མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
 
སྒྲོལ་མ་ལྷ་ཁང་། http://blog.amdotibet.cn/rl25258/index.aspx
སློབ་སྐུལ་དུས་བཞིའི་རང་མདངས།
2012-5-7 21:29:49
 

སློབ་སྐུལ་དུས་བཞིའི་རང་མདངས།

 

དཔྱིད་ཀྱི་སྒེག་མོས་འཛུམ་མདངས་རབ་ཕྱེས་ཏེ།།

ཁུ་བྱུག་གཞོན་ནུའི་གླུ་ཡིས་སྙན་དབང་གསོ།།

ཤེས་བྱའི་ཆུ་གཏེར་གཅོད་པའི་སློབ་བུའི་ཚོགས།།

བརྩོན་པའི་གྲུ་ཆུང་མི་དལ་བྲེལ་བྲེལ་གྱིས།།

 

དབྱར་གྱི་བུ་མོའི་ལང་ཚོ་རབ་རྫོགས་ཏེ།།

འདབ་དྲུག་བུང་བས་སྤྲོ་བའི་མགྲིན་དབྱངས་སྒྲོག།

ཤེས་བྱའི་ལམ་ཆེན་བརྒྱུད་པའི་སློབ་བུའི་ཚོགས།།

བརྩོན་པའི་གོམ་པ་མི་སྡོད་བྲེལ་བྲེལ་གྱིས།།

 

སྟོན་གྱི་གུས་མོས་མགོ་བོ་རབ་དུད་ནས།།

གཡུར་ཟའི་འབྲུ་དྲུག་སྣ་ལྔས་ཡིད་དབང་འཕྲོག།

ཤེས་བྱའི་བྱང་ཐང་བརྒལ་བའི་སློབ་བུའི་ཚོགས།།

བརྩོན་པའི་ཆོད་སེམས་མི་གཡོ་བྲེལ་བྲེལ་གྱིས།།

 

དགུན་གྱི་ལྷ་མོས་ལྷག་བསམ་རབ་མངོན་ཏེ།།

ས་གཞི་གོས་ཀྱིས་ཀླུབ་པའི་དྲོད་སྣང་སྐྱེལ།།

ཤེས་བྱའི་གངས་ཐང་བརྒལ་བའི་སློབ་བུའི་ཚོགས།།

བརྩོན་པའི་རྒྱུན་ཐག་མི་གཅོད་བྲེལ་བྲེལ་གྱིས།།

rl25258 | རྩོམ་ཡོངས་ཀློག་པ།(435) | ལན་སློག(5)
རླུང་གླེང་བ །
2012-4-20 21:27:01
    

                             རླུང་གླེང་བ །

                                       མཚོ།

ཁུ་སིམ་མེར།    མཚམས་རེར་ལྡང་ཞིང་ལན་རེར་འཇགས།

པྲ་ཆིལ་ལེར།    ཡུན་རེར་སྤྲོ་ཞིང་གང་མཚམས་རྩེན།

རླུང་།   རླུང་། 

ཡང་ན་ང་ཡི་དྲན་པ་ཡང་ཡང་སྒུལ་བའི་དུངས་བ་ཡི་ཟབ་ཚད་ཅིག

ཡང་ན་ང་ལ་གདུང་བ་ཡང་ཡང་སྐྱེད་པའི་བརྩེ་བ་ཡི་རྒྱང་ཐག་ཅིག

རླུང་།   རླུང་ཨང་།

 

རླུང་གི་རྐྱེན་ཡིན་ནམ།

རྐང་བ་མེད་པའི་འབུ་ཆུང་ཞིག་གི་རྨི་ལམ་ལ་ཕྱེ་མ་ལེབ་ཀྱི་མཛེས་སྡུག་འཁྲུངས།

རླུང་གིས་ལན་སོང་ངམ།

འཁྱག་པས་བསྡམས་པའི་ཆུ་མོ་ཞིག་གིས་བཅིངས་པ་ལས་ཐོལ་བརྒལ་བྱ་བའི་སྤོབས་པ་བཏགས།

 

རླུང་དལ་ཡང་རྩྭ་ལྗང་ལ་སྐྱེས་སྟོབས་སྦར་ནུས་པས་ཡིན་ནམ།

རླུང་གིས་སུ་ཡི་ཉམ་ཉེས་ལ་བྱིལ་བྱིལ་བྱས་སོང་།

རླུང་དྲག་ཀྱང་ས་གཞི་ལ་གསོན་ཤུགས་ཕུལ་ཐུབ་པས་ཡིན་ནམ།

རླུང་གིས་སུ་ཡི་སྙིང་ཁ་ལ་འོ་ཞིག་བྱས་སོང་།

 

རླུང་ལྡང་བྱུང་།   

སུ་ཡི་འཛུམ་ཆུང་དུ་ཉི་མ་གསེར་ཀྱི་ལེར་འཆར་འོང་།

སུ་ཡི་སེམས་ཁུངས་སུ་མེ་ཏོག་ཁྲ་ཆིལ་ལེར་བཞད་སོང་།

རླུང་འཇགས་སོང་།

སུ་ཡི་དྲན་པ་ས་ཕྱེ་ལེབ་ཁྱུ་ཚོགས་སུ་འཕུར་སོང་།

སུ་ཡི་མིག་ཀོང་དུ་མུ་ཏིག་རྡོག་པོ་རེ་ཆད་འགྲོ།

                                  ཡུན་རིང་སེམས་ལ་སྒོམ་མཐར་༢༠༡༢ལོའི་ཟླ་༤བའི་ཚེས་༢༠ཉིན་གཞི་ནས་ཡི་གེར་སྟར་རོ།

rl25258 | རྩོམ་ཡོངས་ཀློག་པ།(453) | ལན་སློག(2)
ཁྱོད་སུ་ཡིན་ནམ། ངས་ཧ་གོ་མ་སོང་།
2012-4-17 16:57:07

                     ཡང་ན་བདེ་མོ་འཇོག་སྟངས་གཞན་ཞིག

             མཚོ།

ཐོག་སོ་གསུམ་པ་ནས་མར་མ་ལྡིང་གོང་།

ངས་ཁྱོད་ལ་ཕྱི་མིག་ཅིག་བལྟས་པའི་ལན་དུ།

ཁྱོད་ཀྱིས་ང་ལ། 

ཁྱོད་སུ་ཡིན།   ངས་ཧ་གོ་མ་སོང་ཟེར་རམ།

 

ས་སྲོད་ཀྱི་མེ་ཏོག་གི་གང་བུ་བཞིན།

ངས་ཁྱིམ་གྱི་སྒོ་མོ་དམ་པོར་རྒྱབ། 

སེམས་ཀྱི་སྒེའུ་ཁུང་ཡང་དམ་པོར་རྒྱབ།

ཁྱོད་ཀྱིས་བསམ་བསམ་མཐར །

ཁྱོད་སུ་ཡིན་ནམ།   ངས་ཧ་གོ་མ་སོང་ཟེར་རམ།

 

ཁྱོད་ཀྱིས་དཀའ་ཚེགས་ཀྱིས་བཟོས་པའི་ཟ་མ་ཐུན་རེ།

གསེར་སྲང་སྟོང་རེའི་དོད་ཡིན་ནམ།   ཡང་ན།

ཁྱོད་ཀྱིས་ན་ཟུག་གིས་བཟོས་པའི་ཟ་མ་ཐུན་རེ།

ངའི་ཡ་ཆུང་གི་ཆེས་སྙི་སར་འཛེར་བའི་རྒྱ་ཁབ་རེ་རེ་ཡིན།

ཡིན་ན འང་།   ངས་ཅི་མི་སྙམ་པར།

ཁྱོད་སུ་ཡིན།   ངས་ཧ་གོ་མ་སོང་ཞེས།

རྒྱ་ཁབ་དེ་དག་རེ་རེ་བཞིན་བལ་ཏེ་དོར་མྱོང་མེད །

 

སྡུག་བསྔལ་དང་བདེ་སྐྱིད་ཀྱི་འཕྲད་སྦྱོར་ལས།

འདང་ངརྩེ་དང་ཞེ་སྡང་གིས་ང་ལ་ཉམ་ང་སྤྲད།

བཟོད་བསྲན་དང་རེ་སྒུག་གི་སྲེག་སྦྱོར་ལས།

ངལ་དུབ་དང་ཡི་མུག་གིས་ང་ལ་རེ་ཆད་བྱིན།

 

ཁྱོད་སོང་ཤུལ་དུ།

ང་ལ་ཅི་ཡང་ཡོད་ཆོག   ཡང་ན།

ཁྱོད་སོང་ཤུལ་དུ།

ང་ལ་སྔར་བཞིན་ཅི་ཡང་མེད་ཆོག

 

ཁྱོད་སུ་ཡིན་ནམ།  ངས་ཧ་གོ་མ་སོང་།

 

དབུགས་རིང་ཞིག་གི་རྗེས་སུ།

ང འང་བག་ལྷོད་ཀྱིས་ངལ་གསོ་རན་སོང་།

rl25258 | རྩོམ་ཡོངས་ཀློག་པ།(521) | ལན་སློག(3)
ཁྱོད་ལ་རྟེན་འབྲེལ་ཞུ།
2012-4-14 10:38:14

                        ཁྱོད་ལ་རྟེན་འབྲེལ་ཞུ།

ཁྱོད་ཀྱིས་ཁང་པའི་སྒོ་རྒྱབ་ཟིན།  སྒེའུ་ཁུང་ལས་ཉི་འོད་དྲོད་ཞིང་འཇམ།

འོད་ངོགས་ན་ཆུང་མ་ལྷག་ཏུ་མཛེས།

ངའི་རྨི་ལམ་ཁྲོད་བཀྲ་བའི་ཁྱོད་ཀྱི་འཛུམ་ཟེར་དང་བག་ཕེབས།

རྟེན་འབྲེལ་གྱི་འགོ་མ་ཡིན།

ཁྱོད་ཀྱི་ལུས་སེམས་སོས་དལ།    ཟས་སྡེར་ལས་དྲི་ཞིམ་དལ་གྱིས་ལྡང༌།

ཞིམ་མངར་ལས་གཞིས་ཁྱིམ་སྙིང་ལ་ཉེ།

ངའི་སེམས་ཁུངས་ན་འཚོ་བའི་ཁྱོད་ཀྱི་བདེ་སྐྱིད་དང་དགོད་སྒྲ།

རྟེན་འབྲེལ་གྱི་བར་མ་ཡིན།

ཁྱོད་ཀྱི་ལག་འཇུ་མ་གློད།    མིག་མདུན་ན་རྒྱ་མཚོ་ལྷོད་ཀྱིས་འཁྱིལ།

མཚོ་ངོགས་ན་བུ་ཆུང་དགའ་བས་རྩེན།

ངའི་སྔས་གཞི་རུ་བསྙལ་བའི་ང་ཡི་དྲན་གདུང་དང་སྨོན་འདུན།

རྟེན་འབྲེལ་གྱི་མཐའ་མ་ཡིན།

ཁྱོད་ལ་རྟེན་འབྲེལ་ཞུ།  ཁྱོད་ལ་སྙིང་ནས་རྟེན་འབྲེལ་ཞུ།

                                 ༢༠༡༢ལོའི་ཟླ་༤བའི་ཚེས་༡༢ཉིན་དགའ་སྐྱོ་འདྲེས་མས་ཐལ་ལོ།

rl25258 | རྩོམ་ཡོངས་ཀློག་པ།(383) | ལན་སློག(2)
གལ་ཏེ། ང་ཁྱོད་ལ་དགའ་དྲག་པ་མིན་ན།
2012-4-3 17:31:17
 

གལ་ཏེ།     ང་ཁྱོད་ལ་དགའ་དྲག་པ་མིན་ན།

                                     མཚོ།

ནམ་གུང་དུས་ཚོད་བཅུ་གཉིས་ཀྱི་དུང་བརྡས་དཀྲོགས་པའི་སྟོང་བསམ་དང་འཕྲུལ་སྣང༌།

དོན་དམ་དུ་ཁྱོད་ལ་ཕུལ་བའི་དུངས་སེམས་ཀྱི་མཆོད་པ་མ་ཡིན་ནམ།

མཆོད་པ་ལས་འཁྲུངས་པའི་རྨི་ལམ་གྱི་ས་བོན་ཞིག་སྔས་འགྲམ་དུ་བསྙལ་ནས།

སང་ཞོགས་ཀྱི་ཉི་གཞོན་དང་འགྲོགས་ཏེ་རེ་སྨོན་གྱི་ལྗང་ལོ་རེ་འབུས་ན།

ང་དགའ་བས་ངུ་སྲིད།     ང་སྐྱོ་བས་གཟིར་ངེས།

སེམས་ཁུངས་སུ་རྟག་བརྟན་དུ་གནས་བ་དེ་དམ་ཚིག་ཏུ་བཞག་ཀྱང༌།

མིག་ལམ་ནས་ཡལ་བར་མི་བྱ་བ་དེ་ཆོད་སེམས་དུ་སྒོམ་ན་ཅི་བྱ།

གློ་མཆིན་གླན་མ་ཐུབ་པའི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ལྕི་དྲག་སོང་ངམ།

དུས་ཚོད་ཀྱི་མདའ་ཁབ་ད་དུང་ཡང་ངའི་ཁ་སང་ན་འགུལ་དུ་མེད་པར་བསམ་ན།

སྙིང་ཉེ་ཨ།     ང་གནས་གཅིག་ཏུ་སྡོད་ཐབས་ཞེ་ནས་མི་འདུག

གལ་ཏེ།    ང་ཁྱོད་ལ་དགའ་དྲག་པ་མིན་ན།

ཁྱོད་ཀྱི་མིག་མདུན་དུ་འཇའ་རིས་བཞིན་མངོན་སྲིད་པ་ལན་གཅིག་མིན།

མིག་ཟུང་ཤུགས་ཀྱིས་བཙུམས་ཡང༌།

ཕྱིར་དྲན་གྱི་སྒོ་མོ་ཕྱེས་ནས།

མཆི་མ་ཡི་མཚོ་མོ་བསྐྱིལ་ནས།

དྲན་གདུང་གི་དབྱིངས་ལ་འཐིམ་འགྲོ་བའི་སྨག་ནག་གི་མཚན་མོ་རེ་རེ།

འཕངས་མེད་དུ་ཡང་ཡང་ཕར་བསྐྱེལ་དགོས་པ་ངའི་ལས་དབང་དུ་གྲུབ་ཀྱང༌།

ད་དུང་ཨུ་ཚུགས་གཉོམ་པོ་ཞིག་གི་སྣེ་ནས་གཏོང་དཀའ་བ་ངའི་རང་གཤིས་སུ་ཆགས་ཚར་ན།       སྙིང་ཉེ།  

གལ་ཏེ།     ངས་འདི་ལྟར་བགྱིས་པ་བྱས་ཉེས་ཤིག་ཏུ་མཐོང་ན།

ང་དང་གདོང་གཏད་སྒོས་ཞེ་ཞེ་ཐེངས་གཅིག་གནང་བར་ཕེབས་དང༌།

གལ་ཏེ།     ངས་འདི་ལྟའི་བྱས་འབྲས་ཀྱིས་སེམས་པ་སྙི་སོང་ན།

ང་ལ་གཅེས་གཅེས་སྒོས་པང་ལ་ཐེངས་གཅིག་བསྡམ་པར་ལོག་ཤོག

མི་ཞིག་ལ་དགའ་དྲག་དུས།    ངས་རང་ཉིད་ལྷ་མོ་ཞིག་ཏུ་འཕྲུལ་བ་ནོར་ཨེ་ཡོད།

མི་ཞིག་ལ་དུངས་དྲག་དུས།    ངས་གང་དེ་མགོན་སྐྱབས་སུ་བཀུར་བ་ཆུགས་ཨེ་ཡོད།

མི་ཞིག་དྲན་དྲག་དུས།    མིག་ཞིག་བསམ་དྲག་དུས།    

གང་དེས་ང་ལ་མིག་ཆུ་བསླང་འོང་ན།  

ཅི་ལྟར་བགྱི།     ཅི་ལྟར་བགྱི།

རེད་ཨང༌།    གལ་ཏེ།    ང་རང་ཁྱོད་ལ་དགའ་དྲག་པ་མིན་ན།

ང་ཡོད་ས་འདི།    ཁྱོད་ཀྱི་ལྐོག་གྱུར་གྱི་གནས་དེ་ཡིན་དོན་མེད།

ང་རང་ནམ་ཡང་ཁྱོད་ཀྱི་ཕ་རོལ་དེ།  ཡང་ན་ཕ་རོལ་གྱི་ཕ་རོལ་དེ་ཡིན་མི་སྲིད།།

ནམ་ཞར་ཁྱོད་ཀྱི་འཁྲུས་སུ་སླེབས་འདོད་པ་དེ་ཐེངས་གཅིག་མིན།

ཐེངས་གཅིག་མིན་པའི་སེམས་གཏིང་གི་འདོད་འདུན་དེ།

ཏག་ཏག་ཁྱོད་ཁོ་ནའི་ཆེད་མངོན་འགྱུར་བྱུང་མྱོང་མེད།  

ཁ་ཆར་རྒོད་ཀྱང་རུང༌།     བུ་ཡུག་རྩུབ་ཀྱང་ཆོག

གལ་ཏེ།   ང་ཁྱོད་ལ་དགའ་དྲག་པ་མིན་ན།

ལས་དབང་ཟེར་བ་དེའང་འདབ་ལོ་བཅད་ནས་རྩད་པ་བཀོག་ཆོག

སྤྱིར་ན།  

སེམས་སུ་ཁྱོད་དང་དམ་དུ་སྦྲེལ་བའི་ཚིག་འབྲུ་རེ་རེ།

ཁོག་ཏུ་མུད་པའི་མཆི་མ་དང་ལྷན་དུ་སེམས་སུ་བརྣག་པར་བྱས་ཆོག་མོད།

ཁེར་རྐྱང་དང་སྡུག་ཡུས་མ་ལུས་སེལ་ཕྱིར་མཁོ་པས།

ཁྱོད་ཀྱིས་ཅིས་ཀྱང་བཟོད་སྒོམ་གནང་རོགས་ཞུ།

གལ་ཏེ།     ང་ཁྱོད་ལ་དགའ་དྲག་པ་མིན་ན།

གཉོམ་དུངས་དུངས་ཀྱི་ཚིག་འབྲུ་འདི་དག     

གསང་བའི་གཏེར་ལས་ན་ཟུག་གིས་བཏོན་ཏེ།

དམར་བཤུབ་རྒྱབ་ནས་སུ་ལའང་སྟོན་འདོད་ཡེ་ནས་མི་འདུག

གལ་ཏེ།    ང་ཁྱོད་ལ་དགའ་དྲག་པ་མིན་ན།

ངས་ཁྱོད་ཀྱི་འཇིན་རྟེན་ལ་གསལ་མི་གསལ་གྱི་རྐང་བརྗེ་གང་མང་དཔར་སྲིད།

གལ་ཏེ།    ང་ཁྱོད་ལ་དགའ་དྲག་པ་མིན་ན།

ངས་ཁྱོད་ཀྱི་དྲན་ཡུལ་དུ་དྭངས་མི་དྭངས་ཀྱི་དགའ་སྐྱོས་ལང་ལོང་བྱ་སྲིད།

གལ་ཏེ།    ང་དངོས་ནས་ཁྱོད་ལ་དགའ་དྲག་པ་མིན་ན།

rl25258 | རྩོམ་ཡོངས་ཀློག་པ།(1076) | ལན་སློག(5)
སྔས་སུ་བཞག་པའི་སྙིང་གཏམ།
2012-1-26 21:41:20

   སྔས་སུ་བཞག་པའི་སྙིང་གཏམ།                 

                                          མཚོ།

བསིལ་རླུང་ཁྲོད་ཤིག་ཤིག་འདར་བའི་གང་བུས་ཁྱོད་ཀྱི་སེམས་པ་སྒུལ་མྱོང་ན།

ཉི་འོད་ཁྲོད་ལྷུག་པོར་གྲོལ་བའི་འདབ་མས་ཁྱོད་ཀྱིས་ཅི་ཞིག་འཕྲོག་འགྲོ

ད་དུང༌།   ཞེ་དུང་དུང་གིས།   སྙིང་ཉེ་ཉེ་ངང༌།  

ལུས་ངག་ཡིད་གསུམ་ཀྱིས་སྤྱི་གཙིག་ཏུ་འདེགས་པའི་གཡུ་ལོའི་ལྷག་བསམ་གྱིས།

བརྩེ་བ་ལས་འདས་པའི་བརྩེ་བ་ཅི་ཞིག་བཀུགས་བྱུང༌།

མཛེས་པ་ལས་འདས་པའི་མཛེས་པ་ཅི་ཞིག་བཞེངས་ཟིན།

 

སྙིང་གྲོགས་ལགས།     ང་ལ་ཅིས་ཀྱང་ཨ་ལན་སྟེར་རོགས།

 

ཡ་གི་ནས་འཕུར་ཡོང་བའི་སྤྲིན་པ་དེས་སྦྲང་ཆར་ཅིག་གི་གནང་སྦྱིན་བྱས་སོང༌།

མ་གི་ནས་ལྡང་ཡོང་བའི་རླུང་བུ་དེས་བསུང་ཞིམ་ཞིག་གི་བཟི་ཁ་བསྐྱལ་ཡོང༌།

རི་མཐོ་ས་ཞིག་གམ་མཐོང་ཡངས་ས་ཞིག་ནས།

ས་དམའ་ས་ཞིག་གམ་སེམས་སྐྱིད་ས་ཞིག་ནས།

ངས་འགྲམ་པ་སྐྱོར་ནས་ཁྱོད་ལ་གླུ་ཞིག་ལེན་ནམ།   ཞེ་དུང་དུང་གིས།

ངས་མགོ་བོ་སྒུར་ནས་མིག་ནས་མཆི་མ་འདོནམ་ནམ།   ཞེ་སྨྲེང་སྨྲེང་གིས

 

སྙིང་གྲོགས་ལགས།    ང་ལ་ཅིས་ཀྱང་ཨ་ལན་སྟེར་རོགས།

 

རྨི་ལམ་གྱི་བར་བཅུག་གང་རུང་ནས་ག་ལེ་ག་ལེར་མངོན་ཡོང་བའི་ཁྱེད།

དེ་འདྲའི་ཡིད་དུ་འོང་ལ་གཅེས་སུ་རུང་དོན་ཅི་ཡིན།

དུས་ཚོད་ཀྱི་བར་གསེང་གང་རུང་ནས་གློ་བུར་གློ་བུར་དྲན་ཡོང་བའི་ཁྱེད།

དེ་འདྲའི་རྒྱ་ཆེ་ཞིང་གཏིང་ཟབ་དོན་གང་ཡིན།

སེམས་པ་དང་ཆེས་ཐག་ཉེ་ས་ཞིག་ནས་ཁྱོད་ནི་ང་ཡི་གབ་ཚིག་ཅིག་གམ།

མིག་ཟུང་དང་ཆེས་རྒྱང་རིང་ས་ནས་ཁྱོད་ནི་ང་ཡི་དྲན་གདུང་ཞིག་གམ།

 

སྙིང་གྲོགས་ལགས།     ང་ལ་ཅིས་ཀྱང་ཨ་ལན་སྟེར་རོགས།

 

ཁ་སང་གི་དགའ་དགོད་རྒུམ་ཆང་ཁམ་གང་ཡིན་དུ་ཆུགས་ཀྱང༌།

མདང་གི་གི་རྨི་ལམ་དུ་ཏག་ཏག་ཁྱོད་ཡོད་པས།

དེ་རིང་གི་གྱེས་གདུང་ནི་བརྩེ་བས་ཡང་ཡང་བྲན་པའི་བདེ་སྐྱིད་ཕོར་གང་ཡིན་ན།

ཁྱེད་ཀྱི་ཡ་ཆུང་ནས་འཁྱིལ་ཡུན་རིང་བ་དེ་ཅི་ཡིན། 

ཁྱེད་ཀྱི་དྲན་ཡུལ་ནས་ཡལ་དུ་མེད་པ་དེ་སུ་ཡིན།་

ཡང་ན།   ང་དང་རྒྱང་ཐག་རིང་བ་གང་ཞིག

 

སྙིང་གྲོགས་ལགས༌།    ང་ལ་ཅིས་ཀྱང་ཨ་ལན་སྟེར་རོགས།

 

མིག་ཟུང་དེ་ག་ལེར་བཙུམས་དོན།

བརྩེ་བ་རི་རབ་འདྲ་ཞིག་མ་ཐེག་པས་ཨེ་ཡིན།

                    

ཁ་ཚིག་དེ་ཡུན་གྱིས་བགགས་དོན།

འཁྲེང་ཞེན་གཙང་བོ་འདྲ་ཞིག་མ་བརྒལ་པས་ཨེ་ཡིན།

ཚོར་བ་དེ་གཞི་ནས་ཡལ་དོན།

དུང་བ་མེ་ལྕེ་འདྲ་ཞིག་མ་བཟོད་པས་ཨེ་ཡིན།

 

སྙིང་གྲོགས་ལགས།   ཡང་ན་བསྐྱུར་འཇོག་ཨང༌།

དགུན་དུས་འདི་ང་ལ་ཇི་འདྲའི་འཁྱག་ཀྱང༌།  

ཁྱོད་ཀྱི་ངག་ཚིག་གི་དྲོད་ཁོལ་མ་ཡལ་ན་ཅིའི་མི་ཆོག

rl25258 | རྩོམ་ཡོངས་ཀློག་པ།(510) | ལན་སློག(5)
རྒྱ་ལོ་ཚེས་སོང༌།
2012-1-23 9:03:11

                      རྒྱ་ལོ་ཚེས་སོང༌།

                                    མཚོ།

ཨ་མ།    སང་ཉིན་ང་འུ་ཚང་གི་གཉེན་སྟོན་ལ་ཞུགས་དགོས།

ཨ་མ།    སང་ཉིན་ང་ཁོ་ཚང་གི་གསོལ་སྟོན་ལ་འགྲོ་དགོས།

 

ཤ་མར་དང་ཇ་ཆང་གི་ཚབ་དུ་བཤམས་པའི་ངའི་སེམས་པ་དམར་པོ།

རེ་སྒུག་དང་སྨྲེང་བ་བན་བུན་ཞིག་ཁུར་བའི་ཁ་པར་དང་མཉམ་དུ།

རྡུལ་ཕྲན་འབྱར་བའི་མདུན་ཅོག་གི་འགྲམ་ན།

དུད་དྲེགས་གོས་པའི་ཁང་ཁྱིམ་གྱི་ནང་ན།

མེ་དྲོད་ཡལ་བའི་ཐབ་ཚང་གི་ཕུགས་ན།

བདེ་བ་མེད་པའི་མལ་ཁྲི་ཡི་སྒང་ན།

མཆོད་མེ་ལམ་ལམ་འཚེར་བའི་འོད་ངོགས་ན།

རྣམ་ཤེས་དང་དྲན་པ། མིག་ཆུ་སོགས་མང་པོ་མང་པོ་ཞིག་གཞི་གཅིག་ཏུ་འདྲེས་ཡོད།

གྲོགས་པོ།    དོ་ནུབ།

དོ་ནུབ་ང་ཕ་ཡུལ་ན་མེད།

དོ་ནུབ་ང་ཁེར་རྐྱང་ཡིན།

 

ཕྱི་རོལ་གྱི་ཤོག་སྦག་ཁྲ་ཆིལ་ལེ།

ཆོམ་སྒྲ་ངའི་ཡ་ཆུང་ན་གྲགས།  བར་མེད་དུ་གྲགས།

སེམས་ཀྱི་ན་ཟུག་ཅིག་ལ་འབོད་པ་ཡང་ཡང་གཏོང༌།

བརྙན་འཕྲིན་དུ་གཡོ་བའི།

ཉི་མ་སུམ་བརྒྱ་དྲུག་ཅུའི་རྟེན་འབྲེལ་རྫོགས་པའི་སྤྲོ་སྐྱིད་ཀྱི་བ་དན།

མཆི་མ་སྐམ་པའི་ངའི་མིག་ཟུང་ལ་ཡང་ནས་ཡང་དུ་བསྣུན་སོང༌།

མདང་ནུབ་ད་དུང་མཚམས་ཚིགས་མེད་པར་འབ་པའི་དཔའ་ངར་གྱི་སྒོ་ཁྱི།

ད་ནི་སུ་ཞིག་གིས་སྤ་སྐོང་བར་བྱས་སོང༌།

ཡང་ན།  ང་ནང་བཞིན་ཅི་ཞིག་གིས་ནང་སེམས་སྨྲེང་ཤ་ལེར་བྱས་ཡོད་དམ།

གྲོགས་པོ།   དོ་ནུབ།

དོ་ནུབ་ང་རང་གཉིད་ན་འདོད།

དོ་ནུབ་ངས་ཨ་མ་དྲན།

rl25258 | རྩོམ་ཡོངས་ཀློག་པ།(907) | ལན་སློག(16)
མོ་ལོ་སུམ་ཅུའི་ཕྱི་མིག༲མུ་འགོད༳
2012-1-19 15:44:01

                                                 མོ་ལོ་སུམ་ཅུའི་ཕྱི་མིག

                                                                             མཚོ།

      ད་ལོའི་ལོ་འདི་གསར་ན་ང་མོ་ལོ་སུམ་ཅུར་སོན་པ་ཡིན།    རྒྱ་རྩིས་ལྟར་ན་མོ་ལོ་ཉེར་བརྒྱད་ཡིན།   ཁྱིམ་ཐོ་སྟེང་དུ་བོད་རྩིས་ལྟར་དུ་བཀོད་ཡོད་ནའང་ངས་ཀྱང་མི་མང་བོ་བཞིན་དུ་བོད་རྩིས་ཀྱི་ལོ་ཚོད་རང་ལོ་ལ་རྩི་བཞིན་མེད་དེ།    བོད་རྩིས་ཀྱི་རྩི་སྲོལ་འདི་ནི་གླན་རྟགས་ཤིག་ཏུ་ངོས་བཟུང་སྟེ།   བྱིས་པ་ཨ་མའི་མངལ་ནས་ལྷུང་མ་ཐག་པའི་ཉིན་དེ་ལོ་གཅིག་ལ་ལྟ་ཞིང་དེ་ནས་ཉིན་འགའ་ཤས་སམ་ཐ་ན་ཉིན་     གཅིག་གིས་ལོ་སར་བ་ཡིན་ཀྱང་ལོ་གཅིག་ཏུ་བརྩི་བས་ང་ནི་བོད་ལོ་ཉི་ཤུ་དགུ་ལ་སྐྱེས་   པས་ཉིན་ཞག་གཉིས་ཀྱི་རིང་ལོ་གཉིས་སུ་གྱུར་ལ་ད་ལྟའི་ང་ནི་མོ་ལོ་སུམ་ཅུ་ཡིན།   དུས་ཡིན་རིང་བོ་ཞིག་ལ་ངས་ཀྱང་མི་མང་བོ་བཞིན་དུ་བོད་རྩིས་ཀྱི་རྩི་ལུགས་འདི་ལ་    འདང་མ་དཔོགས་པར་ལེ་བདའ་གང་མང་བྱས་མྱོང་ལ།   ཁྱད་པར་སྐྱེས་སྐར་རོལ་སྲོལ་མེད་པ་འདིར་ཡང་ཅི་བྱུང་བསམ་མྱོང་མོད།   ཐེངས་སྔོན་མར་ངའི་ཨ་ཁུ་དང་ཁ་  བརྡ་བྱས་པ་ལས་གནས་ལུགས་ཤིག་རྟོག་བྱུང་སྟེ།   བོད་ཀྱི་རྩི་སྲོལ་འདིས་རྣམ་ཤེས་མངལ་དུ་སྦྲུམ་པ་ནས་ཚེ་སྲོག་ཏུ་མཐོང་བས་མིའི་ཚེ་སྲོག་ལ་བརྩི་བཀུར་བྱས་པ་    མཚོན་ཞིང༌།   མ་གཞི་ཚེ་སྲོག་ནི་རིན་ཐང་གཞལ་དུ་མེད་པས་དུས་ཡུན་སྐད་ཅིག་  ཙམ་ལའང་ཚེ་སྲོག་ལ་གཅེས་སྤྲས་བྱ་འོས་ཤིང་དུས་ཡུན་སྐད་ཅིག་ཙམ་ལའང་རང ་ཉིད་གསོན་ཡོད་པའི་ངེས་ཤེས་བསྐྱེད་དགོས་པས་སྐྱེས་སྐར་ཀྱི་ཉིན་མོ་ཁོ་ནའི་སྐབས་མ་གཏོགས་པའི་འདས་ཟིན་དང་ད་ལྟ་མ་འོངས་གང་གི་དུས་ཚོད་སྐར་ཆ་དག་ཀྱང་སྐྱེས་སྐར་གྱི་ཉིན་མོ་བཞིན་དུ་གལ་ཆེན་མ་ཡིན་ནམ། ཡང་གཅིག་བཤད་ན།    དུས་སླེབས་པ་ཡིན་ན་ཅི་ཡང་འགྱུར་འགྲོ་བ་ཆོས་ཉིད་དུ་གྲུབ་ལ་མིའི་མིག་ལམ་དུ་མོ་ལོ་ སུམ་ཅུར་སོན་པའི་ང་ད་དུང་མོ་ལོ་ཉི་ཤུའི་ལང་ཚོ་རུ་སྣང་ན་ནི་དགའ་འོས་པའི་དོན་ཞིག་མ་ཡིན་ནམ།   དེ་བས་ད་ལོ་ང་ནི་མོ་ལོ་སུམ་ཅུར་སོན་པ་ཡིན་ཞེས་སེམས་ཐག་བཅད་དེ་སྨྲ་སྤོབས་སོ།

       སྐྱེས་པ་ཞིག་གི་ཆུང་མ་དང་ཁྱིམ་ཚང་ཞིག་གི་བདག་མོ།    ལྷག་པར་བུ་ཆུང་ཞིག་གི་ཨ་མ་རུ་གྱུར་བའི་མི་ལོ་སུམ་ཅུའི་དུས་འདིར།   ཁྱིམ་ལས་ཙག་ཙིག་དང་བུ་ཆུང་གི་འགྲོ་འདུག   བྱ་བའི་བྲེལ་ཟིང་གི་ཁྲོད་ནས་དབུགས་སྣ་རེ་ལེན་ཞོར་འདས་བྱུང་གི་དོན་ལ་སེམས་པ་རེ་འཕངས་ནས།   ཐོག་མར་ཚེ་ཐོག་འདིར་ཡོང་ནས་དྲན་པ་རབ་རུབ་ཅིག་ཡོད་པ་ནས་ད་ལྟའི་བར་ཅི་འདྲ་གང་འདྲ་བྱུང་སོང་ངམ་སྙམ་ནས་  ཕྱིར་འདང་རེ་རྒྱབ་ན།    དངོས་ནས་བརྙན་འཕྲིན་འཕྲུལ་ཆས་ནང་གི་འགུལ་རིས་མགྱོགས་པོར་སྒྱུར་བ་དང་འདྲ་བར་ལོ་ངོ་སུམ་ཅུའི་ནང་གི་བྱུང་བ་ཡོད་ཚད་ཀྱི་    འགྲོས་མགྱོགས་ཤིང་ལོ་ངོ་སུམ་ཅུ་བོ་འདི་ཧ་ཅང་ཐུང་ཨང་སྙམ་བྱུང་བའི་མུར་ད་  ལྟའི་བར་དུ་དོན་སྙིང་ཅན་གྱི་ལས་ག་འདྲ་བྱས་སོང་བར་ཚང་རྩིས་མང་པོ་བརྒྱག་རྒྱུ་མ་བྱུང་བས་ཡིད་མུག་ནས་འདུག་དགོས་བྱུང་མོད།    འདས་སོང་གི་དོན་དག་རེ་གཉིས་ཤིག་ད་དུང་ཡང་དྲན་པའི་ཀློང་ན་གསལ་ལྷང་ངེར་འདུག་པས།  དྲན་པའི་མེ་ལོང་ཐེངས་ཤིག་ཕྱིས་ནས་ཕྱིར་འོང་མེད་པའི་ཁ་སང་ལ་མིག་ཞག་ཅིག་འཕེན་འདོད་ཆེ།    ད་ལྟའི་ང་མི་ལོ་སུམ་ཅུར་བུད་པ་འདིས་མི་ཚེ་ཞིག་གི་ཕྱེད་ཀ་ཕལ་ཆེར་ཡོལ ་ཟིན་པ་མཚོན་ལ།   མ་འོངས་པའི་དུས་ཚོད་ཀྱང་གཟབ་གཟབ་དང་ཞིབ་ཚགས་ཀྱིས་བརྒལ་དགོས་པ་དང༌།   ལྷག་པར་གཅེས་འཛིན་བྱ་དགོས་པར་སྐུལ་བ་མ་ཡིན་ནམ།   ཆུང་དུས་སུ་ཨ་ཡེ་1དྲིན་ཆེན་མས་རྒྱབ་ལ་ཁུར་ཏེ།   ཕྱུགས་ཟོག་གི་རྗེས་དེད་དེ་ལ་ལུང་དང་རི་སྒང་བརྒལ་དུས།    ངའི་མིག་ཟུང་སྒྲིབ་པར་བྱེད་པའི་ཁོང་གི་སྐྲ་དཀར་ཉག་མ་དག་ལ་ང་རང་སུན་སྣང་སྐྱེས་མྱོང་ལ།    སྐྲ་དཀར་ཉག་མ་དང་གཉེར་མ་ཤར་ཤུར་དག་ནི་ཁོང་མོ་དང་ཁོང་མོ་འདྲ་བའི་ཨ་ཡེ་ཨ་མྱེས་དག་ལ་ཆེད་དུ་སུ་ཞིག ་གིས་བཟོས་པར་སྙམ་པ་ལས་ཉིན་དང་མཚན།  ཟླ་དང་ལོ་བརྩེགས་ནས་མི་ཚེའི་ཤུལ་ལམ་རིང་མོ་ཞིག་དགའ་སྡུག་འདྲེས་མས་བསྐྱེལ་ནས་གྲུབ་པ་ཡེ་ནས་ཤེས་ཀྱིན་མེད་ ལ།   ནམ་ཞིག་གི་ཚེ་མིག་ཟུང་བཙུམས་ནས་ཚེ་འདིའི་ཡོད་ཚད་ལ་བདེ་མོ་འཇོག་  དགོས་པའང་གཏན་ནས་ཚོར་གྱི་མེད།    ཡིན་ནའང་རིམ་བཞིན་ནར་སོན་ནས་  སློབ་གྲྭ་ཆུང་འབྲིང་ཆེ་གསུམ་དུ་འགྲིམ་ཞིང་བྱིས་བློ་དང་གཏན་དུ་བྲེལ་དུས་ཨ་ཡེ་དྲིན་ཆེན་མ་ཁོང་ཡང་ལྷག་ཏུ་རྒ་བར་གྱུར་བས།   ང་རང་སློབ་གྲྭའི་ཉལ་ཁང་དུ་ཁེར་རྐྱང་དུ་སྡོད་དུས་རྒྱུན་དུ་ལུས་པོ་བདེ་ཐང་མིན་པའི་ཨ་ཡེ་དྲན་ལ་དྲན་ཐེངས་རེར་མིག་ཆུ་བྱོ་བཞིན།    མི་ཚེ་འདིར་ཆེས་འདང་བརྩི་ཆེ་བའི་མི་ཞིག་རང་ཉིད་དང་གཏན་དུ་ཁ་གྱེས་འགྲོ་བ་འདི་ནི་ཅི་འདྲའི་བཟོད་དཀའ་བའི་སྡུག་བསྔལ་ཞིག་རེད་ཨང་སྙམ།     ཡིན་ནའང་འཚོ་བ་ནི་སྔར་བཞིན་བསྐྱེལ་དགོས་པས།    དྲིན་ཆེན་མ་ཁོང་མོ་གཏན་དུ་ཁ་གྱེས་དུས་ཀྱང་མིག་ཆུས་སྐྱེལ་མ་བྱེད་པ་ལས་གཞན་པའི་ཐབས་བཀོད་ཅི་ཡང་མེད་པ་ཐོག་མར་ཚོར།    ཁོང་མོ་གྱེས་ནས་ལོ་ངོ་མང་པོ་ཞིག་འགོར་ཟིན་མོད།   ཁོང་མོའི་ལྷ་སྒྲུང་འདྲེས་མའི་གནའ་གཏམ་དང་ཁ་ཏ་སློབ་གསོའི་ཚིག་རེ་རེ་ད་དུང་ཡང་ངའི་དྲན་པའི་ངོགས་སུ་  གསལ་ལྷང་ངེར་ཡོད་ལ།    རྣ་ལོབས་སུ་སོང་བའི་གནའ་གཏམ་དང་ཁ་ཏའི་ཚིག་དེ་དག་གིས་ང་རང་ཡ་རབས་སྤྱོད་བཟང་གི་ཕྱོགས་ལ་ལམ་སྣ་ཐོག་མར་དྲངས་ཤིང་ང་རང་གིས་བྱིས་པ་ལ་སློབ་གསོ་བྱེད་པའི་ཐབས་ལམ་གྱི་ཆ་ཤས་སུའང་གྱུར་ཡོད།

     སྤྱིར་ན་ངས་རང་ལ་ཨ་ཡེ་འདས་པ་ལས་གཞན་པའི་སྡུག་བསྔལ་ཞིག་ཡོད་མི་སྲིད་སྙམ་མོད་ཀྱང༌།   མ་བསམ་ས་ནས་མི་ཚེའི་བགྲོད་ལམ་ནང་ཅིས་ཀྱང་བརྒྱུད་དགོས་པའི་དོན་དག་གང་མང་ལ་འཕྲད་ངེས་ཏེ།   དཔེར་ན།   ལང་ཚོའི་དཔལ་གྱིས་ཕྱུག་པའི་གཞོན་ནུའི་སྐབས་ཀྱི་བརྩེ་དུངས་དང་དེས་བྱིན་པའི་སྐྱིད་སྣང་དང་སྡུག་སྣང་ལྟ་བུ།    ངས་བསམ་ན་འདི་ནི་ང་ཚོ་སུ་ཡིན་ཡང་ཕལ་ཆེར་བརྒྱུད་དགོས་པའི་དོན་དག་ཞིག་རེད།    ད་ལྟ་ངས་ཕྱིར་འདང་རེ་རྒྱབ་ནས་བསམ་བློ་རེ་བཏང་ན།   ང་ནི་སེམས་པ་ཆེས་སྙི་ལ་དུང་ཞེན་ཆེས་ཟབ་པའི་རིགས་ཡིན་པས་མི་ཚེ་འདིར་ང་ལ་མིག་ཆུ་ཧ་ཅང་མོད།     ཡིན་ན་འང་ང་ལ་སྙིང་སྟོབས་ཧ་ཅང་ཆེ་སྟེ།    རང་ཉིད་ཀྱི་ དགའ་ཁ་ཁྱེར་སོ་དང་སེམས་པ་ཕྱོགས་ས་དེར་བློ་སེམས་རྩེ་གཅིག་གཏོད་ཅིང་ལྷག་བསམ་རྣམ་དག་གིས་བྲང་ཁོག་བསྟན་དེ་རང་ཉིད་ཀྱི་ཡོད་ཚད་དེ་ལ་ཕུལ་ཅི་ཐབས་བྱེད་པས།   ངའི་ལུས་སེམས་གང་རུང་ན་རྨ་ཁ་ཧ་ཅང་མང༌།    མིག་ཆུ་དེ་བཞིན་དུ་མང་བས་མིག་ཆུ་ལ་སུན་མཁན་ཡོད་ན་དགོངས་དག་ཞུ།   རྨ་ཁ་དང་མིག་ཆུ་མང་བས་ཁེར་རྐྱང་གི་མཚན་མོ་འང་རིམ་བཞིན་ཇེ་མང་དུ་སོང་ལ།    ཕྱི་ལ་ཤོད་སྲོད་མེད་པའི་གསང་བ་གང་མང་ཞིག་ཀྱང་སྔས་འོག་གི་འབྲི་དེབ་ཆུང་ཆུང་ཞིག་གི་ཤོག་ངོས་སུ་ག་ལེར་སྦས་དགོས་སོང༌།     སྡུག་བསྔལ་གྱིས་སྦྱར་ཞིང་མིག་ཆུས་བངས་པའི་གཏམ་རྒྱུད་ཁ་བོ་ཞིག་གི་རྗེས་སུ་ཡང་བསྐྱར་དུངས་སྣང་བན་བུན་ཞིག་གིས་ཡོངས་སུ་    བསླུས་ནས་མི་ཚེའི་བགྲོད་ལམ་ཁྲོད་དུ་རང་གིས་རང་ལ་ལ་མོ་གཟར་མོ་ཞིག་བསྐྲུན་ནས་དཀའ་སྡུག་ཁྲི་ཕྲག་རྒྱབ་རྗེས་ཀྱི་དཔྱིད་ཟླ་མགོ་མ་ཚེས་དུས་ཤིག་ལ་ངས་ཁོ་བོ་དང་མཉམ་དུ་སྦས་པའི་དེབ་ཆུང་དེ་སྙིང་སྟོབས་ཆེན་པས་ཁོ་བོ་ལ་ཕུལ་རྗེས།    ང་རང་  སེམས་པའི་ཁོ་ཐག་ཆད་དེ་རང་ཤག་ན་གཅིག་པུ་མིག་ཆུ་འབྱིད་ཀྱིན་སྡོད་དུས།   ཁོ་བོ་ལོག་འོང་སྟེ།  ངས་བྲིས་པའི་སྙན་ངག་ཡག་པོ་འདུག་ཟེར།    ངའི་སྣང་ངོར།   སྐབས་དེ་ནས་ཁོ་བོ་ང་དང་ཐག་ཉེ་རུ་གྱུར་བ་འདྲ་བས།   ངས་ནུས་ཤུགས་ཡོད་དགུ་བཏོན་ནས་དཔེ་ཆར་བལྟས་ཤིང་སྙན་ངག་འབྲི་སྦྱོང་བྱེད་པ།    སྐད་ཆ་སྨྲ་དག་པར་སྦྱོང་བ།   རི་མོ་འབྲི་བ།   དེང་རབས་གླུ་དབྱངས་ལ་ཉན་རྒྱུར་ལོབས་པར་བྱེད་པ།  རྒུན་ཆང་ཉུང་ཙམ་འཐུང་བར་བྱེད་པ།   ཁོ་བོ་དང་མཉམ་དུ་རིག་རྩལ་ལེ་ཚན་ལ་ལྟ་བ།   ཁོ་བོའི་གྲོགས་པོ་ཚོ་འཛུམ་དཀར་ཚིག་བཟང་གིས་གདོང་ནས་བསུས་པ་སོགས་    མདོར་ན།   ཁོ་བོའི་དགའ་ཕྱོགས་དང་བསམ་ཕྱོགས་ང་ཡི་འང་ངོ།   རྒྱུ་མཚན་ཇག་པ་ཞིག་གི་ཆུང་མ་བྱ་དགོས་ན་རྟ་ཞོན་ཤེས་དགོས་པས་མ་ཡིན་ནམ།   འདི་ལྟར་དུ་ ཡིན་མོད་ཀྱང་ཐལ་དྲག་མེད་དེ།    མི་ཞིག་ལ་དགའ་བ་ཡིན་ན་དགའ་ཤ་སྟག་བྱ་དགོས་པས་སོ།         (མུ་འགོད)

1ཨ་ཡེ་ནི་ཨ་མདོ་མཚོ་ལྷོ་ས་ཁུལ་གྱི་རོང་ཁུལ་མང་ཆེ་བར་ཕ་མའི་མ་ལ་འབོད།

 

rl25258 | རྩོམ་ཡོངས་ཀློག་པ།(540) | ལན་སློག(7)
མི་མངོན་པའི་མཛའ་བོ།
2012-1-18 11:32:06

མི་མངོན་པའི་མཛའ་བོ།

 

ཨ།

ཐོག་མ་ཉིད་ནས།

ཁོ་བོ་སྟེ།  ངའི་སྙིང་ཉེ་བའི་སེམས་ཀྱི་མཛའ་བོ་དེ།

རྨི་ལམ་བཞིན་རྒྱང་ཐག་ཉེ་ལ།

ཡང་བསྐྱར།   རྨི་ལམ་བཞིན་རྒྱང་ལ་བཀྱེད་འགྲོ

 

ཨ།

ཡིན་ན་ཡང༌།

ཁོ་བོ་ནི།

ངའི་དབྱར་གཞུང་གི་རྩྭ་ཐང་ཆེན་མོ་ཡིན།

ད་དུང་མེ་ཏོག་བཞད་པའི་སྒྲ་དབྱངས་སྙན་མོ་ཡིན།

ངའི་མཚན་གཞུང་གི་ཉ་གང་དུང་ཟླ་ཡིན།

ད་དུང་སྐར་ཚོགས་དགའ་བའི་དགོད་སྒྲ་ལྷང་ལྷང་ཡིན།

 

ཨ།

ཡང་ན།    ཁོ་བོ་ནི།

ངའི་སེམས་ཁུང་གི་དྭངས་གསལ་མཚོ་མོ་ཡིན།

ད་དུང་གསེར་ཉ་འཛུམ་པའི་མིག་ཟུང་དྭངས་མོ་ཡིན།

ངའི་གཡོ་མེད་ཀྱི་རི་རྩེ་མཐོན་པོ་ཡིན།

ད་དུང་སྨོན་འདུན་གྱེར་བའི་བསང་དུད་ཀྱ་ཀྱུ་ཡིན།

 

ཨ།

ཡང་ན།    ཁོ་བོ་ནི།

ངའི་ལང་ཚོར་འཇོ་སྒེག་སྩོལ་མཁན་ཡིན།

ད་དུང་སེམས་ཀྱི་དྭངས་མའི་བཞུར་རྒྱུན་ལྷུང་ལྷུང་ཡིན།

ངའི་རེ་སྒུག་གི་བརྩེ་བའི་གློག་ཞགས་ཡིན།

ད་དུང་སྙིང་གཏམ་བརྗོད་པའི་ཆར་བ་ཤག་ཤག་ཡིན།

 

ཨ།

ཡིན་ན་ཡང༌།  ཁོ་བོ་སྟེ།

མེ་ཏོག་གི་བཞད་སྒྲའི་དཔལ་གྱི།

ཉ་མོ་ཡི་འཛུམ་ཆུང་བཞིན་གྱི།

ཆར་བ་ཡི་སྙིང་གཏམ་འདྲ་ཡི།

སྐར་ཚོགས་ཀྱི་དགོད་སྒྲ་ལྟ་བུའི།

ངའི་སྙིང་ཉེ་བའི་སེམས་ཀྱི་མཛའ་བོ་དེ།

རྨི་ལམ་བཞིན།

སྙིང་ཉེ་ཉེ་ངང་གམ་ལ་བཅར་རྗེས།

ཡང་བསྐྱར།   རྨི་ལམ་བཞིན་རྒྱང་ལ་བཀྱེད་འགྲོ་བ་བསམ་ན།

ཁེར་རྐྱང་གི  སྟོང་སྟོང་གི་མཚན་མོར།

མིང་མི་ཤེས་བའི་ཁོ་བོ།

ཡང་ཡང་གླེང་བར་ཁག་ཅི་ཡོད་ཨང༌།

 

ཨ།

མི་མངོན་པའི་མཛའ་བོ།   མི་མངོན་པའི་མཛའ་བོ།

ཡང་བསྐྱར་ག་ལེར་ཕེབས་ཤོག་དང༌།

ངའི་སེམས་ཀྱི་དྲན་གདུང་གི་ཟབ་ཚད།

ངས་འཇལ་འདོད་ཡེ་ནས་མེད།

 

rl25258 | རྩོམ་ཡོངས་ཀློག་པ།(548) | ལན་སློག(7)
ཟི་ལིང་གི་དགོང་དྲོ།
2011-12-30 11:07:23

ཟི་ལིང་གི་དགོང་དྲོ།

                     མཚོ།

                 དགའ།

དགོང་དྲོའི་རླུང་བུ་འཇམ་པོ་དེ

མཁར་དབུས་ཀྱི་ལྗང་ལོ་དང་མེ་ཏོག་གི་པང་བ་ཡིན་ནམ

སེམས་པ་དང་ཉེ་རུ་བཅར་བའི་མཁར་མཐའི་བོད་མིའི་ཁྲོམ་གྱི་ལག་འཇུ་ཡིན

ཡང་ན

བདག་གིས་མི་ལོ་དུ་མའི་རིང་རྟོག་བཟོ་བྱས་ཚར་བའི་ཁྱོད་ཀྱི་མཛེས་སྡུག་དང་དུངས་བ་ཡིན

རེད་ཨང  བརྩེ་བ་འཁུར་བའི་སེམས་པ་གཉོམ་པོ་འདི    དགོང་དྲོ་འདིར

སྤོབས་པའི་རླུང་བུས་བཏགས་ཏེ་དགའ་ལྷང་ལྷང་གིས་གང་ལ་སྐྱོད

 

དུངས་སྣང་ལ་འཁྱུད་པའི་སྒྲོན་འོད་མག་མོག

སྒྲོན་འོད་ལ་འཐིམ་པའི་ངོ་གདོང་རབ་རིབ

ངོ་གདོང་ན་འཕྱོ་བའི་སྤྲོ་དགའི་འཛུམ་མདངས

ད་དུང    ལྷོད་ཀྱིས་འཁྱིལ་བའི་སེམས་ཚོར་དེ་འང

བདག་གིས་སྐྱབས་མགོན་སུ་ཞིག་ལ་འཁྲུལ་བའི་ཁྱོད་ཀྱིས

བདག་ལ་རྟེན་དུ་གནང་བའི་དུངས་སེམས་ཀྱི་ལེགས་སྐྱེས་ཨེ་ཡིན

ཡིན་ནའང    ཁྱོད་ཀྱི་ཁ་གཏད་དུ་འདི་ལྟར་འགྲེང་དུས

རྒུན་ཆང་ལས་ལྷག་པའི་མངར་ཁ་ཞིག

བདག་གིས་ནམ་ཡང     ཁྱོད་ལ་ཤོད་ཐབས་མི་འདུག

                    སྐྱོ།

དཔུང་བ་མཉམ་གཤིབ་ཀྱིས་སྐྱོད་དུས     ཁུ་སིམ་མེར

ཁྱོད་ཀྱི་ལྷིང་འཇགས་ལས     བདག་གི་སྙིང་གི་འཕར་སྒྲ་ཇེ་དྲག་ཏུ་ཕྱིན་ནའང

ཀུ་རེ་དང་རྩེད་མཚར་ཁྲོད    ཅི་མི་སྙམ་པའི་ཚུལ་འཆོས་ཀྱིས

ཁྱོད་དང་བདེ་མོ་མི་འཇོག་ག་མེད་རེད

ད་ནས     རྨི་འདོད་པའི་རྨི་ལམ་ཞིག་མེ་ཏོག་ཅིག་བཞིན་བཞད་མ་ཐུབ་པར་

བདག་གིས   སུ་དང་གང་ལ་ལེ་བདའ་དང་འཁང་ར་བྱེད་དམ

ཆགས།

ལྷ་ལས་བབས་པ་ཡིན་ནམ  

མུ་ཏིག་གི་ཕྲེང་བ་བདག་གི་མིག་ལམ་དུ་བསྟར་བྱུང

ལྷ་ཡིས་བཀྲོལ་བ་མིན་ནམ

ཚངས་པའི་རོལ་དབྱངས་བདག་གི་སྙན་དབང་དུ་འཛུལ་སོང

འཛུམ་མདངས་དང་གཞས་གདངས་ཀྱི་མཆོད་པའི་དགོང་དྲོ་འདི

བདག་གི་བདེ་སྐྱིད་ཅིག་གི་འགྲེལ་བཤད་ཡིན་ན

དགོད་སྒྲ་དང་གླུ་སྐད་ཀྱིས་ཕྱུག་པའི་ཁྱོད་དང་བདག་ནི་

ཏག་ཏག་བདེ་སྐྱིད་དེའི་འཁྲུལ་མེད་ཀྱི་འབྱུང་ཁུངས་རེད

ཁྱོད་ཀྱི་ལོག་ཕེབས་འདི  བདག་གི་སྣུམ་གྱིས་ཟིན་པའི་རེ་སྒུག་ཡིན་པས་ན

ཡ་ཆུང་གི་ཟབ་སར་སྦས་པའི་བརྩེ་དུང་དེ    དེ་ལྟར་དུ་རང་སོར་བཞག་ཆོག

          སྡང༌།

        

ཁ་ཐག་ཆེས་ཉེ་དུས་ཡིན་ནམ

མདང་ནུབ་ཁྱོད་རང་བདག་གི་མིག་ལམ་ན་ཡོད

སེམས་ཐག་ཆེས་རིང་དུས་ཡིན་ནམ

དེ་རིང་བདག་ནི་ཁྱོད་ཀྱི་རྒྱབ་ཕྱོགས་ན

 

དགོང་དྲོ་འདིར    རླུང་བུ་སྡང་སྡིག་གིས་གཡུགས་བྱུང

དྲོད་རླབས་ཀྱིས་གཅུམས་པའི་ང་ཡི་ཁེར་རྐྱང་གི་རྣམ་ཤེས

རླུང་གིས་སྐྱོད་པའི་སྐྲ་ལོ་དང་མཉམ་དུ    གང་དུ་བསྐྱོད་ཨང

 

rl25258 | རྩོམ་ཡོངས་ཀློག་པ།(556) | ལན་སློག(8)
འབྲེལ་ཡོད་ནང་དོན་ 70 ཡོད།<<<1234567>>>
ཟིན་བྲིས་བརྡ་ཁྱབ།

 

སྨྱུག་མིང་།  མཚོ།

དྲ་འབྲེལ། 1013461908

དྲ་ལམ། http://blog.tibetcm.com/u/tso25258/index.html

སྙན་ངག་ཡོད་པས

ངས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གླུ་རུ་བླངས་ཆོག

སྙན་ངག་ཡོད་པས

ངའི་བརྩེ་དུང་ལ་འཇའ་ཚོན་གྱི་ཁ་དོག་ལྡན་ཡོད

སྙན་ངག་ཡོད་པས

དགའ་སྐྱོ་མིག་ཆུར་མུ་ཏིག་གི་རིན་ཐང་ལྡན་ཡོད

སྙན་ངག་ཡོད་པས

ང་ལ་རྒྱ་མཚོ་བཞིན་གྱི་སེམས་ཀྱི་མངའ་ཐང་རྒྱས་ཡོད

སྙན་ངག་ཡོད་པས

ང་ལ་གངས་རི་བཞིན་གྱི་བརྟན་བརླིང་གི་རང་གཤིས་གྲུབ་ཡོད

སེམས་ཁམས་ལོ་ཐོ།
པར་དེབ།
ཟིན་ཐོ་གསར་བ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.