མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
 
སྒྲོལ་མ་ལྷ་ཁང་། http://blog.amdotibet.cn/rl25258/index.aspx
མཚོ་ཡི་སྙན་ངག་རིང་མོ་གསར་བ།
2011-6-25 11:01:49

མཚོ་ཡི་སྙན་ངག་གསར་བ།          

        ཕ་ཡུལ་གྱི་ཉིན་གཅིག

                              

གཅིག

མེ་ཏོག་ནི་ཁྲ་ལམ་མེ།   ཆར་བ་ནི་ཟམ་ཟིམ་འབབ། 

དེ་རིང༌།    ང་ནི་ལྗང་ནེམ་ཀྱི་རྩྭ་ཐང་ན་ཡོད།

                  

སྨུག་པའི་ཁྲོད་ཀྱི་སྒམ་བརླིང་གི་རི་སྒང༌།

ངའི་ཚོར་བ་རབ་རིབ་ཁྲོད་ཀྱི་སྙིང་ཉེ་བའི་སྙན་ངག་གི་བླ་སྲོག་ཡིན་ནམ། 

ང་ལ་དགའ་བའི་འཛུམ་ཆུང་བྱུགས་སོང༌།   ང་ལ་སྐྱོ་བའི་མཆི་མ་སྦྱིན་སོང༌།

ང་ལ་དུང་བའི་ན་ཟུག་དང་འཁྲེང་བའི་སྡུག་བསྔལ་ཡང་བསྣན་སོང༌། 

 

ཡང་མོར་རྒྱུ་བའི་ན་བུན་ཁྲོད་བྲང་གཞུང་རྡེའུ་ལ་གླན་ཏེ།

བསིལ་བསིལ་འབབ་པའི་རྫ་ཆུ་ལ་སེམས་པ་དང་མཆུ་འདབ་དུས་གཅིག་ཏུ་སྦྱར་ནས།

བསྐལ་བ་སྟོང་གི་དུས་ཡུན་ལ་མིག་ཟུང་བཙུམ་ནས་སེམས་པ་ཡོངས་སུ་བཟི་ན་བསམ་གི

 

ཐག་ཉེ་ཉེ་འདྲ་བའི་རྒྱང་རིང་གི་གངས་རིས།

ངའི་སེམས་ལྗོངས་དང་འདུན་པ་མཁའ་དབྱིངས་དང་མཉམ་དུ་མཐོན་པོར་བཏགས་སྟེ།

ཁ་སང་གི་ལོ་རྒྱུལ་ལ་རྒྱང་ལྟ་བྱེད་བཞིན་དེ་རིང་གི་ཡོད་ཚད་སེམས་པས་འཁུར་དེ།

སང་ཉིན་གྱི་འབྱུང་འགྱུར་ལ་དངན་པ་འཐེན་གྱིན་ཡོད་དམ། 

 

ནེའུ་ཁུད་དུ་གན་རྐྱལ་དུ་ལོག་སྟེ།   མགོ་བོ་ཁུ་བྱུག་མེ་ཏོག་གི་པང་དུ་བཞག་ཅིང༌།

ལུས་ཀྱི་ས་རྡུལ་མ་ལུས་ཆར་ཆུས་བཀྲུས་ཚར་དུས།

ང་ནི་སྔར་བཞིན་དྭངས་གཙང་གི་དུང་བའི་ལྷ་མོ་ཡིན།

བདག་གི་རྨི་ལམ་སྙིམ་པས་བསྐྱོར་བའི་དག་ཞིང་གི་གནས་འདི་ནས།

ངས་ད་གཟོད་ཡོད་ཚད་ཅིག་བསྐྱུར་བཞག་སྟེ།

ཞེ་ལྷོད་ལྷོད་ཀྱིས་ངལ་གསོ་རྒྱབ་ཆོག་ཨང༌།

 

སུས་ཀྱང་ཐོས་མ་སོང་བའི་སྦྲ་ནག་གི་གོམ་སྒྲ་དང་གང་གིས་བསམ་མ་མྱོང་བའི་ཁོང་གི་ཞལ་རས།

བསམ་མེད་བུས་ཕྲུག་གི་ལངས་ཤོར་ཁྲོད་རྒྱང་ནས་རྒྱང་དུ་ཡལ་དུས།   

ལོ་རབས་དུ་མར་བསགས་པའི་ཕུན་ཚོགས་ཡོད་ཚད་བསྐྱུར་ཏེ།

གྱེས་ཁ་མའི་ཁོང་གི་གློ་སྙིང་མཆིན་གསུམ་གྱི་བར་ནས།

ཨ་སྔོན་གྱི་སྤྲིན་དཀར་ལྟར་གྱི་རྟ་ནོར་ལུག་གསུམ་གྱི་ཁྱུ་ཚོགས།

ཁྱོན་ཡངས་པའི་རྩྭ་ཐང་དང་མཉམ་དུ་ག་ཙམ་འཕྱོ་ཡོད་ཨང༌།

 

མེ་ཏོག་དང་རྩྭ་ལྗང་གི་འཇམ་ཤར་གནོད་དོགས་ཀྱིས།

གོམ་པ་རེ་རེ་སེམས་ཆུང་གིས་ལེན་བཞིན།

ཆར་བ་ཟམ་ཟིམ་ཁྲོད་ཀྲོང་བོར་འགྱིང་བའི་ཉག་ཁའི་དར་ལྕོག་དང་ལ་ཁའི་ལབ་ཙེ་ཟད་པོས།

སྣུམ་གྱིས་སིམ་པའི་ཁ་སང་གི་ལོ་རྒྱུས་ལྗིད་ཏིག་ཏིག་གིས་ཁུར་འདུག་ཨང༌།

 

           གཉིས།

རླུང་བུ་ནི་བསིལ་བསིལ་ལྡང༌།     ལོ་ཏོག་ནི་ཡུག་ཡུག་བསྐྱོད།

དེ་རིང༌།     ང་ནི་ཞིང་རྣང་མའི་བར་ན་ཡོད།

 

སྤྲིན་དཀར་གྱི་ཕུང་བོ།

དེ་རིང་ཡང་ན་ནིང་བཞིན་དུ།

མཁའ་མཐའ་ནས་ལྷོད་ཀྱིས་འཕུར་ཡོང་སྟེ།

ནེམ་ལོ་སྣུམ་པའི་ལྗོན་པའི་ཚོགས་ལ་ཞེ་དུང་དུང་གིས་འཛུམ་ཆུང་རེ་བསྟན་རྗེས།

གྲོ་ཞིང་གྲུ་བཞིའི་པང་གི་སིང་སིང་དྲུག་འགྱུར་སྙན་མོའི།

གཅེས་ཕྲུག་མ་སུ་ཡི་སེམས་ལྗོངས་སུ་བཞུད་སྲིད་དམ།

 

རྔུལ་ཆུའི་བཞུར་ཤུལ་གསལ་བའི་མ་ཡུམ་གྱི་གྲུང་ཤ་དོད་པའི་དམར་སྨུག་གི་ཞལ་རས།

སྐྱེས་སྟོབས་འབར་བའི་མེ་ཏོག་གི་བཀྲག་མདངས་ལས་ཅི་འདྲའི་གྲུང་ཤ་དོད་ཨང༌།

ལང་ཚོས་ཕྱུག་མྱོང་བའི་ཁ་སང་དང་ཁ་སང་གི་དགའ་སྐྱོ་ཆགས་སྡང༌།

ཆབས་ཅིག་ཏུ་མེ་དྲོད་ཡལ་མ་མྱོང་བའི་ཁང་ཁྱིམ་འདི་རུ།

ཁེར་རྐྱང་གི་མ་ཡུམ།   དྲོད་ཁོལ་གྱི་གཏམས་པའི་པང་བ་རུ།

ད་དུང་ཨ་མ་དང་གྱེས་ནས་ཟླ་ཤས་འགོར་བའི་ཚ་བོའི་ངུ་སྐད་ཡོད།

         

གྲལ་དག་གི་ཁང་ཁྱུམ་གྲུ་བཞི།

སྟོང་འཇགས་ཀྱི་ཁང་ཁྱིམ་གྲུ་བཞི།

ལས་ཀའི་ཙག་ཙིག་དང་ས་རྡུལ་གྱི་མནན་པའི་ལུས་ཕུང་དང་སེམས་པ།

མ་ཎི་ཡིག་དྲུག་གི་ཟློས་དབྱངས་ཁྲོད།   

ཡང་ཟོར་གྱིས་ཕེབས་པའི་བརྟན་བརླང་གི་ཡབ་ཆེན་གྱིས།

ས་གཞི་ཡི་བརླན་གཤེར་སྲུང་ཞིང༌།

ལོངས་སྤྱོད་རྫོགས་པའི་འབྲུ་དྲུག་གི་སྙེ་རླབས་ཁྲོད།

རྒྱང་རིང་གི་བུ་ཕྲུག་དང་བུ་ཕྲུག་གི་རྔུལ་ཁྲག་སེམས་ཀྱིས་འཚོ།

 

ཁུ་བྱུག་གི་མགྲིན་དབྱངས་ལ་ཡ་ལན་མེད་པའི་ཁེར་རྐྱང་གི་གྲོ་ཞིང་གྲུ་བཞི།

ལྕང་སྡོང་གི་གྲིབ་བསིལ་ལ་རོལ་མཁན་མེད་པའི་སྟོང་འཇགས་ཀྱི་བདག་གི་ཕ་ཡུལ།

ལོ་ཟླའི་བརྩེགས་རིམ་གྱི་མནར་བའི་ཡབ་ཡུམ་གྱི་དུང་ཞེན་ཁྲོད་ན།

འོད་དུ་འཚེར་བའི་ནོར་བུ་ལགས།

 

རླུང་བུ་ལ་ཁ་གཏད་ཅིང་མིག་ཟུང་ག་ལེར་ཙུམ་དུས།

ཡ་ཆུང་ནས་དལ་གྱིས་ལངས་འོང་བའི་སེམས་འགྱུ་ཡི་སྤྲུན་དཀར་ལེབ་མོ་ཞིག

ཡུན་གྱིས་མིག་མཐའ་ནས་འཛུམ་འོང༌།    སྐྱུར་སྐྱུར་གྱིས་འཛུམ་འོང༌།
rl25258 | རྩོམ་ཡོངས་ཀློག་པ།(623) | ལན་སློག(3)
ཡུལ་གྱར་བྱུང་བའི་སྙན་ངག
2011-5-20 7:28:14

ཡུལ་གྱར་བྱུང་བའི་སྙན་ངག

                    མཚོ

ཡུལ་གྱར་བྱུང་བའི་བག་ཡོད་ཀྱི་སྙན་ངག་འདི

རྩྭ་ཕྲན་གྱི་གཡབ་མོ་ལ་གུས་འདུད་ཞུ་པའི་ཆུང་ཆུང་གི་ཟླ་བ་ཡིན་ངེས

ཡུལ་གྱར་བྱུང་བའི་ཞུ་དུལ་གྱི་སྙན་ངག་འདི

མེ་ཏོག་གི་གང་བུ་ལ་འོ་ཞིག་བྱེད་པའི་ཆུང་ཆུང་གི་སྒྲོལ་མ་ཡིན་ངེས

ཡུལ་གྱར་བྱུང་བའི་སྤྲོ་དགའ་ཡི་སྙན་ངག་འདི

བྱེའུ་ཆུང་གི་འཕུར་ལྡིང་ལ་ཡིད་སྨོན་འཆོར་བའི་གཅེན་པོ་ཚེ་རིང་ཡིན་ངེས

ཡུལ་གྱར་བྱུང་བའི་ཡིད་འོང་གི་སྙན་ངག་དེ

མགོ་སྐྲའི་ལན་བུ་ལ་མེ་ཏོག་འཛུགས་པའི་གཅུང་མོ་པད་སྒྲོན་ཡིན་ངེས

གང་ལྟར     ཡུལ་གྱར་བྱུང་བའི་ངའི་སྙན་ངག་གཅེས་ལོ་འདི

ངའི་དྲན་གདུང་གི་ཁུགས་སོ་རུ་སྲ་མཁྲེགས་ཀྱིས་བསྐགས་ཡུན་རིང་སོང

 

རླུང་བུ་བསིལ་བསིལ་གྱིས     ཆར་བ་ཤག་ཤག་གིས  

ཆུ་མོ་ཤང་ཤང་གིས    རྩྭ་ལྗང་ནེམ་ནེམ་གྱིས

ངའི་སྙིང་ཉེ་བའི་སྙན་ངག     ག་ལེ་ག་ལེར་ཐོན་བྱུང

དཔྱིད་མགོ་མ་འདི   ཡང་ན་ངའི་སྙན་ངག་གི་གོམ་སྒྲ་ཡིན

ནམ་ཞིག་གི་ཚེ    ཡུལ་གྱར་བྱུང་བའི་སྙན་ངག་འདི    

མོ་ལོ་སུམ་ཅུའི་མཚར་སྡུག་མངའ་བའི་བདག་གི་ལང་ཚོ་ཡིན                        

ཡུལ་གྱར་བྱུང་བའི་སྙན་ངག

སྤྲིན་ཕུང་གི་བསིལ་གྲིབ་གྱོན་ཞིང་ཉི་ཟེར་གྱི་རྩེད་གྲོགས་ཡིན

རི་ཀླུང་དང་རྩྭ་ཐང་དུ་ཁོ་ཚོའི་དགོད་སྒྲ་ལུས་ཡོད

ཡུལ་གྱར་བྱུང་བའི་སྙན་ངག

ནེམ་ལོ་ཡི་ཞྭ་མོ་གྱོན་ཞིང་ཕྱེ་ལེབ་ཀྱི་འཕུར་ཡ་ཡིན

སྦྲ་འདབས་དང་ཆུ་འགྲམ་དུ་ཁོ་ཚོའི་རྨི་ལམ་ལུས་ཡོད

ཡུལ་གྱར་བྱུང་བའི་སྙན་ངག

ཁ་བའི་འདབ་མ་སྒྲིག་ཅིང་སྐྱི་བསེར་གྱི་འགྲོ་རོགས་ཡིན

རྫ་འདབས་དང་གངས་ཁྲོད་དུ་ཁོ་ཚོའི་སྙིང་གཏམ་ལུས་ཡོད

 

ད་ནི     ཡུལ་གྱར་བྱུང་བའི་སྙན་ངག    

ངལ་དུབ་ཀྱིས་ཕྱིར་ཐོན་ཡོད

ངའི་དུང་ཞེན་མེ་རུ་སྦར་བའི་བྲང་གཞུང་ལ་དྲག་ཏུ་གླན་ཏེ

 

བུ་ཆུང་ཞིག་གི་ངུ་ངག་གིས

ང་ལ        ཨ་མ་ཨ་མ་་་་་ཞེས་འབོད་བཞིན

ངའི་ཡ་ཆུང་གི་ཆེས་སྙི་སར་ཉམ་ཆུང་གིས་བསྡད་ཡོད

 

འབྲུག་ཆུང་གི་རྔ་སྒྲ་ལྡིར་དུས་ནམ་ཡིན

མེ་ཏོག་གི་འདབ་མ་འཛུམ་དུས་ནམ་ཡིན

 ངའི་སྙིང་ཉེ་བའི་སྙན་ངག་འདི    ད་དུང་ཡང

སུ་ཞིག་གིས་གྲོལ་མ་ཐུབ་པའི་དུང་སེམས་ཀྱི་འདབ་མ་ཡིན

སུ་ཞིག་གིས་འཛིན་མ་ཐུབ་པའི་རྨི་ལམ་གྱི་སྣེ་མོ་ཡིན

 

ངའི་སྙིང་ཉེ་བའི་སྙན་ངག་འདི     ད་དུང་ཡང

རྔམ་མཐུག་པའི་དྲག་ཆར་དང་རྒྱང་ཐག་ཧ་ཅང་རིང

ཡོད་འོང་གི་འཇའ་ཚོན་གྱི་ལྟད་མོ་དེ་མཐོང་མ་སོང

གཅེས་ལོ     ང་ཡི་སྙན་ངག

ལོ་ན་ཕྲ་བ་དེ་ཁ་གཡོར་ས་ཙམ་ལས་མ་འདས་པས་ན

ཉི་གཞོན་ལམ་ལ་ཆས་ཁའི་མཚམས་སྤྲིན་གྱི་སྐྱེལ་མས

ཨ་མའི་རུམ་ཁོང་གི་བུ་ཆུང་གཉིད་ལས་བསླངས

བུ་ཆུང   ང་ཡི་སྙན་ངག

ཨ་མའི་བྱམས་བརྩེ་དང་དུང་ཞེན་གྱི་མར་ལོའི་རྒྱགས་བྲོ་བཟུང་སྟེ

རྒོད་པོའི་འཕུར་ཡ་ལ་ཆས་ཤིག

 

rl25258 | རྩོམ་ཡོངས་ཀློག་པ།(602) | ལན་སློག(6)
ང་ལ་མིག་ཆུ་སློང་མཁན་སུ་ཡིན།
2011-5-17 8:51:19

ང་ལ་མིག་ཆུ་སློང་མཁན་སུ་ཡིན།

འཇབ་ཀྱིན་འཇབ་ཀྱིན་འོང་བའི།
མཚར་སྡུག་གི་རྨི་ལམ་རེ་རེས།
མངར་ཁ་སློང་བའི་རྒུན་ཆང་དམར་པོ།
ལྟེམས་ལྟེམས་ཀྱིས་དྲངས་ཡོང་དུས།
སྙིང་ཉེ་སུ་ཞིག་གིས་ཆེད་དུ་བསྐྲུན་པའི།
སྟོང་འཇགས་ཀྱི་མཚན་མོ་རེ་རེ།
ངའི་ར་བཟི་བའི་སེམས་པ་ཡི་ལོག་མལ་ཡིན་ནམ།
གཏིང་ཟབ་པའི་དྲན་གདུང་གི་གར་སྟེགས་ཡིན།
མཛེས་སྡུག་གི་རྨི་ལམ་རུམ་པའི།
བདེ་སྐྱིད་ཀྱིས་མཚན་མོ་རེ་རེ།
སྐྱ་རེངས་ཀྱི་བྲེལ་འཚུབ་ལས་ཕར་འདས་དུས།
ང་ཡི་སྔས་འགྲམ་ལ་རེ་ཆད་ཀྱི་མཆི་མ་སློང་མཁན་དེ་སུ་ཡིན།

ཉིན་གྲངས་བརྩི་བའི་མཛུབ་བར་ནས།
རླུང་བུ་བཞིན་ག་ལེར་བཞུད་འགྲོ་བའི།
མ་འོངས་བའི་ལོ་ཟླ་ག་ཚོད་ཅིག
རེ་སྒུག་གི་ཆེས་གཏིང་རིམ་ན་སྐགས་པའི་མར་ལོ་ཡིན་ངེས་ན།
ད་ནས་བཟུང༌།   ང་རང་དྲན་ཤེས་རྟུལ་བའི་རྒན་མོ་ཞིག་བྱེད་འདོད།

rl25258 | རྩོམ་ཡོངས་ཀློག་པ།(586) | ལན་སློག(4)
མཚོ་ཡི་སྙན་ངག་རིང་མོ། རྟག་བརྟན་གྱི་བརྩེ་བ།
2011-4-23 8:10:27

རྟག་བརྟན་གྱི་བརྩེ་བ། 

                                             མཚོ།

ང་རང་ཁྱོད་ཀྱི་ཁ་གཏད་དུ་འགྲེང་དུས་སུ།

རི་རྩེ་རུ་ཤུགས་ཀྱིས་བསྐྱོད་པའི་དར་ལྕོག་དེ་ཡིན་ནམ།

 

སྤོབས་པའི་རླུང་བུ་དེ་ཁྱོད་ཀྱིས་བཏང་པ་ཡིན་ན།

ཤུགས་གླུའི་དབྱངས་རྟ་དེ་ཁྱོད་ཀྱིས་བུས་པ་ཡིན་ན།

ཁྱོད་དེ།   ད་དུང་ཅི་ཞིག་བསྩོལ་པར་སྟ་གོན་བྱེད་པའི་ངལ་མེད་ཀྱི་ཁྱོད་ཨ།

ག་དུས་བར་དུ་བདག་གི་མཐོང་ལམ་དུ་གནས་སྲིད།

 

དར་གོས་ཀྱི་འཇམ་ཤ་མེད་ཀྱང༌།

བདག་གི་ཡུག་ཡུག་གི་མགོ་སྐྲའི་འཕུར་བསྐྱོད་དེས།

ཁྱོད་ཀྱི་སྐར་ཆེན་ལྟ་བུའི་མིག་ཟུང་དེ་བསྒྲིབས་ཨེ་སོང༌།

 

གཙང་བོའི་ལྷོད་ཤ་མེད་ཀྱང༌།

བདག་གི་ལྷུང་ལྷུང་གི་མཆི་མའི་བཞུར་འགྲོས་དེས།

ཁྱོད་ཀྱི་ས་ཆེན་ལྟ་བུའི་སེམས་པ་དེ་བརླན་ཨེ་སོང༌།

 

ཁུ་བྱུག་གི་དབྱངས་སྙན་མེད་རུང༌།

བདག་གི་སིང་སིང་གི་འབོད་པའི་ངག་ཚིག་དེས།

ཁྱོད་ཀྱི་སྦྲང་ཆུང་ལྟ་བུའི་རྣམ་ཤེས་དེ་བཀུག་ཨེ་སོང༌།

 

གནས་འདི་ནས།   ཁྱོད་ཀྱིས་ཅིས་ཀྱང༌།

བདག་གི་སྡུག་ཡུས་ལ་ཨ་ལན་སྟེར་རོགས།

བདག་གི་སྐྱོ་ངལ་ལ་སེམས་གསོ་གནང་རོགས།

བདག་གི་འདུན་པ་ལ་སྡོངས་གྲོགས་མཛོད་རོགས།

བདག་གི་དུངས་སེམས་འདི་སྙིམ་པས་སྐྱོར་རོགས།

བདག་གི་འཇིག་རྟེན་འདིར་དྲོད་ཁོལ་སྐྱེལ་ཤོག

               

བྲག་གཟར་འདིའི་རྒས་ཁོག་གིས།

ལོ་ཟླས་བཅོམ་ཚར་བའི་ཨུ་ཚུགས་ཤིག་གི་ངོ་གདོང་བསྟན་བྱུང༌།

ངོ་གདོང་ཟད་པོ་དེའི་སྟེང་ན་སྐམ་པའི།

མེ་ཏོག་གི་འདབ་མའི་རྡུལ་ཕྲན་བསྟན་བྱུང༌།

ད་དུང༌།    རྒོད་པོ་ཞིག་གི་གཤོག་སྒྲོ་ཐར་ཐོར།    

ནོར་ནག་ཅིག་གི་མགོ་རུས་སྐམ་པོ།   རྫི་བོ་ཞིག་གི་འུར་ཆ་ཟད་པོ།

ད་དུང༌།    གཞོན་ནུ་མ་ཞིག་གི་བརྩེ་བ་རལ་བོ་ཞིག་ཀྱང༌།

ལོ་ཟླའི་རླུང་བུས་འཐག་བཞིན་པ་བསྟན་བྱུང༌།

 

ཤེས་པར་གྱིས།   ང་རང་སྔ་ས་ནས་གནས་འདིར་འཐིམ་ཡོད།

འཐིམ་ཡོད་པའི་རྐྱེན་གྱིས།

རླུང་འཚུབ་ཀྱིས་མུ་ནས་མུ་རུ་བརྡར་བའི་བྲག་ངོས་སུ

བདག་གིས་ཁྱོད་ལ།  སྔར་བཞིན་དྲག་ཏུ་འབབ་པའི།

དུངས་ཞེན་གྱི་རྦབ་ཆུ་ཞིག་གི་མདུན་ལྗོངས་བཤམས་ཡོད།

                    

དྲོད་རླབས་ཀྱིས་སྐྱོང་དགོས་པ།

དཔྱིད་མགོའི་མེ་ཏོག་དང་འཁྱག་གིས་བསྡམས་པའི་ཆུ་ཕྲན་ཁོ་ན་ག་ནས་ཡིན།

ཨུ་ཚུགས་ཀྱིས་མནར་བའི་སེམས་པ་ཧྲང་བོ་འདི་འང༌།

རེ་སྒུག་ཟད་པོ་ཞིག་གི་རྗེས་ཤུལ་དུ་ཨམ་གཙུགས་བསྡམས་ཏེ།

གཡས་གཡོན་ནི་ཅི་ཞིག་གི་བསླུ་བྲིད་ཀྱིས་སྦགས་པའི་འདུ་ཤེས་ཀྱིས།

ཁྱོད་ཁོ་ན།   མངོན་སུམ་གྱི་བདེན་དོན་ཉག་ཅིག་ཏུ་གྲུབ།

དེ་ལྟ་ན།  འོད་དཀར་བསྣམས་པའི་ཚེས་རིས་ཀྱི་བསིལ་ཟེར་དེ།

མཚམས་སྤྲིན་བཅིངས་པའི་ཉི་གཞོན་གྱི་འོད་ཟེར་དེ།

ཏག་ཏག    ང་ཡི་ཁྱོད་ལ་མངའ་ངེས་ཡིན།   མངའ་ངེས་ཡིན།

 

མར་གཤམ་ན་སྒྱིད་ལུག་གིས་བཞུར་བའི་ཆུ་མིག་དེ།

སུ་ཞིག་གིས་བཏོན་པའི་སྡུག་ཡུས་ཀྱི་མིག་ཆུ།

ཡང༌།  ཁྱོད་རང་ཨུ་ཚུགས་ཀྱིས་ང་ལ་ཕྱོགས་དུས་སུ།

འུ་ཐུག་གིས་བཞུར་བའི་མཆི་མ་ཨེ་ཡིན།

ཡིན་ན་འང༌།    

ཁྱོད་ཀྱི་སྙིང་ཆུང་གི་འཕར་ལྡིང་དེ་ང་ཡིས་གོ་ན་བསམ་གི

ཁྱོད་ཀྱི་འཛུམ་ཆུངགི་གྲོལ་སྟངས་དེ་ང་ཡིས་མཐོང་ན་བསམ་གི

ཁྱོད་ཀྱི་མིག་ཟུང་གི་གཡོ་འགུལ་དེ་ང་ལ་ཕྱོགས་ན་བསམ་གི

                       

མིག་གིས་མཐོང་ཚད་ཀྱི་ཕ་རོལ་གྱི་ཕ་རོལ།

ཤང་ཤང་གི་ཆུ་མོ་བཞིན་འབབ་པའི་དུས་ཚོད་དང་ལང་ཚོའི་བཞུར་རྒྱུན།

ལང་ལོང་གི་སྤྲིན་པ་ལྟར་འཁྲུགས་པའི་སེམས་པ་དང་དུང་ཞེན་གྱི་འདུ་འགོད

ཐར་ཐོར་གྱི་ནོར་ལུག་བཞིན་བརྡལ་བའི་སྙིང་གཏམ་དང་མིག་ཆུའི་ཉམ་ཐག

རབ་རིབ་ཀྱི་གངས་རི་བཞིན་བསྙལ་བའི་འདུན་མ་དང་རྨི་ལམ་གྱི་རྒས་ཁོག

ད་དུང༌།  ངལ་དུབ་ཀྱི་ཉི་ཟླ་སྐར་གསུམ།    དབུལ་ཕོངས་ཀྱི་རྩྭ་ཐང་ཡངས་པོ།

ཁེར་རྐྱང་གི   སྦྲ་ནག་གི་རྣམ་ཤེས་འཁྱམ་པོ།

ཡོད་ཚད་ཀྱི་ཡོད་ཚད།  རེ་གསལ་རེ་མོག་གིས།   

བདག་ལ་གཏམ་རྒྱུད་ཁ་བོ་ཞིག་གི་མགོ་རྐང་སྒྲིག་བཞིན་ཡོད་དམ།

 

མེ་སྟག་ཚ་ཚ་མཆེད་པའི་ཁྱོད་ཀྱི་མིག་དབལ་རྣོན་པོ།

བདག་གི་ཡ་ཆུང་གངས་དཀར་ལ་ཁྲག་སྣག་བསྐྱིལ་བའི་མདའ་མོ་ཨེ་ཡིན

བདག་གི་གློ་སྙིང་མཆིན་གསུམ་ཧྲུག་ཧྲུག་ཏུ་བཟོ་བའི་མདུང་གྲི་ཨེ་ཡིན།

རླུང་འཚུབ་དང་འགྲོགས་པའི་བྱ་རྡུལ་གྱི་ངར་ཤུགས།

ཁྱོད་ཀྱིས་ང་ལ་རྟེན་དུ་གནང་བ་ཨེ་ཡིན།

བསྐྱུར་མ་འཇོག    ན་ཟུག་དེ།

ཁྱོད་ཀྱིས་ང་ལ་དམིགས་སུ་གཏད་པའི་སྦྱིན་པ་ཡིན།

                   

ཁྱོད་ཀྱི་ཁ་གཏད་དུ་འགྲེང་དུས་སུ།

ང་ནི་རི་རྩེ་རུ་ཤུགས་ཀྱིས་བསྐྱོད་པའི་དར་ལྕོག་དེ་ཡིན།

གསོན་སྙིང་གི་འཕར་ལྡིང་དེ་ཁྱོད་ཀྱིས་བཅད་ཆོག

ཚེ་སྲོག་གི་འདབ་མ་དེ་ཁྱོད་ཀྱིས་བཅོམ་ཆོག

མིག་ཀོང་གི་དྭངས་གཙང་དེ་ཁྱོད་ཀྱིས་བརྙོགས་ཆོག

སེམས་གཏིང་གི་རེ་སྨོན་དེ་འང༌།

ཁྱོད་ཀྱིས་ཚལ་བར་གས་ཆོག

                     ཞེས༢༠༡༡ལོའི་ཟླ༤པའི་ཚེས་༢༢ཉིན་གྱི་ཕྱི་དྲོར།

 

 

 

 

rl25258 | རྩོམ་ཡོངས་ཀློག་པ།(737) | ལན་སློག(8)
ང་རང་ཕྱིར་ཐོན་ཡོད
2011-4-20 12:57:21

ང་རང་ཕྱིར་ཐོན་ཡོད

ཁྱོད་རང་བཞུད་སོང་ངམ

ཁ་བའི་མེ་ཏོག་གིས་དཔྱིད་མགོ་མ་བསུ་དུས

ངའི་མཐོང་ལམ་ན   ཏག་ཏག་ཁྱོད་རང་མི་འདུག

སྤྱིར་ན   ཁྱོད་ཀྱི་ཆེད་དུ

ང་རང་བྲེལ་བྲེལ་གྱིས་རྡོག་ཐོན་བྱུང་ཡོད

 

དཔྱིད་རླུང་གིས   ང་ཡི་གདོང་བ་བྱིལ་བྱིལ་བྱེད་དུས

ངའི་དྭངས་གཙང་གི་མིག་ཟུང་ལས 

ཁྱོད་ཀྱིས་རིན་ཐང་ཅན་གྱི་མུ་ཏིག་ག་ཙམ་ཁྱེར་སོང

ད་ནས    ཨ་ལན་སྟེར་མི་སྲིད་པའི་བརྩེ་བ་བན་བུན་ཞིག

ག་ལེར་འཕྱུར་མགོ་བརྩམ་སོང    

རེ་སྒུག་གི་ས་བོན་དེ་སྔ་ས་ནས་འབུས་འདུག

 

དཀར་སང་སིང་གི་ཚེམས་ཕྲེང་དེ

ངའི་ཡ་ཆུང་ན་ཡུན་རིང་ཉར་བའི་དུང་མདོག་གིས་འཚེར་བའི་བརྩེ་བ་དེ་ཨེ་ཡིན

འཛུམ་དམུལ་ལེར་ཡོད་པའི་ཞལ་རས་དེ

ངའི་རྨི་ལམ་ནས་ཡུན་རིང་བཞད་པའི་དམར་ལམ་མེར་བཞད་པའི་རྒྱ་སེ་དེ་ཨེ་ཡིན

ད་དུང  ད་དུང    དགའ་དགོད་འདྲེས་མའི་གསུང་སྐད་དེ

ཅི་ཞིག་ཡིན    ཅི་ཞིག་ཡིན

ཡང་ན   ངའི་མཛེས་སྡུག་གི་རྨི་ལམ་འཁྱིལ་སའི་

སེམས་གཞས་དྲོན་མོ་དེ་ཡིན་ནམ

 

ཁྱོད་རང་བཞུད་སོང་ངམ

དཔྱིད་མགོ་མ་འདིར    

ངས་ཁྱོད་ལ་ཁུ་བྱུག་གི་གསུང་དབྱངས་ལྟ་བུའི་སེམས་གཞས་ཤིག

ལུས་ངག་ཡིད་གསུམ་གྱིས་འབུལ་དང་འབུལ་མུས་སུ་ཡོད

ཞེས༢༠༡༡ལོའི་ཟླ༤པའི་ཚེས༢༠ལ

rl25258 | རྩོམ་ཡོངས་ཀློག་པ།(1559) | ལན་སློག(9)
སྙིང་ཉེ་བའི་འབྲོང་ལོ
2011-3-29 16:42:11

སྙིང་ཉེ་བའི་འབྲོང་ལོ
----------------ངའི་བརྩེ་དུང་གི་རྒྱལ་སྲས་ལགས་སུ་ཕུལ་བ།
                                      མཚོ།

རྩྭ་ཐང་དང་རི་ཆུ་བརྒལ་བ་ཡིན་ནམ
ནགས་ཚལ་དང་ལ་ལུང་མྱུལ་བ་ཡིན
སུ་ཞིག་གི་ཆེད་དུ་སེམས་ངལ་ལྕི་མོས་གང་ལ་འགྲོ

ངང་ཙམ་སྒུག་དང  ངའི་སྙིང་ཉེ་བའི་འབྲོང་ལོ
མེ་ཏོག་གིས་མཛེས་པ་ངོམས་པའི་སྤང་ཁུད་ན
ལྗོན་ཤིང་གིས་གཡུ་ལོ་གྲོལ་བའི་ལམ་འགྲམ་ན
ཆུ་མིག་གིས་གླུ་ཆུང་ལེན་པའི་ན་གཞུང་ན
སྤྲོ་དགའི་རྨི་ལམ་རང་དགར་བཞེངས་ཆོག་ཆོག་གི
འུ་གཉིས་ཀྱི་ལང་ཚོའི་གསང་བ་ཁུ་སིམ་མེར་བསྐུང་ཡོད

གནས་འདི་ན་འཆར་ཡན་གྱིས་གཏམས་པའི་
རྒྱ་སེ་མེ་ཏོག་གི་འཇོ་སྒེག་མེད་ན་ཡང
ལྷུག་ལྷུག་ཏུ་དགོད་པའི་སེར་ཆེན་མེ་ཏོག་གི་བརྩེ་འཛུམ་རེ་རེ
ངས་ཁྱོད་ལ་བཅིངས་བའི་བརྩེ་དུང་གི་ཡང་སྙིང་དང
འགྱུར་ཏུ་མེད་པའི་དན་རྟགས་ཡིན

ཁྱོད་ནི   འབབ་རྒྱུན་རིང་བའི་ལྷུང་ལྷུང་གི་
དྭངས་གཙང་གི་ཆུ་མོ་ཞིག་ཡིན་ནམ
ཁྱོད་ནི  ང་རང་ཆེས་ཀློག་རྒྱུར་དགའ་བའི་
སྙན་ངག་གི་དེབ་ཐེར་རིང་མོ་དེ་ཡིན་ནམ་

rl25258 | རྩོམ་ཡོངས་ཀློག་པ།(630) | ལན་སློག(6)
ང་ཁྱོད་དང་ཉེ་བར་བཅར་འདོད།
2011-3-20 13:47:48

                  ང་ཁྱོད་དང་ཉེ་བར་བཅར་འདོད།
       ནམ་ཡང་མཐོང་ལམ་རབ་རིབ་དུ་བྱེད་པའི་པྲ་ཚེགས་ཀྱི་སྤྲིན་པ་ལེབ་མོའི་ཚོགས།   ལྷིང་འཇགས་ཀྱི་བསམ་གཞིགས་རེ་ཞིག་རེ་ཞིག་དཀྲོག་པའི་འཕུར་ལྡིང་གི་བྱེའུ་ཆུང་སྤྲོ་དགའ་ཅན་དག   སྣུམ་ཤུག་ཤུག་གི་གཤོག་ཟུང་གི་ལྡེམ་རྩལ་ངོམ་པའི་ང་རྒྱལ་གྱི་གླག་རྒོད་སྤྱང་པོ།  ད་དུང༌།   ད་དུང༌།   ཅི་ལ་འང་འཐམ་ཞིང་གང་སར་མཆུ་གཙེགས་བྱེད་པར་དགའ་པའི་ད་དིར་གྱི་འབུ་སྲིན་ལྟོ་དགའ་ཅན་ཚོ།   ཉི་མའི་ཚ་ཟེར་དང་འགྲོགས་ནས་ཇི་འདྲའི་བག་གཡེངས་དང་རང་དབང་གིས་འཚོ་ཨང༌།
         ཏག་ཏག་འདི་འདྲའི་ནམ་ཟླ་དང་དུས་ཚོད་ཀྱི་སྐབས་སུ།   ང་འམ་ཅི་ཞིག་གིས་འཁུར་དུ་ལྕི་བའི་སུ་ཞིག   ལོ་འདབ་བཀྲེས་སྐོམ་ཅན་དག་འཁུར་བའི་ངལ་དུབ་ཀྱི་ལྗོན་འོག་ན།   མིག་ཆུ་དྭངས་མོ་ཞིག་གི་གསོས་སྨན་ལས།   རེ་བ་ལྷག་མ་ཞིག་ལ་ཡིད་ཆད་ཐབས་མི་འདུག  ཉི་ཟེར་ལ་དེ་དུས་ཀྱི་འཇམ་ཤ་མེད་ན་འང༌། བརྗིད་ཆགས་གངས་རི་ལྟ་བུའི།   རྒྱ་རྫོང་ནགས་ཀླུང་འདྲ་བའི།  ལྷུང་ལྷུང་རྫ་ཆུའི་ཚུལ་གྱི།   ཁོད་ཡངས་རྩྭ་ཐང་བཞིན་གྱི་ཁྱོད།  ངའི་གཉོམ་དུང་དུང་གི་མིག་ཟུང་དང་སེམས་པའི་བར་ན།  གཡུལ་ས་གང་ཞིག་ནས་རྒྱལ་བའི་དཔའ་བོ་རྨས་མ་ཞིག་གམ།  རྨི་ལམ་གང་ཞིག་ན་མཛེས་པའི་རྒྱབ་ལྗོངས་ཧྲུལ་པོ་ཞིག  ཡང་ན།  ངའི་སེམས་ཀྱི་གཞི་མར་མཆི་མའི་ས་བོན་གཏོར་མཁན་གྱི་སེམས་བརྟེན་རྣལ་མ་དེ་ཡིན་ན།   གཏོང་རིམ་གྱི་སྨུག་ཀློང་གསེད་པར་བྱེད་པའི་མིག་ཟུང་གིསངའི་ཡ་ཆུང་གི་ཆེས་འཇམ་དང་དྭངས་སར་དོགས་སྣང་བན་བུན་ཞིག་གི་གཉེར་རིས་བཀོད་དོན་ཅི།

rl25258 | རྩོམ་ཡོངས་ཀློག་པ།(532) | ལན་སློག(4)
སྙན་ངག་ནི་ཅི་ཞིག་ཡིན་ནམ།
2010-12-3 11:35:00

སྙན་ངག་ནི་ཅི་ཞིག་ཡིན་ནམ།

                               མཚོ།

སྙན་ངག་ནི་ཅི་ཞིག་ཡིན་ནམ།
སྙན་ངག་ནི་མཇལ་འཛོམས་ཀྱི་དགའ་སྤྲོའི་སེམས་གཞས་ཡིན།  སྙན་ངག་ནི་སྙིང་སྡུག་གི་སྙིང་གཏམ་དམར་པོ་ཡིན།   སྙན་ངག་ནི་གྱེས་བྲལ་གྱི་རྨ་ཁའི་ཟབ་ཚད་ཡིན།  སྙན་ངག་ནི་བརྩེ་དུང་གི་རྡོ་རྐོས་གཏམ་རྒྱུད་ཡིན།


སྙན་ངག་ནི་ཅི་ཞིག་ཡིན་ནམ།
སྙན་ངག་ནི་ཁྱོད་ཀྱི་བརྩེ་བས་གཏམས་པའི་མིག་ཟུང་དྭངས་མོ་་་་ཡིན། སྙན་ངག་ནི་བདག་གི་དུངས་པས་བྱུགས་པའི་ཡིད་འོང་གི་འཛུམ་རིས་ཡིན། སྙན་ངག་ནི་ཁྱོད་ཀྱི་སེམས་ལ་བསྲིངས་བའི་བདག་གི་སེམས་འགྱུ་དམར་པོ་ཡིན།    སྙན་ངག་ནི་བདག་གི་ཕྱོགས་སུ་སྤོ་བའི་ཁྱོད་ཀྱི་གོམ་པའི་འདེགས་འཇོག་ཡིན།


སྙན་ངག་ནི་ཅི་ཞིག་ཡིན་ནམ།
སྙན་ངག་ནི་ལྷབ་ལྷུབ་ཀྱི་ཁ་བ་བཞིན་གྱི་མཛའ་མོའི་འཇོ་སྒེག་ཡིན།  སྙན་ངག་ནི་ལྷུང་ལྷུང་གི་ཆུ་རྒྱུན་བཞིན་གྱི་མཛའ་སེམས་ཀྱི་བཞུར་འགྲོས་ཡིན།  སྙན་ངག་ནི་ཡུག་ཡུག་གི་རྩྭ་ལྗང་བཞིན་གྱི་རེ་སྒུག་གི་གཡབ་མོ་ཡིན།  སྙན་ངག་ནི་ཟམ་ཟིམ་གྱི་སྦྲང་ཆར་བཞིན་གྱི་དྲན་གདུང་གི་མིག་ཆུ་ཡིན།

སྦྲང་ཆར་དུས་དེབ་སྟེང་བཀོད་ཡོད།

rl25258 | རྩོམ་ཡོངས་ཀློག་པ།(1640) | ལན་སློག(36)
ཞི་མོ་ཞིག་གིས་རྒྱུགས་ལ་སྡིགས་པ།
2010-11-16 17:20:00

སློབ་ཆུང་གི་རྒྱུགས་གཞི་དང་འབྲེལ་བའི་བསམ་ཚུལ་ཐོར་བུ།

                                   མཚོ།

དང་པོ།  རྒྱུགས་གཞི་དབྱེ་ཞིབ།

      དེ་ཡང་རྒྱུགས་གཞི་ལེན་པ་ལ་སློབ་གསོ་རིག་པའི་དཔེ་དེབ་ཀྱི་སྟེང་དུ་འདི་ལྟར་འགྲེལ་རྒྱབ་ཡོད་དེ།  སྦྱངས་འབྲས་ལ་ཞིབ་བཤེར་ཚད་ལེན་བྱེད་པ་སྟེ་ཚོད་ལྟའི་རྒྱུགས་གཞི་ཡི་རྣམ་པའི་སྟེང་ནས་སློབ་མའི་སློབ་སྦྱོང་གི་ནུས་པ་ལས་ཐོན་པའི་འབྲས་བུ་ལ་ཚད་འཇལ་པ་ཡིན་ཏེ།   སློབ་གྲྭས་སློབ་མའི་སྦྱངས་འབྲས་ལ་ཚད་འཇལ་རྒྱུགས་ལེན་བྱས་པ་བརྒྱུད་སློབ་ཁྲིད་ལེགས་གྲུབ་བྱུང་ཡོད་མེད་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་ཞིབ་བཤེར་བྱེད་པ་དང༌།   ཞིབ་བཤེར་བྱས་པ་ལས་བྱུང་བའི་གནད་དོན་སྐོར་ཕྱིར་བཏོན་སྟེ་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་ཀྱི་ཉམས་པ་སོར་ཆུད་དང་སློབ་སྦྱོང་གི་གོ་རིམ་ཁྲོད་གནས་པའི་གནད་དོན་ལ་མཛུབ་སྟོན་བྱས་ནས་སློབ་ཁྲིད་དང་སློབ་སྦྱོང་གི་སྤུས་ཚད་ཇེ་ལེགས་དང་ཇེ་རྒྱས་སུ་གཏོང་བར་བྱ་བའི་ཐབས་ཤེས་ཤིག་གོ  

སྤྱིར་རྒྱུགས་གཞི་ལ་དྲི་བ་དྲིས་ལན་རང་བཞིན་ཅན་གྱི་རྒྱུགས་ཚིགས་དང་(供答试试题)གདམས་གསེས་རང་བཞིན་ཅན་གྱི་རྒྱུགས་ཚིགས(选答试试题་གཉིས་སུ་དབྱེ་ཡོད་དེ་ད་ཐེངས་ཀྱི་དབྱིན་ཡིག་གི་རྒྱུགས་གཞི་འདི་ལྟ་བུར་མཚོན་ན་ནི་གོང་གསལ་གཉིས་ལས་རྗེས་མའི་རང་བཞིན་ཅན་གྱི་རྒྱུགས་ཚིགས་ཡིན་སྟེ་རྒྱུགས་ཕུད་དགེ་རྒན་གྱི་རེ་བ་ལྟར་དུ་དྲི་བ་དག་ལ་འགྲིག་མིན་བརྡར་ཤ་གཅོད་རྒྱུ་ཅན་(是非题)དང༌།  ཡིན་མིན་གདམས་གསེས་བྱ་རྒྱུ་(选择题)ཅན།  མཐུན་མིན་རྟགས་རྒྱག་པ་ཅན་ཡང་ན་རིགས་བགར་རྒྱུ་ཅན་(组配题)བཅས་རེད་ལ།  རྒྱུགས་གཞི་འདི་ནི་མགོ་ནས་མཇུག་བར་དུ་ཞིབ་ཆ་ལྡན་ཞིང་ཚག་དམ་པ།  ནང་དོན་གྱི་ཆ་ནས་གཞི་རྒྱ་ཆེ་བ་(扩展)   དྲི་གཞི་ལ་འགྱུར་བག་ཆེ་བ་སོགས་མདོར་ན་བསམ་གཞིགས་གཏོང་དགོས་པའི་ཆ་ཤིན་ཏུ་མང་པོ་འདུག་པས་གློ་བུར་དུ་རྒྱུགས་གཞི་འདི་འདྲ་ཚད་ལྡན་ཅན་ཞིག་བྱུང་སོང་བས།   དང་ཐོག་ང་རང་ངོས་ནས་བཤད་ན་ཅོལ་ཆུང་གི་དབང་དུ་སོང་བས་དངོས་ནས་དང་ལེན་བྱེད་དཀའ་བའི་ཚོད་དུ་སླེབས།  ཡིན་ན་འང་བྱ་བ་ཅི་ཞིག་ཡིན་རུང་ངོས་གཞན་ཞིག་ཀྱང་ཡོད་པས་ཉིན་འདི་དག་གི་རིང་ལ་ངས་རྒྱུགས་གཞི་འདིའི་ངོས་གཞན་དེར་བསམ་གཞིགས་བྱས་ཏེ་རྒྱུགས་གཞི་འདི་ལས་བྱུང་བའི་མྱོང་ཚོར་རམ་ཡང་ན་ངེས་ཤེས་ཙམ་པོ་བ་ཞིག་བཤད་ན།    ད་ཐེངས་ཀྱི་རྒྱུགས་གཞི་འདིས་ང་ལ་ངེས་ཤེས་ག་འདྲ་ཞིག་ཐོབ་པར་བྱས་སོང་ཟེར་ན།    ཐོག་མར་རྒྱུགས་གཞི་འདིས་བསླངས་པའི་འགལ་བ་ནས་བཤད་པར་བྱ་སྟེ།   བདག་གིས་བསམ་པ་ཡིན་ན་སྤྱིར་བྱ་བ་ཅི་རིགས་སྒྲུབ་ཀྱང་འགལ་བ་ནི་ནམ་ཡང་གནས་སྲིད་པ་རེད།   རྒྱུ་མཚན་འགལ་བ་ནི་བྱ་བ་ཞིག་འཕེལ་རྒྱས་སུ་འགྲོ་བའི་སྒུལ་ཤུགས་དང༌།   འགལ་བ་བྱུང་བ་ལས་བྱ་བ་དེར་སྔར་ལས་ལྷག་པའི་ངེས་ཤེས་ཟབ་མོ་ཐོབ་སྲིད་པས་འགལ་བ་ལ་ལ་ཞིག་ལྷག་པར་དུ་བྱ་བའི་སྟེང་གི་འགལ་བ་ནི་མཐའ་གཅིག་ཏུ་ནག་ཉེས་ཤིག་ཏུ་རྩི་མི་རུང་བར་དེར་དུས་ཡུན་ཞིག་གི་ནང་བསམ་གཞིགས་བྱས་པ་བརྒྱུད་གྲོས་མོལ་བྱེད་པ་ནི་གལ་ཆེན་ཞིག་གོ་སྙམ་སོང༌།   

དེ་བས་བདག་གིས་ཀྱང་རྒྱུགས་གཞི་འདི་བརྒྱུད་ཐོག་མར་ཤེས་གསལ་བྱུང་བ་ནི་རང་སློབ་གྲྭའི་དབྱིན་ཡིག་སློབ་ཁྲིད་ཀྱི་རྗེས་ལུས་ཀྱི་རྣམ་པ་གཙོ་བྱས་སློབ་ཁྲིད་སྟེང་གནས་པའི་མི་འདང་བའི་ཆ་དང་སློབ་མ་ཚོས་དབྱིན་ཡིག་གི་སློབ་སྦྱོང་ལ་བཟུང་བའི་རྣམ་འགྱུར་སོགས་རེད།  དེ་བས་བདག་གིས་བསམ་པ་ཡིན་ན།  གལ་ཏེ་ད་ཐེངས་ཀྱི་འདི་ལྟ་བུའི་དབྱིན་ཡིག་གི་རྒྱུགས་གཞི་ཡི་ཆུ་ཚད་ལ་སླེབས་དགོས་ན།   དབྱིན་ཡིག་གི་སློབ་ཁྲིད་ལ་ཕྱོགས་ཡོངས་ནས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཐུབ་དགོས་སོ།   ཡིན་ན་འང༌།  གཞི་རིམ་གྱི་བོད་རིགས་སློབ་ཆུང་ལ་མཚོན་ན་སྦྱོང་དགོས་པའི་བསླབ་བྱ་ཅུང་མང་པས་དབྱིན་ཡིག་གི་སློབ་ཁྲིད་དང་སློབ་སྦྱོང་གི་འགན་ཁུར་ནི་སློབ་ཕྲུག་ཚོའི་རྒྱུད་ལ་བག་ཆགས་ཤིག་འཇོག་རྒྱུ་གཙོར་བཟུང་ན་འོས་སྟེ་སློབ་ཕྲུག་ཚོར་སློབ་སྦྱོང་གི་གནོན་ཤུགས་ཆེ་རུ་མ་འགྱུར་ན་ལེགས་སོ་སྙམ་བྱུང་བས་རྒྱུགས་གཞིའི་ཆ་ནས་ཀྱང་རང་གི་ས་གནས་ཀྱི་སློབ་ཁྲིད་ཀྱི་གནས་ཚུལ་གཞིར་བཟུང་ནས་ཕུད་རྒྱུ་ནི་རེ་བ་ཉག་ཅིག་གོ

གཉིས་པ།  རྒྱུགས་གཞི་ཕུད་མཁན་གྱི་འགན་འཁྲི།

རྒྱུགས་གཞི་ཕུད་མཁན་ཞིག་ཡིན་པའི་ཆ་ནས་དྲང་བདེན་དང་གསང་བ་ལྐོག་གྱུར་ཡིན་པ་གཞིར་བཞག    ཐོག་མར་རྒྱུགས་གཞི་ཕུད་དགོས་པའི་བསླབ་བྱ་དེའི་ནང་དོན་བྱང་ཆུབ་པ་ཞིག་རྟོགས་དགོས་པར་མ་ཟད་བསླབ་བྱ་དེ་ཁྲིད་པའི་སློབ་ཁྲིད་ཀྱི་འགྲོས་ཚད་དང་ཐུན་གྲངས་གཞིར་བཟུང༌།  སློབ་མ་སྤྱིའི་ཆུ་ཚད་དང་བསྟུན་ནས་སློབ་གྲྭ་སྤྱིས་བསླབ་བྱ་དེར་བཏོན་པའི་རེ་བ་ལ་རྒྱུས་ལོན་ལེགས་པོ་བྱས་སྟེ་རྒྱུ་མཚན་དང་དམིགས་ཡུལ་ཡོད་པའི་སྒོ་ནས་ནང་དོན་གྱི་མང་ཉུང་གི་ཆ་ནས་ཀྱང་ཚད་དང་རན་པ་ཞིག་འཁྱོངས་རྒྱུ་བྱ་བར་རིགས་སོ།

གཉིས་པ།  རྒྱུགས་སྲུང་དགེ་རྒན་གྱི་འགན་འཁྲི།

བདག་གིས་བསམ་པ་ཡིན་ན།   ཐོག་མར་རྒྱུགས་སྲུང་དགེ་རྒན་ནི་སྲུང་བར་བྱ་བའི་བསླབ་བྱའི་ནང་དོན་གོ་མཁན་ཞིག་ཡིན་དགོས་པ་དང༌།  འཛིན་གྲྭའི་ཀྲུའུ་རན་གྱིས་རྒྱུགས་སྲུང་དགེ་རྒན་ལ་འཛིན་གྲྭའི་ནང་གནས་པའི་སློབ་མ་དམིགས་བསལ་ཅན་གྱི་གནས་ཚུལ་བཤད་པ་དང་བཅོལ་གདམས་བྱེད་དགོས།   རྒྱུ་མཚན་ནི་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་འགའ་ཤོས་ལ་དགེ་རྒན་གྱིས་སྐུལ་མ་མ་བྱས་ཚེ་རྒྱུགས་ཤོག་སྟོང་བ་སྤྲོད་པ་འང་ཡོད་ལ།  ་རྒྱུགས་སྲུང་དགེ་རྒན་གྱིས་སློབ་མ་ཚོས་ཕན་ཚུན་བར་བརྐུ་ལྟ་བྱེད་མིན་ཁོ་ན་ལ་ཕུར་ཚུགས་སུ་བལྟས་ཏེ་འདུག་རྒྱུ་དང་སློབ་མ་ལ་གང་བྱུང་དུ་ལན་བཤད་པ་སོགས་སྤངས་སྟེ་སློབ་མས་རྒྱུགས་རའི་ནང་ཡིག་རྒྱུགས་ལ་ཞུགས་སྐབས། ཐོག་མར་བྱིས་པ་ཚོའི་སེམས་ཁམས་འཚུབ་པོ་དེ་བདེ་ལ་འབབ་ཆེད་རྒྱུགས་སྲུང་དགེ་རྒན་གྱིས་སྙིང་ཉེ་ཉེ་དང་བྱམས་དུང་དུང་གིས་སློབ་མ་ཚང་ཡོད་མེད་དང་ཚང་མར་སྨྱུ་གུ་ཡོད་མེད་སོགས་དྲི་བ་མདོར་བསྡུས་ཤིག་འདྲི་རྒྱུ་ནི་སློབ་མ་ཚོ་སེམས་བདེ་བག་ཕེབས་ཀྱིས་རྒྱུགས་གཞི་ཡག་པོར་འབྲི་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ཡིན།   རྒྱུ་མཚན་ད་ལྟ་རྒྱུགས་འབྲས་ནི་སློབ་མའི་བརྒྱུད་ལ་ཤེས་བྱ་ག་འདྲ་ཞིག་འབྱོར་ཡོད་མེད་དུ།   ཚད་འཇལ་བྱེད་ཀྱི་ཐབས་ཤེས་ཤིག་སྟེ་རྒྱ་མ་ལྟ་བུ་ཞིག་ཡིན་པ་མ་ཟད།   སློབ་མའི་བསླབ་བྱ་གང་གི་རྒྱུགས་འབྲས་ཀྱིས་ཐད་ཀར་དུ་བསླབ་བྱ་གང་དེ་ཁྲིད་པའི་དགེ་རྒན་གྱི་སློབ་ཁྲིད་ཀྱི་འབྲས་བུ་ལ་མཐའ་གཅིག་ཏུ་ཐག་གཅོད་བྱེད་བཞིན་ཡོད་པས་ན་འགྲན་བསྡུར་གྱི་ཚ་རླབས་ཁྲོད་ལུས་སེམས་གཉིས་ཀ་གཙེས་བཞིན་པའི་རང་གི་དགེ་གྲོགས་དང་སློབ་མ་འདི་དག་ལ་བསམ་ཤེས་ཤིག་སྒོམ་པའི་འདུ་ཤེས་ཀྱིས་འགན་དེ་སེམས་ཀྱིས་འཁུར་བར་བྱེད་པ་ནི་སྨྲས་མ་དགོས་པ་ཞིག་མ་ཡིན་ནམ།  དེ་ནས་རེ་རེ་བཞིན་རུས་མིང་དང་འཛིན་གྲྭ་སོགས་འབྲི་རུ་འཇུག་དགོས་པ་དང་རྒྱུགས་གཞིའི་ནང་དོན་རེ་རེ་བཞིན་བཏོན་ཏེ་ནང་དོན་གསལ་བཤད་བྱེད་པ་སོགས་མདོར་ན།  མཛུབ་སྟོན་གྱི་རྣམ་པས་བྱིས་པ་རྣམས་ལ་འཚུབ་ཆ་མི་སློང་བ་དང་ཐོག་མཐའ་བར་གསུམ་ཀུན་དུ་སློབ་མ་ཡོངས་རྗེས་ཆོད་ཡོད་མིན་གྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས་ལ་སློབ་མ་དམིགས་བསལ་ཅན་ལ་དམིགས་བསལ་ལྟ་སྐྱོང་བྱེད་རྒྱུ་གལ་ཆེའོ།  རྒྱུ་མཚན་ང་ཚོ་དགེ་རྒན་སུ་ལ་འང་རྒྱུགས་ལེན་པ་ནི་འཇིགས་སྐུལ་བའི་ལག་ཆ་ཞིག་ཏུ་མི་འགྱུར་བའི་བསམ་བློའི་སློབ་གསོ་གཏོང་བའི་འགན་ཁུར་ཡོད་དེ་སློབ་མ་ཚོའི་སྣང་ངོར་རྒྱུགས་གཞི་ཡག་པོ་བྲིས་ནས་རྒྱུགས་འབྲས་ལེགས་པོ་ལེན་ཐུབ་ན་དགའ་རྟགས་མང་པོ་ལེན་ཐུབ་པའི་ངེས་ཤེས་ཙམ་ཐོབ་ཏུ་བཅུག་སྟེ་སྐུལ་མ་བྱེད་པ་ལས་ཡིག་རྒྱུགས་བླངས་པ་བརྒྱུད་བྱིས་པ་ཚོར་བསམ་བློའི་སྟེང་གློ་བུར་དུ་སློབ་སྦྱོང་གི་གནོན་ཤུགས་ལྕི་མོ་ཞིག་སྟེར་བར་བགྱིས་ན་ནི་ནག་ཉེས་ཆེན་པོ་ཞིག་ཏུ་འགྱུར་འགྲོ་བ་ལས་མ་འདས་ལ་སློབ་མ་ལ་གནོན་ཤུགས་སྟེར་བ་ནི་སློབ་མའི་སེམས་ཁམས་དང་བསམ་བློའི་ཐེག་ཚད།  ལོ་རིམ་མཐོ་རུ་ཕྱིན་པ་དང་བསྟུན་དགོས་པས་ཡིག་རྒྱུགས་ལེན་པ་དེ་སྐུལ་མ་ནས་གནོན་ཤུགས་སུ་འགྱུར་བར་གོ་རིམ་ངེས་ཅན་ཞིག་བརྒྱུད་དགོས་པ་རེད། 

གསུམ་པ།  རྒྱུགས་འབྲས་གཙིགས་སུ་འཛིན་རྒྱུ་མང་དྲགས་པ་ལས་བྱུང་བའི་་་་་་སེམས་ཁུར།

དེ་ཡང་ད་ལྟའི་མི་རིགས་ས་ཁུལ་གྱི་སློབ་གསོ་སྒྲུབ་སྟངས་དེ་རྒྱུགས་འབྲས་ཀྱི་རྣམ་པ་ཅན་དུ་གྱུར་འདུག་སྟེ།  རྒྱུགས་གཞིའི་རྒྱུགས་འབྲས་ཀྱི་ཐོབ་སྐར་གྱི་མཐོ་དམན་གྱིས་སློབ་མའི་སྦྱངས་འབྲས་ཀྱི་ལེགས་ཉེས་ལ་ཐད་ཀར་དུ་ཐག་གཅོད་བྱེད་བཞིན་ཡོད་ལ་དགེ་རྒན་གྱི་སློབ་གསོའི་འགན་ཁུར་ཡང་ཕལ་ཆེར་འདི་ཙམ་ཁོ་ན་ཡིན་པ་ལྟར་དུ་སྣང་བ་ལ་འང་ཁག་མི་འདུག་སྟེ།   སློབ་མའི་བསླབ་འབྲས་དེ་དགེ་རྒན་གྱི་བྱ་བའི་གྲུབ་འབྲས་ལ་འང་རྩི་བཞིན་ཡོད།   ཡིན་ན་འང༌།   འདི་ནི་གནད་དོན་ཞིག་ཡིན་པས་དངོས་ནས་སེམས་ཁུར་བྱ་དགོས་པའི་གནས་སུ་ལྷུང་འདུག   སྤྱིར་སློབ་གསོ་ཞེས་པ་ནི་སྦྱངས་འབྲས་ཀྱི་ཐོབ་སྐར་ཙམ་དུ་བསམ་ན་དགེ་རྒན་རྣམས་ལ་འགན་འཁུར་ཆེར་མི་འདུག་སྟེ་རྒྱུ་མཚན་ནི་དུས་རྒྱུན་ཀྱི་སློབ་ཁྲིད་བྱས་ཚར་རྗེས་འཕྲོ་མའི་དུས་ཚོད་ནང་ཁྲིད་ཟིན་པའི་ནང་དོན་ཡང་དང་བསྐྱར་དུ་སྦྱངས་པ་བྱས་ན་ཐོབ་སྐར་ནི་མི་དམན་པ་ཞིག་ལོན་སྲིད།   ཡིན་ན་འང༌།  དགེ་རྒན་རྣམས་ཀྱིས་རྒྱུགས་སྐར་གྱི་མཐོ་དམན་ཙམ་ལ་མགོ་འཁོར་ནས་འདུག་དུས།  ་ཞོར་དུ་ཤོར་བཞིན་པ་ནི་ཅི་ཞིག་ཡིན་ནམ།  བདག་གིས་བསམ་ན་ཤོར་བཞིན་པ་དེ་ནི་ཏག་ཏག་ང་ཚོས་གླེང་བཞིན་པའི་སློབ་གསོ་རེད།  བདག་གི་བསམ་ཚུལ་ཞིག་ལ་ང་ཚོས་རྒྱུན་དུ་བྱིས་པ་ཚོས་སློབ་ཐུན་ཚོགས་དུས་སུ་འུར་མི་རྒྱག་པ་དང་སློབ་ཐུན་གྲོལ་དུས་མ་རབས་དང་མི་འོས་པའི་ལས་མི་བྱེད་པའི་སྒྲིག་ལམ་འབའ་ཞིག་བཟུང་ནས་བྱིས་པ་ཚོར་མུ་ནས་མུ་རུ་དཔེ་དེབ་ཀྱི་ནང་དོན་སྦྱངས་པ་དང་བློར་སྐྱོར་ཁོ་ན་བྱེད་པ་ནི་སློབ་གསོ་ཞིག་ཏུ་སེམས་འདུག་པ་ནི་ནོར་འཁྲུལ་ཤ་སྟག་ཅིག་རེད་འདོད་དེ།  དཔེར་ན།  ད་ལྟ་སྤྱི་ཁྱབ་ཀྱིས་བལྟས་ན་སློབ་གྲྭ་ཡོངས་ཀྱི་རྒྱུགས་གཞིའི་ཐོབ་སྐར་ཤིན་ཏུ་མཐོ་བ་དང་རྒྱུགས་འབྲས་ལེགས་པོ་བྱུང་སོང་ཟེར་ནས་བསྟོད་ར་གདེངས་འཇོག་ཚད་མཐོན་པོ་གནང་བཞིན་ཡོད་མོད།  འོན་ཀྱང་བྱིས་པ་ཚོས་ཕན་ཚུན་དང་ཐ་ན་དགེ་རྒན་གྱི་གཞུང་ལས་ཁང་དུ་སུ་ཡང་མེད་དུས་ནང་དུ་གསང་སྟབས་ཀྱིས་འཛུལ་ཡོང་ནས་རང་ཉིད་ལ་ཅི་མཁོ་སོགས་འཁྱེར་བར་བྱེད་ན།  འདི་ནི་སློབ་གསོ་དང་འབྲེལ་བ་ཅི་ཡང་མེད་པ་ཡིན་ནམ།    ཡང་ན་འདི་གནད་དོན་གལ་ཆེན་ཞིག་མ་རེད་དམ།   སྤྱིར་སློབ་ཆུང་སློབ་མ་ནི་ལོ་ན་ཆུང་རྐྱེན་ སེམས་ཁམས་དང་ལུས་ཁམས་སོགས་ཕྱོགས་གང་ཅིའི་ཐད་ནས་གཉོམ་ལ་ཞན་པ།  ཁོར་ཡུག་དང་བྱ་དངོས་མང་པོ་ཞིག་ལ་བསམ་བློའི་ངེས་ཤེས་མེད་པ། བྱ་བ་ཅི་རིགས་ལ་བསམ་བློ་གཏོང་མི་ཤེས་པ་སོགས་མདོར་ན་ཁོ་ཚོས་ཅི་ཡང་ཤེས་ཀྱི་ཡོད་པ་མ་རེད་པས།   བྱིས་པ་འདི་ཚོའི་ནར་སོན་པའི་གོ་རིམ་མང་ཤོས་ཤིག་དགེ་རྒན་ཚོར་རག་ལས་ཡོད་པ་མ་ཡིན་ནམ།  དེ་ན་དགེ་རྒན་གྱི་བྱེད་ནུས་གཙོ་བོ་ནི་རྒྱུགས་སྐར་ཙམ་དུ་བསམ་པའི་སློབ་གསོ་ཡིན་ན།   བྱིས་པ་ཚོ་མ་འོངས་པ་ན་མི་ག་འདྲ་ཞིག་འཁྱོངས་པར་འདང་མ་རྒྱབ་པས།   བྱིས་པ་ཚོ་ཕྱུགས་བཞིན་འཚོ་སྐྱོང་བྱས་ནས་ཐ་མར་ཤན་པའི་ལག་ཏུ་བཞག་པ་དང་ཁྱད་ཅི།    དེ་བས་བདག་གིས་བསམ་པ་ཡིན་ན།    སློབ་ཁྲིད་ཀྱི་ཞོར་དུ་རྒྱུན་དུ་བྱིས་པ་ཚོར་རང་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་རིགས་  གནས་དང་ལོ་རྒྱུས་སོགས་དང་འབྲེལ་ནས་མི་ཆོས་སློབ་གསོ་མང་དུ་བྱས་སྟེ་ཁ་ལེན་ཚིག་བརྩི་བྱེད་ལ་བླངས་དོར་གྱི་དབྱེ་བ་འབྱེད་ཤེས་པའི་མི་གཤིས་ཡག་པོ་ལྡན་པ་དང་མི་རིགས་དང་མེས་རྒྱལ་གྱི་འདུ་ཤེས་ཡོད་པའི་བྱིས་པ་ཡ་རབས་ཤིག་ཏུ་འགྱུར་བར་བྱེད་པ་གཙོ་བྱས་ནས་བྱིས་པའི་དགའ་ཕྱོགས་དང་གཞན་པའི་ནུས་པ་སོགས་ལ་མཉམ་འཇོག་བྱེད་རྒྱུ་དང་ཞིབ་ལྟ་བྱེད་རྒྱུ་ནི་ཤིན་དུ་གལ་ཆེ་འདུག་བསམ་བྱུང༌།    དེ་ཡང་སློབ་གསོའི་རིག་པའི་དཔེ་དེབ་ཅིག་ཏུ་འདི་ལྟར་བྲིས་འདུག་སྟེ། སློབ་ཆུང་རིམ་པའི་སློབ་གསོའི་འགན་ཁུར་དང་ལེགས་འགྲུབ་ཡོང་ཚད་གཙོ་བོ་ནི་རྨང་གཞི་བརྟན་པོ་ཞིག་འཛུགས་རྒྱུ་དེ་ཡིན་ཏེ།  སློབ་གྲྭ་གང་ལ་ཞུགས་ན་འང་ཆོག་པའི་རིག་གནས་ཀྱི་རྨང་གཞི་མཐུག་པོ་གཏོང་བ་ཡིན་ཏེ།   སྐད་ཡིག་དང་གྲངས་རིགས་ལ་སྦྱངས་པ་བྱས་ནས་འབྲི་ཀློག་དང་རྩིས་རྒྱག  ད་དུང་ལག་ཤེས་ཀྱི་ནུས་རྩལ་ལ་སྦྱོང་བརྡར་བྱས་ན།  བྱིས་པའི་བསམ་བློའི་ནུས་པ་ལ་འཕེལ་རྒྱས་དང་དེང་ཕྱིན་གྱི་སློབ་སྦྱོང་གི་ནུས་པའི་འཕེལ་རྒྱས་ལ་འང་དོན་སྙིང་གལ་ཆེན་ཡོད་པ་མ་ཟད།  དེ་བས་ལག་ཤེས་ཀྱི་རིགས་ཡང་གཙོ་གནད་དུ་འཛིན་དགོས་སྟེ།  གསར་གཏོད་ཀྱི་ནུས་པ་ལྡན་པའི་མི་ལ་མཚོན་ན་སློབ་ཆུང་སྐབས་སུ་རྟགས་མཚན་མངོན་སྲིད་པས་དུས་ཚོད་དམ་འཛིན་བྱས་ནས་གསོ་སྐྱོང་བྱ་རྒྱུ་གཙོ་བོ་ཡིན།  གལ་ཏེ་དུས་ཚོད་འདི་བདའ་བ་ཡིན་ན་རྗེས་ཕྱོགས་སུ་བྱེད་ནུས་ཆེན་པོ་ཐོན་པར་ཤིན་ཏུ་དལ་བ་རེད།   དེ་བས་སློབ་ཆུང་སྐབས་སུ་བྱིས་པ་རྣམས་ལ་ཐོག་མ་ནས་བསམ་བློ་བཏང་སྟེ་ལག་པ་འགུལ་བའི་ནུས་པ་སྐྱེད་བསྲིང་བྱས་ནས་རང་ཉིད་ཀྱི་བློ་རིག་དང་ལུས་ཤུགས་བརྟེན་ནས་སྤུས་ཚད་མཐོ་བའི་སྤྱི་དམངས་ཤིག་བྱེད་པར་སྔ་མོ་ནས་རྨང་གཞི་ལེགས་པོ་བཏིངས་ནས་རྒྱལ་ཡོངས་མི་རིགས་ཀྱི་རིག་གནས་ཀྱི་སྤུས་ཚད་མཐོར་འདེགས་བྱེད་པར་རྨང་གཞི་འདིང་དགོས་པ་རེད།  དེ་ན་ང་ཚོའི་འགན་ཁུར་ནི་རྒྱུགས་སྐར་མཐོར་འདེགས་བྱེད་པ་ཙམ་ཡིན་ནམ།

 

   ༢༠༡༠ལོའི་ཟླ༡༡པའི་ཚེས༡༡ཉིན།

 

rl25258 | རྩོམ་ཡོངས་ཀློག་པ།(757) | ལན་སློག(7)
ཁྱོད༌། ང་ཁོ་ནའི་ཡིན།
2010-11-9 11:55:00

ཁྱོད༌།    ང་ཁོ་ནའི་ཡིན།
                           མཚོ།
ཁྱོད།   དཀོན་མཆོག་སུ་ཞིག་གིས་ང་ལ་ཆེད་དུ་གནང་བའི།
བདག་མེད་ཀྱི་བསླུ་བྲིད་ཡིན་ནམ།
སུ་ཡང་ཁྱོད་ལ་མཇལ་མ་སོང༌།

ཡང་ན།   སེམས་ལྗོངས་གང་ཞིག་ནས་བདས་བའི།
ཁེར་རྐྱང་གི་བསིལ་རླུང་ཡིན།
སུས་ཀྱང་ཁྱོད་རང་ཚོར་མ་སོང༌།

ཡང་ན།  སེང་རས་ལྟ་བུའི་འཇིག་རྟེན་གང་ཞིག་ནས།
ཆེད་དུ་ང་ལ་བཞད་པའི།
མག་མོག་གི་རྒྱ་སེ་རྐང་གཅིག་ཡིན་ནམ།
སུས་ཀྱང་ཁྱོད་རང་བལ་མ་སོང༌།

གང་ལྟར།   ཁྱོད་ཉིད།
ད་ནས་ངའི་རྨི་ལམ་གྱི་རྒྱབ་ལྗོངས་ཡིན།
ད་ནས་ངའི་མངོན་སུམ་གྱི་མཛེས་སྡུག་ཡིན།

ཁྱོད་ཨ།    ཁྱོད་ཨ། 
ངའི་སྨྲ་བསམ་བརྗོད་འདས་ཀྱི་སེམས་གཏམ་སྙི་མོའི་བར་གསེང་ན།
ཇི་འདྲའི་སྙིང་དུ་སྡུག
ངའི་འཚོ་བའི་མེ་སོན་ཤུགས་ཀྱིས་འབར་བའི་འོད་ངོགས་ན།
ཇི་འདྲའི་ཡིད་དུ་འོང༌།

རྨི་ལམ་གཞན་ཞིག་གིས་ཁུར་དུ་ལྕི་བའི་མཚན་ལྗོངས་རེ་རེ།
ད་ནི་ཁྱོད་རང་བསམ་ཆོག་པའི་སྐལ་བ་ཡིན་དུས།
ངལ་དུབ་ཀྱིས་མནར་བའི་སེམས་པ་འདི།
ད་ནས།   རྒྱང་རིང་ལ་བཅར་དགོས་མི་འདུག

rl25258 | རྩོམ་ཡོངས་ཀློག་པ།(1114) | ལན་སློག(19)
འབྲེལ་ཡོད་ནང་དོན་ 70 ཡོད།<<<1234567>>>
ཟིན་བྲིས་བརྡ་ཁྱབ།

 

སྨྱུག་མིང་།  མཚོ།

དྲ་འབྲེལ། 1013461908

དྲ་ལམ། http://blog.tibetcm.com/u/tso25258/index.html

སྙན་ངག་ཡོད་པས

ངས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གླུ་རུ་བླངས་ཆོག

སྙན་ངག་ཡོད་པས

ངའི་བརྩེ་དུང་ལ་འཇའ་ཚོན་གྱི་ཁ་དོག་ལྡན་ཡོད

སྙན་ངག་ཡོད་པས

དགའ་སྐྱོ་མིག་ཆུར་མུ་ཏིག་གི་རིན་ཐང་ལྡན་ཡོད

སྙན་ངག་ཡོད་པས

ང་ལ་རྒྱ་མཚོ་བཞིན་གྱི་སེམས་ཀྱི་མངའ་ཐང་རྒྱས་ཡོད

སྙན་ངག་ཡོད་པས

ང་ལ་གངས་རི་བཞིན་གྱི་བརྟན་བརླིང་གི་རང་གཤིས་གྲུབ་ཡོད

སེམས་ཁམས་ལོ་ཐོ།
པར་དེབ།
ཟིན་ཐོ་གསར་བ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.