་སྦྱོང་གི་འཛིན་གྲྭ་དངོས་སུ་འཚོགས་མགོ་བརྩམས་བྱུང་།   འཆད་ཁྲིད་དགེ་རྒན་དག་ནི་རྒྱལ་ཁབ་རིམ་པའི་གསར་འགོད་པ་དང་ཆེད་མཁས་པ་དག་ཡིན་ལ།སྔ་དྲོའི་འཆད་ཁྲིད་ཀྱི་དགེ་རྒན་དེས་མཐུན་སྒྲིལ་བརྗོད་བྱ་ཡིན་པའི་ཉ་ཉོག་ལུང་བ་གང་ལབ་སོང་བས་སྙིང་བོ་ཆེར་མི་འདུག་མོད།ཕྱི་དྲོར་སློབ་ཁྲིད་བྱས་པའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་དེས་བཅར་འདྲིའི་བརྒྱུད་རིམ་ཁྲོད་གནས་པའི་དོན་དངོས་མང་པོ་ཞིག་ལབ་པ་དེས་གསར་འགྱུར་བཅར་འདྲིའི་སྐོར་ནས་རང་ཉིད་ཀྱི་བྱ་བར་སྨན་པའི་གཏམ་མང་པོ་ཞིག་ལེན་རྒྱུ་བྱུང་ལ། ལྷག་ཏུ། ཁོས་གསར་འགྱུར་དང་དྲིལ་སྒྲོག་གཉིས་ནི་ཕན་ཚུན་བསྲེ་མི་རུང་ལ། གལ་ཏེ་གསར་འགྱུར་དང་དྲིལ་སྒྲོག་གཉིས་འདྲེས་སོང་བས་གསར་འགྱུར་མང་པོ་ཞིག་ནི་རྫུན་ཏུ་འགྱུར་དགོས་པ་རེད་ཅེས་པའི་ལག་ལེན་དངོས་དང་སྦྱར་བའི་འཆད་ཁྲིད་གོ་བདེ་ཞིག་བྱས་སོང་། ཕྱི་དྲོ་དེར། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་སློབ་གྲོགས་ཤིག་ལ་ཁོ་མོའི་གྲོགས་པོ་ཞིག་གིས་མགྲོན་བསུ་བྱས་པས། ང་ཚོ་མཚོ་སྔོན་གྱི་སློབ་གྲོགས་ཡོངས་དེ་གར་ཕྱིན་པ་ཡིན་ལ། མིང་དུ་གྲགས་པའི་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཟ་ཁང་ཞིག་ནས་ཟ་མ་ཟོས་རྗེས་སུ། སྦྱིན་བདག་དེ་ཡི་བཀོད་སྒྲིག་ལྟར་ཁྲིན་ཏུའུ་གྲོང་ཁྱེར་ན་ཡོད་པའི་བོད་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པའི་གནས་མཆོག་ལྷ་ས་ཞེས་པའི་ནང་མ་ཁང་དུ་ཕྱིན་པ་ཡིན་ལ། དེ་ནས་ད་གཟོད་སྦྱིན་བདག་དེ་ནི་གླུ་བ་ཡ་ཏུང་གི་སྒྲོལ་མ་ཞེས་པའི་མིང་གྲགས་ཆེ་བའི་གླུ་དབྱངས་དེའི་ཚིག་རྩོམ་མཁན་ཡིན་པ་ཤེས་རྟོགས་བྱུང་ལ། ཁོས་ཟས་མགྲོན་ཁོ་ན་མ་ཡིན་པར་གླུ་སྐད་ཁོ་ནས་ཀྱང་ང་ཚོ་དབང་མེད་དུ་བཟི་རུ་བཅུག་སོང་། 
    ཟབ་སྦྱོང་གི་ཉིན་གསུམ་པར། ཁྲིན་ཏུའུ་གྲོང་ཁྱེར་ལ་མཚོན་ན་ཉི་མ་ཤར་ཙམ་བྱུང་སོང་བས། འཆད་ཁྲིད་དགེ་རྒན་གཙོ་བྱས་ཏེ་ས་གནས་དེ་གའི་མི་རྣམས་ལ་མཚོན་ན་ཉིན་དེ་ཡི་ནམ་ཟླ་ནི་ཆེས་ལེགས་པོ་ཞིག་ལ་བརྩི་གིན་འདུག་སྟེ། རྒྱུ་མཚན་ནི་ཁྲིན་ཏུའུ་སོགས་གྲོང་ཁྱེར་མང་པོ་ཞིག་ལ་མཚོན་ན་ལོ་གཅིག་གི་རིང་ལ་ཉི་མ་ནི་ལན་རེར་མཐོང་བའི་སྐལ་བ་ལས་མེད་དེ། བཟོ་སྐྲུན་གྱི་རྡུལ་སྨིག་གིས་ནམ་མཁའ་ཧྲིལ་བོ་བཀང་ཡོད་ལ། ཉི་ཤར་དང་ཉི་ནུབ་ནི་ཁོ་ཚོ་ལ་མཚོན་ན་ཆེས་མཛེས་སྡུག་ལྡན་པའི་རི་མོ་ཞིག་སྟེ། ཉི་མ་མ་མཐོང་བར་མི་ཚེ་བཞུད་སོང་བའི་ཞིང་གྲོང་བ་གང་མང་ཞིག་ཀྱང་ཡོད་སྲིད། དེ་བས། གྲོང་ཁྱེར་གྱི་མི་རྣམས་ལ་མཚོན་ན། གནམ་སྔོན་པོ་དང་སྤྲིན་དཀར་པོ། ཆུ་དྭངས་མོ་སོགས་ནི་ཆེས་སྨོན་པའི་ཡུལ་ལྗོངས་ཤིག་ཡིན་ལ། འཆད་ཁྲིད་དགེ་རྒན་དག་གིས་ཀྱང་མདོ་དབུས་མཐོ་སྒང་ལ་ཡིད་སྨོན་འཆོར་གྱིན་ཡོད་དེ། སྤྲིན་པ་དཀར་པོ་བག་ཡངས་རྒྱུ་ལ། རྫ་ཆུ་བསིལ་མ་ཤག་ཤག་འབབ་ཅིང་། མེ་ཏོག་སྣ་བརྒྱ་ལམ་མེར་བཞད་ལ། སྤང་ཐང་ཡངས་པོ་གཡང་དུ་ཆགས་ཤིང་རྟ་ནོར་ལུག་གསུམ་ག་སར་བཀྲམ་པའི་མདོ་དབུས་མཐོ་སྒང་ནི་མི་ཡུལ་གྱི་དག་ཞིང་དང་། མཛེས་སྡུག་གི་ཡུལ་གྲུ་ཞིག་ཡིན་པ་མཐོང་ལ། མི་རྣམས་ཀྱིས་སྨོན་ཞིང་སྨོན་པའི་ཤམ་བྷ་ལ་ཡང་བོད་གངས་ལྗོངས་ལས་མ་འདས་སོ།། ཕྱི་དྲོ་དེར། ང་དང་ལས་གྲོགས་ཤིག་ཁམས་པའི་བརྙན་འཕྲིན་ཁང་གི་གྲོགས་པོ་ཞིག་གིས་བོས་པ་ལྟར། ང་དང་ཁུ་བྱུག་ནང་མ་ཁང་དུ་ཕྱིན་པ་ཡིན། ང་དང་ཁུ་བྱུག་ནང་མ་ཁང་ནི་བོད་ཀྱི་རྡུང་ལེན་པ་གྲགས་ཅན་བདུད་བྷེ་ཡིས་ཕྱེས་པའི་ནང་མ་ཁང་ཞིག་ཡིན་ལ། ཁང་བའི་རྒྱ་ཁོན་ཅུང་དོག་པོར་འདུག་ཀྱང་དེ་ལས་གྲགས་ཡོང་བའི་སྙན་ལྷང་ལྷང་གི་གླུ་སྐད་ཀྱིས་མི་སེམས་དབང་མེད་དུ་འགུག་པར་བྱེད། ནང་མ་ཁང་དུ་འབྱོར་ནས་ཅུང་མ་འགོར་བར། བོད་ཀྱི་རྡུང་ལེན་པ་གྲགས་ཅན་བདུད་བྷེ་ཉིད་བསླེབས་བྱུང་ལ། ལག་ཏུ་མཁར་བ་བཟུང་ནས་ལུས་པོ་ཅུང་ཙམ་འཐེང་པོ་འདུག་པ་དེས་མི་སེམས་ལ་སྡུག་སྣང་ཞིག་བསྐྱིལ་འགྲོ་མོད། གར་སྟེགས་སུ་བུད་ནས་རྡུང་ལེན་ཁ་ཤས་རྒྱུད་དཀྲོལ་བྱས་པ་དེས་ཁོའི་སྐུ་ལུས་ལ་འོད་མདངས་གསར་བ་ཞིག་བསྣན་བྱུང་ལ། སྐད་ངག་ལ་ཉམས་པ་མེད་པའི་ཁོའི་གླུ་སྐད་ཐོས་པ་ན་ཁོའི་གླུ་སྐད་ནི་རབ་དཀར་གྱི་སྤྲིན་པ་ཞིག་དང་འདྲ་སྟེ་ཁྲིན་ཏུའུ་གྲོང་ཁྱེར་གྱི་མཁའ་དབྱིངས་ན་རྒྱུ་བའི་རྡུལ་སྨུག་དང་ཡེ་ནས་མི་འདྲ་ལ། ཁོའི་གླུ་སྐད་ནི་ལྷུང་ལྷུང་འབབ་པའི་རྫ་ཆུ་བསིལ་མ་ཞིག་དང་འདྲ་སྟེ་ཁྲིན་ཏུའུ་གྲོང་ཁྱེར་གྱི་ལྗན་ལྗིན་གྱི་ཆུ་བོ་དང་རིང་དུ་གྱེས་ཡོད་ལ། ཁོའི་གླུ་སྐད་ཀྱིས་ལྷད་ཀྱིས་མ་གོས་པའི་འབྲོག་ལྗོངས་སྣུམ་པོ་ཞིག་དྲན་དུ་བཅུག་སོང་ལ། ཁོ་ཡི་གུས་ཆུང་གི་གཤིས་ཀ་དང་འདྲེས་སླ་བའི་མི་གཤིས་ཀྱིས་ཁོ་ལ་སྔར་ལས་ལྷག་པའི་དུངས་ཀ་ཞིག་སྐྱེ་རུ་བཅུག་སོང་།
      ཟིན་བྲིས་འདི་དག་ནི་འཆད་ཁྲིད་ལ་ཉན་ཞོར་དུ་བྲིས་པ་ཡིན་ལ། གོམས་གཤིས་འདི་ནི་དམའ་འབྲིང་གི་དུས་སུ་རྩིས་རིག་སློབ་ཁྲིད་ཀྱི་སྐབས་སུ་རྩོམ་ཡིག་བྲིས་ནས་ལོབས་པ་ཡིན།
                                                                           2012.10.14 ཁྲིན་ཏུའུ་རུ།
rqdzpc  2012-12-19 16:54:11
                           དུས་ཆད་བཏབ་མྱོང་བའི་བུ་མོ་བཀྲ་ཤིས་གཡུ་སྒྲོན།
 
ཁྱེད་ལ་མཚོན་ན་སྟོང་སྐོར་ཕྱུགས་ལས་སློབ་གྲྭ་རུ་ཡོང་ནས་ལོ་ངོ་གཅིག་ལྷག་འགོར་ན་ཡང་།བུ་མོ་ཞིག་ལ་དགའ་རོགས་སྒྲིག་པའི་སྟ་གོན་ཙམ་ཡང་བྱེད་མ་མྱོང་།ཐེངས་ཤིག་ལ་སློབ་གྲྭའི་ལྒང་རྒྱག་འགྲན་བསྡུར་གྱི་སྟེང་ནས་ཕ་ཡུལ་ཡུལ་ཤུལ་ཆུ་དམར་ལེབ་ནས་ཡིན་པའི་བུ་མོ་ཞིག་ལ་དགའ་བོ་བྱུང་སོང་།དེ་བས།ཐེངས་དུ་མ་ཞིག་ལ་ཁྱེད་ཀྱིས་ཁོ་མོ་དང་ཁ་བརྡ་བྱེད་འདོད་ཀྱི་འདུན་པ་དྲག་པོ་ཞིག་ཡོད་ན་ཡང་།གོ་སྐབས་དང་སྙིང་སྟོབས་སོགས་ལེགས་པོ་ཞིག་མ་བྱུང་བས་བརྩེ་བ་དྲོན་མོ་དེ་རུམ་ལ་བཅུག་ནས་ཟླ་ངོ་ཁ་ཤས་འགོར་སོང་།ཐེངས་ཤིག་ལ་ཁྱེད་འཛིན་གྲྭའི་ནང་གི་ཁྱེད་དང་འབྲེལ་བ་ཆེས་བཟང་བོའི་མི་ཞིག་སྟེ་མིང་ལ་ཆས་ཀྲི་ཆང་(祁志强)ཟེར་བའི་གྲོགས་པོ་ཞིག་ཡོད་པ་དེ་བརྒྱུད་ནས་ཁོ་མོ་ལ་ཤོག་བྱང་ཐུང་ངུ་ཞིག་གི་སྟེང་དུ་འཕྲིན་ཐུང་ཞིག་བྲིས་ནས་ཕྱི་དྲོའི་ཆུ་ཚོད་དྲུག་གི་སྟེང་སློབ་གྲྭའི་མེ་ཏོག་ལྡུམ་ར་ནས་ཐུག་པའི་དུས་ཆད་བཏབ།དེ་བས།ཕྱི་དྲོའི་ཆུ་ཚོད་དྲུག་པར་སླེབས་ལ་ཉེ་སྐབས་ཁྱེད་ཀྱི་སྙིང་གི་འཕར་ལྡིང་སྔར་ལས་ཇེ་མགྱོགས་སུ་ཕྱིན།རྒྱུ་མཚན་ནི་ཁྱེད་ཀྱིས་རྒྱ་སྐད་འཆལ་འཆོལ་ཅིག་ལས་བཤད་མི་ཤེས་པས་ཡིན་ལ།ལྷག་ཏུ་ཁོ་མོའི་གམ་དུ་བསླེབ་ན་ཐོག་དང་པོར་སྐད་ཆ་ཅི་ཞིག་བཤད་དགོས་པ་འང་མི་ཤེས་པས་རེད།སྐབས་དེར།ཁྱེད་ལ་སེམས་གསོ་བྱེད་མཁན་དང་ཁྱེད་ལ་དཔུང་གྲོགས་ཤིག་ཡོད་པ་ནི་ཁྱེད་དང་ཕ་ཡུལ་གཅིག་པའི་ཡོན་ཏན་རྒྱ་མཚོ་ཟེར་བའི་གྲོགས་པོ་དེ་ཡིན་ལ།གྲོགས་པོ་དེ་དང་ཁྱེད་གཉིས་ཀྱིས་གྲོས་བྱས་པ་བརྒྱུད་ད་གཟོད་ཐབས་བཀོད་ཉག་ཅིག་རྙེད་པ་ནི་ཝུ་ཆང་རྒྱ་མ་གང་གཡུག་རྗེས་སུ་ཁོ་མོ་ལ་ཁ་བརྡ་བྱེད་པར་འགྲོ་རྒྱུ་དེ་རེད།ཁྱེད་གཉིས་ཀྱིས་སུ་ལ་མཚོན་ན་ཡང་ཆང་མི་འཐུང་བས་ཝུ་ཆང་རྒྱ་མ་གང་ཉོས་ཀྱང་དེ་ཡི་ཁ་དོ་མ་ལོན་པར་དཀའ་ལས་གང་མང་ཞིག་མྱངས་སོང་།དེ་བས།ཁྱེད་ཀྱིས་ཐབས་དེ་འཐེན་ནས་ཝུ་ཆང་རྒྱ་མ་གང་འཐུང་བ་ན་ཁྱེད་ཀྱི་སྤོབས་པ་ཅུང་ཇེ་ཆེར་སོང་མོད།ཁོ་མོའི་མདུན་ལ་ཐོན་མ་ཐག་ཁྱེད་ཀྱི་འགྲམ་པ་དམར་པོ་གྱུར་ནས་སྐད་ཆ་ཚིག་གཅིག་ཀྱང་མི་སྡོད་པར་གྱུར།དུས་ཚོད་ངེས་ཅན་ཞིག་ལ་ཁ་རོག་གེར་བསྡད་རྗེས་སུ།ཁྱེད་ཀྱིས་ཁོ་མོར་བཤད་འདོད་པའི་སྐད་ཆ་དེ་གཞི་ནས་ཤོད་ཐུབ་ཙམ་བྱུང་བ་དེ་༼ང་ཁྱེད་ལ་དགའ་ཀིཞེས་པ་དེ་རེད།ཁོ་མོ་ཡང་ཡུད་ཙམ་ལ་ཁ་རོག་གེར་བསྡད་རྗེས་སུ་(我的脾气特别不好,我们班的都叫我冷血动物,如果你不在乎的话,我可以答应你。)ཞེས་པའི་རྒྱ་སྐད་དེ་ཧ་ཅང་དག་པའི་སྤྱི་སྐད་ཀྱི་ལམ་ནས་ལབ་བྱུང་།ཁྱེད་ལ་མཚོན་ན་སྐབས་དེར་སྐད་ཆ་དེ་ཡི་ནང་དོན་མ་གོ་དེ(不在乎)ཞེས་པ་དེ་ཅི་ཞིག་གི་ནང་དོན་ཡིན་པ་གཏན་ནས་མ་ཤེས་པས།ལན་ཅི་ཞིག་འདེབས་དགོས་པར་འང་མ་ཤེས་པར་རྐང་བས་ས་བྲད་དེ་བསྡད་པ་རེད།དེ་ལྟར་དུས་ཚོད་ངེས་ཅན་ཞིག་འགོར་རྗེས་སུ་ཁོ་མོས་ཡང་བསྐྱར་དྲིས་བྱུང་།(怎么不回答呀,如果你不在乎的话,我可以答应你。)ཞེས་ཡང་བསྐྱར་ཁྱེད་ལ་རྟིང་སྐུལ་ཐེངས་ཤིག་བྱས་སོང་།ཁྱེད་ཀྱི་སེམས་ལ་(不)ཞེས་པ་དེ་བར་སྐབས་འདི་ལྟ་བུ་ཞིག་ལ་གཏན་ནས་བཤད་མི་རུང་བསམ་ནས་(在乎)ཞེས་ལན་བཏབ་སོང་།ཡུན་རིང་ཞིག་ལ་ཁོ་མོ་ཡང་ཁ་གྲགས་རྒྱུར་མེད་པར་བསྡད་བྱུང་ལ།དེས་ན་ད་བདེ་མོ་ཟེར་ནས་སྐྲ་ལོ་རིང་བོ་དེ་ལྟག་རྒྱབ་ཏུ་གཡུག་ནས་བུད་སོང་།ཁྱེད་རང་ཕྱིར་ཉལ་ཁང་དུ་ཡོང་ནས་ད་གཟོད་ཉལ་གྲོགས་དག་ལ་དྲིས་པ་ན་གཞི་ནས་གོང་གི་རྒྱ་སྐད་དེ་ཡི་ནང་དོན་གོ་སོང་ལ།ཁྱེད་ཀྱི་གཏམ་རྒྱུད་དེ་ཆད་ལྷག་ཅི་ཡང་མ་ཤོར་བར་ཉལ་གྲོགས་དག་ལ་བཤད་པ་ན་ཚང་མ་བགད་ནས་ཁ་ཡང་ཟུམ་མི་ཐུབ་པར་གྱུར་སོང་།ཡིན་ཡང་།མཆི་མ་ཐང་ལ་འཕངས་རྗེས་སུ་ཕྱིར་ལེན་ཐབས་མེད་པས་རྒྱ་སྐད་ཁ་ཚང་ཞིག་མ་གོ་བའི་ནོར་འཁྲུལ་དེས་ཁྱེད་ཀྱིས་སྙིང་ནས་དགའ་བའི་བུ་མོ་དེ་དང་དུས་ཆད་ཐེངས་ཤིག་གི་རྗེས་སུ་བདེ་མོ་མི་འཇོག་ཀ་མེད་བྱུང་སོང་།
rqdzpc  2012-11-15 14:38:52
སྤྱིར་ན་སྒྲུང་གཏམ་ལེགས་ཤོས་མང་པོ་ཞིག་ནི་རྩོམ་པ་པོ་རང་གིས་མྱོང་རོལ་བྱས་པའི་འཚོ་བ་དངོས་དེ་ཡིན་ལ། རྒྱུ་རྐྱེན་སྣ་མང་གི་དབང་གིས་ས་མིང་དང་མི་མིང་སོགས་སྦ་གསང་བྱས་ཡོད་པ་རེད། ཡིན་ན་ཡང་། ཐེངས་འདིར་བདག་གིས་འབྲི་བཞིན་པའི་བོང་སྟག་རི་ལུའི་བརྩེ་དུང་གི་གཏམ་རྒྱུད་ཅེས་པ་ལས་རང་ཉིད་ཀྱི་བརྩེ་དུང་གི་གཏམ་རྒྱུད་ནི་ཇི་བཞིན་བྲིས་ཡོད་པས། རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་གོ་བདེ་བ་དང་ཀློག་འདོད་པའི་སྤྲོ་སྣང་ཙམ་སྟེར་ཐུབ་པར་སྨོན་ནོ།།དེ་བས་ན་གཤམ་ནས་ངས་རང་ཉིད་ལ་འབོད་པའི་ཐ་སྙད་གཉིས་པ་སྟེ་ཁྱེད་བཞག་སྟེ་བརྩེ་དུང་དང་འབྲེལ་ཡོད་ཀྱི་གཏམ་རྒྱུད་རེ་རེ་བཞིན་འབྲི་བར་བྱའོ།། ༽
                                     ༼ དང་པོ། ༽
                      བརྩེ་འཕྲིན་བསྐུར་མྱོང་སའི་བུ་མོ་དུང་མཚོ་སྐྱིད།
ཁྱེད་ལ་ཆེས་ཐོག་མར་དགའ་རོགས་སྒྲིག་པའི་ཀུན་སློང་དེ་དམའ་འབྲིང་གསུམ་པའི་སྐབས་སུ་སྐྱེས་པ་ཡིན་ལ། དུས་དེར། ཁྱེད་ཉིད་ཆེས་དགའ་ས་ནི་རང་དང་ལོ་རིམ་གཅིག་ཀྱང་འཛིན་གྲྭ་མི་གཅིག་པའི་བུ་མོ་དུང་མཚོ་སྐྱིད་ཟེར་བ་དེ་ཡིན། དམའ་འབྲིང་གསུམ་པའི་དུས་ནས་བཟུང་། ཁྱེད་དེ་ལ་ཧ་ཅང་དགའ་བོ་ཡོད་ཀྱང་ཁྱེད་ཀྱིས་ཁོ་མོ་ལ་རོགས་བྱས་ཏེ་རྩོམ་ཡིག་སོགས་འབྲི་རོགས་བྱས་པ་མ་གཏོགས། ཁྱོས་ཁོ་མོ་ལ་དགའ་བའི་བསམ་ཚུལ་ཙམ་ཡང་སྟོན་མ་ཐུབ། དམའ་འབྲིང་གསུམ་པ་མཐར་ཕྱིན་རྗེས་སུ་ཁོ་མོས་མཚོ་ནུབ་དགེ་འོས་སློབ་གྲྭ་ལ་རྒྱུགས་འཕྲོད་པ་དང་། ཁྱེད་ཀྱིས་སྟོང་སྐོར་ཕྱུགས་ལས་སློབ་གྲྭ་ལ་རྒྱུགས་འཕྲོད་པས། ལས་དབང་གིས་ཁྱེད་གཉིས་ཀྱི་ལམ་བུ་དེ་ཤར་ནུབ་གཉིས་སུ་ཕྱེས་སོང་། སྐབས་ཐོག་དེའི་སྤྱི་ཚོགས་ལ་མཚོན་ན་དེང་གི་འདི་འདྲའི་ཆ་རྐྱེན་ལེགས་པོ་ཞིག་མེད་པའི་དབང་གིས་ལག་ཁྱེར་ཁ་པར་སོགས་བརྒྱུད་ནས་ཁ་བརྡ་བྱེད་མི་ཐུབ་པས། ཁྱེད་ལ་མཚོན་ན་ཁོ་མོར་འབྲེལ་གཏུག་བྱེད་སའི་ལམ་བུ་ཉག་ཅིག་ཡོད་པ་ནི་འཕྲིན་ཡིག་ཁོ་ན་བསྐུར་རྒྱུ་དེ་རེད། དེ་བས། ཁྱེད་རང་སློབ་གྲྭར་ཡོང་ནས་བདུན་ཕྲག་ཁ་ཤས་ལས་མ་འགོར་བའི་མཚམས་ནས་བཟུང་ཁོ་མོ་ལ་འཕྲིན་ཡིག་འབྲི་མགོ་བརྩམས། ཁྱེད་ཀྱིས་འཕྲིན་ཡིག་རེ་རེ་བཞིན་འབྲི་དུས་ཧ་ཅང་ཞིབ་ཚེགས་ཀྱིས་བྲིས་ཡོད་ལ། ད་དུང་སྦྲག་སྲིད་བརྒྱུད་ནས་བསྐུར་དུས་ཀྱང་(挂号)ཨང་བཀོད་བསྐུར་ཡིག་བྱས་ཏེ་བསྐུར་བ་རེད། ཡིན་ན་ཡང་། ཁྱེད་ཀྱིས་ཕར་ལ་བྲིས་པའི་འཕྲིན་ཡིག་རེ་རེ་ནི་རྒྱ་མཚོའི་ནང་ལ་རྡོ་འཕངས་པ་བཞིན་ཕར་འགྲོ་ཡོད་ཀྱང་ཚུར་ཡོང་མེད་པའི་གནས་སུ་ལྷུང་། དེ་བས། ཁྱེད་རང་ཉིད་ལ་མཚོན་ན་བརྩེ་དུང་གི་སྡུག་བསྔལ་གྱིས་མནར་བ་ནི་རང་གི་ཕ་ཡུལ་དྲན་པ་ལས་ཀྱང་ལྕི་བའི་ན་ཟུག་ཅིག་ཏུ་གྱུར་ཡོད། ཐེངས་ཤིག་ལ་མཚོ་ནུབ་དགེ་འོས་སློབ་གྲྭ་ནས་ཁྱེད་ལ་འཕྲིན་ཡིག་ཅིག་བསྐུར་ཡོང་། འཕྲིན་ཡིག་དེ་ནི་དུང་མཚོ་སྐྱིད་ཀྱིས་བསྐུར་ཡོང་བ་ཤ་སྟག་རེད། ཁྱེད་ཀྱིས་འཕྲིན་ཡིག་གི་ཁ་འབྱེད་དུས་ལག་པ་དབང་མེད་དུ་འདར་བྱུང་ལ། འཕྲིན་ཡིག་གི་ཁ་འབྱེད་པར་ཡང་ཞིབ་འདང་ཡང་ཡང་རྒྱག་དགོས་བྱུང་། རྒྱུ་མཚན་ནི་འཕྲིན་ཡིག་དེ་ལས་ཁྱེད་ལ་དགའ་སྐྱོ་གཉིས་ཀྱི་དྲིས་ལན་ཞིག་བཏབ་ཡོད་པས་རེད། འཕྲིན་ཡིག་གི་ནང་དོན་ལ་རིམ་གྱིས་བལྟ་དུས་སུ་ཁྱེད་ལ་དགའ་ལྷང་ལྷང་གི་ཚོར་བ་ཞིག་བྱིན་ནས་འཕྲིན་ཡིག་མཇུག་བར་དུ་བལྟས་རྗེས་མགོ་ན་གནམ་མེད་པའི་ཚད་དུ་བསླེབས། དེ་ནི་འཕྲིན་ཡིག་དེ་ལས་ཁྱེད་ཀྱི་བརྩེ་དུང་ཁོ་མོས་དང་ལེན་བྱེད་ཅེས་བྲིས་འདུག་པ་དེའོ།།ཉིན་དེ་དག་གི་རིང་ལ་ཁྱེད་ལ་མཚོན་ན་དགའ་ནས་ཟས་ཀྱི་ཡི་ག་འང་མེད་པའི་ཚད་དུ་འདུག་པས། ཁོ་མོ་ལ་ཕྱིར་དགའ་སྣང་དང་ཚིག་རྒྱན་གྱིས་སྤྲོས་པའི་ཤོག་ལྷེ་བཞི་ལྔ་ཙམ་ཡོད་པའི་འཕྲིན་ལན་ཞིག་བསྐུར། ཉི་འོད་ལམ་ལམ་དེའི་རྗེས་ན་སྤྲིན་པ་ནག་པོ་ཞིག་འཐིབས་ནས་ཡོང་བཞིན་པ་སུ་ཡིས་ཤེས། ཉིན་འགའི་རྗེས་སུ་དུང་མཚོ་སྐྱིད་ཀྱིས་ཁྱེད་ལ་འཕྲིན་ལན་བསྐུར་ཡོང་། བསམ་ཡུལ་ལས་འདས་པ་ཞིག་ལ་འཕྲིན་ཡིག་ནང་གི་ནང་དོན་ནི་ཐེངས་སྔོན་མ་དང་ལྡོག་ཟླ་ཡིན་སྟེ། མདོར་བསྡུས་ན་འདི་ལྟར་བཤད་ཡོད་དེ། བདག་གིས་ཐེངས་སྔོན་མའི་འཕྲིན་ཡིག་ལས་ཁྱེད་ཀྱི་བརྩེ་དུང་དང་ལེན་བྱས་པ་དེ་ནི་ཅུང་འདང་མ་བརྒྱབ་པའི་དོན་དག་ཅིག་ཡིན་པས་ནོར་འཁྲུལ་བྱུང་སོང་། ངོ་མ་དགོངས་འགལ་མེད་པར་ཞུ་ཞེས་བྲིས་ཡོད་པ་རེད། ཐེངས་དེའི་འཕྲིན་ཡིག་དེ་ལས་ཁྱེད་རང་ངོ་མ་ཉལ་སར་འཕངས་སོང་ལ། ཉིན་མང་པོ་ཞིག་གི་རིང་ལ་རང་གི་རྐང་བ་ས་རུ་སྤོ་བཞིན་པའང་མི་ཤེས་པའི་ཚད་དུ་བསླེབས། དེ་བས། རྒྱལ་བཙུགས་དུས་ཆེན་གྱི་སྐབས་དང་བསྟུན་ནས་ཁྱེད་རང་ཡུལ་ཏུ་ལོག་ལ། ཁྱེད་ཀྱིས་རང་ཉིད་ཀྱི་སློབ་གྲོགས་ཤིག་དང་བརྒྱུད་ནས་ཁོ་མོ་ཁོ་ཚང་གི་ལྟག་རྒྱབ་ཏུ་བོས་ནས་ཁོ་མོ་ལ་དགའ་ཚུལ་སོགས་སྦ་གསང་མེད་པའི་སྒོ་ནས་ཇི་ལྟར་བཤད་ཀྱང་ཁོ་མོས་ལག་པས་སྤང་རྩྭ་འགའ་བཏོག་ནས་ཁ་རོག་གེར་འདུག་པ་ལས་ལན་ཅི་ཡང་མ་བཏབ། དེ་བས། ཁྱེད་ཀྱིས་ཐབས་ཟད་འུ་ཐུག་གི་སྒོ་ནས་ཁོ་མོར་དེ་ལྟར་བདེ་མོ་བཞག་ལ། ཕྱིར་ཡོང་ནས་གྲོགས་མོ་ཞིག་གི་གསང་བ་ཞེས་པའི་སྙན་ངག་སྟེ། ༼ མགོ་བསྒུར་ནས་སྤང་རྩྭ་བཏོག་ཞོར། ཆུང་ལོ་མེད་ཚུལ་གྱི་ལོ་རྒྱུས་བསྙད་བྱུང་། ཨ་ཡ་མཚན། གཞན་གྱི་མཁའ་དབུགས་མ་རྔུབ་པའི་བུ་མོ་འདིས། ནུ་ཟུང་བྲང་དུ་རྒྱས་པ་ལང་ཚོ་ཡིན་ནམ་ ༽ཞེས་པའི་སྙན་ངག་དེ་ནི་སྐབས་ཐོག་དེར་བྲིས་པ་ཡིན་ལ། དུས་དེ་ནས་བཟུང་། ཁྱེད་ཀྱིས་ཁོ་མོ་ལ་བཟུང་བའི་ལྷད་མེད་ཀྱི་བརྩེ་བ་དྲོན་མོ་དེ་མཚམས་མི་འཇོག་ཐབས་མེད་བྱུང་ངོ་།།        ༼  མུ་འགོད།  ༽
 

 

འབྲེལ་ཡོད་ནང་དོན་ 74 ཡོད།<<<12345678>>>
Powered by Oblog.