མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
 
སྒྲོལ་མ་ལྷ་ཁང་། http://blog.amdotibet.cn/rl25258/index.aspx
སད།
2011-12-20 9:06:44

སད།  

                       གླེང་གཞི།

བདེ་སྐྱིད་ནི། 

མཁའ་མཐའ་རུ་འོད་ཆེམ་ཆེམ་དུ་འཕྲོ་བའི་སྐར་མའི་གཟི་འོད་དེ་མ་རེད།

བདེ་སྐྱིད་ནི།

སྙིང་ཁུངས་སུ་ཡར་འཕགས་པའི་ཚོར་བ་ཟ་ཟའི་བཟི་ཁ་དེའང་མ་རེད།

                                 

ནམ་ཞིག་ནས།   ཁུ་སིམ་མེར།   ང་རང་ཁྱོད་ཀྱི་སྙིང་དབུས་ནས་ག་ལེར་བཞུད།

ཆུ་མིག་ཅིག་སྤང་ཁུད་ནས་ཡུན་གྱིས་སྐམ་པ་བཞིན།

ནམ་ཞིག་ནས།   ཁེར་རྐྱང་གིས།   ཁྱོད་ཁོ་ན་དེ་ལྟར་རྒས་ཤིང་འཁོགས།

རྒོད་པོ་ཞིག་གིས་བསྐྱུར་བའི་བྲག་སྐྱིབས་བཞིན།

གཅེས་ལོ།   ཁྱོད་ཀྱི་སེམས་པ་དེ་སླེབས་པ་འཕྱི་དྲག་པས་ཡིན་ནམ།

 

མཚན་མོའི་ལྷིང་འཇགས་དང་མཛེས་སྡུག་གི་བསླུ་བྲིད་ཀྱིས།

ངའི་རྨི་ལམ་ནས་ཁྱོད་རང་རེ་ཞིག་བོར་དགོས་བྱུང༌།

མཁའ་མཐའི་སྐར་ཚོམ་གྱིས་འབོད་པ་གཏོང་བའི་འཕྲུལ་སྣང་གིས།

ངའི་མིག་ཟུང་དུ་ཁྱོད་རང་ཡུན་ཞིག་ལ་བོར་དགོས་སོང༌།

གཅེས་ལོ།   ཁྱོད་ཀྱི་ཞེ་འདང་དེ་འོངས་པ་འཕྱི་དྲགས་པས་ཡིན་ནམ།

 

གཅེས་ལོ་ཨང༌།  

ངལ་དུབ་ཀྱིས་མནར་བའི་ངའི་ཕྱི་མིག་གི་སྣེ་རུ་སྙིང་ཉེ་ཉེ་ངང་འགྲེང་བ་དེ་སུ་ཡིན།

ཁྱོད་ཀྱིས་ངའི་ངུ་འབོད་ལ་བྱིན་པའི་ཨ་ལན་དྲོན་མོ་དེ།

ངའི་ང་རྒྱལ་དང་རང་སྣང་གི་དུག་ལོ་གཅོད་པའི་རྨོངས་སེལ་གྱི་རལ་གྲི་ཨེ་ཡིན།

                                   

ཡུན་རིང་བརྒལ་བའི་སྟོང་སྣང་གི་ཟམ་ཆེན་ཡོམ་ཡོམ་འགུལ།

ཡུན་རིང་ཉར་བའི་འཕྲུལ་སྣང་གི་ནོར་བུ་གང་ལ་ལྷུང༌།

སུ་ཞིག་གི་སེམས་ཁུངས་སུ་མཚོ་ལྟར་འཁྱིལ་མ་ཐུབ་པའི་ང་ཡི་ཞེ་འདང༌།

རླུང་གིས་སྤུར་བའི་བྱ་སྒྲོ་བཞིན་གང་དུ་ཐོར།

སུ་ཞིག་གི་ཡ་ཆུང་ལ་དཔར་དུ་འ

དེབས་མ་ཐུབ་པའི་ང་ཡི་འཛུམ་ཆུང༌།

སད་ཀྱིས་བཅོམ་པའི་འདབ་མ་བཞིན་སུ་ཡིས་བརླགས།

 

གཏན་དུ་ནོག་པ་མེད་པའི་སེམས་རྟེན་ཡ།

ཁྱོད་ཀྱི་བདེ་སྡུག་སེམས་ཀྱིས་འཚོ་བ་དེ་ངའི་ཆོད་སེམས་ཤིག་གི་དབུ་ཁྱུད་ཡིན་པས།

ཁྱོད་དང་དཔུང་བ་མཉམ་བཤིབས་ཀྱི་སྣང་བ་དེ་བདེ་སྐྱིད་ཅིག་གི་ཁུགས་སོ་ཡིན་པས།

མག་མོག་གི་ལམ་བུ་ཞིག་ལ་རྐང་རྗེས་ཕབ་ཉིན་ནས།

ཨམ་གཙུགས་བསྡམས་ཏེ།

བརྣག་ཟིན་པའི་རྨ་ཁ་ལ་སེན་འདྲེད་བྱས་པ་ཐེངས་གཅིག་མིན།

 

སྐྱ་རེངས་ཀྱི་ཡོལ་བར་མཚམས་སྤྲིན་གྱི་གཟི་འོད་ཕོག་དུས།

ངའི་འཇིག་རྟེན་ནས་གཏན་དུ་ཡལ་ངེས་པའི་སྐར་མདའ་དེ་སུ་ཡིན།

 

ཐུགས་འཕྲད་ཀྱི་བར་སྟོང་ལ་དགའ་སྣང་གི་འཇའ་རིས་ཡལ་དུས།

ངའི་མིག་ཀོང་ན་འོད་དུ་འཚེར་སྲིད་པའི་མཆི་མ་རྡོག་པོ་དེ་སུ་ཡིན།

དེ་བས།    སྙིང་སྡུག

ཟུར་མིག་གི་བཟི་ཁ་ཉམས་པས་བསྐྱུར་འཇོག

བརྩེ་བ་ཡི་ཉིང་བཅུད་ཟད་པས་བདེ་མོ།

                  

རྦ་རླབས་ཀྱིས་ཕྱིར་འདེད་མ་ཐུབ་པའི་དུང་དཀར་སྙིང་རྗེ།

ཉ་ཆུང་གི་སྒལ་གཞུང་ལ་ཞོན་མ་ཐུབ་པའི་མུ་ཏིག་རྡོག་པོ།

བུ་ཆུང་གངས་དགའ་རིག་གྲོལ།

སྐར་ཁུང་མེད་པའི་རྒྱ་མཚོའི་རུམ་ཁུངས་ནས་ཨ་མ་དྲན་ཨེ་བྱུང༌།

 

འཚོ་བའི་གདན་སྟེང་ན་མིག་ལ་མཛེས་པའི་སེམས་ཀྱི་ནོར་བུ།

ང་ཡི་བླ་སྲོག་ལ་དམ་དུ་བརྒྱུས་པའི་མི་ཚེའི་སྙིང་བོ།

བུ་ཆུང་གངས་དགའ་རིག་གྲོལ།

སྒེའུ་ཁུང་མེད་པའི་བརྩེ་བའི་སྙིམ་པ་རུ་ཨ་ཕ་དྲན་ཨེ་བྱུང༌།

 

དུས་ཀྱིས་འཚེམས་པའི་ངོ་གདོང་གི་གཙེགས་གྲུབ་ལ་དོ་སྣང་བྱོས།

ལོ་ཟླས་བརྐོས་པའི་སེམས་ངོགས་ཀྱི་རི་མོ་ལ་ཡིད་འཇོག་བྱོས།

ཁྱོད་ཀྱི་ཞིབ་ཚགས་ཀྱི་འཚོ་བའི་སྲུབས་ཀ་གང་རུང་ན།

ཕ་མེས་ཀྱི་རུས་རྐང་བཞུས་པའི་དྭངས་མ་ཡོད།

བུ་ཆུང་གངས་དགའ་རིག་གྲོལ།  

འཇིག་རྟེན་འདིར་བག་ལྷོད་ཅན་གྱི་མིག་ཟུང་དང་སེམས་པ་མེད་པས།

འགྲོ་རོགས་མེད་པའི་མྱ་ངམ་ཐང་ཆེན་དུ་འཐུང་ཆུ་རང་གིས་ཚོལ།

གངས་རི་ཉུག་པའི་ཁོར་ཡུག་དོག་མོ་རུ་མདུན་ལྗོངས་རང་གིས་སྐྲུན།

ཁ་དོག་མེད་པའི་རྨི་ལམ་སྐྱ་བོ་རུ་ཚོན་མདངས་རང་གིས་བྱུགས།

                       

ནར་སོན་པ་ཡིན་ནམ།

རྒྱང་རིང་དུ་ཕྱིན་པའི་ང་ཡི་ཐོག་མའི་རྨི་ལམ་ཁྱོད་ཁོ་ནའི་ཡིད་ན་གསལ།

འུ་ཐུག་པ་ཡིན་ནམ།

ཡུན་རིང་ལ་སྒུག་པའི་ང་དང་འཛོམས་ཆད་ག་ཚོད་ཁྱོད་ཀྱི་ཡ་ཆུང་ན་དཀག

རྨི་ལམ་དུ་འཆར་ཉུང་བའི་ཁྱོད་ཀྱི་ཞལ་རས།

ག་དུས་ཤིག་ནས་ངའི་དྲན་ཡུལ་དུ་མག་མོག་ནས་རབ་རིབ་དུ་གྱུར།

གུད་ཡངས་གནང་རོགས།    ཨ་ཕ།

 

ཁ་པར་ལས་འཕུར་ཡོང་བའི་ཁྱོད་ཀྱི་ཚིག་འབྲུ་མ་ལུས།

ངའི་འཚོ་བ་ཡི་ལྷུ་ལག་ཆ་ཚང་ཡིན།

རྣ་ལམ་དུ་འཁོར་ཡོང་བའི་ཁྱོད་ཀྱི་ཁ་ཏའི་གསུང་ཚིག

ངའི་ཚེ་སྲོག་གི་གསོས་སྨན་ངོ་མ་ཡིན།

དུས་ཚོད་ལ་བསྡོད་བཟོད་མེད་ཀྱང་སེམས་པ་ཡི་སྒོ་མོ་བརྒྱབ་པས།

གུད་ཡངས་གནང་རོགས།    ཨ་མ།

 

ལང་ཚོའི་མེ་ཏོག་དེ་སུ་ཡི་ཆེད་དུ་རྙིད་དགོས་སོང༌།

ཕྱེ་ལེབ་ཀྱི་ཁྱུ་ཚོགས་འཕུར་བའི་དུས་ཚིགས་ད་དུང་ཡལ་མེད།

དགའ་སྤྲོའི་དགོད་སྒྲ་དེ་ཅིའི་ཕྱིར་དུ་ཆད་དགོས་སོང༌།

ཁུ་བྱུག་གི་དྲུག་འགྱུར་སྒྲོག་པའི་དུས་ཚིགས་ཀྱང་ད་དུང་གནས་འོས།

ཁྱོད་ཀྱིས་ངལ་དུབ་དང་རྒ་བ་འཁུར་ལྕི་སོང༌།    ཨ་ཅེ།

ང་ཡིས་ལག་འཇུ་དང་དྲོད་ཁོལ་བསྲིངས་འཕྱི་སོང༌།   ཨ་ཅེ།

                                        མཇུག་བྱང༌།
ཉིན་མཚན་དུས་དྲུག་རེས་མོས་སུ་བརྩེགས་པའི་མི་ལོ་སུམ་ཅུའི་བར་བླགས་ནས།
ངའི་བྲང་ཁོག་ན་བསྐྱིལ་བའི་བརྩེ་ཞེན་གྱི་འོ་མཚོར་རོལ་མ་སོང་བ་དེ་དག་སུ་ཡིན།
ངའི་མིག་ཟུང་ནས་ཟེགས་པའི་དགའ་སྡུག་གི་མཆི་མས་ཡང་ཡང་བྲན་པ་དེ་དགསུ་་ཡིན།
ཡང་ན།  ངུ་ངག་གི་འགྱོད་གཤེགས་རིང་མོས་རང་སེམས་ལ་སོས་པ་མེད་པའི་རྨ་ཁ་འཇོག
ཡང་ན།  བྲང་ཁོག་གི་སྙིང་ཁྲག་དྲོན་མོས་སྙིང་ཉེ་བའི་མི་ལ་སྐལ་བརྒྱར་བརྩེ་བ་མཆོད།

 

 

 

rl25258 | རྩོམ་ཡོངས་ཀློག་པ།(676) | ལན་སློག(10)
ཁ་བ་མེད་པའི་དགུན་ཁ།
2011-12-11 11:19:29

ཁ་བ་མེད་པའི་དགུན་ཁ།

མཚོ།

 

རྨི་ལམ་དུ

ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་བབ་བྱུང

ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་བབ་བྱུང་བས

བདག་གི་ཡོད་ཚད་བདེ་སྐྱིད་ཀྱིས་ཡོངས་སུ་བཀང

 

རེད་ཨང  རྨི་ལམ་དུ

ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་བབ་བྱུང

དཀར་བོང་བོང་གི་ས་གཞིར་མུ་མཐའ་བྲལ

འཁྱབ་སོབ་སོབ་ཀྱི་འཇིག་རྟེན་ལ་དངུལ་མདོག་བཀྲ

 

དམ་དུ་སྦྲེལ་བའི་དྲོད་ཁོལ་གྱི་ལག་འཇུ

སག་སག་གྲགས་པའི་ངེད་གཉིས་ཀྱི་རྡོག་སྒྲ

ད་དུང  བར་སྣང་ན་འཕྱོ་བའི་ལྷང་ལྷང་གི་དགོད་སྒྲ

ཡིད་འོང་གིས་གྲོལ་བའི་ལྷུག་ལྷུག་གི་འཛུམ་ཆུང

རེ་རེ་བཞིན  འདབ་དྲུག་གི་ཁ་བའི་མེ་ཏོག་ཏུ་སྤྲུལ་ཏེ

ངའི་འཇིག་རྟེན་དུ་མཛེས་སྡུག་གིས་བཞད

ང་ཚོའི་སེམས་ཁོང་དུ་རྟག་བརྟན་དུ་གནས

 

ཁ་བ་མེད་པའི་དགུན་ཁ་འདིར

ཁ་བ་བར་མེད་འབབ་པའི་རྨི་ལམ་རྨི

ལག་འཇུ་ལྷོད་དུ་མེད་པའི་ཁྱེད་རང་རྨི

༢༠༡༡ལོའི་ཟླ༡༢པའི་ཚེས༨ཀྱི་དགོང་མོ།

 

བློ་སྤོབས།

དུངས་བརྗོད་གླུ་དབྱངས་ཞིག་ལ་ཉན་རྗེས།

མཚོ།

ང་ནི་རྡེའུ་ཞིག་མིན་ལ

མིག་ཆུ་རྡོག་གཅིག་ཀྱང་མིན

 

ང་ནི་བྱེའུ་ཆུང་ཞིག་སྟེ

དགའ་འཛུམ་གྱི་བར་ནས

ཕྱི་མིག་གི་ཀློང་ནས

གཤོག་ཟུང་སྟོབས་ཀྱིས་བརྐྱངས

སེམས་པ་རྒྱང་ལ་ཕྱོགས

 

འཕུར་བསྐྱོད་ཀྱི་བར་སྣང

རང་དབང་གི་སེམས་པ

གཡའ་དག་པའི་ནམ་མཁའི་བྲང་གཞུང་ནས

ཐོལ་གྱིས་བརྒལ

 

ང་ནི་བྱེ་རྡུལ་ཞིག་མིན་ལ

སྟོན་ལོ་ཞིག་ཀྱང་མིན

 

ང་ནི་ཆུ་ཕྲན་ཞིག་སྟེ

འཁྲེང་སེམས་ཀྱི་ཁུགས་ནས

བརྩེ་འདང་གི་དབུས་ནས

ཟེགས་མ་ཤུགས་ཀྱིས་འཕྱོ

སེམས་འདུན་རིང་དུ་བསྲིངས

 

མཆོངས་རྩལ་གྱི་རང་སྣང

ཡིད་ཆེས་ཀྱི་སེམས་པ

རྒྱ་ཆེ་བའི་ས་གཞི་ཁོང་ནས

ཕ་མཐའ་བརྒལ

༢༠༡༡ལོའི་ཟླ༡༢པའི་ཚེས༧པའི་མཚན་མོ།

rl25258 | རྩོམ་ཡོངས་ཀློག་པ།(580) | ལན་སློག(6)
བོདམོའི་བློ་སྤོབས་འདི་མོ་ཡིན་དགོས།
2011-12-9 9:41:15

བློ་སྤོབས།

དུངས་བརྗོད་གླུ་དབྱངས་ཞིག་ལ་ཉན་རྗེས།

མཚོ།

ང་ནི་རྡེའུ་ཞིག་མིན་ལ

མིག་ཆུ་རྡོག་གཅིག་ཀྱང་མིན

 

ང་ནི་བྱེའུ་ཆུང་ཞིག་སྟེ

དགའ་འཛུམ་གྱི་བར་ནས

ཕྱི་མིག་གི་ཀློང་ནས

གཤོག་ཟུང་སྟོབས་ཀྱིས་བརྐྱངས

སེམས་པ་རྒྱང་ལ་ཕྱོགས

 

འཕུར་བསྐྱོད་ཀྱི་བར་སྣང

རང་དབང་གི་སེམས་པ

གཡའ་དག་པའི་ནམ་མཁའི་བྲང་གཞུང་ནས

ཐོལ་གྱིས་བརྒལ

 

ང་ནི་བྱེ་རྡུལ་ཞིག་མིན་ལ

སྟོན་ལོ་ཞིག་ཀྱང་མིན

 

ང་ནི་ཆུ་ཕྲན་ཞིག་སྟེ

འཁྲེང་སེམས་ཀྱི་ཁུགས་ནས

བརྩེ་འདང་གི་དབུས་ནས

ཟེགས་མ་ཤུགས་ཀྱིས་འཕྱོ

སེམས་འདུན་རིང་དུ་བསྲིངས

 

མཆོངས་རྩལ་གྱི་རང་སྣང

ཡིད་ཆེས་ཀྱི་སེམས་པ

རྒྱ་ཆེ་བའི་ས་གཞི་ཁོང་ནས

ཕ་མཐའ་བརྒལ

༢༠༡༡ལོའི་ཟླ༡༢པའི་ཚེས༧པའི་མཚན་མོ།

rl25258 | རྩོམ་ཡོངས་ཀློག་པ།(586) | ལན་སློག(6)
སྐྱེས་མའི་རང་སྣང༌།
2011-11-28 13:25:08

                               སྐྱེས་མའི་རང་སྣང༌།

                                                                        མཚོ།

ཉི་འོད་ཀྱིས་སྤྲོས་པའི་ཁྱོད་ཀྱི་མཛེས་པ་ཡོད་ཚད། སྙིང་གི་འཕར་སྒྲས་ཚུར་བསྡུས་པའི་མིག་འོད་གཉོམ་པོའི་ཀློང་ནས། སུ་ཞིག་གི་གཏིང་མཐའ་བྲལ་བའི་པང་བ་གྱོང་པོ་ནས་ལྷོད་ལྷོད་ཀྱིས་བཞུད་འོས།  ཡིད་སྨོན་དང་ན་ཟུག་གི་རྦབ་ཆུའི་ཟེགས་མ་ཁྲི་འབུམ།  ཡིད་ཆེས་དང་སྒམ་བརླིང་གིས་འཕྲེད་དུ་བཅད་དེ་ཡིད་ཆེས་ཀྱིས་བཞུད་འོས།  སྐྱེས་མ་ཚོ།

 

ཁྲག་སྣག་སྐམ་པའི་གས་ཁ་རུ་དཀའ་ཚེགས་ཀྱིས་བཞད་པའི་ཚེར་མའི་མེ་ཏོག་ཨང༌།  སུ་ཞིག་གི་སྙིང་ཁ་རུ་ནམ་ཡང་བྲི་མི་འགྱུར་བའི་ཆུ་རྡུལ་ཁྲི་ཕྲག་གི་ཕྲ་ཚོམ།  མིག་ཟུང་ཕྱེས་འཛུམ་གྱི་བར་ན་བག་ལྷོད་ཀྱིས་སྨིན་པའི་མུ་ཏིག་རྡོག་པོ། མིག་གི་རྒྱལ་མོའི་འཁོར་སྐྱོད་ཀྱི་གྲུ་ཟུར་གང་རུང་ན་འཚེར་བའི་བླ་མེད་བསླུ་བྲིད། སྐྱེས་མ་མཚོ༌།

 

མཆི་མའི་ཡུར་བུ་སེམས་ལ་དྲངས་ཏེ་གདུང་བའི་མེ་ཏོག་སྙིང་ལ་བཞད་པའི་སེམས་དཔའ།  སྡུག་གི་སྐྱུར་ཆང་སེམས་ལ་བསྙལ་ཞིང་སྐྱིད་ཀྱི་སྣང་བ་གདོང་ན་བཞད་པའི་སྒེག་མོ།  ཚེ་ཡི་གཏན་གྲོགས་སེམས་ན་སྐགས་ཏེ་སྲོག་གི་བུ་ཆུང་ཐོད་ལ་འཇོག་པའི་མ་མ།  མཛའ་བརྩེའི་ས་བོན་སེམས་ལ་བཏབས་པ་གང་དེར་དམིགས་མེད་རྩེ་གཅིག་གཏོད་པའི་སེམས་ལྡན།  སྐྱེས་མ་ཚོ།

 

པད་མའི་སྦུབས་ཀྱི་ཟེའུ་འབྲུ་ལྡེམ་ལྡེམ་ཡིན་ནམ། ཞོགས་ཟེར་ཁྲོད་ཀྱི་ཟིལ་ཐིགས་ཁྲོམ་ཁྲོམ་ཡིན་ནམ། ཆར་བའི་རྗེས་ཀྱི་དབང་བོའི་གཞུ་རིས་ཡིན་ནམ། གངས་རིའི་ཉིང་བཅུད་བསྣམས་པའི་རྫ་ཆུ་ལྷུང་ལྷུང་ཡིན་ནམ།

 

ཡིན་ངེས་ཏེ།    དུས་བཞིའི་ཟློས་འཁོར་གྱི་ཤུལ་ལམ་རིང་མོའི་ནང༌། སྐྱེས་མ་ཚོ།   ཁུ་བྱུག་གི་གྲེ་བ་གསོ་བའི་དཔྱིད་དུས་ཀྱི་སྦྲང་ཆར་དང་རེ་སྨོན་ཡིན། སྤྲིན་དཀར་གྱི་འདབ་མས་བརྒྱན་པའི་ནམ་མཁའི་རྒྱ་ཁྱོན་དང་སེམས་པ་ཡིན། ཟེར་མ་སྟོང་ཕྲག་སྤྲོ་བའི་ཉི་མའི་དྲོད་ཚད་དང་བརྩེ་བ་ཡིན། ནེམ་ལོའི་བཀྲག་མདངས་གཉོར་བའི་ས་ཆེན་གྱི་ཟབ་ཚད་དང་ཉིང་བཅུད་ཡིན། ལྷུན་པོའི་མུ་ཁྱུད་ཀྱི་རྣམ་ཤེས་འཛིན་པའི་གཞི་བདག་དང་འཁྲེང་ཞེན་ཡིན། ས་ཆེན་གྱི་གདུང་བ་ལ་གློ་སྙིང་གླན་པའི་ཁ་བའི་འདབ་མའི་ཞེ་འདང་དང་ན་ཟུག་ཡིན། སྐྱི་བསེར་རླུང་གི་གདུག་རྩུབ་ལ་རྒོལ་བའི་ཁྲི་གདུགས་ཉི་མའི་དྲོད་ཁོལ་གྱི་ཕྱག་འཇུ་ཡིན།

 

ཅ་ལག་ལ་འོད་ཟེར་བྱུགས་པའི་བདག་མོ་དེ་སུ་ཡིན། ཁྱིམ་མིའི་བདེ་སྡུག་ཁུར་བའི་བཟང་མོ་དེ་སུ་ཡིན།

སྒོ་ཕྱུགས་ཀྱི་དུངས་ཞེན་འཁོར་སའི་གཡང་མོ་དེ་སུ་ཡིན།  འབྲུ་དྲུག་གི་སྙེ་མ་ལྡེམ་སའི་ལྷ་མོ་དེ་སུ་ཡིན།  གཞིས་ཁྱིམ་ལ་ནོར་གཡང་སྐྱིལ་བའི་ཀླུ་མོ་དེ་སུ་ཡིན།  སྐྱེས་མ་ཚོ།

 

དུས་རབས་ཀྱི་རླུང་བུ་མུ་ནས་མུ་རུ་བརྩེགས་པའི་ལྟེབས་ཁུག་གང་རུང་དུ།  སྐྱེས་མ་ཚོ།  ལང་ཚོའི་གཟི་དཔལ་བཏུམ་མ་ཐུབ་པའི་མགོ་དཀྲིས་གློ་དམར་དེའི་ངལ་དུབ་ཡིན་མི་འོས།  ལན་བུའི་གསེབ་ནས་ག་ལེར་འཐོར་བའི་གནའ་སྔ་མོའི་མིག་ཆུ་རུལ་བ་དེ་ཡིན་མི་འོས།  དྲན་པ་ཁྱེར་བའི་རྐང་རྗེས་མག་མོག་གང་ཞིག་སྲུང་བའི་ལམ་སྣ་སྐྱ་བོ་དེ་ཡིན་མི་འོས།  བློ་གྲོས་ས་བོན་ཁོང་དུ་སྦ་བའི་བག་ཚའི་མགོ་བོ་དང་གར་སྨད་པའི་སྡར་མ་ཡིན་མི་འོས།  ནོར་གནག་གི་རྨིག་པས་བརྫིས་པའི་ཐབ་ཚང་ཕུགས་ཀྱི་རྣམ་ཤེས་རྫོབ་པོ་དེ་ཡིན་མི་འོས།

 

མེ་རི་འཕྱུར་བའི་གས་སྲུབ་ལས་ལྷོག་ལྷོག་ཏུ་གདུ་བའི་ཚེ་སྲོག་གི་འབོད་པ་དང་དུ་ལེན་པའི་དཔའ་མོ་ཡ།  ལྗང་མདོག་གི་རྣམ་ཤེས་དང་རྨི་ལམ་སྦྲུམ་པའི་མངལ་སྒོ་ཡངས་པོར་ཕྱེས་དུས།  འཇིག་རྟེན་འདི་ད་གཟོད་འཇིག་རྟེན་དུ་གྲུབ་ལ། མ་འོངས་པ་དེ་ད་གཟོད་མིག་མདུན་དུ་འཚོས་ཆོག་པས་ན། སྐྱེས་མ་ཚོ་རྒྱགས་ཕྱེ་ཁུར་མི་དགོས་པའི་གདོང་མཆོངས་པར་མ་གྱུར་བའི་བདེན་དཔང་གང་ཡིན།

 

rl25258 | རྩོམ་ཡོངས་ཀློག་པ།(1114) | ལན་སློག(15)
གློ་བུར་བའི་ཐུག་འཕྲད།
2011-11-25 11:45:58

གློ་བུར་བའི་ཐུག་འཕྲད།

སྤྲོ་དགས་བརྟས་པའི་ཡིད་འོང་གི་ཕྱེ་མ་ལེབ་ཅིག་གི་འཕུར་ལྡིང་ཡིན་ནམ།

དེ་རིང༌།     ངས་གཞི་ནས་ཁྱོད་ཀྱི་གོམ་འགྲོས་མཐོང་བྱུང༌།

མཚར་སྡུག་རྫོགས་པའི་སེར་ཆེན་ཞིག་གི་གང་བུ་ཕྱེས་སོང་བ་ཡིན་ནམ།

དེ་རིང༌།     ཁྱོད་ཀྱི་འཛུམ་ཆུང་མངོན་སུམ་དུ་གྲོལ་བྱུང༌།

རེད་ཨང༌།   ད་དུང་ཞི་འཇམ་གྱི་རླུང་བུས་བཏེགས་པའི་ཁྱོད་ཀྱི་གསུང་སྐད་ལྷང་ལྷང་དེའང༌།

ངའི་རྣ་བའི་བུ་གར་བརྒྱུད་དེ་ནང་སེམས་ཀྱི་ཟབ་སར་ལྗིད་ཏིག་ཏིག་གིས་ལྷུང་སོང༌།

 

ཕྱི་དྲོ་འདིར།   ང་ལ་ཅི་ཞིག་ཐོབ་སོང༌།

ཕྱི་དྲོ་འདིར།   ང་ཡིས་ཅི་ཞིག་བོར་སོང༌།

ཡང་ན།    ཕྱི་དྲོ་འདི་ནས་བཟུང་དེ།

ཕྱི་དྲོ་འདི་ནས་བཟུང་དེ་ངས་ཅི་ཞིག་བསྐྱུར་དེ་གང་ཞིག་ཁྱེར་ནས་འགྲོ་དགོས་ཨང༌།

rl25258 | རྩོམ་ཡོངས་ཀློག་པ།(563) | ལན་སློག(7)
ང་རང་ནམ་ཡང་སེར་སྣས་བཅིངས་པའི་སྲེད་མོ་ཞིག་ཡིན།
2011-11-18 15:14:40

ང་རང་ནམ་ཡང་སེར་སྣས་བཅིངས་པའི་སྲེད་མོ་ཞིག་ཡིན།

གསེར་ཆུས་བྱུགས་པའི་རྫོགས་ལྡན་གྱི་དུས་འདིར།

དལ་དལ་གྱིས།    ཁྱོད་རང་ང་ཡི་ཡ་ཆུང་ལ་ཁ་བའི་འདབ་མ་ཞིག་གི་ཚུལ་གྱིས།

བསུལ་བསུལ་གྱིས་བབས་པ་སྔ་མེད་ལ་འཕྱི་ཡང་མེད།

ཁྱོད་ཀྱི་མཛེས་སྡུག   ངའི་འཁྲེང་ཞེན་དང་དུངས་བའི་སྦུབས་སུ།

དངུལ་ཆུ་བཞིན་འོད་ཀྲིག་གེར།    ང་ཡི་ལུས་ངག་ཡིད་གསུམ་ལ།

ལྷོད་ལྷོད་ཀྱིས་འཐིམ་ཡང༌།   ང་ཡི་ཡོད་ཚད་བདེ་སྐྱིད་ཀྱི་གཞི་མར་བསྐྱལ།

 

རྩི་ཤིང་དང་ས་གཞིས།     གསེར་ལས་ལྷག་པའི་བརྩེ་བའི་འཛུམ་ཆུང་སྟོན་དུས།

ང་རང་ནི་ཁྱོད་ཀྱི་ལང་ཚོས་ཕྱུག་པའི་བྲང་གཞོང་གི

རྟག་རྟེན་གྱི་ན་ཆུང་བུ་མོ་ཞིག་སྟེ།    ཁྱོད་ཀྱི་སེམས་པ་དང་མིག་ཟུང་གི་བར་ན།

མཛེས་སྡུག་གིས་བརྒྱུད།   དགའ་དགོད་ཀྱིས་རྩེན།    བདེ་སྐྱིད་ཀྱིས་འཚོ།

ནག་ནོག་གི་དྲི་མ་ཙམ་ཡང་བཙལ་མི་རྙེད་པའི།

ཁྱོད་ཀྱིས་ཡིད་འོང་གི་ལུས།    ཁྱོད་ཀྱི་དྭངས་གཙང་གི་ཡིད། 

ཁྱོད་ཀྱི་སྙན་འཇེབས་ཀྱི་ངག   ཨ་ཨ་་་་་   

འདི་དག་ངས་དྲན་པའི་ཕྱི་རོལ་དུ་བསྐྱུར་ཐབས་མི་འདུག

 

ཁྱོད་ཀྱིས་བདག་ལ་བསྐྲུན་པའི་རྨི་ལམ་མང་པོ་ཞིག

གངས་རིན་པོ་ཆེའི་ཁ་བ་བཞིན་བང་རིམ་སྟོང་ཕྲག་ཏུ་བརྩེགས་རྗེས།

ང་རང་མོ་ལོ་སུམ་བཅུའི་དམར་སྨུག་གི་རྒྱ་སེ་ཚོམ་བུའི་གསེབ་དུ།

ག་ལེར་འགྱེལ་དེ།   མཆོག་གྱུར་གྱི་ཁྱོད་ལ།

གློ་སྙིང་མཆིན་གསུམ་དུས་གཅིག་ཏུ་སྦྱར་དགོས་སོང༌།

རེད་ཨང༌།    ཁྱོད་རང་ནམ་ཡང༌།    ཐོག་མ་བཞིན་དེ་འདྲའི་སྙིང་དུ་ཉེ་ཨང༌།

སྟོབས་ཀྱིས་ཁེངས་ཡང་འཇམ་མཉེན་གྱི་ཕྱག་ཟུང༌།  

བྲང་གཞོང༌།    ད་དུང་མཆུ་སྒྲོས། 

ཁྱོད་ཀྱི་མདུན་སར།  བླ་སྲོག་དང་རང་བཀུར་བདུད་རྩི་ཡིས་ཡུན་རིང་དུ་བརླན་དོན།

ཁྱོད་ལས་ལྷག་པའི་མགོན་སྐྱབས་ཤིག་མེད་པས་ཨེ་ཡིན།

ཕྱིར་མིག་གིས་ཡང་ཡང་གཟིགས་སྲིད་པའི་མིག་ཟུང་དང༌།

མིག་ཟུང་ལས་ཡུན་གྱིས་བཞུར་སྲིད་པའི་ཁྱོད་ཀྱི་འཁྲེང་ཞེན།

སྒོ་མོ་དལ་གྱིས་རྒྱག་པའི་ཁྲོག་སྒྲ་ལས།    ངས་ཚོར་ཡོད།   

ང་ནམ་ཡང༌།    ཡིད་ཚིམ་ཡོད།

ན་ཆུང་མ་ཞིག་གི་འདུ་ཤེས་འཛིན་པའི་ངའི་གླན་རྟགས་འདི།

མེ་ལོང་གི་ངོས་སུ་གསལ་ལེར་འཆར་ཡོད་ཀྱང༌།

ཟོར་ཡང་དང་སྤྲོ་བས་བརྟས་པའི་ངའི་ཟོལ་མེད་ཀྱི་སེམས་པ་འདི།

ཁྱོད་ཀྱིས་ནམ་ཡང་དང་ལེན་བྱ་སྲིད་པའི་ལེགས་སྐྱེས་ཆུང་ཆུང་ཞིག་བྱ་འདོད།

 

ཁྱོད་ནི་མུན་ནག་དང་ལྐོག་གྱུར་གྱི་ཀློང་ནས།   བདག་ལ་བསྲིང་པའི།

འོད་ཟེར་གྱི་མཛུབ་དཀྲུས་མནབ་པའི་ཕྱག་འཇུ་དེ་ཡིན།   དེ་བས།

ཁྱོད་རང་ཡོད་ས་ནས།    ངས་འོད་སྣང་དང་བདེ་སྐྱིད་ཀྱི་ལམ་སྣ་ཟིན་འགྲོ

ལམ་སྣ་ཟིན་ཐེངས་རེར།     ཁྱོད་ཀྱི་ཕྱིར་དུ།   ཡང་ན་ང་ཡི་ཆེད་དུ།

 

ངས་སྙིང་ཉེ་བ་སུའང་དྲན་པའི་ཕ་རོལ་དུ་བསྐྱལ་མྱོང་མེད།

བསྐྱལ་མེད་པའི་སྙིང་ཉེ་དག་ལ།    

ངས་སྟོན་བཞིན་པ་དེ་སྔར་བཞིན་སྙིང་ཉེ་བའི་ངོས་དེ་ཡིན་པས་ན།

རིང་དུ་བསྲིང་བའི་ཕྱི་ཐག་ཅིག་གི་སླད། ང་རང་ཕ་རོལ་ཞིག་ན། ཁྱོད་དང་ཉེ་རུ་ཡོད།

ཁྱོད་ཀྱི་པང་བ་རུ།   མིག་ཟུང་ག་ལེར་བཙུམས་དུས།

ང་རང་མར་ལོ་བཞིན་ཡུན་གྱིས་ཞི་འགྲོ་ལ།   དར་གོས་བཞིན་ལྷོད་ཀྱིས་སྐྱོད།

བརྩེ་བ་ཁུར་བའི་ངལ་དུབ་དང་མཉམ་དུ།    ཁྱོད་ཀྱི་མདུན་དུ་ཁད་ཀྱིས་འགྱེལ་དུས།

ཁྱོད་ནི།   ངས་མོ་ལོ་སུམ་བཅུར་རྟོག་བཟོ་བྱས་པའི་རླབས་ཆེན་གྱི་དཔའ་བོ་དེ་རེད།

ད་ནི།   རང་གིས་ལྷ་མོར་བསྐོས་ཟིན་པའི་ང༌།  

དཔའ་བོ་ཞིག་གི་ཞབས་ལ་དུད་དེ།

སྡུག་བསྔལ་མེད་པའི་ཕམ་ཚུལ་ཞིག་གི་མགོ་བརྩམས་སོང༌།

 

མཚམས་ལན་རེར།  ཕམ་ཉེས་ནི་བདེ་སྐྱིདརེད།

བདེ་སྐྱིད་དེ།   ཏག་ཏག་མེ་ཏོག་བཞིན་གྱི་སེམས་པ་ཞིག་གི་གྲོལ་སྟངས་ཡིན།

དེ་ན།  དྲན་གདུང་གི་མིག་ཆུ་དེའང༌།

ངས་ཁྱོད་ལ་ཕུལ་བའི་མུ་ཏིག་ཕྲེང་བའི་དྲན་རྟེན་ཡིན།

ཁྱོད་རང་གཅེས་ལོ་བཞིན།    ང་རང་ནམ་ཡང༌།

རང་ཉིད་ཀྱི་ཡོད་ཚད་ཁྱོད་ཀྱི་མདུན་དུ་སྤོངས་འདོད་ཀྱི་ཧམ་པས་ཀུན་དུ་གཙེས་ཡང

ཁྱོད་ཁོ་ནར་ང་རང་ནམ་ཡང་འདི་འདྲའི་སེར་སྣས་བཅིངས་པའི་སྲེད་མོ་ཞིག་ཡིན་ དགོས་ཨང༌།

                                 ༢༠༡༡ལོའི་ཟླ་༡༠བའི་ཚེས་༡༢ཉིན་གྱི་ཞོགས་པར།

rl25258 | རྩོམ་ཡོངས་ཀློག་པ།(638) | ལན་སློག(3)
སྦྲང་ཆར་སོགས་དུས་དེབ་འགར་བཀོད་པའི་སྙན་ངག་འོས་སྦྱོར།
2011-10-29 11:17:51

སྙན་ངག་ནི་ཅི་ཞིག་ཡིན་ནམ།

མཚོ། (མཚོ་ལྷོ)

 

སྙན་ངག་ནི་ཅི་ཞིག་ཡིན་ནམ།

སྙན་ངག་ནི་མཇལ་འཛོམས་ཀྱི་དགའ་སྤྲོའི་སེམས་གཞས་ཡིན།  

སྙན་ངག་ནི་སྙིང་སྡུག་གི་སྙིང་གཏམ་དམར་པོ་ཡིན།  

སྙན་ངག་ནི་གྱེས་བྲལ་གྱི་རྨ་ཁའི་ཟབ་ཚད་ཡིན། 

སྙན་ངག་ནི་བརྩེ་དུང་གི་རྡོ་རྐོས་གཏམ་རྒྱུད་ཡིན།

 

སྙན་ངག་ནི་ཅི་ཞིག་ཡིན་ནམ།

སྙན་ངག་ནི་ཁྱོད་ཀྱི་བརྩེ་བས་གཏམས་པའི་མིག་ཟུང་དྭངས་མོ་ཡིན།

སྙན་ངག་ནི་བདག་གི་དུངས་པས་བྱུགས་པའི་ཡིད་འོང་གི་འཛུམ་རིས་ཡིན།

སྙན་ངག་ནི་ཁྱོད་ཀྱི་སེམས་ལ་བསྲིངས་བའི་བདག་གི་སེམས་འགྱུ་དམར་པོ་ཡིན།   

སྙན་ངག་ནི་བདག་གི་ཕྱོགས་སུ་སྤོ་བའི་ཁྱོད་ཀྱི་གོམ་པའི་འདེགས་འཇོག་ཡིན།

 

སྙན་ངག་ནི་ཅི་ཞིག་ཡིན་ནམ།

སྙན་ངག་ནི་ལྷབ་ལྷུབ་ཀྱི་ཁ་བ་བཞིན་གྱི་མཛའ་མོའི་འཇོ་སྒེག་ཡིན། 

སྙན་ངག་ནི་ལྷུང་ལྷུང་གི་ཆུ་རྒྱུན་བཞིན་གྱི་མཛའ་སེམས་ཀྱི་བཞུར་འགྲོས་ཡིན། 

སྙན་ངག་ནི་ཡུག་ཡུག་གི་རྩྭ་ལྗང་བཞིན་གྱི་རེ་སྒུག་གི་གཡབ་མོ་ཡིན། 

སྙན་ངག་ནི་ཟམ་ཟིམ་གྱི་སྦྲང་ཆར་བཞིན་གྱི་དྲན་གདུང་གི་མིག་ཆུ་ཡིན།

<<སྦྲང་ཆར>>དུས་དེབ་སྟེང་བཀོད་ཡོད།

 

ཁུ་སིམ་པའི་དུངས་པ།

མཚོ། (མཚོ་ལྷོ)

 

ཡོལ་བ་འདྲ་བའི་མཚན་གུང་གི་རྨི་ལམ་དེ

རོལ་དབྱངས་བཞིན་གྱི

ཁྱོད་ཀྱི་མཛེས་སྡུག་གིས་བྱིལ་བྱིལ་བྱེད་དུས

ང་ད་དུང་སུས་ཀྱང་ངོ་མི་ཤེས་པའི

མེ་ཏོག་མིང་མེད་དེ་ཡིན

 

ཨ་ཇོ་ལགས   ཆུང་འདྲིས་བྱམས་པ

ད་ནི  ང་རང་མཆོད་མདུན་གྱི་བུམ་པ་རུ་བཤམས་དུས

ཁྱོད་ཀྱི་ཁྲ་ཆུང་མིག་ན

སྣུམ་ཤིག་ཤིག་གི་ངའི་སེམས་པ་ཡོད་དམ

ངས་ཁྱོད་ཀྱི་མིག་ཟུང་ལས

ཁྱོད་ཀྱི་སེམས་པ་ཀློག་འདོད་ཇི་འདྲའི་ཆེ

 

ཨ་ཇོ་ལགས   ཆུང་འདྲིས་བྱམས་པ

སྐྱེ་བ་ཕྱི་མར

ང་ད་དུང་ཡང  སུས་ཀྱང་ངོ་མི་ཤེས་པའི

མེ་ཏོག་མིང་མེད་དེ་བྱེད་འདོད

ངས་ད་དུང་ཡང   ཁྱོད་ལ་ཚེ་གང་གི

བདེ་སྐྱིད་ཀྱི་སྨོན་ལམ་འདེབས

ཁ་ཁུ་སིམ་མེར་སྨོན་ལམ་འདེབས

༢༠༡༠ལོའི་<<གངས་རྒྱན་མེ་ཏོག>>དེབ་གསུམ་པའི་སྟེང་བཀོད་ཡོད།

 

བུ་མོ་དུང་མཚོ།

མཚོ། (མཚོ་ལྷོ)

 

མོ་ལོ་ཉི་ཤུ་ཇི་ལྟར་བཞུད་ཚུལ་མ་གླེང༌།།

མཛེས་པའི་མེ་ཏོག་ཇི་ལྟར་རྙིད་ཚུལ་མ་བཤད།།

བུ་མོའི་མིག་ཆུར་རིན་ཐང་མི་འདུག་མ་ཟེར།།

ཐེ་ཚོམ་སོམ་ཉི་དབྱར་གྱི་གནམ་ངོར་མ་བསྡུར།།

ཐམས་ཅད་དུང་མཚོར་དུངས་ཀ་ཆེ་བས་ལན་སོང༌།།

 

བསམ་པ་མེད་རུང་ཁ་ནས་འོ་མ་རྡོལ་བྱུང༌།།

བརྩེ་སེམས་འཕྲོག་རྗེས་མིང་ལ་སྒྲོལ་མ་བཏགས་བྱུང༌།།

ལོག་མལ་དྲིས་ན་མདུན་གྱི་མགྲོན་ཁང་བསྟན་བྱུང༌།།

མ་འོངས་གླེང་ན་མགོ་བོ་འཕྲེད་དུ་གཡུག་བྱུང༌།།

ཐམས་ཅད་དུང་མཚོར་དུངས་ཀ་ཆེ་བས་ལན་སོང༌།།

 

ཕ་མས་བརྩེ་བའི་རྒྱུན་ཐག་གཅོད་དགོས་གསུང་ན།།

མཛའ་བོས་བརྩེ་དུང་རླབས་ཆེན་ཡིན་ཚུལ་གླེང་བྱུང༌།།

བརྩེ་ཞེན་ཆུ་བོའི་རྒྱུན་ལ་འགྲོགས་དགོས་གསུང་བྱུང༌།།

ཅི་བྱེད་མི་འཚལ་ཡ་ཆུང་སྡུག་གིས་ཁེངས་བ།།

ཐམས་ཅད་དུང་མཚོར་དུངས་ཀ་ཆེ་བས་ལན་སོང༌།།

 

བརྩེ་བར་འགལ་བའི་བཀའ་ལུང་བཙན་པོ་ཞིག་དང༌།།

བརྩེ་བ་གཅོད་པའི་རལ་གྲི་སོ་གཉིས་མ་བོ།།

ཕུར་ཚུགས་སྡང་མིག་མདེའུ་བཅས་མཉམ་སྡེབ་ན།།

མཛའ་བོའི་ཕྱོགས་ལ་ལུས་སེམས་དབང་མེད་ཤོར་བ།།

ཐམས་ཅད་དུང་མཚོར་དུངས་ཀ་ཆེ་བས་ལན་སོང༌།།

 

རྣ་རྒྱབ་རླུང་ལ་བསྐུར་ཟིན་ཨ་མའི་སྙིང་གཏམ།།

མི་སྙན་ཚིག་གིས་བཅོམ་པའི་ཨ་ཕའི་བཙན་གཏམ།།

མི་འདོད་ན་ཟླའི་དབུས་ན་རྒྱུད་པའི་མི་ཁ།།

ཡོད་ཚད་མཛའ་བོས་མ་ཤེས་མ་ཚོར་གསུང་ཐལ།།

ཐམས་ཅད་དུང་མཚོར་དུངས་ཀ་ཆེ་བས་ལན་སོང༌།།

 

ལུས་སེམས་གཉིས་ཀ་སྡུག་ལ་སྦྱར་ཚུལ་གླེང་ན།།

མཛའ་བོས་ཚིག་གཅིག་གསུང་བ“དལ་མོར་སྒུག”རེད།།

བསྡད་ན་ཕ་མས་སེམས་ཁ་དཀྲུགས་འགྲོ་གསུང་གི།

མཚན་མོའི་ལམ་སྒྲོན་ཁྲེལ་དགོད་བྱེད་པའི་ཚུལ་འདི།།

ཐམས་ཅད་དུང་མཚོར་དུངས་ཀ་ཆེ་བས་ལན་སོང༌།།

                                <<ཟླ་ཟེར>>དུས་དེབ་སྟེང་བཀོད་ཡོད།

rl25258 | རྩོམ་ཡོངས་ཀློག་པ།(1435) | ལན་སློག(13)
དྲན་པའི་ཟིན་བྲིས།
2011-10-15 9:35:19

དྲན་པའི་ཟིན་བྲིས།
                       མཚོ།
བདག་ནི་ཁྱོད་ཀྱི་རྨི་ལམ་དུ་ནམ་ཡང་ཡོང་མི་སྲིད་པའི་མཛེས་སྡུག་གི་དུངས་པའི་ལྷ་མོ་དེ་ཡིན
ཁྱོད་ཀྱི་དྲན་པའི་ཕ་རོལ་དུ  རང་གི་དྲན་སྣང་ལ་བརྒྱུས་པའི་ཁྱོད་ཀྱི་ཡོད་ཚད་ཀྱི་ཡོད་ཚད
ཉིན་མཚན་དུས་དྲུག་ཏུ  ཡ་ཆུང་གི་ཆེས་ཟབ་སར་སྒོམ་ནས
 དྲན་གདུང་གིས་མིད་པ་བརྣང ་པའི་སྐྱོ་བ་ཡིས  ང་རང་མཚན་མོའི ་སྨག་རིམ་དུ་ཡང་ཡང་དེད     
ཁེར་རྐྱང་གི་དུངས་བ འི་ལྷ་མོ་ཨང

རི་མགོའི་དར་ལྕོག་རླུང་གིས་ཟད་པའི་རྒས་ཁོག་གིས     ང་ཡི་བརྩེ་བ་གཏན་ནས་སྒུལ་མ་ཐུབ
མི་ལོ་སྟོང་གི་དམ་བཅས་ཟས་པའི་ཡིད་ཆེས་ཡང་བོས    ཁྱོད་ཀྱི་དུངས་པ་ནམ་ཡང་འདྲེན་འོས་མིན
དེ་ལྟ་ན་འང         གྲོགས་པོ     ( འདི་ལྟར་ཁྱོད་རང་འབོད་དུས     ང་རང་ཞེ་སྨྲེང་སྨྲེང་གིས་ངུ་དགོས་བྱུང)
སྟོན་ལོ་ཐོར་བའི་མྱ་ངན་དང་མྱ་ངན་གྱི་རོལ་དབྱངས་ལས 
ངས་ཁྱོད་རང་ཤིན་ཏུ་དྲན་ཨང    དྲན་གྱིན་པ་དེ་ཁྱོད་ཁོ་ན་ག་ནས་ཡིན་ཏེ  
ཁྱོད་ཀྱིས་བཞེངས་པའི་ཆེས་ཡིད་འོང་གི་དུས་ཚིགས་ཀྱིས་བརྩེགས་པའི་ལོ་ཟླ་དག་ཡིན་པས་ན
ཁྱོད་རང་སྒོམ་ཉིན་ནས    ངས་དྲན་འོས་པ་ག་ཚོད་ཅིག
ཨམ་གཙིགས་བསྡམས་ཏེ་རྒྱང་རིང་དུ་ཡང་ཡང་བདས་པར་ཅི་ཁག

ཉི་ཟེར་སྒེའུ་ཁུང་ལས་འཕྲོས་པའི་དྲོད་སྣང་གིས    
ངས་ཕྱི་རོལ་གྱི་སྤང་ཁུད་དྲན་འོང    སྤང་ཁུད་ཀྱི་སེར་ཆེན་དྲན་འོང   
ངས་བར་སྣང་གི་སྤྲིན་པ་དྲན་འོང      སྤྲིན་གསེབ་ཀྱི་འཇའ་ཚོན་དྲན་འོང
ངས་དྲན་ངོགས་ཀྱི་ཁྱོད་རང་དྲན་འོང    ཁྱོད་ཀྱི་ཉིད་འོད་ལས་འདས་པའི་དུངས་བ་དྲན་འོང
གྲོགས་པོ        གྲོགས་པོ        འདི་ལྟར་མི་འབོད་ཐབས་མེད་ཀྱི་འུ་ཐུག་གིས་ང་རང་རྨས་སོང
དུངས་བའི་ལྷ་མོ་ཞིག་འདི་ལྟར་རྨང་ནས་རྨས་སོང

rl25258 | རྩོམ་ཡོངས་ཀློག་པ།(448) | ལན་སློག(4)
མཚོའི་མཇུག་མཐའི་འགྲེལ་བཤད།
2011-8-13 14:30:52

           མཚོའི་མཇུག་མཐའི་འགྲེལ་བཤད།

                                           མཚོ།

མཚོ་ནི་ཅི་ཞིག་རེད་དམ

མཚོ་ནི་ཆུ་ཡིས་གྲུབ་པའི་སེམས་པ་ཡིན

མཚོ་ནི་ཕྱི་གསལ་ནང་གསལ་གྱི་མུ་ཏིག་གི་སྦྲ་ཆུང་ཡིན

མཚོ་ནི་མ་ཡུམ་གྱི་མཛུབ་རྩེ་ནས་འཁྲུངས་པའི་འབྲི་མོའི་འོ་མ་ཡིན

མཚོ་ནི་ཕ་ཡབ་ཀྱི་ཞབས་སོར་གྱིས་བཀྱགས་པའི་རི་ཆུ་ནགས་གསུམ་ཡིན

མཚོ་ནི་གངས་དཀར་གྱི་པང་བ་རུ་ལྷོད་ཀྱིས་འཁྱིལ་བའི་རྟ་ནོར་ལུག་ཁྱུ་ཡིན

མཚོ་ནི་དཀར་ཡོལ་འབྲུག་རིས་སུ་གསེར་གྱིས་འཁྱིལ་བའི་མར་ལོ་ཡིན

 

མཚོ་ནི་ཅི་ཞིག་ཡིན་ནམ

མཚོ་ནི་སིང་སིང་གི་རི་གླུ་དང      ལྷུང་ལྷུང་གི་རྫ་ཆུ་ཡིན

མཚོ་ནི་དགོང་ཁའི་མཚམས་སྤྲིན་དང     འབྲི་མོའི་བཞོ་དབྱངས་ཡིན

མཚོ་ནི་ཁ་སང་གི་དྲན་པ་དང    དེ་རིང་གི་འཚོལ་སྙེགས་ཡིན

མཚོ་ནི་ཁྱོད་ཡིན    ཁྱོད་ཀྱི་གཞུང་སེམས་དང་ཡིད་ཆེས་ཀྱི་བཞུར་འགྲོས་ཡིན

མཚོ་ནི་ང་ཡིན་   ངའི་སྒྲེན་པོར་གནས་པའི་རྣམ་ཤེས་དང་དུང་ཞེན་ཡིན

མཚོ་ནི་ཁོ་དང་ཁོ་མོའི་ཚོགས་རེད

ཁོ་དང་ཁོ་མོ་ཚོའི་ཁ་སང་གི་དྲན་པ་སྒུལ་བའི་དྲིལ་ཆུང་ཡིན

 

མཚོ་ནི་ཅི་ཞིག་ཡིན་ནམ

མཚོ་ནི་ཕྱེ་མར་སྤོངས་པའི་འབྲུ་དྲུག་ཡིན    སྟོང་འཇགས་ཀྱི་ཞིང་ཁ་ཡིན   

མཚོ་ནི་རྒྱང་རིང་གི་ནགས་ཀླུང་ཡིན    སྒོ་ཕྱུགས་ཀྱི་འོ་དོད་ཡིན

མཚོ་ནི་གྲལ་དག་པའི་ཁང་ཁྱིམ་གྲུ་བཞིའི་དྲོད་སྣང་ཡིན   སྟོང་སྟོང་གི་བར་ཁྱམས་ཡིན

མཚོ་ནི་རྒྱང་རིང་གི་ཡུལ་ཕྱོགས་ཡིན     ཡུལ་ཕྱོགས་དེའི་ཕུ་ནུ་མིང་སྲིང་གི་རྔུལ་ཁྲག་དང་ངལ་དུབ་ཡིན

 

མཚོ་ནི་ཅི་ཞིག་ཡིན   

མཚོ་ནི      མདོར་ན་མིག་ཆུ་རྡོག་གཅིག་རེད

ན་ཟུག་དང་དུང་ཞེན་གྱིས་ཕྱུང་བའི་མཐའ་མཇུག་གི་ཆུ་མིག་རྡོག་གཅིག་རེད

མཚོ་ནི    མཚོ་ནི   མཚོ་ནི་ང་ཡི་མགྲིན་པ་བརྣང་བྱེད་ཀྱི་ཚོར་འདུ་དྲག་པོ་དེ་རེད།

ཚོར་འདུ་དེ་རང་རེད

 

rl25258 | རྩོམ་ཡོངས་ཀློག་པ།(795) | ལན་སློག(4)
བུ་མོ་བསོད་སྒྲོལ།
2011-7-7 14:33:19

བུ་མོ་བསོད་སྒྲོལ།

མཚོ།

ད་ལོ་ནི་སྔར་ལོ་དག་དང་མི་འདྲ་བར་དབྱར་ཟླ་མགོ་མ་འདིར་ཆར་ཞོད་ཤིན་ཏུ་ཆེ།དེ་རིང་ཡང་ཆར་ཞོད་ཅིག་ཕར་འདས་ཤུལ་དུ།ཆར་བ་ཟམ་ཟིམ་ཞིག་མཚམས་ཆད་མེད་པར་ད་དུང་འབབ་ཀྱིན་འདུག    གཞུང་ལམ་གྱི་གཡས་གཡོན་ན་ཀྲོང་ངེར་འགྱིང་བའི་ལྗོན་པའི་ཚོགས་དང་ས་ཞིང་གྲུ་བཞིའི་ལོ་ཏོག་ནི་ལྗང་ནེམ་མེར་སེང་རས་བཞིན་འཕྱོ་བའི་ན་བུན་གྱི་ཀློང་ན་ཡུག་གཅིག་ཏུ་འདྲེས་འདུགསློབ་ཁྲིད་ཐོག་ཁང་གི་གཞུང་ལས་ཁང་གི་སྒེའུ་ཁུང་ནས་ངས་འདི་ལྟར་བག་ཡངས་ཀྱིས་ཕྱི་རོལ་གྱི་ཁོར་ཡུག་ལ་རྒྱང་ལྟ་ཐེངས་གཅིག་བྱས་ནས་མིག་ཟུང་ཚུར་ལ་སྡུད་དུས།ནམ་ཀུན་དང་མི་འདྲ་བར་སྟོང་འཇགས་སེ་འདུག་པའི་སློབ་རྭའི་དཀྱིལ་དུ་གློ་བར་དུ་སློབ་ཕྲུག་བསོད་སྒྲོན་ངའི་མིག་ལམ་དུ་མངོན་བྱུང༌།བུ་མོ་བསོད་སྒྲོལ་གྱིས་གློག་དེམ་གཉིས་ལག་པ་གཡས་གཡོན་དུ་བཟུང་སྟེ།ཇ་ཁང་ནས་ཉལ་ཁང་གཟས་ནས་འགྲོ་བཞིན་ཡོད།ཁོ་མོ་ཕལ་ཆེར་དེ་རིང་གི་ཉལ་ཁང་གི་ལས་རེས་པ་ཡིན་ལ།དེ་རིང་ཁོ་མོ་རྗེས་སུ་ལུས་སོང་བ་ཐག་གིས་ཆོད།མོ་ནི་མ་གཞི་ནས་བྱིས་པ་ཤ་སྐམ་རུས་གྱོང་ཞིག་ཡིན་པར་མ་ཟད་གཟུགས་གཞི་ཡང་སློབ་ཕྲུག་ལོ་མཉམ་གཞན་དག་དང་བསྡུར་ན་ལྡབ་འགྱུར་གྱིས་ཆུང་བས།གློག་དེམ་གཉིས་སར་འདྲུད་ལ་ཁད་དུ་འཁྱེར་བཞིན་ཡོད་ལ།ཆུ་རྒོད་བླུགས་པའི་ཇ་དེམ་ལྕི་བའི་ཁར་གོམ་པ་སྤོ་ཚད་ཐུང་ཞིང་མགྱོགས་པས་ལུས་པོ་འདར་འདར་ངང་བྲེལ་ཚུབ་ཀྱིས་འགྲོ་བཞིན་འདུག   སློབ་གྲྭའི་ར་སྐོར་ནང་ནི་ཨར་འདམ་གྱིས་བཟོས་ཡོད་པས་བལྟས་པ་ཙམ་གྱིས་ཧ་ཅང་བདེ་སྙོམས་སུ་སྣང་མོད།   ཆར་བ་འབབ་ཐེངས་རེར་ག་ས་གང་དུ་ཆར་ཆུ་ནི་གོར་མོར་འཁྱིལ་ཡོད་འདུག་ལ།ནམ་ཡང་གནམ་ལྡིང་ས་ལྡིང་བྱེད་རྒྱུར་དགའ་བའི་སློབ་ཕྲུག་ཚོའི་ལྷམ་ནི་ཆར་ཆུས་བངས་ཡོད།བུ་མོ་བསོད་སྒྲོལ་ནི་ལྷམ་ཆར་ཆུས་བངས་པ་ཙམ་མིན་པར་ལུས་ལ་དེ་འདྲ་རན་པོ་མིན་པའི་རྐང་སྣམ་གྱི་སུག་འདབས་ནམ་ཡང་སར་དྲུད་དྲུད་ལ་བསྡད་ཡོད་པས། ཆར་ཆུ་དང་འདམ་རྫབ་ཀྱིས་སྦགས་ཡོད་པ་ནི་སྨྲས་མ་དགོས་པ་ཞིག་རེད།  དེ་རིང་ཡང་ཁོ་མོས་གོམ་པའི་འདེགས་འཇོག་དང་བསྟུན་ཏེ་སུག་འདབས་གཡས་གཡོན་དུ་ཕར་གཡུག་ཚུར་གཡུག་བྱེད་བཞིན་ཟམ་ཟིམ་འབབ་པའི་ཆར་ཆུའི་ཁྲོད་ཆུ་འཁྱིལ་གྱི་ནང་དུ་ཚམ་ཚོམ་མེད་པར་བརྒལ་བཞིན་འགྲོ་བའི་རྒྱབ་གཟུགས་ལ་ཅེར་བཞིན་ང་ལ་སྐྱོ་བ་དང་སྙིང་རྗེ་ཞིག་སེམས་གཏིང་ནས་སྨུག་པ་བཞིན་འཐིབས་སོང༌།བུ་མོ་བསོད་སྒྲོལ་ནི་ལོ་རིམ་གཉིས་པའི་སློབ་མ་ཡིན།ཁོ་མོ་ནི་སློབ་སྦྱོང་གི་རྒྱུགས་འབྲས་དེ་འདྲ་ཡག་པོ་མིན་པའི་སློབ་ཕྲུག་ཅིག་ཡིན་མོད།ངས་བསམ་ན་ཁོ་མོ་ནི་བྱིས་པ་རིག་རྒོད་ཅིག་ཡིན་པ་ཁོ་མོ་ཁ་རྒོད་ལྕེ་བདེ་ཞིག་ཡིན་པ་དང།དུས་རྒྱུན་གྱི་སློབ་ཁྲིད་བྱ་བའི་ཁྲོད་ཁོ་མོའི་བསམ་ཕྱོགས་དྲན་ཕྱོགས་ཁ་ནས་ཤོད་ཐེངས་རེ་དང་སློབ་ཁྲིད་ཀྱི་བྱ་འགུལ་ཁྲོད་རང་འགུལ་གྱིས་ཡར་ལངས་ཏེ་དྲི་བར་ལན་འདེབས་རྐྱང་བྱེད་པ།རྣམ་ཀུན་བློ་རྒྱུགས་སྤྲོད་ཐེངས་རེར་སྔ་བ་སྔོན་མ་ཡིན་པ་སོགས་ལས་གཞན་དུས་རྒྱུན་གྱི་སློབ་གྲྭའི་འཚོ་བའི་ཁྲོད་ཀྱི་བྱ་སྤྱོད་གཞན་དག་གིས་ཀྱང་ར་སྤྲོད་བྱེད་ཀྱིན་ཡོད།  ཡིན་ན་ཡང༌།རྒྱུགས་ཤོག་ལ་ཕྱོགས་དུས་ཏག་ཏག་ཁོ་མོ་གཅིག་པུ་ནི་བོང་བུའི་མགོར་དབྱུག་པས་གཞུས་པའི་ཚད་དུ་སླེབས་ངེས་པས།ཁོ་མོ་ཡར་རྒྱས་སུ་ཡོང་རྒྱུ་ནི་ངའི་སློབ་ཁྲིད་དང་སློབ་གསོའི་ཕམ་ཁ་བརྒལ་བའི་སྒོ་ཐེམ་ཤ་སྟག་ཅིག་ཡིན་ལ།ང་རང་སྒོ་ཆེན་དེ་བརྒྱུད་དེ་ནོར་བུ་བསྐྱལ་མཁན་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ལུས་པོ་ཟོར་ཡངས་པོར་བྱས་ཏེ་གོམ་པའི་འདེགས་འཇོག་ཇེ་མཐོར་གཏོང་དགོས་པ་མ་ཡིན་ནམ།   དེ་ལྟར་འདོད་ཐེངས་རེར་ཁོ་མོ་དང་སློབ་ཁྲིད་ཀྱི་བྱ་བར་ཡིད་ཆེས་ཀྱིས་གཏོས་འགྲོ་བས་ངས་སེམས་གཏིང་ནས་ཁོ་མོར་བཀའ་དྲིན་ཆེ་ཞུ་བཞིན་ཡོད།ཁོ་མོའི་བྱ་བར་ཧུར་བརྩོན་གྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད།  བསོད་སྒྲོལ་ནི་བློ་རིག་རྣོ་བའི་བྱིས་པ་ཞིག་ཡིན་མོད་ཀྱང་ཁོ་མོའི་ཕན་ཐོགས་མེད་པའི་བློ་རིག་དེས་སློབ་གྲོགས་དང་དགེ་རྒན་མང་པོ་ཞིག་ཚུར་འདྲེན་བྱེད་ཐུབ་ཀྱིན་མེད་པས།   ཁོ་མོ་ནམ་ཡང་གཅིག་པུ་སུ་ཡང་མེད་ས་ཞིག་ཏུ་བསྡད་འགྲོ་སྟེ།སློབ་ཕྲུག་ཚོ་སློབ་ཕྱིའི་དུས་ཚོད་རིང་བོའི་རང་སྦྱོང་གི་དུས་ཚོད་གྲོལ་ནས་ཕྱིར་སློབ་ཁང་དུ་སླེབས་དུས་ཏག་ཏག་ཁོ་མོ་གཅིག་པུ་ལོག་མི་ཡོང་ལ།      སློབ་ཕྲུག་ཚོར་ཁོ་མོ་གང་དུ་ཡོད་པ་དྲིས་ཚེ་སུས་ཀྱང་ཤེས་མེད།   ཅུང་ཙམ་ནས་ཁོ་མོ་བྲེལ་བྲེལ་གྱིས་རྒྱུགས་ཡོང་ལ་གར་སོང་བྲིས་ཚེ་ཁོ་མོས་མགོ་བོ་སྒུར་ཞིང་དབུགས་ཁོག་ལ་ལྷུང་ནས་འབྲུ་གསལ་ལ་མི་གསལ་གྱིས་གཅིག་པུས་ཉལ་ཁང་གི་རྒྱབ་ཏུ་བློར་སྐྱོར་ཚུལ་བཤད་ཀྱང་ངས་ཁོ་མོར་སྐྱོན་བརྗོད་བྱས་པ་ཡིན།ཡིན་ན་འང༌།རྗེས་སུ་དབུགས་ཁོག་ལ་ཇེ་ལྷུང་དུ་སོང་ཡོད་པ་ལས་འགྱུར་ལྡོག་ཅི་ཡང་མེད་པར་སྔར་བཞིན་སློབ་ཕྲུག་གཞན་དག་གི་རྗེས་སུ་ལུས་ལུས་ལ་བསྡད་འགྲོ།ཉིན་ཞིག་ཁོ་མོ་སྔར་བཞིན་རྗེས་སུ་ལུས་ནས་ཡུན་རིང་ལ་མ་ཡོང༌།ང་ནི་ཁ་སྤོ་ཁ་ནས་ལངས་ཏེ་ཞེ་སྤོ་གཏིང་ནས་ལངས་བཞིན་ཁོ་མོ་བཙལ་ཞིང་དྲུད་ནས་ཡོང་བསམ་བཞིན་ངར་ངར་གྱིས་སློང་གྲྭའི་གྲུ་ཟུར་རེ་རེར་བཙལ་བར་བྱིན་པ་ན།གང་དུའང་མི་འདུག་པས་འདི་གང་ལ་བུད་སོང་ངམ་ཅི་བྱུང་སོང་ངམ་བསམ་བཞིན་དེ་སྔའི་ཁོང་ཁྲོ་དེ་རང་བཞིན་དུ་ཞུ་སོང་ཞིང༌།རྟབ་རྟབ་པོར་གྱུར་ཏེ།ད་ནི་ག་རེ་བྱས་ཡོང་སྙམ་བཞིན་ཕྱིར་སློབ་ཁང་དུ་འགྲོ་ཞོར་སློབ་གྲྭའི་རྩལ་སྦྱོང་ར་བའི་ནང་ལ་ལོབས་ཕྱོགས་ཀྱིས་ལྟ་ཙམ་བྱས་བར་མིག་ལམ་དུ་རྩལ་སྦྱོང་ར་བའི་མཐའ་ཡི་སྡོང་གསེང་དུ་མི་ཞིག་འགུལ་འགུལ་བྱེད་བཞིན་པ་མཐོང༌།   སྡོང་གསེང་དེ་བརྒྱུད་ནས་རྒྱབ་ཕྱོགས་སུ་སོང་ན་སློབ་གྲྭའི་ཐལ་དང་གད་སྙིགས་ཕོད་ས་ཡིན་པས།    སྡོང་གསེང་དེ་རུའང་གད་སྙིགས་སྣ་ཚོགས་ཀྱིས་བཀང་ཡོད་ལ་ས་རྡུལ་གྱིས་ཀྱང་ཁེངས་ཡོད་པ་མ་ཟད།       རུལ་དྲིའམ་ཅི་ཡིན་མི་ཤེས་པའི་དྲི་ངན་ཞིག་ཁྱབ་ཡོད་པས་གཙང་སྦྲ་བྱེད་པའི་དུས་ཚོད་དུ་མ་གཏོགས་དེ་རུ་འགྲོ་མཁན་མེད་ལ་སྡོད་མཁན་དེ་བས་ཀྱང་མེད།    ཡིན་ན་འང༌།  ཡ་མཚན་པ་ཞིག་ལ།  དེ་རིང་དེ་རུ་མི་ཞིག་གིས་ག་རེ་བྱེད་བཞིན་ཡོད་དམ་སྙམ་བཞིན་སོང་བ་ན།   ཨ་ཙི།   དེ་ནི་ཏག་ཏག་ངས་བཙལ་བཞིན་པའི་བུ་མོ་བསོད་སྒྲོལ་མ་ཡིན་ནམ།ཁོ་མོ་ཁ་ཕར་ལ་འཁོར་ཞིང་མགོ་བོ་སྒུར་སྒུར་གྱིས་རྐང་བའི་བརླ་ཐོག་ས་རྡུལ་གྱིས་ཕུར་ཅི་ཐུབ་བྱེད་ཀྱིན་འདུག་པས།    ངས་ཝ་ཡེ།   བསོད་སྒྲོལ།ཁྱོད་ཀྱིས་ག་རེ་བྱེད་ཀྱིན་ཡོད།གློ་བུར་དུ་མི་ཞིག་གིས་རང་ཉིད་འབོད་ཀྱིན་པ་ཐོས་པས་མོ་ཧད་དེ་སོང་ནས་འགུལ་ཙམ་ཡང་མི་བྱེད་པར་ཅུང་ཙམ་བསྡད་རྗེས།ང་ཡིན་པ་ཤེས་ཏེ།དལ་གྱིས་ཚུར་འཁོར་ཞིང༌།མགོ་བོ་བྲང་ཁར་སྨད་དེ་ཡར་ལངས་བྱུང༌།ངས་ཁོ་མོའི་མགོ་ནས་མཇུག་བར་དུ་ཐེངས་གཅིག་བལྟས་པ་ན་ཁོ་མོའི་རྐང་སྣམ་གྱི་འདོམ་ཡོངས་སུ་རློན་པ་ཡིན་པའི་སྟེང་དུ་ས་སྣོག་རྒྱབ་པ་ཡིན་སྲིད་དེ། གོར་མ་རེ་སྐམ་ལ་ཉེ་ཞིང་གོར་མ་རེ་ད་དུང་རློན་པ་ཡིན་པ་མཐོང་བ་ན།ངས་ཅི་ཡིན་ཧ་གོ་སྟེ།  ཁོ་མོའི་ཚུགས་ཀ་ཡོངས་སུ་ཤོར་བའི་རྣམ་པ་མཐོང་བ་ན་ཡིད་སེམས་ཅི་ཞིག་གིས་བཀང་ནས་འོང་སྟེ།   མྱུར་མོར་ཁོ་མོའི་ཁ་གཏད་དུ་མར་ཙོག་པར་བསྡད་དེ།   སེམས་གསོའི་ཚུལ་དུ།  ད་འགྲོ  ངའི་ཉལ་ཁང་ལ་འགྲོསྐྱོན་མེད།དེ་རིང་ཕྱི་དྲོ་ཁྱོད་ཚོའི་འཛིན་བདག་ལ་ངས་གནང་བ་ཞུ་ཟེར་བཞིན་ཁོ་མོའི་ལག་མགོའི་བཟུང་ནས་འགྲོ་གྲབས་བྱེད་དུས།ཁོ་མོ་གློ་བུར་དུ་ས་ལ་ཙོག་ཏེ་ཞེ་སྡུག་སྡུག་གིས་ངུས་བྱུང༌།ཅི་ཁག་སྟེ།ཆར་ཆ་མོད་ལ་ཉི་འོད་འཆར་དཀོན་པའི་དབྱར་ཁའི་དུས་སུ་ས་གཞི་ཡོངས་བརླན་གྱིས་ཟིན་ཡོད་ལ།    ཆ་རྐྱེན་ཞན་པའི་དགེ་སློབ་དག་གི་ཉལ་ཁང་ཡང་དེ་ལས་མ་འདས་མོད།   དགེ་རྒན་ཚོ་ནི་སྡོད་ཐབས་བྱེད་ཐུབ་མོད།ཕ་མ་དང་རྒྱང་དུ་གྱེས་པའི་བྱིས་པ་འདི་ཚོས་ང་ཚོས་བློས་མི་དཔག་པའི་དཀའ་སྡུག་ག་ཙམ་མྱངས་དང་མྱོང་མུས་སུ་ཡོད་དམ།བུ་མོ་སྒྲོལ་མ་ནི་དྭ་ཕྲུག་ཅིག་ཡིན་ཏེ།   ཁོ་མོ་སྐྱེས་མ་ཐག་ཏུ་ཕ་མ་གཉིས་གཉེན་འཐོར་བྱས་ལ་ཨ་མས་ཁོ་མོ་བསྐྱུར་ནས་རང་ཡུལ་བུད་སོང་བས།ཁོ་མོ་སྐྱེས་པ་ནས་རྨོ་མོས་གཉོར་སྐྱོང་བྱས་ཏེ་ནར་སོན་པ་ཞིག་ཡིན།ཨ་ཕ་ནི་ག་དུས་ཡིན་རུང་ཆང་མ་གཏོགས་བསམ་རྒྱུ་མེད་པ་ཞིག་ཡིན་པས།ཁོ་མོ་ཚང་ནི་སྡེ་བ་དེ་གའི་ལྔ་སྐྱོང་ཁྱིམ་ཚང་གི་གྲས་སུ་འདུ་ལ།རྒྱལ་ཁབ་ཀྱི་དབུལ་སྐྱོར་ལ་བརྟེན་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད།ཁོ་མོ་སློབ་གྲྭ་འདིར་ཐོན་པ་ནས་ཐེངས་གཅིག་ལ་བལྟ་རུ་ཡོང་བའང་ངས་མཐོང་མ་མྱོང་ལ་གོའང་མ་མྱོང༌། ཡིན་ན་འང༌།   ལོ་ན་ཧ་ཅང་བགྲེས་པའི་རྨོ་མོ་ནམ་ཡང་ཐོན་ཡོང་མོད།ད་ཐེངས་སློབ་གྲྭ་ཚོགས་ནས་དུས་ཡུན་རིང་བོ་ཞིག་འགོར་སོང་རུང།ད་དུང་སླེབས་མ་བྱུང༌།དེ་བས་ངས་ཁོ་མོ་ཉལ་ཁང་དུ་བོས་ཏེ་སྔར་ནས་གྲ་སྒྲིག་བྱས་ཡོད་པའི་ཞོར་ཟས་དང་ཞ་སྨྱུག་བླུགས་པའི་ཁུག་མ་དེ་བྱིན་པ་དང༌།རྨོ་མོ་བལྟ་སྐོར་དུ་ཡོང་མིན་འདྲི་བ་སོགས་ཡར་མར་མང་པོ་ཞིག་ལབ་རྗེས།  ཁོ་མོ་གཞི་ནས་སེམས་ལྷོད་ལ་བབས་པ་འདྲ་སྟེ།   ཁོ་མས་ཀྱང་དེ་སྔ་བཟུང་བའི་སྡུག་ཐམས་ཅད་གཏིང་བརྗེད་དུ་གྱུར་ཅིང༌།ངས་ཅི་འདྲི་ལ་ལན་སློག་ཅི་ཐུབ་བྱེད་ལ་རང་གི་མཐོང་ཐོས་མང་པོ་ཞིག་ཀྱང་ལབ་ཏེ་དུས་ཡུན་ཞིག་གི་རིང་ལ་ཁང་བའི་ནང་དགོད་སྒྲས་ཁེངས་སོང༌།མཐའ་མར་ངས་ཁོ་མོར་ཟླ་གནང་སྔོན་མའི་ནང་ཨ་ཕས་ག་རེ་བྱེད་ཀྱིན་འདུག་པ་དྲིས་ཚེ།   ཁོ་མོས་ཨ་ཕས་ཆང་ཞེས་ཁ་ནས་ཐལ་རྗེས་གློ་བུར་དུ་ཚིག་མཚམས་ཅད་དེ།  ངེད་ཀྱི་ཨ་ཕས་ཚོང་ཁང་གཉེར་རྗེས་ང་ལ་ཟ་རྒྱུ་དང་གོན་རྒྱུ་སྨད་གཡོག་ཡག་པོ་ཉོ་ཟེར་གྱིན་འདུག་ཟེར་བཞིན་གདོང་ཡོངས་ལ་སྔ་ན་མེད་པའི་འཛུམ་ཆུང་ཞིག་རྒྱས་སོང་ལ།ང་རང་ཁོ་མོ་དང་འདྲིས་པོ་ཆགས་པར་བསྟུན་སློབ་ཕྲུག་གཞན་པ་ཚོའང་ཁོ་མོ་དང་མཉམ་འགྲོ་མཉམ་འདུག་བྱེད་རྒྱུར་དགའ་བར་གྱུར་ལས་གཞན།དེ་ལས་ཀྱང་ལྷག་པ་ནི་བྱམས་བརྩེའི་འབྲེལ་འདྲིས་ཐེངས་དེས་ང་དང་ཁོ་མོའི་བར་གྱི་བར་ཐག་དེ་སྨུག་པ་བཞིན་ཡལ་བར་བྱས་ཏེ།ང་རང་སློབ་གསོའི་སྒོ་ཐེམ་ལ་འདི་ལྟར་དུ་རིམ་པ་བཞིན་ཡང་ཟོར་གྱིས་བརྒལ་མུས་སུ་ཡོད་དོ།

 

rl25258 | རྩོམ་ཡོངས་ཀློག་པ།(589) | ལན་སློག(8)
འབྲེལ་ཡོད་ནང་དོན་ 70 ཡོད།<<<1234567>>>
ཟིན་བྲིས་བརྡ་ཁྱབ།

 

སྨྱུག་མིང་།  མཚོ།

དྲ་འབྲེལ། 1013461908

དྲ་ལམ། http://blog.tibetcm.com/u/tso25258/index.html

སྙན་ངག་ཡོད་པས

ངས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གླུ་རུ་བླངས་ཆོག

སྙན་ངག་ཡོད་པས

ངའི་བརྩེ་དུང་ལ་འཇའ་ཚོན་གྱི་ཁ་དོག་ལྡན་ཡོད

སྙན་ངག་ཡོད་པས

དགའ་སྐྱོ་མིག་ཆུར་མུ་ཏིག་གི་རིན་ཐང་ལྡན་ཡོད

སྙན་ངག་ཡོད་པས

ང་ལ་རྒྱ་མཚོ་བཞིན་གྱི་སེམས་ཀྱི་མངའ་ཐང་རྒྱས་ཡོད

སྙན་ངག་ཡོད་པས

ང་ལ་གངས་རི་བཞིན་གྱི་བརྟན་བརླིང་གི་རང་གཤིས་གྲུབ་ཡོད

སེམས་ཁམས་ལོ་ཐོ།
པར་དེབ།
ཟིན་ཐོ་གསར་བ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.