མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
 
སྒྲོལ་མ་ལྷ་ཁང་། http://blog.amdotibet.cn/rl25258/index.aspx
བུ་ཕྲུག་ཅིག་གི་མིག་ཆུའི་བྱུང་བ།
2010-10-28 15:01:00
བུ་ཕྲུག་ཅིག་གི་མིག་ཆུའི་བྱུང་བ།
        དེ་རིང་ནི།   ཟླ་དྲུག་པའི་ཚེས་བཅུ་བཞི་ཡིན་ལ།  ཨ་ཕའི་དུས་ཆེན་ཉིན་མོ་རེད།  དེ་རིང་ཨ་ཕའི་དུས་ཆེན་ཡིན་པའང་གྲོགས་པོ་ཤིག་གིས་བཤད་པས་ཐོལ་གྱིས་དྲན་པ་ལས་ཡོངས་སུ་བརྗེད་འདུག་ལ།   ད་གཟོད་ཁྱོད་རང་རྒྱང་རིང་ན་ཡོད་པ་ཚོར་ཞིང་ཁྱོད་ཀྱིས་རྒྱང་རིང་གི་གནས་དེ་ན་ཁྱིམ་མིའི་བདེ་སྡུག་སེམས་ཁུངས་ལ་ཉར་ཏེ་དངུལ་ལོར་རེ་རེ་བཞིན་དཀའ་ཚགས་དང་ངལ་དུབ་ཀྱིས་བརྩོན་ལེན་བྱེད་བཞིན་པ་ཡུན་གྱིས་ཚོར་ཡོང༌།  དུས་ཆེན་འདི་ལྟ་བུ་ལ་ཁྱོད་ཀྱིས་དང་དོད་བྱེད་མི་སྲིད་ན་ཡང༌།  བདག་ནི་ཁྱོད་ཀྱི་བུ་ཕྲུག་ཅིག་ཡིན་པའི་ཆ་ནས།   ཁྱོད་ལ་དབང་བའི་ཉིན་མོ་གཅིག་པོ་འདི་འང་གཏིང་བརྗེད་དུ་གྱུར་ན།   ངས་བསམ་མྱོང་ལ་བཤད་ཀྱང་མྱོང་བའི་དྲིན་ལན་ཞེས་པའི་ཚིག་འབྲུ་དེར་ད་ནི་ངོ་གནོང་དགོས་བྱུང༌། 
        ཡོད་ཚད་ཅིག་འདས་སོང་བའི་དེ་རིང༌།  མང་པོ་ཞིག་ཡིད་ནས་ཝ་ལེར་འདུག་ནའང༌།   ཅི་ལྟར་དྲན་ནས་གང་ལྟར་བསམ་ཡང༌།  ངའི་ཕྱིར་དྲན་གྱི་ཀློང་ན་ཁྱོད་གཅིག་པུ་ལྷིང་འཇགས་དང་རབ་རིབ་ཁྲོད་གནས་བ་དེ་ནི།  ཨ་ཕས་ནམ་ཡང་རྡུང་རྡེག་གཏོང་མི་སྲིད་པས་ལོས་ཡིན།  ཐག་རིང་ནས་ཁྱེར་ཡོང་བའི་བརྩེ་ཞེན་གྱི་སེམས་པ་འདི་ཁྱིམ་མི་རེ་རེར་དགོ་བྱ་རྒྱག་དུས་ཀྱང༌།  ཁྱོད་ནི་ནམ་ཡང་བདག་གི་བརྗེད་ཡུལ་གྱི་གྲུ་ཟུར་ཞིག་ན་ང་ཡི་ལོག་ཕེབས་ལ་དགའ་མགུའི་རྟེན་འབྲེལ་ཞུ་མཁན་གྱི་ཕ་སེམས་རྒྱ་ཅན་དེ་རེད་ཨང༌།
       མགོ་ནག་མི་ཡི་སྐྱིད་སྡུག་གནམ་གྱི་ལག་ཡིན་ན་འང༌།  ཁྱོད་ནི་ནམ་ཡང་གནམ་རྒན་མར་འཕྲིན་ཡིག་བཏང་སྟེ་ལེ་བདའ་དང་སློང་མོ་བྱེད་མི་སྲིད་པའི་རྟོགས་སད་ཀྱི་སོ་ནམ་པ་ཞིག་ཡིན་རྐྱེན།  ནང་མིའི་བདེ་སྡུག་དང་བུ་ཕྲུག་ཚོའི་མདུན་ལམ་གསར་བ་ཞིག་གི་ཆེད་དུ་ཁྱོད་ཀྱིས་ལམ་རྒྱགསམེད་བའི་འགྲུལ་བཞུད་རེ་རེ་སྙིང་སྟོབས་དང་ཡིད་ཆེས་ཀྱིས་མགོ་བརྩམས་ཤིང་ངལ་དུབ་ཀྱིས་ཕྱིར་ལོག་ཐེངས་རེར།  སྐྱེལ་བསུ་གང་ཡང་མེད་པ་རྒྱུན་ལྡན་དུ་གྱུར་ན་འང༌།   ཁྱོད་ཀྱིས་ནམ་ཡང་འཁང་ར་བྱས་མ་མྱོང་བ་དེ་ནི།  ཁྱོད་ཀྱི་སྨྲ་བསམ་བརྗོད་འདས་ཀྱི་ཞེན་ཆགས་དང་དགའ་འཛོམས་ཤིག་གི་མཚོན་རྟགས་ཡིན་པ་ངས་ཅིས་ཀྱང་རྟོགས་དགོས་ཨང༌།
       ནམ་ཞིག་ནས་ཁྱོད་རང་དུད་ཆང་ལ་ལོབས་སོང་བ་ངས་ཀྱང་མཉམ་མ་བཞག་ལ།  ཅིའི་ཕྱིར་དུ་ཁྱོད་ལ་མིག་ཆུ་ཞེས་པ་ཞིག་མེད་སོང་བ་ཡང༌།  ཁྱོད་ནི་ཡོད་ཚད་ཅིག་ཐེག་དགོས་ལ་ཐེག་ཡང་འོས་བའི་ངའི་སེམས་ཀྱི་སྟོབས་པོ་ཆེ་དེ་ཡིན་པས་ཡིན་ལ།  ནམ་ཞིག་ནས་སྐྲ་འདབ་ཁ་བའི་མདངས་ལ་བསྒྱུར་ཅིང་ངོ་གདོང་གཉེར་མས་ཁེངས་ཡོད་པ་སོགས།  མདོར་ན།  ངའི་དང་དོད་ཀྱི་ཆེས་ཕྱི་རོལ་ན་འདུག་པ་དེ་འང༌།  ཁྱོད་ནི་ཁྱིམ་མི་ཡོད་ཚད་ཀྱི་ལང་ཚོའི་རྒ་བ་འཁུར་དགོས་ལ་འཁུར་ཡང་འོས་བའི་ངའི་སེམས་ཀྱི་རྟུལ་ཕོད་དེ་ཡིན་པས་ལོས་ཡིན།
       ཨ་མའི་སྐད་གདངས་དང་སེམས་ཁམས་ཀྱིས་ཤན་ཞུགས་པའི་ངའི་བྱིས་དུས་ཀྱི་ལོ་ཟླའི་ཁྲོད།   ཁྱོད་རང་ཕྱིར་སོང་ཤུལ་དུ།  ཨ་མའི་མིག་ཆུས་བརླན་པའི་ངའི་ཉམ་ཆུང་གི་བྱིས་བློས་ཁྱོད་ལ་ལེ་བདའ་ག་ཙམ་བྱས་མྱོང༌།  ཡིན་ན་ཡང༌།  ལོ་མང་པོ་མང་པོ་ཞིག་འགོར་བའི་དེ་རིང༌།  ངས་ཁྱོད་ཀྱི་རིད་གྱོང་གི་ངོ་གདོང་དང་མདངས་ཉམས་པའི་མིག་ཟུང་ལས་ལོ་ཟླའི་རྗེས་ཤུལ་མཐོང་སོང་ལ།   འཚོ་བའི་གདུག་རྩུབ་ཀྱང་བཀླགས་སོང༌།  ཨ་ཕ་ཡ།  ངས་མིག་ཆུ་འདོན་པར་འཁང་ར་མ་བྱེད།   སྤྱིར་ན་ངས་ཀྱང་བུ་ཞིག་གི་ཚབ་དུ་བརྟན་བརླིང་གིས་ཅི་ལ་ཡང་གདོང་གཏུག་འདོད་མོད།  ཡིན་ན་ཡང་ལས་དབང་གི་ཀུ་རེ་འདི་ངས་གཟོད་ཐབས་མི་འདུག  ཡང་ན།  ཁྱོད་ཉིད་ཅིའི་ཕྱིར་ལས་དབང་ལ་གདོང་གཏུག་ཕོད་པའི་བབ་ཆགས་ཀྱི་དཔའ་བོ་དེ་ཡིན་སོང༌།
      དེ་རིང་ང་ཨ་མའི་སྡུག་ཡུས་ལ་སུན་སྣང་སྐྱེས་དོན།  ང་རང་ནར་སོན་རི་ཤོར་གྱི་བུ་ཕྲུག་ཅིག་གི་མཚོན་རྟགས་ཁོ་ན་མ་ཡིན་པར།  ཁྱོད་ཀྱི་ཞི་དུལ་ལ་དུངས་བ་སྐྱེས་བས་ཡིན་ལ་ངས་སྔར་ནས་ཨ་མའི་བདེ་སྡུག་མིག་གིས་འཚོས་ཡོད་པས།  ད་ནི་ཁྱོད་ཀྱི་སྐྱིད་སྡུག་སེམས་ཀྱིས་ཚོར་འདོད་འདུག་པས་ཡིན།  ཆུང་དུས་སུ།  ཁྱོད་ནི་ནམ་ཡང་འདི་ལྟར་ཏེ།  ཤེས་མེད་ཚོར་མེད་ཀྱིས་ངའི་སེམས་ལ་ཞོགས་པའི་བ་མོ་ལྟ་བུའི་བག་ཆགས་རེ་བཞག་རྗེས་སླར་ཡང་ཞོགས་པའི་བ་མོ་བཞིན་གར་མེད་དུ་གང་ཞིག་ལ་བུད་འགྲོ  ངོ་མ།  དེ་དུས་ངས་ཞོགས་པའི་བ་མོ་ལྟ་བུའི་ཁྱོད་རང་ད་ལྟའི་ངའི་ཉི་འོད་བཞིན་གྱི་བདེ་སྐྱིད་ཀྱི་འཚོ་བ་འདིའི་གཞི་མ་ཡིན་པ་ཡེ་ནས་ཚོར་མ་བྱུང༌།  ཨ་ཕ་ལགས།  ངའི་བསམ་གཞིག་གི་བྱས་ཉེས་ལ་དགོངས་པ་མི་ཚོམ་རོགས།
      ས་རྡུལ་དང་ངལ་དུབ་ཀྱིས་མནར་བའི་ཁྱོད་རང༌།  བྲེལ་འཚུབ་ཀྱི་བར་གསེང་དག་ཏུ་ཆང་དམ་དང་མཉམ་དུ་འགྱེལ་དུས།  ངས་ད་གཟོད་ཁྱོད་ཀྱི་ཞལ་ངོ་རུ་ཤར་ཤུར་དུ་གནས་པའི་གཉེར་མའི་ཟབ་ཚད་རྟོགས་ལ།  རྡབ་རྡིབ་ཀྱི་བཟི་སྐད་བར་ནས་ད་གཟོད་ཁྱོད་ཀྱི་མི་ཚེའི་དཀའ་སྡུག་ཚོར།    ཡིན་ན་ཡང་འཇིག་རྟེན་འདིའི་འདུ་བྲལ་གྱི་ཆོས་ཉིད་ཀྱིས་རང་དང་རང་གི་ཡོད་ཚད་ཤོང་སའི་སྐྱིལ་བུ་ཞིག་གི་ཆེད་དུ།  ང་དངོས་སུ་ཁྱོད་ཀྱི་བརྩེ་སེམས་ཀྱི་ཁུག་ནས་ཕྱིར་འབུད་བྱེད་དུས།  ཁྱོད་ཀྱི་འཛུམ་མདངས་དང་ལྷག་བསམ་ལ་སྔར་བཞིན་གྱིས་གཟི་འོད་འཕྲོ།  ཨ་ཕ།  སྤྱིར་ན་སྐབས་འདིར་ཁྱོད་ཀྱིས་མིག་ཆུ་འདོན་ཞོར་ང་ལ་ལེ་བདའ་ཡང་ཡང་བྱེད་འོས།  རྒྱུ་མཚན༌།  ང་ནར་སོན་དུས་ཁྱོད་རང་མི་ཚེའི་ཕ་མཐའ་ན་རྒས་ཁོག་དང་ཁེར་རྐྱང་ཡིན།
སྤྱིར་ན་མི་ཚེ་འདིར་ངས་སྤྲོ་གར་ཞིག་ཁྲབ་འདོད་ཆེ་མོད།  ཡིན་ན་ཡང༌།  མི་ལོ་ཉི་ཤུའི་འཁྲབ་གཞུང་གི་ཡོལ་བ་རྒྱག་ལ་ཉེ་དུས།  ངས་ཁྱོདལ་སྡུག་བསྔལ་བསླངས་སོང་བ་དེར་ངས་མགོ་ལྐོག་སྐམ་པོ་ས་རུ་བསྡུ་རེག་བར་དུའང་ནོངས་འགྱོད་སྐྱེས་དགོས་བྱུང་ལ་རང་གིས་རང་ལ་བཞག་པའི་སེམས་གཏིང་གི་སོས་མེད་ཀྱི་རྨ་ཁ་ཞིག་ཀྱང་ཡིན་སོང༌།  དེ་བཞིན།  མི་ཚེའི་རྫོགས་ལྡན་གྱི་དུས་ཚིགས་འདིར་ཡང༌།  ངས་ཁྱོད་ཀྱི་འདོད་དོན་ལ་ཅི་ཡང་བྱས་མ་སོང་ལ།  ཁྱོད་ཀྱིས་ཀྱང་བདག་གི་བྱས་ཉེས་ལ་འཁེང་ར་བྱས་མ་སོང༌།  ཨ་ཕ་ལགས།  ད་ལྟ་གཞི་ནས་མ་རུ་གྱུར་བའི་ངས་ཁྱོད་ཀྱིས་སྲོག་བཞིན་གཅེས་པའི་ཚ་བོར་བྱིན་དང་སྟེར་མུས་ཀྱི་གཏོང་ཕོད་བསམ་ཐེངས་རེར།  རང་གིས་རང་ལ་འགྲམ་ལྕགས་ཚ་བོ་རེ་བསླང་འོང༌།  རྒྱུ་མཚན།  ངས་ཁྱོད་ཀྱི་སླད་དུ་ཅི་ཡང་བྱས་མ་སོང་ཨང༌།  ཐ་ན་ཚ་ལམ་ལམ་གྱི་འོ་ཇ་དཀར་ཡོལ་གང་འང༌།  ང་ད་དུང་ཡང་ཁྱོད་ཀྱི་སྐྱབས་བཅོལ་ལ་རེ་བའི་བྱིས་པ་བསམ་མེད་ཅིག་ཡིན་ལ།  ཁྱོད་ཀྱི་བྱིན་རླབས་སློང་བའི་འཚོ་བའི་སྤྲང་བོ་ཞིག་ཀྱང་ཡིན་འདུག
བཤད་སྒྲོས་སུ།  ཁྱོད་རང་རི་ཆུ་ཁྲི་ཕྲག་གི་མཚམས་སུ།  རེ་བ་སྣུམ་པོ་ཞིག་གི་ཆེད་དུ་འགྲོ་བའི་ལམ་བར་དུ།  གནས་ཚང་གཡར་བའི་གྲོང་ཁྱེར་གྱི་སྨག་ནག་པའི་མཚན་མོ་དེ་ནི།  ཁྱོད་ཁོ་ན་མ་ཤོང་ལ་ཁྱོད་ཁོ་ནར་བསྐྲུན་པའི་་དགུན་འཁྱག་གི་མཚན་མོ་ཞིག་ཡིན་འདུག་ཏེ།  ཁྱོད་གཅིག་པུ་ཁ་བ་བུ་ཡུག་གི་ཀློང་ན་འདར་སུག་སུག་གིས་འགྲེང་དགོས་སོང་བ་བདེན་ནམ།  གལ་ཏེ།  གནས་དེ་ནི་ཕ་ཡུལ་ཡིན་ཚེ།  སྐབས་དེ་ནི་ཁྱོད་ཀྱི་ལུས་སེམས་གཉིས་ཀས་དུས་གཅིག་ཏུ་ངལ་གསོ་བའི་དྲོད་འཇམ་གྱི་དུས་ཤིག་ཡིན་སྲིད།
ཨ་ཕ་ཡ།  ཡང་ན་ལས་དབང་ལ་ཡིད་ཆེས་བྱོས་ཤིག  སོ་ནམ་པ་ཞིག་གི་བློ་ཡུལ་ལས་འགོང་བའི་ཁུར་བོ་ཞིག་ད་ནི་མི་འཁུར་བར་བྱ་སྟེ།  རྣང་ཞིང་དང་རྩྭ་ཐང་ཕ་རོལ་གྱི་ཡོད་ཚད་རྒྱུས་མེད་ཀྱི་རྡོ་བ་འཁྱག་ཏོ་ཙམ་ལས་མ་འདས།  ཐོག་མར་ཁྱོད་ཀྱི་དྭངས་གཙང་གི་སེམས་པ་དེས་དེ་དག་གི་དངོས་གྲུབ་གཏན་ནས་ལྕོགས་མི་ནུས་ན།  ཉམས་མེད་ཀྱི་སྤོབས་པ་དེ་གཏན་ནས་ཉམས་དམེས་སུ་མི་གཏོང་རོགས།  ཁྱོད་ཀྱི་སྤོབས་པ་དང་ལྷག་བསམ་དེ་ད་དུང་ཡང་བུ་རབས་ཚ་རྒྱུད་ག་ཙམ་ཞིག་གི་མི་ཚེའི་བདེན་ལུགས་དང་འཚོ་བའི་སྙིང་བོ་ཡིན།
ཡང་ན།  ཁྱོད་རང་རེ་ཞིག་ངལ་གསོ་གྱིས་དང༌།  ས་ཞིང་གྲུ་བཞི་དང་མཐའ་ཡས་རྩྭ་ཐང༌།   ནམ་ཡང་ཁྱོད་ཀྱི་མཛད་མེད་ཀྱི་རྒྱུ་ནོར་ཡིན།  ད་དུང་ཁྱོད་ཀྱི་མདུན་སར་ང་ནམ་ཡང་ཡ་རབས་ཀྱི་བུ་ཕྲུག་དེ་ཡིན་ལ་ཚ་བོ་ཚ་མོ་དག་ནི་ཁྱོད་ཀྱི་མིག་གི་ལྟད་མོ་ཡིན་ཞིང༌།  ཁང་ཁྱིམ་གྲུ་བཞི་འདི་ཁྱོད་ཀྱི་གནས་མལ་དྲོན་མོ་ཡིན།  དོན་དམ་དུ།  འདི་རུ་ཕ་མེས་ཀྱིས་འུ་ཅག་ལ་ཅི་ཡང་བཞག་ཡོད་པས།  ཕ་རོལ་ནི་སྐྱི་ཡ་བའི་གཡང་གཟེར་ཡིན་སྲིད་ཀྱང༌།  འདི་གའི་ཕུན་ཚོགས་ནི་ཁྱོད་ཀྱིས་ཡུན་གྱིས་བཙལ་ནས་རུམ་ལ་བསྡུ་ཆོག་ཆོག་ཡིན།  ཁྱོད་ནི་ཨ་ཕ་དང་བདག་པོ་ཡིན་རྐྱེན།  ཁྱོད་ཀྱིས་ཅི་ལ་འང་སྣང་དོགས་བྱ་དགོས་དོན་མེད།
rl25258 | རྩོམ་ཡོངས་ཀློག་པ།(546) | ལན་སློག(7)
ང་ཡི་ཁྱེད། ཁྱེད་ཀྱི་ང༌།
2010-10-21 11:15:00
ང་ཡི་ཁྱེད།   ཁྱེད་ཀྱི་ང༌།
མཚོ།

ཟླ་བའི་འོད་ངོགས་ནས་འགྱེལ་པ་མང་དྲགས་པས།
ཕན་ཚུན་བྲལ་དོགས་ཀྱིས།
ཁྱོད་དང་འུ་གཉིས།
དམ་དུ་འཁྱུད་པ་གྲངས་མེད་ཡིན།
ཡིན་ན་ཡང༌།
ཁྱེད་དང་འུ་གཉིས།
ཕན་ཚུན་གྱི་མུན་སེལ་མར་མེ་ཡིན།

ཁྱེད་ཀྱི་ང༌།
ཚོར་བ་ཡི་རྩེ་མོ་རུ་ཐོར་མི་རུང་བའི།
ཁྱེད་ཀྱི་ང༌། 
དྭང་གཙང་གི་ཟིལ་ཐིགས་ང།
ང་ཡི་ཁྱེད།
ང་ཡི་མཆི་མ་དང་མཛའ་སེམས་ཀྱིས་བཏེགས་པའི།
ང་ཡི་ཁྱེད།
ཁྱད་འཕགས་ཀྱི་སེམས་བརྟན་དང་སྐྱབས་མགོན་ཁྱེད།
               
ང་ཡི་ཁྱེད།     ཁྱེད་ཀྱི་ང༌།
མཛེས་སྡུག་ཡོད་ཚད་ལ་མེད་མི་རུང་བའི།
ང་ཡི་ཡང་སྙིང་ཁྱེད།
མི་ཟུང་རྒྱལ་མོའི་ངོས་སུ་ཡལ་མི་རུང་བའི།
ཁྱེད་ཀྱི་སྙིང་སྡུག་ང༌།

དེ་རིང་ཡང༌།   འུ་གཉིས་ཀས་ཕན་ཚུན་བྲང་ལ་གླན།
ཁྱེད་ཀྱིས་བདག་ལ།   ཡང་བསྐྱར།
འབྲལ་མི་སྲིད་པའི་ཆོད་སེམས་བཞག་སོང་བས།
བདག་ལ་ཁྱེད་རང།   སྔར་བཞིན།
བསྐྱུར་མི་སྲིད་པའི་དམ་བཅའ་བརྟན་པས།
rl25258 | རྩོམ་ཡོངས་ཀློག་པ།(515) | ལན་སློག(9)
ངས་འདི་ལྟར་བསམ་གི
2010-10-20 8:45:00

   ངས་འདི་ལྟར་བསམ་གི
ལྗང་ནེམ་གོར་མ་ཞིག་ལ་གླན་པའི།
ཆོག་ཤེས་ཀྱི་སེམས་པ་སྙི་མོ་དེ།
ལོ་ཟླའི་ཆར་རླུང་གིས་ཟད་པའི།
མྱ་ངམ་ཐང་གི་དཀྱིལ་དབུས་ན།
སྐམ་ལ་ཉེ་བའི།   
འཁྱག་སིབ་སིབ་ཀྱི་མིག་ཆུ་རྡོག་གཅིག་ཡིན།
རེ་སྒུག་གི་སློང་བཟེད་ཐོགས་པའི།
ཁེར་རྐྱང་གི་མིག་ཆུ་རྡོག་གཅིག་ཡིན།
ཐེངས་མང་དུ་གཞུས་བའི
བྱེ་རླུང་གི་འགྲམ་ལྕག་ཁྲོད།
ང་ད་གཟོད་རྨི་ལམ་ལས་སད་དེ།                                              
ཐོག་མར་ཁྱོད་རང་དངོས་སུ་ཚོར་བྱུང༌།

ཁྱོད་མ་གཞི་ནས།
མདུན་ཐད་ཀྱི་མཚོ་མོ་སྟེ།
ཡིད་ཙམ་དུ་སེམས་པ་གསོ་བའི།
སྡུག་རྩུབ་ཀྱི་སྨུག་རྒྱུ་རེད།
ཡང་ན།   ཚ་ལམ་ལམ་ཀྱི་སྦྲིད་སྨན་ཏེ།
ཡིད་ཙམ་ཀྱི་དྲན་ཤེས་རྟུལ་པའི།
གཡོ་སྒྱུ་ཡི་སྐྱུར་ཆང་རེད།
ངོ་མ།   ངས་འདི་ལྟར་འདོད་ཀི།

འདི་ལྟར་འདོད་འདོད་མཐར།
ལྗང་ནེམ་གོར་མ་དེའི་སླུད་བྲིད་ལ།
སྔར་བཞིན་སེམས་པ་ཁེན་དགོས་ལ།
རང་ཉིད་རྒས་ཀྱིན་པ་ཚོར་བའི་དེ་རིང༌།
ང་རང་སྔར་བཞིན་ཁྱོད་ཀྱི་ལག་མཐིལ་ན།
སྔར་བཞིན་ཁྱོད་ཀྱི་ཡིན་དགོས་ཨང༌།

ནམ་ཞིག་ལ།    ད་གཟོད།
ཆར་ཐིགས་གཅིག    གསོས་སྨན་ཞིག་གི་ཚུལ་དུ།
ངའི་ཡ་ཆུང་གི་གཏིང་སར་འགྲིལ་ཞིང༌།
ངའི་འཚོ་བ་ཡི་ཡང་སྙིང་ཡིན།
ངོ་མ།   ངས་འདི་ལྟར་འདོད་ཀི།
འདི་ལྟར་འདོད་ཐེངས་རེར།
ངས་བུ་ཆུང་དྲན་གི
སྐབས་སྐབས་སུ།    ཁྱོད་ཀྱང་བསམ་ཡོང༌།
             

rl25258 | རྩོམ་ཡོངས་ཀློག་པ།(419) | ལན་སློག(5)
ངས་ཁྱོད་རང་འདི་ལྟར་བསམ་ཞིང་དྲན །
2010-10-19 10:03:00

ངས་ཁྱོད་རང་འདི་ལྟར་བསམ་ཞིང་དྲན །

                            མཚོ།

         

དབྱར་གཞུང་ནས།

ཚ་གདུག་གིས་གཙེས་དུས།

དགུན་འཁྱག་གི་ཁ་བ་འགམ་འདོད་ཀྱིས།

ངས་ཁྱོད་རང་དྲན་ཡོང༌།

 

སྒེའུ་ཁུང་ནས་ཕྱི་ལ་བལྟ་དུས།

བསུལ་རླུང་འཇམ་པོས་བྱིལ་བྱིལ་དེས།

ཏག་ཏག  ཁྱོད་རང་གླེང་བྱུང༌།

        

ལྷད་མེད་ཀྱི་སེམས་པ།

སྙིང་གཏམ་གྱི་འཇམ་ཤར་གླན་དུས།

བརྩེ་བ།    ངའི་ཤར་ཤུར་དུ་བཞུར་བའི་མིག་ཆུ་ཡིན།

མགོ་བོ་སྔས་ལ་བཞག་ནས།

མིག་ཟུང་ཡུན་གྱིས་བཙུམ་དུས།

ངའི་འཇིག་རྟེན་གྱི་དཀྱིལ་དབུས་ན།

ཁྱོད་ཁོ་ན་ངའི་སེམས་རྟེན་གྱི་ཀ་བ་ཡིན།

             

ཁེར་རྐྱང་གི་གྲིབ་གཟུགས་ལས་བརྒལ་དུས།

ཁྱོད་ཀྱི་ཉིད་འོད་ལས་འདས་བའི་བརྩེ་བ་དེ།

དག་ཞིང་ལ་འཐེན་པའི་བགྲོད་ལམ་ཡིན།

ད་ནས་ང་རང་ཁྱོད་ཀྱི་བརྩེ་བའི་ཁུགས་སོ་རུ།

དངོས་སུ་ལམ་ལ་ཆས་འགྲོ

              

མེ་ཏོག་གིས་བསླས་པའི་གྲོང་ཁྱེར་དུ།

འཇའ་ཚོན་ཞིག་གི་སྣེ་མོ་ཟིན་དུས།

ཁྱོད་ཁོ་ན།  ངའི་ཞེན་ཆགས་ཀྱི་གཞི་མར་འཁྱིལ་བའི།

མར་ཁུ་སེར་པོའི་ལྟེམས་ལྟེམས་ཀྱི་ལག་བརྡ་ཡིན།

ཁྱོད་ཀྱི་ཕྱིར་དུ།   ང་རང་ཕྱིར་ཟློག་ཆོག

              

ཁྱོད་དང་གོམ་གང་གི་མཚམས་ནས་ཀྱང༌།

ངས་སྙིང་གཏམ་གྱི་མེ་ཏོག་འཐུ།

ཁྱོད་དང་ཡུན་ཙམ་གྱི་སྐལ་བ་ཡང༌།

ངའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན།

               

ཅི་ཞིག་བསམ་ནས་གང་ཞིག་དྲན་ཚར་དུས།

ཁྱོད་ཁོ་ན་ངའི་རྟོག་བཟོ་བྱས་ཚར་བའི།

ཡིད་འོང་གི་མཛེས་ལྗོངས་ཧྲིལ་པོ་ཞིག

rl25258 | རྩོམ་ཡོངས་ཀློག་པ།(412) | ལན་སློག(4)
འཇིག་རྟེན་སྣང་བ།
2010-10-12 8:54:00

འཇིག་རྟེན་སྣང་བ།

 སྙིང་གཏམ་རྒུན་ཆང་མངར་མོའི་བཟི་ཁ་རུ །།

ཁྱོད་ཞལ་བཅོ་ལྔའི་དུང་ཟླ་ཚེས་པ་ལ །།

ཁྱེད་གསུང་སྙན་ཚིག་ལྷུ་ལག་རང་འཕྲོད་ཀྱིས །།

ཞལ་རས་བྱུར་ཆུང་དམར་པོའི་སྨན་ཆུང་ངར །།

དུངས་བ་རྡོ་རྗེ་མདུད་ལ་ཡང་མདུད་ཅིག །།

རྒྱག་པའི་འདོད་བློས་ཆོད་སེམས་ཀུན་ནས་བཙུགས །།

 

སྙིང་གཏམ་མེ་ཏོག་གང་བུ་ལ །།

སྦྲང་ཆར་འཇམ་ཤ་གླན་གྱུར་ན །།

ངའི་ཡིད་ལྗང་ནེམ་ནེའུ་ཁུད་ལ །།

མཛེས་པའི་དཔྱིད་དཔལ་ཕེབས་ངེས་རེད །།

 

འཇིག་རྟེན་སྣང་བ་མཚོ་མོའི་རླབས་རྩེ་རུ །།

དགའ་བདེའི་སྙིང་བོའི་པད་མོའི་གདན་སྟེང་ནས །།

ཁྱོད་སྐུ་ཉི་འོད་འཇམ་པོའི་པང་བ་རུ །།

ང་རང་ལྷོད་ལྷོད་ཞུ་བའི་མར་ལོ་ཡིན །།

ཕུར་བའི་བྱེའུ་ཐོལ་གྱིས་ལྷུང་བར་ཅི་ཁག།

 

 

ཐབ་ངོ་མ་གཏོགས་ས་ངོ་མི་ཤེས་དེས །།

རང་ཁྱིམ་དྲོན་མོ་སྲུང་ལ་མཁས་པ་མཚོན །།

ཨ་མ་མ་གཏོགས་མི་ངོ་མི་ཤེས་དེས །།

ནང་མིའི་བྱམས་བརྩེ་ཡིད་ནས་མ་དོར་རྟགས །།

 

བརྩེ་བའི་ཕ་ཡུལ་ཡིད་ན་འདོར་མེད་ཅིང །།

སེམས་ཀྱི་བུ་མོ་རྨི་ལམ་ཞིང་ན་མཛེས །།

དཔའ་སེམས་སྤོབས་པ་རྒྱས་པའི་ཨ་ཇོ་ལ །།

འདི་ནས་བདག་ཡིད་མེ་ཏོག་བསུང་ཞིམ་འབུལ །།

 

བརྩེ་བ་རུམ་གང་འཛིན་པའི་བུ་མོ་ངའི །།

སྙིང་གཏམ་མེ་ཏོག་འབུས་པའི་སྙིང་དབུས་སུ །། སྦྲང་ཆར་ཤག་ཤག་འབབ་པའི་སྙན་ཚིག་ཅིག

ཅིས་ཀྱང་བདག་ལ་བདེན་པར་གསུང་དུ་གསོལ །།

 

སྙན་ངག་དེ་ནི་སེམས་གཏམ་དམར་པོའི་གཞུར་འགྲོས་སུ །།

རྒྱང་རིང་ཡུལ་ཕྱོགས་དེ་ན་བཞུགས་པའི་ཨ་ཇོ་ཁྱོས །།

བཀྲ་ཤིས་ཁ་ཏག་ཚུལ་དུ་གནས་འདིར་བསྐུར་ལགས་ན །།

སྨན་ངའི་སེམས་ཀྱི་སྤྲོ་བའི་འདབ་མ་ཅིར་མི་གྲོལ །།

 

སྨྲ་བརྗོད་ཡུན་རིང་འགག་པའི་མགྲིན་པ་ལ །།

བརྩེ་བའི་རོ་བཅུད་སྨན་བཟང་སྦྱིན་པ་ནི །།

ཨ་ཇོ་གེ་སར་ཉི་གཞོན་འཕགས་པས་ཡིན །།

དེ་རིང་ཞིམ་པའི་གཏམ་གྱི་བུ་རིམ་འདི །།

ཁྱེད་མཆོག་རྣ་བའི་བུ་གར་འདྲེན་སྙིང་ཡོད །།

 

ཡུན་ནན་གནས་མཆོག་ཤམ་བྷ་ལའི །།

བུང་བ་གཞོན་ནུའི་ཐུགས་བཅུད་དུ །།

ཁྲ་ཆིལ་མེ་ཏོག་གང་བུ་ངས །།

སེམས་ཀྱི་དྭངསས་མའི་དར་དཀར་འཐེན།།

 

ཁ་ཆར་རྣོན་པོ་གྲི་རྩེ་ལ །།

དགུན་གྱི་ཤན་པས་བཞག་ཉིན་ནས །།

ཁེར་རྐྱང་རྒྱ་རྫོང་ནགས་ཆེན་འདི །།

ཁུ་བྱུག་ཐུགས་ན་་ཨེ་ཡོད་ལགས །།

 

བདེན་པའི་གཏམ་ལ་མགོ་བོ་གུག་གུག་ང་ཡིས་བྱེད །།

ལེགས་པའི་བརྡ་ལ་ཞལ་ཆུང་འཛུམ་འཛུམ་ཉིད་ཀྱིས་གནོངས།།

ཚད་མར་འཛིན་པའི་ཁྱོད་གསུང་སྙན་ཚིག་ཡིད་ལ་འཇོག

མངོན་སུམ་ཡིད་ཀྱི་བརྩེ་བ་དམར་པོ་སེམས་ལ་ཟུངས །།

 

འཇིག་རྟེན་སྣང་བ་མཐུན་དང་མ་མཐུན །།

ཆུང་འདྲིས་བྱམས་པ་འགྱུར་དང་མ་འགྱུར །།

ཕོ་མོའི་བརྩེ་དུངས་ཡོད་དང་མ་ཡོད།།

དུས་ཀྱི་རྒྱུན་ལ་དྲིས་དང་ཤེས་ཡོང་ །།

 

ལས་མཐུན་དར་དཀར་རིང་མོ།།

བརྩེ་སེམས་གཙང་བོ་རང་འབབ།།

ཚེ་སྔོན་ལས་འཕྲོའོ་མདུད་པ །།

ད་རེས་གྲོལ་བ་དགའ་སོང་ །།

 

ཁ་བརྡ་གཙང་བོ་རང་འབབ་ཡིན་མོད་ཀྱང་ །།

ཁ་བཤད་ཁོམ་གསེང་མེད་པའི་བྲེལ་ཚུབ་འདིས །།

ཁ་ཚིག་སྙན་མོ་ཁུ་བྱུག་གྲེ་འགྱུར་འདི།།

རེ་ཞིག་མགྲིན་པའི་སྦུབས་ནས་ལུས་འདི་སྐྱོ །།

 

ཡ་ཆུང་སེམས་པའི་ནང་ན །།

རེ་བའི་སྨྱུ་གུ་འབུས་ཡོད །།

ནམ་ཞིག་ཉི་ཟེར་རྒྱག་དུས།

སྨྱུ་གུར་འབྲས་བུ་སྨིན་ཆོག

 

ཡིད་དགའ་བའི་བརྩེ་བ་ཤལ་དཀར་གྱི་ཕོ་བྲང༌།

དུངས་པ་གསེར་འོད་ཀྱི་རྒྱ་ཕིབས །།

མཐུན་པ་ཆུ་སྐྱེས་ཀྱི་རྫང་བུ །།

ང་ཚོའི་ཐུན་མོང་གི་ཁྱིམ་གཞིས །།

 

ཚིག་སྙན་མོ་ཁུ་བྱུག་གསུང་དབྱངས་ལ །།

ཡིད་དགའ་བའི་བཞེད་སྒྲ་ལྷང་ལྷང་དེས །།

ང་མཚོ་མོའི་སེམས་ཀྱི་པད་མོ་འདི །།

སྟོང་འདབ་ལོ་ལྷུག་པར་གྲོལ་པ་མཛེས །།

 

མིག་ཟུང་སྐར་མ་སྨིན་དྲུག།

འཛུམ་པའི་དུང་གི་ཚེམས་ཕྲེང༌།།

སྙིང་གཏམ་སེམས་ཀྱི་རི་མོ །།

དུངས་ཞེན་གཙང་ཆུ་རང་འབབ །།

 

ཐང་དཀར་རྒོད་ཀྱི་འཕུར་ཡ །།

མདོ་རིག་རྟ་ཡི་འགྲན་ཡ །།

རྒྱུད་དྲུག་པུ་ཝང་སྙན་ཡ །།

བརྗིད་པའི་ཨ་ཇོ་སྙིང་སྡུག།

རྒྱ་རྫོང་ནགས་ཀྱི་སྟག་རྒོད །།

 

 

rl25258 | རྩོམ་ཡོངས་ཀློག་པ།(526) | ལན་སློག(8)
ངའི་བརྩེ་དུང་།
2010-9-24 14:42:00
        ང་མུན་པ་དང་རྒྱང་ཐག་ཇེ་ཉེ་ནས་ཇེ་ཉེ་རེད། 
        ངས་ཁོམ་དྲག་པའི་དུས་ཚོད་སྐར་ཆ་རེ་རེ་ན་ཟུག་གིས་རྣ་རྒྱབ་ཀྱི་རླུང་བུ་ལ་སྐུར་རྗེས།  ཞེན་ཆགས་ཀྱི་ཉི་འོད་བྲང་ཁར་སྦྱར་ཏེ་ངུ་འབོད་ཞིག་དང་མཉམ་དུ།  མིག་གོང་ལས་བརྡོལ་བའི་མཆི་མས་ཡ་ཆུང་བརྟོལ་བར་བརྩམས།
       སྨྲས་མ་དགོས་ཏེ། ཡུན་རིང་གི་ངུ་ཤུམ་གྱི་རྗེས་སུ་ང་ཅིས་ཀྱང་ཉི་འོད་དང་བྲལ་ཏེ་མུན་ནག་ལ་འཐིམ་འགྲོ།  ཁེར་རྐྱང་གི་རྐྱེན་གྱིས་ཉི་འོད་ལས་བྲལ་ཏེ་མུན་ནག་ལ་འཐིམ་པའི་གོ་རིམ་ལ་སུས་ཀྱང་དོ་སྣང་བྱེད་མི་སྲིད་ལ།  བྱེད་དགོས་ཀྱང་མི་འདུག་ཨང༌།  གང་ལྟར།  འདི་ལྟར་བགྱི་རྒྱུ་ནི་ང་ལ་དབང་བའི་ལམ་གཅིག་པུ་རེད། ཉི་འོད་དང་མུན་པའི་བར་མཚམས་འདི་ནས།  ངས་ཡང་བསྐྱར་ཕྱིར་དྲན་གི་སྒོ་གླེགས་མི་རྡུང་ག་མེད་དུ་གྱུར་ཏེ། ཉི་འོད་དང་ཉི་འོད་ཀྱི་དྲོད་འཇམ་ལས་འདས་པའི་བརྩེ་ཞེན་གྱིས་བཞག་པའི་ངའི་སོས་ཐབས་བྲལ་བའི་ན་ཟུག་གི་རྨ་ཁ་ཡ་ཆུང་གི་ཆེས་གཏིང་རིམ་ན་རྣག་ཁྲག་གིས་སྦག་ཡོད་ན་ཡང༌། འདི་ནི་ངའི་ཚེ་འདིའི་དྲན་ཤིང་ཡིན་ལ་ངའི་དྭངས་གཙང་ལྷད་མེད་ཀྱི་བརྩེ་དུང་དང་ལྷང་ལྷང་གི་དགོད་སྒྲ  ད་དུང་དྲན་གདུང་དང་སྡུག་ཡུས་ཀྱི་མིག་ཆུ་ཡིན།
          སྐབས་འདི་དག་ཏུ།  ངས་ད་དུང་རྒྱང་རིང་གི་རྩྭ་ཐང་དང་ལུག་ཁྱུ།  ཁྲ་ལམ་མེར་བཞད་པའི་མེ་ཏོག་གི་ཚོམ་བུ་དག་དྲན་ཡོང་ལ།  མཛད་མཐའ་མེད་པའི་མིག་ཆུའི་བཞུར་རྒྱུན་གྱིས་འདས་སོང་གི་ལོ་ཟླ་ཝ་ལེར་དྲངས་ཡོང༌།  ཡིན་ན་ཡང༌།  ངས་འདས་སོང་ལ་སྨོན་པ་ཡེ་ནས་བྱས་མ་མྱོང་ལ།  ཉི་འོད་ལྟ་བུའི་ཁྱོད་དང་ཁྱོད་ཀྱི་བརྩེ་བར་ཧམ་སེམས་དེ་བས་སྐྱེས་མ་མྱོང༌།  རྒྱུ་མཚན་ནི་ཁྱོད་ཀྱི་གཞུང་སེམས་དང་བརྩེ་འདང་གིས་ནམ་ཡང་ངའི་ཡིད་ཚིམ་མི་སྲིད། 
        གང་ལྟར། ནམ་རྒྱུན་ང་ལ་མུན་ནག་ལས་ཅི་ཞིག་འཐོབ་སྲིད་པའི་ཚོར་བ་ཆེས་རྒྱང་ཐག་རིང་བའི་གནས་དེ་རུ་བསྐྱལ་འདོད།
rl25258 | རྩོམ་ཡོངས་ཀློག་པ།(601) | ལན་སློག(6)
ལོ་ངོ་དུ་མ་ཞིག་གི་རྗེས་སུ།
2010-9-20 11:09:00

ལོ་ངོ་དུ་མ་ཞིག་གི་རྗེས་སུ་ཡང༌།
         -----གྲོགས་པོ་ཞིག་གི་ཚབ་ཏུ་བྲིས་པ།

ཆེས་ཐོག་མར།
ངས་ཁྱོད་རང་མཐོང་བའི་སྐད་ཅིག་མ་དེར།
ཁྱོད་ཀྱིས།  རྒྱ་ལྕང་ལོ་མ་བཞིན་གྱི།
གནག་སྣུམ་གྱི་ལན་བུའི་ཕག་ནས།
མིག་ཟུང་དྭངས་མོ་གེམ་གེམ་གཡོ་བཞིན།
ཧ་ཅང་གཉོམ་པའི་མཆུ་སྒྲོས་དེས།
ང་ལ།   ཅི་ཞིག་བཤད་རྩིས་ཡོད་དམ།

འབའ་གཞས་སྙན་མོའི་དབྱངས་རྟའི་ཁྲོད་ཀྱི།
ཁྱོད་ཀྱི་གར་སྟབས་ལ་འཁྲུལ་བའི་དུངས་སྣང་མང་པོ།
ཁྱོད་ཀྱི་ཟུར་མིག་གིས་འཚེ་བའི་རི་དྭགས་རྨས་མ་བཞིན།
ང་རང༌།  སྡུག་བསྔལ་གྱིས་གཟིར་དུས།
ཁྱོད་རང་སྔར་བཞིན།  བརྟན་བརླིང་གི
ཚེར་རྐང་ཅན་གྱི་མེ་ཏོག་རྒྱ་སེ་རྐང་གཅིག

ཡིན་ན་ཡང༌།
སྨྲ་བ་ཧ་ཅང་ཉུང་བའི་ཁྱོད་ཀྱིས།
ཞེ་ལྷོད་ལྷོད་ཀྱིས་འཆད་པའི་རང་རྣམ་དེས།
སྨྲེང་ཤ་ལེར།
ངའི་མིག་ཆུའི་གཙང་བོ་ངང་གིས་བྲུག་ཤིང༌།
ངའི་སྨིན་ཟིན་པའི་སྟོན་འབྲས་ལ།
ལག་སྙོབས་གང་མང་གི་རྗེས་སུ།
བདག་དང་གསང་བ་ལྐོག་གྱུར་གྱིས་བྲལ་ཚུལ་དེ་ཡང༌།
ངས།  སེམས་པ་ཁེར་རྐྱང་ལ་སྔས་དུས་ཀྱི་
དམ་བཅའ་ཡིན་ནམ།

ནམ་ཞིག་གི་ཚེ།  ཁྱོད་ཀྱིས་རང་ཉིད།
ཟིལ་བ་ཁྲོམ་ཁྲོམ་དུ་ཁུར་བའི་རྩྭ་ལྗང་ཞིག་ལ་བསྒྱུར་ཏེ།
རྒྱང་བཞུད་ཀྱི་བརྩེ་དུང་ལ་གཡབ་མོ་ཡང་ཡང་བྱས་མཐར།
ཕམ་ཉེས་ཀྱི་སེམས་ངལ་ལྕི་མོས།
ངའི་འཇིག་རྟེན་གྱི་གྲུ་ག་ཞིག་ཏུ་ངལ་གསོ་རྒྱག་བསམ་ཡང༌།
གས་ཆག་ཤོར་བའི་མཛའ་བརྩེ་ལ།
ནམ་ཡང༌།  ཞིག་གསོ་བྱེད་ཐབས་བྲལ་བས།
དགོངས་པ་མ་ཚོམ་རོགས།

ཡིན་ན་ཡང༌།  ཝུ་བ་བཞིན།
འཇིག་རྟེན་འདི་རུ་གཏན་དུ་ཡལ་བའི་ཁྱོད་རང༌།
ལོ་དུ་མ་ཞིག་གི་རྗེས་སུ་ཡང༌།
ངའི་སྙན་ངག་གི་ཡང་སྙིང་ལ་འཚང་དོན།
ཁྱོད་རང་མར་མེ་རྐོང་བུ་གང་གི་ཚུལ་གྱིས།
ངའི་ཞེན་ཆགས་ཀྱི་ཀློང་ན།
ནམ་ཡང་ཞི་བ་མེད་པར་འོད་དུ་འཚེར་བས་ལོས་ཡིན།

rl25258 | རྩོམ་ཡོངས་ཀློག་པ།(389) | ལན་སློག(1)
ངའི་དྲན་ངོགས་ཀྱི་ལོ་ཟླའི་རི་མོ།
2010-9-15 8:19:00

ངའི་དྲན་ངོགས་ཀྱི་ལོ་ཟླའི་རི་མོ།

དྲང་མོར་བཤད་ན།  ད་ལྟ་བདག་གིས་ཁྱེད་རང་གླེང་འདོད་མེད་ལ་གླེང་དོན་ཀྱང་མི་འདུག་མོད། ཁྱེད་དང་མཉམ་དུ་དཀའ་སྡུག་གིས་བརྒྱུད་མྱོང་བའི་འདས་སོང་གི་ལོ་ཟླ་མཐའ་དག བདག་གི་ཕྱིར་དྲན་གྱི་ཡོལ་བའི་ངོས་ན་རྨི་ལམ་ཐུན་གཅིག་དང་འདྲ་བར།  ད་དུང་གསལ་ལྷང་ངེར་འདུག་པས་ན།  བདག་གིས་ཤུགས་རིང་ཞིག་དང་མཉམ་དུ་འགྲམ་པ་ལག་མཐིལ་དུ་བཞག་ནས་ཡང་བསྐྱར་ཕྱིར་དྲན་ཐེངས་གཅིག་མི་བྱེད་ཐབས་མེད་རེད། 
       བདག་གིས་འདི་ལྟར་ཡང་དང་བསྐྱར་གྱིས་ཕྱིར་དྲན་བྱེད་ཐེངས་རེ་རེར། སྨྲ་བསམ་བརྗོད་འདས་ཀྱི་གདུང་བ་མང་པོས་ནང་སེམས་ཀྱི་མཚོ་ཆུང་སྨུག་པས་བཏུམ་ཡོང་ལ། སྐྱོ་སྡུག་གི་མུན་པ་ཆེས་མཐུག་དུས་སུ། རང་སེམས་རང་གིས་གསོ་རྒྱུ་ནི་དངོས་ནས་ཁག་པོ་ཞིག་རེད།  སྐབས་འདི་དག་ཏུ་མི་མང་ཆེ་བ་ཞིག་གིས་ཨ་རག་འཐུང་ནས་བཟི་བར་བྱས་ཏེ། རང་སེམས་ཀྱི་སྐྱོ་སྡུག་དེ་མར་མནོན་ཅི་ཐུབ་བྱེད་ཀྱིན་འདུག འོན་ཀྱང་བདག་ལ་མཚོན་ན་དེ་ལྟར་བྱེད་པ་ནི་དཔེ་མི་སྲིད་པ་ཞིག་རེད།  དེ་ནི་ང་རང་བུད་མེད་ཞིག་ཡིན་པའི་རྒྱུ་མཚན་མ་ཡིན་པར་ཆང་དྲི་ཁ་བོ་དེ་མ་བཟོད་པའི་རྐྱེན་གྱིས་ཡིན།  ཡིན་ན་ཡང༌།  ལོ་མང་པོ་ཞིག་གི་ཡར་སྔོན་ལ་བདག་གིས་ཀྱང་གཞན་པའི་ལད་མོ་མི་བྱེད་ཐབས་མེད་བྱུང༌།  ད་ལྟ་ཞིབ་འདང་རེ་བརྒྱབ་ན། དེ་དུས་ཀྱི་བདག་ལ་ཅི་འདྲའི་གླེན་རྟགས་ཚ་བོ་ཞིག་འདུག་ཨང༌།  
          དུས་ཚོད་ངེས་ཅན་ཞིག་ལ།  བདག་གིས་ཁྱེད་རང་འདི་ལྟར་བདག་གི་དྭངས་གཙང་གི་བརྩེ་བར་ན་ཟུག་གི་རྨ་ཁ་བཟོ་བའི་ཁྲེལ་མེད་ཅིག་ཏུ་འགྱུར་བར་བསམ་མ་མྱོང་ལ།  ལོ་ངོ་འདི་འདྲ་མང་པོ་ཞིག་འགོར་སོང་རུང་ཁྱོད་ཀྱིས་བཞག་པའི་རྨ་ཁ་འདི་སོས་ཐབས་ཞིག་ཡེ་ནས་མི་འདུག་པས།  ནམ་རྒྱུན་བདག་གིས་ཕྱིར་དྲན་ཐེངས་རེ་བྱེད་པ་ནི་རང་ཉིད་ཀྱི་རྨ་ཁར་སེན་འདྲད་ཐེངས་རེ་བྱེད་པ་དང་འདྲ།  དྲང་མོར་བཤད་ན།  བདག་ལ་གཞན་དང་འདྲ་བའི་ཁོག་རྒྱ་ཡངས་མོ་ཞིག་དང་ལྷག་བསམ་ཟོལ་མེད་ཅིག་མེད་པ་གང་ཡིན་ཡང་སྲིད་མོད།  གང་ལྟར།  བདག་ལ་ཡོད་ཚད་བཏང་སྙོམས་སུ་བསྐྱུར་དཀའ་བའི་བསམ་པ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་འོང་སྟེ།དགའ་བ་དང་དུང་བ། དྲན་གདུང་དང་མིག་ཆུ།   སྡུག་བསྔལ་དང་ཡིད་ཆད།  ངོ་ཚ་དང་འགྱོད་གདུང་ལ་སོགས་གོ་རིམ་བཞིན་རྫོགས་རྗེས་བདག་གི་མི་ཚེའི་དུས་བཞི་ལ་ཉམས་དམས་ག་ ཙམ་ཐེབས་སོང་བ་ཁྱོད་ཀྱིས་ཤེས་སྲིད་དམ། 
         བདག་གིས་བསམ་ན། བདག་ནི་ཁྱོད་ཀྱི་མི་ཚེའི་ཁྲོད་དུ་ཕྱི་གསལ་ནང་གསལ་གྱིས་འཛུམ་མ་ཐག་པའི་ལྷུང་ལྷུང་གི་ཆུ་མིག་ཅིག་གམ།  གང་བུ་ཕྱེ་མ་ཐག་པའི་བསིལ་བ་ཁྲོམ་ཁྲོམ་གྱི་མེ་ཏོག་རྐང་གཅིག  ཡང་ན།  ཚ་བ་ཡལ་མ་ཐག་པའི་བསིལ་བསིལ་གྱི་རླུང་བུ་ཞིག  ས་ལ་བབས་མ་ཐག་པའི་ལྷབ་ལྷུབ་ཀྱི་ཁ་བའི་འདབ་མ་ཞིག་སྟེ།  མི་ཚེའི་ཀྱག་ཀྱོག་གི་བགྲོད་ལམ་འདིའི་ཁྲོད་དུ། ཁྱོད་ཀྱིས་རང་གི་སྐོམ་གདུང་སེལ་ཕྱིར་བདག་གི་ཆུ་མིག་ལ་ཧུབ་གང་བྱས་ན་ཡང༌།   དེ་ནི་བདག་གི་དཔྱིད་ཀའི་མཛེས་སྡུག་གི་སྟོང་ཆ་ཡོངས་སུ་བསྐང་བ་ཡིན་ལ། བདག་གི་བསིལ་རླུང་གིས་ཁྱོད་ཀྱི་འཇམ་མཉེན་གྱི་སྐྲ་ལོ་དལ་གྱིས་སྐྱོད་ན།  དེ་ནི་བདག་གི་སྟོན་དུས་ལ་འཆར་ཡན་གྱི་མཛེས་པ་བསྣན་པ་ཡིན་ཞིང༌།  བདག་གི་རབ་དཀར་གྱི་ཁ་བའི་འདབ་མ་རེ་རེ་ཁྱོད་ཀྱི་ལག་མཐིལ་ལ་དལ་གྱིས་བབས་ཤིང་ཡུན་གྱིས་ཞུས་ན།  བདག་གི་དགུན་དུས་ལ་འདི་ལས་ལྷག་པའི་བརྩེ་བ་དྲོན་མོ་ཞིག་དགོས་དོན་ཨེ་འདུག ཡིན་ན་ཡང༌།  ཁྱོད་ཀྱི་ཧམ་སེམས་དེའི་དབང་གིས་སམ།  ཡང་ན།  བདག་ལ་གླེན་རྟགས་ཚ་བའི་རྐྱེན་གྱིས། བདག་གི་དཔྱིད་དུས་ཀྱི་ཆུ་མིག་སྐམ་ཞིང་བདག་གི་དབྱར་དུས་ཀྱི་མེ་ཏོག་རྙིད།  བདག་གི་སྟོན་དུས་ཀྱི་བསིལ་རླུང་ཡལ་ལ་བདག་གི་དགུན་དུས་ལ་བུ་ཡུག་འཚུབ།  ཞིབ་འདང་ཞིག་རྒྱབ་ན།  བདག་གི་འཇིག་རྟེན་ཧྲིལ་བོ་འདི་ལྟར་དུས་ཡུན་ཐུང་ངུའི་རིང་མྱ་ངམ་ཐང་ཞིག་ཏུ་གྱུར་ཚུལ། ཁྱོད་ཀྱིས་ཤེས་དགོས་དོན་ཀྱང་མི་འདུག་ཨང༌།
           བདག་གིས་ཁྱོད་ཀྱི་འཚོ་བར་རྐང་རྗེས་ཕབ་པ་མང་དྲགས་ལ་ཁྱོད་རང་བདག་གི་འཇིག་རྟེན་དུ་བརྩེ་འཛུམ་གྱིས་བགད་པ་ཡུན་རིང་བས།  བདག་ཁྱོད་ཀྱི་བསླུ་བྲིད་ཀྱི་དྲ་རྒྱ་ལས་ཐར་མ་ཐུབ་ལ་ཁྱོད་ཀྱང་བདག་གི་ཡ་ཆུང་གི་ཆེས་གཏིང་རིམ་ན་ལྷོག་ལྷོག་ཏུ་འཕྱུར་བཞིན་པའི་བརྩེ་བ་དྲོན་མོ་དེར་ འཐིམ་ནས།  ཁྱོད་རང་ཡོངས་སུ་བདག་གིར་འཛིན་པའི་ཧམ་སེམས་དེ་འགོག་མ་ནུས། ཡིན་ན་ཡང༌། བདག་གི་དྲོད་ཁོལ་གྱི་བརྩེ་སེམས་ཁུགས་ནས་ལང་ཤོར་དུ་གྱུར་བའི་ཁྱོད་ཀྱིས་དེ་སྔའི་ཐལ་མདོག་གི་ལོ་ཟླ་རིང་མོ་དེ་གཏིང་བརྗེད་དུ་གྱུར་ཏེ།  བདག་གི་རྨི་ལམ་དུ་ཡང་ཡང་རྒྱང་དུ་བཀྱེད་མཐར་ཨ་ཐང་ ཆད་པར་ཁ་གཡར་ནས་བདག་གི་འཇིག་རྟེན་འདིའི་སྐར་ཁུང་ཆུང་ཆུང་འདིར་ཡོལ་བ་བརྒྱབ་སོང༌། 
            དུས་དེ་ནས་བཟུང༌།  བདག་གིས་སྨག་ནག་གི་འཇིག་རྟེན་འདིའི་གྲུ་ཟུར་ཞིག་ཏུ་ཡལ་མ་ཐག་པའི་བརྩེ་བ་རུམ་ནས།  ཕྱི་རོལ་གྱི་ཐག་ཉེ་རིང་ཀུན་གྱི་རྐང་སྒྲར་ཉན་བཞིན་ད་དུང་ནམ་ཞིག་ལ་ཁྱོད་ཀྱིས་བདག་གི་སྒོ་གླེགས་རྡུང་བར་ངང་སྒུག་བྱས་ནས་ཡུན་རིང་འགོར།  ནམ་ཞིག་གི་ཚེ་ན།  མི་ཚོགས་ཀྱི་ཁྲོད་ནས་གཟུགས་རིས་རྒྱུས་ཡོད་ཅིག་གིས། བདག་གི་མིག་ཟུང་རབ་རིབ་ཏུ་བསྒྱུར་ངེས་པ་སྔོན་ནས་ཀྱང་བདག་གི་བློ་ངོར་ཤར་ཡོད་ལ་ཤར་ཡང་སྲིད་པས།  བདག་གིས་རང་ཉིད་རྣམ་ཤེས་དབེན་ཞིང་གང་སར་རྒྱུ་བའི་སྟོན་ལོ་ཞིག་ཏུ་བསྒྱུར་ཏེ། ཁྱོད་ཀྱི་མཁའ་དབྱིངས་ནས་འཐོར་རླུང་གི་གདུག་རྩུབ་ཀྱིས་བསྐྱོད་དུས།  བདག་གིས་ན་ཟུག་གིས་གཏོར་བའི་མིག་ཆུའི་རྡོག་པོ་རེ་རེ་ཁྱོད་ཀྱི་ངོ་གདོང་ལ་ལྷུང་ན་ཁྱོད་ལ་ཚོར་བ་ག་འདྲ་ཞིག་ཡོད་སྲིད་དམ།  ཡང་ན།  ཁྱོད་ལ་ཚོར་བ་ཞིག་ གཏན་ནས་མེད་ཀྱང་སྲིད་དེ།  རྒྱུ་མཚན་ནི། ང་རང་ཁྱོད་ཀྱི་བརྩེ་དུང་གི་དེབ་ཐེར་ཁྲོད་ཀྱི་བར་བཅུག་གི་རི་མོ་ལྷག་མ་ཞིག་ཡིན་ཀྱང་སྲིད། 
              སྟོན་དུས་ཀྱི་གཡའ་དག་པའི་མཚན་མོའི་མཁའ་དབྱིངས་སུ། ཉ་མ་གང་བའི་ཟླ་བ་ཕྱེད་ཀ་དེ་རྒྱུ་སྐར་གྱི་དབུས་ན་ང་རྒྱལ་གྱིས་བརྒྱུད་ཅིང༌།   དབྱར་དུས་ཀྱི་ཞོགས་པའི་ཉི་ཟེར་གྱི་ཁྲོད་དུ་བྲོ་གར་གྱི་སྟངས་སྟབས་བསྒྱུར་བའི་ཕྱེ་ལེབ་ཀྱི་གཤོག་འོག་ན། ད་དུང་ཞལ་ཁ་ཕྱེ་མེད་པའི་མེ་ཏོག་གི་གང་བུ་དེའང་སྒེག་ཉམས་ཀྱིས་ལྕུག་ལྕུག་འགུལ་ན།  རེ་སྒུག་ཆེ་ཞིང་དུང་བ་ཟབ་ཀྱང་སྐར་ཚོགས་ཀྱི་ཕ་མཐའ་ན་གདུང་བས་མནར་བཞིན་རེ་གསལ་རེ་མོག་གིས་བཞུད་པའི་སྐར་མ་མཛོ་འདོགས་དེ་བདག་ཡིན་འོས་སམ།  ཡང་ན།  ཟིལ་ཐིགས་ཀྱི་ བརྩེ་བ་དང་ཞེན་ཆགས་བཙན་གྱིས་དོར་རྗེས།  ཕྱེ་ལེབ་གང་ཞིག་གི་གཤོག་འོག་ན་ཨ་གསར་གྱིས་དགོད་ཁ་འཛུམ་པའི་མེ་ཏོག་གི་གང་བུ་དེ་ཁྱོད་ཡིན། 
གང་ལྟར་ལས་དབང་གིས་བཀོད་སྒྲིག་བྱས་པའི་མི་ཚེའི་ཟློས་གར་གྱི་ལེའུ་དེ་ངེད་གཉིས་ལྟ་བུའི་འཁྲབ་སྟོན་པ་ལ་ཧ་ཅང་འཚམ་ལ།  འདི་ལྟ་བུའི་མཇུག་འབྲས་ལ་ཡིད་སྐྱོ་དགོས་དོན་ཀྱང་གཏན་ནས་མི་འདུག 

rl25258 | རྩོམ་ཡོངས་ཀློག་པ།(438) | ལན་སློག(1)
ངས་ཁྱོད་ལ་ཅིག་འདྲི།
2010-9-13 9:13:00

     ངས་ཁྱོད་ལ་ཅིག་འདྲི།
ན་ནིང་བཏབ་པའི་འཛོམས་ཆད་དེ།
ད་ལོ་འཐུང་བའི་མིག་ཆུ་ཡིན་དུས།
སྣེ་མོ་ཁྱོད་རང་ཡིན་པའི།  ངའི་རེ་སྒུག་འདི།
དར་སྐུད་འདོམ་གང་ཡིན་ན་བསམ་བྱུང༌།

ཁ་སང་འཐུང་བའི་འོ་ཇ་དེ།
དེ་རིང་མྱང་བའི་སྐྱུར་ཆང་ཡིན་དུས།
ཡང་སྙིང་ཁྱོད་རང་ཡིན་པའི།  ངའི་དྲན་གདུང་འདི།
ཞོགས་པའི་བ་མོ་ཡིན་ན་བསམ་བྱུང༌།

ཐོག་མའི་དགའ་སྤྲོའི་དགོད་སྒྲ་དེ།
ད་ནི་རྨ་ཁའི་ན་ཟུག་ཡིན་དུས།
གཏིང་རིམ་ཁྱོད་ཡིན་པའི།  ངའི་སེམས་པ་འདི།
ཐང་དཀར་རྒོད་པོ་ཡིན་ན་བསམ་བྱུང༌།

ཡིན་ནའང༌།
དར་སྐུད་འདོམ་གང་བོའི་སྣེ་མོ་དེ་ཁྱོད་ཨེ་ཡིན་ནམ།
བ་མོ་བཞུ་འགྲོ་བའི་ཉི་འོད་དེ་ཁྱོད་ཨེ་ཡིན་ནམ།
རྒོད་པོ་འཕུར་འགྲོ་སའི་ཡུལ་ཕྱོགས་དེར་ཁྱོད་ཨེ་ཡོད་དམ།

 

rl25258 | རྩོམ་ཡོངས་ཀློག་པ།(956) | ལན་སློག(7)
ཁ་མི་གྲགས་པའི་ཨ་ཇོ།
2010-9-10 7:31:00

ཁ་མི་གྲགས་པའི་ཨ་ཇོ།

(ཨ)
  ཅི་ཞིག་གི་ཕྱིར་དུ།   ལོ་མ་ས་རུ་ཟེགས་པ་ཆོས་ཉིད་ཡིན་པ་ཤེས་བཞིན་དུ།  ངས་ལྗོན་ཤིང་ལ་ལེ་བདའ་བྱེད་ཞོར༌།  སྐྱོ་སེམས་ཀྱིས་མྱ་ངན་ཞུ།
(ཨ)
   ཅི་ཞིག་གི་ཕྱིར་དུ།  དུང་ཟླ་བཞུད་ཤུལ་དུ།  ངས་ཅི་ཞིག་ཤོར་སོང་བ་བཞིན།  ཉི་ཟེར་ལ་རྒྱབ་གཏད་དེ།  ཁུ་སིམ་མེར་མིག་ཆུ་འདོན།
                (ཨ)
   ཅི་ཞིག་གི་ཕྱིར་དུ།  ཉིན་དཀར་ལ་ཡོལ་བ་རྒྱབ་ཅིང༌།  མཚན་མོའི་སྒེའུ་ཁུང་བཙན་གྱིས་ཕྱེས་རྗེས།  ཅི་ཞིག་ཐོབ་འདོད་གྱིས།  རྨི་ལམ་ལ་ལག་སྙོབ་བྱེད། 
                (ཨ)
   ཅི་ཞིག་གི་ཕྱིར་དུ༌།  ཅི་ཞིག་ཤེས་འདོད་ཀྱིས། བསམ་གཞིགས་ཀྱི་སྣེ་མོ།  ཉིན་ནས་ཟླ་ལ་མཐུད་ཅིང༌།  ཟླ་ནས་ལོ་ལ་བསྲིངས།           
(ཨ)
   ཅིའི་ཕྱིར་ཡིན་ནམ།   ཅིའི་ཕྱིར་ཡིན་ནམ། 
ཨ།  ཁ་མི་གྲགས་པའི་ཨ་ཇོ་ལགས།   ང་ལ་ལན་ཞིག་གསུངས་རོགས།  ལན་ཞིག་གསུངས་རོགས། 

rl25258 | རྩོམ་ཡོངས་ཀློག་པ།(1119) | ལན་སློག(16)
འབྲེལ་ཡོད་ནང་དོན་ 70 ཡོད།<<<1234567>>>
ཟིན་བྲིས་བརྡ་ཁྱབ།

 

སྨྱུག་མིང་།  མཚོ།

དྲ་འབྲེལ། 1013461908

དྲ་ལམ། http://blog.tibetcm.com/u/tso25258/index.html

སྙན་ངག་ཡོད་པས

ངས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གླུ་རུ་བླངས་ཆོག

སྙན་ངག་ཡོད་པས

ངའི་བརྩེ་དུང་ལ་འཇའ་ཚོན་གྱི་ཁ་དོག་ལྡན་ཡོད

སྙན་ངག་ཡོད་པས

དགའ་སྐྱོ་མིག་ཆུར་མུ་ཏིག་གི་རིན་ཐང་ལྡན་ཡོད

སྙན་ངག་ཡོད་པས

ང་ལ་རྒྱ་མཚོ་བཞིན་གྱི་སེམས་ཀྱི་མངའ་ཐང་རྒྱས་ཡོད

སྙན་ངག་ཡོད་པས

ང་ལ་གངས་རི་བཞིན་གྱི་བརྟན་བརླིང་གི་རང་གཤིས་གྲུབ་ཡོད

སེམས་ཁམས་ལོ་ཐོ།
པར་དེབ།
ཟིན་ཐོ་གསར་བ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.