མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
 
སྒྲོལ་མ་ལྷ་ཁང་། http://blog.amdotibet.cn/rl25258/index.aspx
རྒན་གྱའི་རྩྭ་ཐང༌།
2012-9-24 8:37:22
 

རྒན་གྱའི་རྩྭ་ཐང༌།

                           

རེ་བཞག་དང་རྣམ་དག་ལྕི་མོ་འཁུར་བའི་རླངས་འཁོར་དཀར་པོ།

རེའུ་ལྕག་མེ་ཏོག་གི་བསུང་ངད་དང་ཁ་ཏོག་ཁྲོད་འཐེན་པའི་གཞུང་ལམ་སྟེང༌།

རྣམ་རིག་དོད་པའི་ཕུག་རོན་བཞིན་ལྡེམ་མྱུར་གྱིས་འཕུར་སྐྱོད་བྱེད།

ནམ་མཁའ་གཡའ་དག  ས་གཞི་རྡུལ་དག

 

རྒན་གྱའི་རྩྭ་ཐང༌།  

ལྷ་མོ་བརྒྱད་ཀྱི་ལྷག་བསམ་ཡིད་ཆེས་ཀྱིས་སྐྱོད་སའི་ལྗང་ནེམ་གྱི་དག་ཞིང༌།

ཨ་མ་བརྒྱ་ཡིས་ནུ་ཞོ་འཕངས་མེད་དུ་གཏོར་སའི་བྱམས་བརྩེ་ཡི་གཤིན་ས།

བུ་མོ་སྟོང་གི་ལང་ཚོའི་གཟི་འོད་དཔག་མེད་དུ་འཕྲོ་སའི་ཉི་ མའི་གྲོང་ཚོ།

 

རྒན་གྱའི་རྩྭ་ཐང༌།   

ལུག་ཁྱུ་དང་མེ་ཏོག་གིས་ཕྲ་ཚོན་བཏབས་པའི་གངས་རིའི་ མགུལ་རྒྱན།

ནགས་ཀླུང་དང་སྤྲིན་དཀར་གྱི་མཐའ་ཤན་སྤྲས་པའི་ས་གཞིའི་མནའ་བཟའ།

 

རྒན་གྱའི་རྩྭ་ཐང༌།   ཉི་མ་དང་རྒྱང་ཐག་ཧ་ཅང་ཉེ་བ་བཞིན།

ནམ་ཡང་བདག་གི་སེམས་པའི་ནང་རོལ་ན་གནས་དོན།

རྨི་ལམ་ཞིག་རེ་སྒུག་གི་རི་ཆུ་ཁྲི་ཕྲག་བརྒལ་བའི་ཡང་སྙིང་ ཡིན་ན།

ངའི་རྙིང་དྲག་པའི་རེ་སྨོན་གྱི་ས་བོན། 

ཐེངས་འདིར་ཅིའི་ཀྱང་ཁྱེད་ཀྱི་པང་བ་རུ་རྩ་བ་རྒྱས་ནས་རྩེ་ མོ་འབུས་བར་ཤོག

 

རེད་ཨང༌།  ལྷ་མོ་གཅིག  ལྷ་མོ་གསུམ།   ལྷ་མོ་བརྒྱད།  ཡང་ན།

ལྷ་མོ་མང་པོའི་དུངས་སེམས་དང་བརྩེ་འདང་གིས་བསྲིབས་ པའི་མུ་ཏིག་ཁྲི་འབུམ།     

བྱར་དུས་ཀྱི་རྒན་གྱའི་རྩྭ་ཐང་གི་ཤིག་ཤིག་འདར་བའི་རེའུ་ལྕག་མེ་ཏོག་གམ།

དགུན་དུས་ཀྱི་རྒན་གྱའི་མཁའ་དབྱངས་ན་ལྷབ་ལྷུབ་འབབ་ པའི་ཁ་བའི་མེ་ཏོག་བཞིན།

ས་གཞི་ཡི་གཏིང་རིམ་ལ་འཐིམ་ནས།

ཨ་མའི་རྣམ་ཤེས་གསལ་བའི་གསོས་སྨན་དུ་འགྱུར་ཤོག

བུ་ཆུང་དགའ་དགོད་ངག་གི་བདེ་སྐྱིད་རུ་སྨིན་ཤོག

ཁྱིམ་གཞིའི་ཀ་བ་བརྟན་པའི་རྟེན་འབྲེལ་དུ་འཆར་ཤོག

 

ཞོགས་པའི་ཟིལ་ཐིགས་ཐོར་བའི་ཁ་བཏགས་ཡུག་གཅིག

ཉི་གཞོན་གྱི་ཟེར་མ་ཁྲོད་འོད་འཚེར་འཚེར་གྱིས།

བདག་གི་སེམས་པ་དང་ཡུག་གཅིག་ཏུ་འདྲེས་པའི་རྒན་གྱའི་རྩྭ་ཐང་དུ།

ཁ་ཞེང་ཆེ་ཆེར་རྒྱང་དུ་འཐེན།  ང་ཚོས་མཉམ་དུ།

སྙིང་ཁུང་རུས་པའི་གཏིང་ནས་སྨོན་ལམ་ཡང་ཡང་འདེབས་ ཞོར།

རྒྱང་ནས་རྒྱང་དུ་འཐེན།

 

རྒན་གྱའི་རྩྭ་ཐང༌།  

སྤྲིན་པ་དང་མེ་ཏོག་གི་རྩྭ་ཐང་ཡིན་ན།

ལུག་ཁྱུ་དང་སྨུག་པའི་རྩྭ་ཐང་ཡིན་ན།   

ནགས་ཀླུང་དང་གཙང་ཆུ་ཡི་རྩྭ་ཐང་ཡིན་ན།

སྦྲ་ནག་དང་རྟ་མཆོག་གི་རྩྭ་ཐང་ཅི་ལ་མིན།

མེས་པོ་དང་ང་ཡི་རྩྭ་ཐང་ཅི་ལ་མིན།

 

དེ་བས།    སྙིང་ཉེ་བའི་ལྷ་དང་ལྷ་མོའི་ཚོགས། 

ཡིད་ཆེས་དང་སྤོབས་པའི་བདུད་རྩི་མཆོད་བཞིན།

ང་ཚོ་མཉམ་དུ་མདུན་ནས་མདུན་དུ་བསྐྱོད།

          སེམས་ཁུངས་སུ་ཉར་ཉར་མཐར་༢༠༡༢ལོའི་ཟླ་༧པའི་ཚེ ས་༡༡ཉིན་སྨན་ཁང་དུ་ཡི་གེར་སྟར་བ་དགེའོ།

   

rl25258 | རྩོམ་ཡོངས་ཀློག་པ།(1092) | ལན་སློག(15)
ཁྰ་ཁྰའི་པར་རིས་བརྩམས་ཆོས་མྱང་བའི་ཚོར་བ།
2012-9-8 15:28:58
 

ཁྰ་ཁྰའི་པར་རིས་བརྩམས་ཆོས་མྱང་བའི་ཚོར་བ།

རྫ་རི་དང་རྫ་འདབས་ཀྱི་ཀེ་ཚེ་མེ་ཏོག

        

            

ནམ་ཡང་སེམས་པ་དང་ཉེ་རུ་བཅར་བའི་རྒྱང་རིང་གི་རྫ་ཕྲེང་སྨུག་པོ།

ཡབ་ཆེན་གྱི་ལང་ཚོ་དང་སྤོབས་པ་སྟོབས་ཀྱིས་ཁུར་མྱོང་བའི་གླུ་གཞས་དང་རླུང་རྟའི་འབྱུང་གནས།

མ་ཡུམ་གྱི་མཛེས་སྡུག་དང་རི་གླུ་རླུང་གིས་བསྐྱོད་མྱོང་སའི་དག་ཞིང་དང་རྨི་ལམ་འཁྲུངས་ས།

གནས་འདི་རུ།     ཆར་བ་ཤག་ཤག་འབབ་དུས་སེར་ཆེན་གྱིས་མགོ་ལྕོག་ལྡེམ་ས་འདི་རུ།

གནས་འདི་རུ།     ཁ་བ་ཡི་འདབ་མ་རྩེན་དུས་གངས་ལྷ་ཡི་དྲི་བསུང་ལྡང་ས་འདི་རུ།

གནས་འདི་རུ།     ཏག་ཏག་གནས་འདི་འདྲ་ཞིག་ཏུ།

ངའི་ཡབ་ཡུམ་གྱིས༌།    གནམ་གྱི་དགུ་ཚིགས་ས་ལ་དྲངས་པར་གཙང་བོ་ཞེས་བཏགས་ཏེ།

ངའི་ཡབ་ཡུམ་གྱིས།     བརྩེ་བའི་རི་མོ་ས་ལ་ཕབ་པར་སྤང་ལྗོངས་སུ་གསོལ་ཏེ།

ངའི་ཡབ་ཡུམ་གྱིས།    གནམ་གྱི་སྐར་ཚོགས་ས་ལ་བཀྲམས་པར་ནོར་ལུག་ཞེས་བོས་ནས།

མཐིང་སྨུག་སྦྲ་ནག་ཞེས་པའི་འཇིག་རྟེན་འཛོམས་ཁང་ཞིག

བུ་རབས་ཚ་རྒྱུད་ཀྱི་སྐྱིད་དུ་སྨིན་པར་བྱས།

                              

                    

ཕྱི་རིམ་ནང་རིམ་གྱིས།    སྨུག་ཀློང་ཁྲོད་སྒམ་རླིང་གིས་འགྱིང་པའི་རྫ་རིའི་འདབས་རོལ་དུ།

ཕུ་ནུ་མིང་སྲིང་གི་རྒྱང་བཞུད་ཀྱི་སྣེ་མོ་ཟིན་མ་བྱུང་པའི་ཡབ་ཡུམ་གྱི་ཕྱག་ཟུང་གིས།

དཀའ་ཚེགས་ཀྱིས་བཏབས་ཤིང་བརྣག་ཁྲག་གིས་འབུས་བར་བྱས་ཏེ།

རྔུལ་ཆུས་སྨིན་ཞིང་བརྔོ་དགོས་པའི།   སེར་ལམ་ལམ་གྱི།  

ལྟ་ན་སྡུག་པའི་ཀེ་ཚེ་མེ་ཏོག་གི་བཀྲག་མདངས།

འོད་ཆེམ་ཆེམ་གྱིས་རེ་སྨོན་དང་མཉམ་གཅིག་ཏུ་བཀྲ

ཡིད་དུ་འོང་བའི་ཀེ་ཚེ་མེ་ཏོག་གི་ཞིང་ཁ།

སྣུམ་ཤིག་ཤིག་གིས་རྫ་འདབས་དང་ཡུག་གཅིག་ཏུ་འདྲེས།

                              

གསེར་སྦྲང་གིས་མཆུ་སྒྲོས་ཡང་ཡང་སྦྱོར་སྲིད་པའི་ཀེ་ཚེ་མེ་ཏོག་གི་ཟེའུ་འབྲུ་སྙིང་རྗེ།

འཇམ་རླུང་གིས་བྱིལ་བྱིལ་ཡང་ཡང་བྱེད་ངེས་པའི་ཀེ་ཚེ་མེ་ཏོག་གི་ཞིང་ཁ་མཛེས་སྡུག

རྫ་འདབས་ཀྱི་ཁོད་ཡངས་པོའི་པང་བ་ན་བག་ལྷོད་ཀྱིས།   

སྦྲ་ཁྱིམ་གྱི་རྒྱང་བཞུད་ལ་རྣ་བ་བླགས་ནས་ཡོད་དམ།

རེ་སྒུག་གི་གཏིང་ཟབ་པའི་གཞི་མ་རུ་འཛུམ་ཤིག་གེར།

ཡབ་ཡུམ་གྱི་སྡུག་ཡུས་ལ་སེམས་གསོ་བྱེད་ཀྱིན་ཡོད་དམ།

སྨུག་པ་ལང་ལོང་ཁྲོད།   

སྟོང་འཇགས་ཀྱིས་ང་ལ་མཆུ་མ་སྦྱིན་མཁན་དེས།

ཉི་འོད་ལམ་ལམ་ཁྲོད།

མཚར་སྡུག་གིས་ང་ལ་ན་ཟུག་སྟེར་མཁན་དེས།

ངའི་མིག་གི་རྒྱལ་མོས་ངོས་སུ་གནས་ཏེ།

ངའི་སྙིང་གི་འཕར་སྒྲའི་སྟེང་དུ་འཕྱོ་ཞིང༌།

ངའི་སེམས་པའི་སྙི་ས་དེ་ལ་འཐམ།

                                        ༢༠༡༢ལོའི་ཟླ་༢པའི་ཚེས་༡ཉིན་གྱི་ཕྱི་དྲོ་རང་ཁྱིམ་དུ།

པར་བ།   ཁྰ་ཁྰ།

rl25258 | རྩོམ་ཡོངས་ཀློག་པ།(884) | ལན་སློག(8)
གྱེས་སུ་མེད་པའི་རྒྱབ་གཟུགས།
2012-9-3 11:20:43
 

གྱེས་སུ་མེད་པའི་རྒྱབ་གཟུགས།

               

རྒྱབ་གཟུགས་ཤིག་རྒྱང་ནས་རྒྱང་དུ་གྱེས།

གོམ་སྒྲ་ཐོས་རྒྱུ་མི་འདུག

སྙིང་ཁུང་ནས་འཐེན་པའི་རྐང་རྗེས་ཟབ་མོ།

ལུང་མཐིལ་ནས་ཡར་འཕགས་པའི་སྨུག་པ་ཐན་ཐུན་བཞིན།

ངའི་རེ་སྒུག་ཁྲོད་བཙན་གྱིས་རྒྱང་དུ་གྱེས།

རྒྱབ་གཟུགས་ཨ།

ངའི་ལུས་ངག་ཡིད་གསུམ་ཁྲོད་ཡུན་རིང་འཁོར་ཞིང་སྐྱོད་པའི་རླུང་རྟ་ཨང༌།

ངས་གློ་སྙིང་མཆིན་གསུམ་ཕྱི་ནང་མེད་པར་དྲག་ཏུ་གློན་སའི་སེམས་རྟེན་ཨང༌།

ངུ་ངག་དང་མཆི་མ་མེད་པའི་བར་དོ་ནས།

ཁྱོད་རང་གྱེས་འགྲོ་པའི་སྡུག་བསྔལ་དང་ན་ཟུག་ང་ཁོ་ནར་གསལ།

ཁང་ཆུང་ལ་སྒེའུ་ཁུང་མེད་དུས།    

སྒྲོན་མེས་ཀྱང་འཇིགས་སྣང་རུམ་འདུག

སྔས་གཞི་རུ་སྨྲེང་སྐྱོ་བསྐྱིལ་ནས་ཉིད་འོད་ལ་ཡིད་ཐང་ཆད་ཀྱང༌།

གྱེས་ཟིན་པ་འདྲ་བའི་རྒྱབ་གཟུགས་དེ།

ངའི་དྲན་གདུང་གི་ཡལ་ག་གང་རུང་ན་མགོ་བོ་དགྱེ་དགྱེ་བྱེད།

དགོད་བྲོ་ལ་ངུ་ཡང་བྲོ་བའི་བར་སྐབས་ཤིག་ཏུ།

རྒྱབ་གཟུགས་ཨ།

ངས་རང་གི་བྲང་ཁོག་ཕྱིར་སློག་སྟེ།

དོན་ལྔ་སྣོད་དྲུག་གཡུ་བྱུར་དང་གསེར་དངུལ་གྱི་དོད་དུ་ཁྱེད་ལ་མཆོད་འདོད།

རྩིབ་མ་ལྷུ་ཚིགས་ལེགས་སྐྱེས་དང་དྲན་རྟེན་གྱི་ཚབ་དུ་ཁྱེད་ལ་འབུལ་འདོད།

འཛུམ་མདངས་གཞན་དག་ལ་འོད་ཟེར་འཕྲོ་དུས

ངའི་ཡ་ཆུང་ལ་ཙག་ཤེད་ཡང་ཡང་རྒྱག་དོན་ཅི་ཡིན།

མཚན་མོའི་སྨག་རིམ་ཁྲོད་མིག་ཟུང་མང་པོས་འཚང་ཁ་ཤིག་ཤིག་བྱེད།

ངས་སྤྱང་ཀའི་མིག་ཟུང་དང་མཛེས་སྡུག་དངོས་མ་ཞིག་ལ་ཕྱིར་དྲན་བྱེད་ཞོར།

ངས་བྲལ་ཟིན་པ་གང་མང་ཞིག་དྲན་པའི་ཁབ་སྐུད་ལ་བརྒྱུས།

ངས་ཡལ་ཟིན་པ་གང་རུང་ཞིག་སེམས་ཀྱི་ཟབ་ས་རུ་བཙལ།

ཁུ་སིམ་སིམ་གྱིས་སྐྱོ་བ་མནན་ཚར་དུས།

མཚན་གོང་གི་རྒྱུ་སྐར་ལའང་གཞི་ནས་ངལ་དུབ་བྱུང༌།

སྔར་ནས་མལ་ཟིན་པའི་ཟླ་བ་བཞིན།

རྒྱང་བཞུད་ཀྱི་རྒྱབ་གཟུགས་ཀྱིས་ཀྱང་ངལ་གསོ་དགོས་སམ།

ཉིན་སྲུབ་ཀྱི་བར་མཚམས་ནས་གཉིད་ལྕོག་རེ་རྒྱབ་སྟེ།

རྨི་ལམ་སྣ་མང་ཞིག་གློ་ཁུག་ཏུ་འཇུག་ཞོར།

ང་ས་མཐའ་གང་ཞིང་ནས་རྡོག་ཐོན་བྱུང༌།

ཁ་མལ་ན་འགུལ་དུ་མེད་པ་དེ་སྔར་བཞིན།

ངའི་སེམས་གཏིང་ནས་ནམ་ཡང་ཡལ་ཐབས་མེད་པའི་འཇའ་ཚོན་ཡུག་གཅིག་སྟེ།

གསལ་ལྷིང་ངེར་འདུག་པའི་རྒྱབ་གཟུགས་ཁོ་ནའོ།

རྒྱབ་གཟུགས་ཨ།  

དགའ་སྐྱོ་དང་རེ་བཞག་སྟོང་ཕྲག་བཅུག་པའི་རྡོག་ཁྲེས་ལྕི་མོ།

མཁའ་མཐའི་སྐར་མ་མཛོ་འདོག་བཞིན།

རེ་གསལ་རེ་མོག་གིས་གང་དུ་སྐྱོད།

rl25258 | རྩོམ་ཡོངས་ཀློག་པ།(477) | ལན་སློག(8)
བུད་མེད་རྩོམ་པ་པོ་གསོ་སྦྱོང་སྐབས་ཀྱི་སྙན་ངག་ཅིག
2012-9-1 9:47:48

ཕུ་བོ་ལ་སྤྲིངས་པའི་སེམས་འཕྲིན།

                           མཚོ།

བརྩོན་པ་དང་དཀའ་སྡུག་གིས་ཡོད་ཚད་རྒྱུན་བསྐྱངས་པའི་དུས་རིམ་ནང༌།

རེ་སྒུག་དང་གསོལ་འདེབས་ཁྲི་ཕྲག་གིས་འགུགས་མ་ཐུབ་པའི་རེ་བའི་ཚེ་སྲོག

ཡབ་ཡུམ་གྱིས་ཅིའི་ཀྱང་རྙེད་དཀའ་བའི་ནོར་བུ་ཨ།བདག་གི་ཕུ་བོ།

ཁྱེད་ལ་མེ་ཏོག་གི་བཀྲག་མདངས་ལས་བཀྲ་བའི་སྲིང་ཆུང་མ་གསུམ་ཡོད་དེ།

སྙིང་རྗེ་བོའི་ཁྱེད་ཀྱི་སྲིང་ཆུང་མ་གསུམ་པོ།ཁྱེད་རང་མེད་པས།

ལ་ལས་འདྲེ་མོ་སྤུན་གསུམ་གྱི་རྣམ་ཤེས་ཡིན་ཟེར་ནས་སྡིགས་མཛུབ་སྟོན།

ལ་ལས་ལྷ་མོ་སྤུན་གསུམ་གྱི་སྤྲུལ་བ་རེད་ཟེར་ནས་འགྲམ་ཆུ་ལྡང༌།

ཕུ་བོ་ཨ།ངེད་གསུམ་པོ།ཉམ་ཆུང་གི་སྲིང་ཆུང་མ་ངེད་གསུམ་པོ།

འདྲེ་མོ་སྤུན་གསུམ་ཡིན་ཆོག་ལ་ལྷ་མོ་སྤུན་གསུམ་ཡིན་ཀྱང་རུང་མོད།

ལྗང་མྱུག་འབུས་ཏེ་མ་ཡུམ་གྱི་ངལ་དུབ་ལ་ལག་བརྡ་གཏོང་དུས།

སྙེ་རླབས་གཡོ་བཞིན་ཕ་ཡབ་ཀྱི་རྒ་བ་ལ་དྲག་གནོན་བྱེད་དུས།

ཡབ་ཡུམ་གྱི་ཉམ་ཐག་གིས་སྡུག་ལ་སྦྱར་བའི་ངེད་གསུམ་པོ།

མི་ཕོ་དག་གི་ཁ་ཆུས་མ་གོས་པར།

ཡབ་ཡུམ་གྱི་སོས་དལ་ཁུགས་ནས།

ཁྱེད་ཀྱི་དཔུང་རྩ་རུ་ང་རྒྱལ་གྱིས་འགྲེང་འདོད་ཅི་འདྲའི་ཆེ་ཨང༌།ཕུ་བོ།

མ་ཡུམ་གྱིས་ནམ་ཡང༌།ནམ་ཡང་ཁུ་སིམ་མེར།

མགོ་བོ་སྒུར་ཏེ་རང་གི་ནག་ཉེས་ཡང་ཡང་བགྲངས།

སྡུག་ཡུས་མེད་ལ་མིག་ཆུ་འང་སྐམ་པའི་ལོ་ཟླའི་ནང༌།

ཏག་ཏག་ཁྱེད་རང་མེད་པས།

ཁྱིམ་གཞི་ཆེན་པོའི་མི་རབས་དག་བདེ་བའི་གཉིད་ལ་རོལ་དུས།

མ་ཡུམ་ཁོ་ན་མཚན་སྨག་ཐུ་བར་ཅུ་མཁན་དེ་ཡིན་ལ།

མ་ཡུམ་ཁོ་ན་སྐར་མ་ཟོ་བར་འཁུར་མཁན་དེའང་ཡིན།

ཕ་ཡབ་ལགས་ཅིའི་ཕྱིར།མི་ཚོགས་ཀྱི་གྲོས་སུ་ཡང་ཡང་ཕྱིར་བཀྱེད་དགོས་སོང༌།

ཕ་ཡབ་ལགས་ཅིའི་ཕྱིར།ཡིད་ཆད་ཀྱིས་ཆང་ཁར་ཡང་ཡང་འགྱེལ་དགོས་སོང༌།

རེད་ཨང༌།ཏག་ཏག་སེམས་ཀྱི་ཀ་བ་བཞིན་གྱི་ཕུ་བོ་ཁྱེད་རང་མེད་པས།

ཕ་ཡབ་ཀྱི་དུ་བ་རྔམ་འཐེན་གྱི་སྨུག་ཀློང་ཁྲོད་ན།

མ་ཡུམ་གྱིས་བསམ་གཞིགས་ཀྱི་གླེགས་བམ་ཤུགས་ཀྱིས་མྱུལ་ཞིང༌།

སེམས་པ་དང་ལང་ཚོ་ཡུན་གྱིས་ཤོར།

ཕུ་བོ་ལགས།

བདག་གིས་ལུས་ངག་ཡིད་གསུམ་སྙིམ་པ་རུ་བཞག་ཏེ་ངུ་ངག་གིས་བོས་མྱོང་བའི།

བདག་གི་དྲི་མེད་ཀྱི་ཕུ་བོ་ལགས།

བདག་གི་རྟག་བརྟན་གྱི་ཕུ་བོ་ལགས།

དཔྱིད་ཀར་ཡང་གངས་ཆག་ལྷུང་ནས་བུ་ཡུག་གིས་མིག་ཟུང་སྒྲིབ་དུས།

ངའི་ཡིད་ལ་ཡང་ཡང་འཁོར་བ་དེ་ནི།

དབྱར་ཟླ་དྲུག་པའི་མེ་ཏོག་སེར་བས་གཏོར་ཚུལ་རེད།

སྟོན་ཟླ་བརྒྱད་པའི་འབྲུ་དྲུག་སད་གྱིས་འཇོམས་ཚུལ་རེད།

ས་སྲོད་ཀྱི་དུས་འདིར།

ཡ་ཆུང་སྨྲེང་སྐྱོས་ཟས་ཚར་བའི་ས་སྲོད་ཀྱི་དུས་འདིར།

ཕུ་བོ།ངས་ཁྱེད་ལ།

ཤིང་ཁང་གྲུ་བཞིའི་ཉྭ་རྐང་ཆག་ཚུལ་མི་གླེང༌།

ལྷས་ར་ཡངས་པོ་རྡུལ་གྱིས་མནན་ཚུལ་མི་བཤད༌།

དཀར་ཡོལ་འབྲུག་རིས་གས་ཆག་ཤོར་ཚུལ་མི་བརྗོད།

སྦྲང་དཀར་རྩམ་པ་རླུང་ལ་སྤུར་ཚུལ་མི་སྨྲ།

ཕུ་བོ།ཕུ་བོ།ཁྱེད་ཀྱིས་ཅིའི་ཀྱང་མཁྱེན་སྲིད།

གཞེས་ཁྱིམ་ན་ཀ་བ་མེད་དུས་ང་ཚོའི་རྨི་ལམ་ལ་དྲོད་ཁོལ་མི་འདུག

མཆོད་སྟེགས་ན་མར་མེ་མེད་དུས་ང་ཚོ་གློག་འོད་ལ་ཡིད་ཆེས་མི་འདུག

ལྷ་བསང་ལ་དུང་འབུད་མེད་དུས་ང་ཚོའི་རྣམ་ཤེས་ལ་བརྟེན་ས་མི་འདུག

ནམ་རྒྱུན་ཉི་མ་མགྱོགས་པོར་ཡལ་འགྲོར་དོགས་པའི་སྔངས་སྐྲག་གིས

ང་ཡི་རབ་རིབ་ཀྱི་མིག་ཟུང་ལས་མཆི་མ་ཤམ་ཤམ་དུ་བཞུར་ཡོང༌།

ཕུ་བོ།སང་ཞོགས་ཀྱི་ཉི་ཤར་ལ་ད་དུང་རྒྱང་ཐག་ག་ཙམ་ཡོད།

ཕུ་བོ་ལགས།ཁྱེད་ཀྱིས་མཁྱེན་ངེས་སམ།

འུ་ཚང་གི་ཐབ་ཚང་སྐྱུར་དུས་ཐལ་སྐྱ་ཡིས་འོ་དོད་བྱས་སོང༌།

འུ་ཚང་གི་ཀླུ་སྡོང་བསྒྱེལ་དུས་རྨ་ཁ་རུ་འོ་མ་བརྡོལ་སོང༌།

ད་དུང༌།ད་དུང༌།

འུ་ཚང་གི་མཛོ་མོ་ཁྲིད་དུས་རེ་ཆད་ཀྱི་ངུར་དབྱངས་བསྒྲོགས་སོང༌།

ཕུ་བོ།དེ་དུས་ནུ་ཞོ་འཛོམས་པའི་ཁོ་མོའི་ཁ་རུ།

ད་ལྟ་དུང་སོ་མུ་ཏིག་ཙམ་ཡང་མེད་ཡ།

རེད་ཨང༌།ཕུན་ཚོགས་དང་ལོངས་སྤྱོད་ཀྱི་འདུ་འགོད་འཁྲིགས་དུས།

མི་ཡུལ་ལ་ཁ་དོག་སྣོན་ཐུབ་མ་སོང་བ་དེ།

ཏག་ཏག་གངས་རིའི་དབུ་རྩེ་དང་ཁ་བཏགས་དཀར་པོ་རེད།

བྱ་འདབ་ཀྱི་ཕུག་རོན་ཡང་དཀྲོག་ཤུལ་ན།

ང་ཚོ་ལ་ཅི་ཡང་ལུས་མི་འདུགདངོས་ནས་ཅི་ཡང་ལུས་མི་འདུག

ཕ་ཤུལ་བུ་ཡིས་འཛིན་རྒྱུ་དེ་ཁྱེད་ཀྱི་འགན་ཁུར་རེད་ཡ་ཕུ་བོ།

གཞི་བདག་མཆོད་ཀྱིས་དགུག་རྒྱུ་དེ་ཁྱོད་ཀྱི་མཐུ་ནུས་རེད་ཡ་བུ་རྒོད།

ཁྱིམ་གཞི་སྲོག་གིས་འདེགས་པ་དེ་ཁྱེད་ཀྱི་གཟི་བརྗིད་རེད་ཡ་གྱེད་མི།

ཕུ་བོ།བདག་གི་སེམས་བརྟེན།ང་ཡི་སྨྲེ་ངག་གིས།

ཁྱེད་ལ་མཆི་མ་ལུད་ཀྱིན་ཡོད་དམ།

ཡིན་ཡང་ཕུ་བོ།བདག་གི་སྡོངས་གྲོགས།ཡིད་མ་སྐྱོ་དང༌།

ཆུ་མིག་སྐམ་ཞིང་བདག་པོ་མེད་པའི་གྲམ་གཞུང་ཞིག་ན།

ཁྱེད་ཀྱི་སྲིང་ཆུང་མ་ཚོ་རྩྭ་ལྗང་ཉག་གསུམ་དུ་སྐྱེས་ཡོད།

ཟིལ་ཐིགས་རྡོག་གཅིག་ཡིན་རུང་རྩ་བ་རུ་ཉར་ནས།

རྩྭ་འབྲུ་རྡོག་གཅིག་ཡིན་ཀྱང་སྤྱི་གཙུག་ཏུ་ཁུར་ཏེ།

སང་ལོའི་སང་ལོ་ཞིག་ལ་རྩྭ་ཐང་ཡངས་པོ་ཞིག་གི་རྨི་ལམ་རྨི་བཞིན་ཡོད།

དེ་དུས།ང་ཚོས་མཉམ་དུ་ལྷ་བསང་གཏོང༌།

ང་ཚོ་མཉམ་དུ་སྒོར་བྲོ་ཁྲབ།

ཕུ་བོ།ཕུ་བོ།ཕུ་བོ།

                  ༢༠༡༢ལོའི་ཟླ་༨པའི་ཚེས་༡༠ཉིན་ཁྲི་ཀ་རུ་བུད་མེད་རྩོམ་པ་པོ་གསོ་སྦྱོང་བྱེད་སྐབས་ཀྱི་ནངས་མོའི་དུས་ཚོད་༢དང་སྐར་མ་དྲུག་གི་སྟེང་ཉལ་ཁང་དུ་མཇུག་བསྡུས་པ་དགེའོ།

 

rl25258 | རྩོམ་ཡོངས་ཀློག་པ།(495) | ལན་སློག(8)
འུ་གཉིས་ནི་ཁྱི་དང་ཁྱི་མོ་ཆ་གཅིག་ཡིན།
2012-7-23 19:56:32

 འུ་གཉིས་ནི་ཁྱི་དང་ཁྱི་མོ་ཆ་གཅིག་ཡིན།

 

གཞན་གྱི་བཀོད་སྒྲིག་རྒྱབ་པའི་མཚན་མོ་སྒོར་སྒོར་དཀྱིལ་གྱི་མལ་ཁྲི་གྲུ་བཞིའི་སྟེང

སྙིང་ཉེ་བའི་ཁྭ་ཏའི་ཚོགས་ཀྱིས་གྲུ་ཟུར་མེད་པའི་རྨི་ལམ་འཇོང་ནར་རྨི

སྒྲིག་གཞི་མ་ངེས་པའི་རྩེད་ར་ཡངས་པོ་བཟོ

ཕྱི་རོལ་ན    མཚན་མོའི་འཇིག་ཉེན་གྱི་འཇབ་རྒོལ་ལ་ཟུག་པའི

ཁྱི་ཁྱི་མོ་གཉིས་ཀྱི་ཆ་མི་སྙོམས་པའི་ཟུག་སྐད་ཀྱི་སྒྲ་དབྱངས་བཞུར

 

ཁོ་བོའི་བྲང་གཞོང་ནི་མྱ་ངམ་ཐང་ཆེན་ཡིན་ཀྱང་ཆོག

ཁོ་མོའི་འགྲམ་པ་ནི་བྲག་དམར་གཡང་གཟར་ཡིན་ཀྱང་རུང

གང་ལྟར   ཁོ་དང་ཁོ་མོ་གཉིས་ཀྱི་སྙིང་གི་འཕར་སྒྲ་རུ  

མཚན་རླུང་དང་རྡུལ་འཚུབ་འགོག་པའི

ཁྱི་ཁྱི་མོ་གཉིས་ཀྱི་ཟུག་སྐད་ཀྱི་སྒྲ་དབྱངས་སིམ་པས

ཁོ་བོའི་མྱ་ངམ་ཐང་ཆེན་ལྟ་བུའི་བྲང་གཞུང་རུ་དྭངས་གཙང་གི་ཆུ་མིག་འཛུམ་སྲིད

ཁོ་མོའི་བྲག་དམར་གཡང་གཟར་ལྟ་བུའི་འགྲམ་ཀོང་དུ་མཛེས་སྡུག་གི་མེ་ཏོག་བཞད་སྲིད

 

འཚང་ཁ་ཤིག་ཤིག་གི་རྨི་ལམ་དང་འདོད་འདུན་སྲུང་བའི་ཁྱི་ཁྱི་མོ་ཆ་གཅིག་བཞིན

ང་ཚོས་ཚ་གདུག་གི་བྱེ་ཐང་ལ་གློ་མཆིན་གླན་རྗེས

ཁོག་པ་རུ་བྱེ་རྡུལ་བླུགས་མ་མྱོང

ང་ཚོས་རླུང་བུ་ལ་འཇམ་ཤ་གླན་ཀྱང

ཆར་ཆུའི་ཐིགས་པ་མནོག་མི་སྲིད    ཡིན་ནའང

ང་ཚོས་ཀྱང་ཉིན་དཀར་གྱི་བྲལ་འཚུབ་ལ་ལྷོད་མེད་ཀྱི་འགྲོས་ཚད་སྣོན

མཚན་མོའི་ལྷིང་འཇགས་ལ་དོགས་ཟོན་གྱི་བྲལ་ཤ་སྟེར

 

ནམ་ཞིག་གི་ཚེ    ང་ཚོའང་མགོ་བོ་ཕན་ཚུན་ལ་བསྙེས་ཏེ

འཛུམ་བག་གིས་གཉིད་ལྕོག་རྒྱག་པའི་ཁྱི་ཁྱི་མོ་ཆ་གཅིག་བཞིན

མཉམ་དུ་བདེ་སྐྱིད་ཀྱིས་ཆང་རག་དང་མངར་ཟས་སྔས་སུ་བྱས་ནས

སྲིང་བལ་ལྟ་བུའི་རྨི་ལམ་སབ་སོབ་ཅིག   ཞེ་ལྷོད་ལྷོད་ཀྱིས་རྨི་ཡ

rl25258 | རྩོམ་ཡོངས་ཀློག་པ།(1615) | ལན་སློག(24)
གྱེས་སུ་མེད་པའི་རྒྱབ་གཟུགས།
2012-7-15 20:18:19
 

གྱེས་སུ་མེད་པའི་རྒྱབ་གཟུགས།

                 མཚོ།

རྒྱབ་གཟུགས་ཤིག་རྒྱང་ནས་རྒྱང་དུ་གྱེས།

གོམ་སྒྲ་ཐོས་རྒྱུ་མི་འདུག

སྙིང་ཁོང་ནས་འཐེན་པའི་རྐང་རྗེས་ཟབ་མོ།

ལུང་མཐིལ་ནས་ཡར་འཕགས་པའི་སྨུག་པ་ཐན་ཐུན་བཞིན།

ངའི་རེ་སྒུག་ཁྲོད་བཙན་གྱིས་རྒྱང་དུ་གྱེས།

རྒྱབ་གཟུགས་ཨ།

ངའི་ལུས་ངག་ཡིད་གསུམ་ཁྲོད་ཡུན་རིང་འཁོར་ཞིང་སྐྱོད་པའི་རླུང་རྟ་ཨང༌།

ངས་གློ་སྙིང་མཆིན་གསུམ་ཕྱི་ནང་མེད་པར་དྲག་ཏུ་གླན་སའི་སེམས་རྟེན་ཨང༌།

ངུ་ངག་དང་མཆི་མ་མེད་པའི་བར་དོ་ནས།

ཁྱོད་རང་གྱེས་འགྲོ་པའི་སྡུག་བསྔལ་དང་ན་ཟུག་ང་ཁོ་ནར་གསལ།

ཁང་ཆུང་ལ་སྒེའུ་ཁུང་མེད་དུས།    

སྒྲོན་མེས་ཀྱང་འཇིགས་སྣང་རུམ་འདུག

སྔས་གཞི་རུ་སྨྲེང་སྐྱོ་བསྐྱིལ་ནས་ཉིད་འོད་ལ་ཡིད་ཐང་ཆད་ཀྱང༌།

གྱེས་ཟིན་པ་འདྲ་བའི་རྒྱབ་གཟུགས་དེ།

ངའི་དྲན་གདུང་གི་ཡལ་ག་གང་རུང་ན་མགོ་བོ་དགྱེ་དགྱེ་བྱེད།

དགོད་བྲོ་ལ་ངུ་ཡང་བྲོ་བའི་བར་སྐབས་ཤིག་ཏུ།

རྒྱབ་གཟུགས་ཨ།

ངས་རང་གི་བྲང་ཁོག་ཕྱིར་སློག་སྟེ།

དོན་ལྔ་སྣོད་དྲུག་གཡུ་བྱུར་དང་གསེར་དངུལ་གྱི་དོད་དུ་ཁྱེད་ལ་མཆོད་འདོད།

རྩིབ་མ་ལྷུ་ཚིགས་ལེགས་སྐྱེས་དང་དྲན་རྟེན་གྱི་ཚབ་དུ་ཁྱེད་ལ་འབུལ་འདོད།

འཛུམ་མདངས་གཞན་དག་ལ་འོད་ཟེར་འཕྲོ་དུས།

ངའི་ཡ་ཆུང་ལ་ཙག་ཤེད་ཡང་ཡང་རྒྱག་དོན་ཅི་ཡིན།

མཚན་མོའི་སྨག་རིམ་ཁྲོད་མིག་ཟུང་མང་པོས་འཚང་ཁ་ཤིག་ཤིག་བྱེད།

ངས་སྤྱང་ཀིའི་མིག་ཟུང་དང་མཛེས་སྡུག་དངོས་མ་ཞིག་ལ་ཕྱིར་དྲན་བྱེད་ཞོར།

ངས་བྲལ་ཟིན་པ་གང་མང་ཞིག་དྲན་པའི་ཁབ་སྐུད་ལ་བརྒྱུས།

ངས་ཡལ་ཟིན་པ་གང་རུང་ཞིག་སེམས་ཀྱི་ཟབ་ས་རུ་བཙལ།

ཁུ་སིམ་སིམ་གྱིས་སྐྱོ་བ་མནན་ཚར་དུས།

མཚན་གོང་གི་རྒྱུ་སྐར་ལའང་གཞི་ནས་ངལ་དུབ་བྱུང༌།

སྔར་ནས་མལ་ཟིན་པའི་ཟླ་བ་བཞིན།

རྒྱང་བཞུད་ཀྱི་རྒྱབ་གཟུགས་ཀྱིས་ཀྱང་ངལ་གསོ་དགོས་སམ།

ཉིན་སྲུབ་ཀྱི་བར་མཚམས་ནས་གཉིད་ལྕོག་རེ་རྒྱབ་སྟེ།

རྨི་ལམ་སྣ་མང་ཞིག་གློ་ཁུག་ཏུ་འཇུག་ཞོར།

ང་ས་མཐའ་གང་ཞིང་ནས་རྡོག་ཐོན་བྱུང༌།

ཁ་མལ་ན་འགུལ་དུ་མེད་པ་དེ་སྔར་བཞིན།

ངའི་སེམས་གཏིང་ནས་ནམ་ཡང་ཡལ་ཐབས་མེད་པའི་འཇའ་ཚོན་ཡུག་གཅིག་སྟེ།

གསལ་ལྷང་ངེར་འདུག་པའི་རྒྱབ་གཟུགས་ཁོ་ནའོ།།

རྒྱབ་གཟུགས་ཨ།  

དགའ་སྐྱོ་དང་རེ་བཞག་སྟོང་ཕྲག་བཅུག་པའི་རྡོག་ཁྲེས་ལྕི་མོ།

མཁའ་མཐའི་སྐར་མ་མཛོ་འདོག་བཞིན།

རེ་གསལ་རེ་མོག་གིས་གང་དུ་སྐྱོད།

         སེམས་ཁོང་ཏུ་ཉར་ཉར་མཐར་༢༠༡༢ལོའི་ཟླ་༧པའི་ཚེས་༡༡ཉིན་སྨན་ཁང་དུ་ཡི་གེར་ཕབ་པ་དགེའོ།།

rl25258 | རྩོམ་ཡོངས་ཀློག་པ།(619) | ལན་སློག(6)
ངའི་གཅེས་ཕྲུག་ཚོ་དང་ཁོ་ཚོའི་རྨི་ལམ་གླེང་བ།
2012-6-11 10:31:25
 

གཅེས་ཕྲུག་ཚོ་དང་རྨི་ལམ།

                 དྲུག་གཅིག་བྱིས་པའི་དུས་ཆེན་ལ་བྱིས་པ་ཚོ་བསམ་པའི་ཟིན་ཐོ།

                    མཚོ།

ཁྱོད་ཚོ་བསམ་ཞིང་གླེང་ཐེངས་རེར།

ང་རང་སླར་ཡང་།   བྱམས་དུངས་དུངས་ཀྱིས།

ཁྲ་ལམ་ལམ་གྱི་སྐར་ཚོགས་ཁྲོད་དའ་མ་ཐུབ།

ཁྱོད་ཚོར་དུངས་ཤིང་དྲན་ཐེངས་རེར །

ང་རང་སྔར་བཞིན་སྤྲོ་བསང་བསང་གིས།

ལྗང་ནེམ་ནེམ་གྱི་རྩྭ་ཐང་ལས་བརྒལ་མ་ཐུབ།

ཁྱོད་ཚོར་ཆགས་ཤིང་འཁྲེང་དུས་སུ།

ང་རང་ད་དུང་སྙིང་ཉེ་ཉེ་ངང་།

ཁྲ་མ་མེའི་མེ་ཏོག་གི་གང་བུ་ལ་བྲལ་མ་ཐུབ།

མཚན་གུང་གི་སྐར་མ་ཁྲི་འབུམ་ཁྲོད།

ངའི་རྨི་ལམ་འཁུར་བའི་བྱིས་པ་ཚོ་འོད་ལམ་ལམ་བྱེད།

དབྱར་དྲུག་པའི་རྩྭ་ཐང་གི་པང་བ་རུ།

ངའི་ཕྱེ་ལེབ་བཞིན་གྱི་བྱིས་པ་ཚོ་བྲེལ་འཚུབ་ཀྱིས་ཡང་ཡང་འཕུར།

ནངས་ཞོགས་པའི་ཉི་ཟེར་ལམ་ལམ་ཁྲོད།

ངའི་མེ་ཏོག་བཞིན་གྱི་བྱིས་པ་ཚོའི་གང་བུ་ཤིག་ཤིག་འགུལ།

དངོས་ནས་ཁྱོད་ཚོ་བསམ་ཞིང་གླེང་ཐེངས་རེར།

རྙིང་དྲག་པ་འདྲ་བའི་ཐ་སྙད་ལ་སྔར་བཞིན་གསོན་ཤུགས་རྒྱས།

ནམ་ཡང་།  ངའི་ཡ་ཆུང་ན་ལྷོག་ལྷོག་གདུ་བའི་རེ་སྨོན་ཁྲི་ཕྲག་གི་དྭངས་མ་ཨ།

                                  

ད་ནི།   ཞོགས་པ་རེ་རེར།

ཁྱི་གུ་རྒྱ་བོ་ལ་སེམས་པ་འཁྲེང་མི་དགོས་ལ།

རྩམ་ཆང་རེ་ཁ་རུ་འཇུག་ཞོར།

ཟིལ་བ་ཁྲོམ་ཁྲོམ་འཁུར་བའི་རྩྭ་ལྗང་ལ་ཅོའང་འདྲི་མི་དགོས།

ཨ་མས་རེ་སྨོན་དང་མཉམ་དུ་བཙེམས་པའི་དཔེ་ཁུག་ཟད་པོ།

རུ་འདབས་ཀྱི་གྲུ་ཟུར་གང་ཞིག་ན་གཉིད་དུ་ཡུར་ཡོད་མེད་དེའང་།

ཁྱོད་ཀྱི་འདང་རྒྱ་གི་ཁྱབ་ཁུང་ཆུང་ངུ་རུ་ཆུད་མི་སྲིད།

ད་ནི།   ཞོགས་པ་རེར།

འཚུ་ལོང་གིས་མལ་ལས་ལྡིང་དུས།

ཁྱོད་ཀྱི་དགྲ་བོ་ངོ་མ་དེ།  ཁ་སང་འཛིང་རེས་བྱས་པའི་སློབ་གྲོགས་དེ་ཡིན་མི་སྲིད།

མ་མཐའ་ཡང་།   རྨི་ལམ་བདས་པའི་དྲིལ་ཆུང་དེ་ལས་སྙིང་ན་བ་ཞིག་ཡིན་མི་སྲིད།

བུ་ཆུང་རེ་རེ།  བུ་མོ་རེ་རེ།

ཕ་མ་རེ་རེའི་རྨི་ལམ་དང་མཉམ་དུ་འཁོར་ཡོང་བའི་རེ་སྨོན་རེ་རེ།

རྡོག་སྒྲ་གཉོམ་པོའི་བར་གསེང་གང་རུང་ནས།

ཞོགས་པའི་ན་བུན་དང་འགྲོགས་ཏེ་མཁའ་རུ་འཕགས།

ཕུགས་བསམ་ཆུང་ཆུང་རྨི་ལམ་ཐུང་ངུ་རུ་ཉར་བའི་གཅེས་ཕྲུག་ཚོ།

ཁོད་ཡངས་པའི་རྩལ་སྦྱོང་ར་བའི་རྩྭ་ལྗང་གང་རུང་གི་འདབ་མའི་སྟེང་།

ཉམ་ཆུང་གིས་འདར་ཙམ་འདར་ཙམ་བྱེད་པའི།

གཉིད་མ་སད་ཀྱི་ཟིལ་ཁྲོམ་རྡོག་པོ་རེ།                               

  

ནམ་ཞིག་ནས།    ཁྱོད་ཀྱིས་ནག་རིལ་རིལ་གྱི་མིག་ཟུང་ཞིག

རེ་འབྲས་ཀྱི་ས་བོན་བཞིན་སེམས་ཀྱི་ཟབ་སར་སྦས།   

སེམས་ཀྱི་ཟབ་ས་དེ་རུ་ཡུན་གྱིས་ལྗང་མྱུག་འབུས་ཤིང་གཉོམ་ལག་ཆེ་རུ་རྒྱས་དུས།

ཁྱོད་ཀྱིས་སྤྲོ་སྣང་ཞེས་པ་དོན་དམ་ཇི་འདྲ་ཞིག་ཡིན་པ་གཞི་ནས་རྟོགས་ཤིང་།

སློང་སྦྱོང་གི་འདུན་པ་ཞེས་པ་དེ འང་ཡོད་སྲིད་པ་ཞིག་ཡིན་པ་དངོས་སུ་ཚོར་སོང་།

ཁྱོད་ཀྱིས་རྟག་ཏུ་དེ་ལྟར་འདོད།

སློབ་གྲོགས་ཚོས་བཟའ་ཚོ་ཞེས་ཟུར་ཟའི་མདའ་མོས་ཁྱོད་རང་མ་རྨས་གོང་།  

དགེ་རྒན་གྱིས་ངོ་ཚ་ཞེས་སྐྱོན་བརྗོད་ཀྱི་རལ་གྲིས་ཁྱོད་རང་མ་འཇོམས་གོང་།

ཁྱོད་ཀྱིས་དངོས་ནས་རྟག་ཏུ་དེ་ལྟར་འདོད།

དབྱར་ཟླ་དྲུག་པ།   

རྩྭ་ལྗང་གི་དུས་ཚིགས།   མེ་ཏོག་གི་དུས་ཚིགས།

ད་དུང་ཕྱེ་ལེབ་དང་སྦྲང་ཆུང་གི་དུས་ཚིགས།

ངལ་དུབ་དང་སྐྱོ་སུན་གྱིས་མཉེད་ཀྱིན་པ་དེ།

ནམ་ནམ་བྲོས་འགྲོ་བའི་ཁྱོད་ཀྱི་སེམས་པ་སྟེ།

རྩྭ་ལྗང་གི་ཁུགས་ན།   མེ་ཏོག་གི་ཚལ་ན།

ད་དུང་ཕྱེ་ལེབ་དང་སྦྲང་ཆུང་གི་གཤོག་ཐོག་ན།

ཨ་ཨ་་་་་་ ཕ་ཡུལ་།   ཨ་ཨ་་་་་རྩེད་གྲོགས།

དབྱར་ཟླ་དྲུག་པ།

ཉི་མའི་དུས་ཚིགས།   ཆར་བ་ཡི་དུས་ཚིགས།

ད་དུང་ཟིང་ཟིང་བྲེལ་འཚུབ་ཀྱི་དུས་ཚིགས།

དུས་ཚིགས་འདི་ལ།   ཁྱོད་ཀྱི་འཇིག་རྟེན་ཆུང་ཆུང་དུ།

རྟག་ཏུ་གཉིད་གླུ་ཡང་ཡང་གྱེར་མཁན་དེ་ང་ཡིན་པས།

ནམ་རྒྱུན་གཉིད་ལྕོག་ཡང་ཡང་རྒྱག་མཁན་དེ་ཁྱོད་ཅི་ལ་མིན།

ཁྱོད་ཀྱིས་བློ་རིག་སྒྲིམ་དུས་ནི། ཆར་བ་ཤག་ཤག་འབབ་དུས་ཡིན་ཅིང་།

ཁྱོད་ཀྱིས་རྨི་ལམ་རྨི་དུས་ནི།   ཏག་ཏག་ཕུགས་བསམ་རྩོམ་དུས་ཡིན་སྲིད་ན།

ཁྱོད་རང་གཉིད་ལས་བསླངས་པ་དེ་ནི་ནོར་འཁྲུལ་ཉག་ཅིག་ཏུ་ཟད་པས།

གཅེས་ཕྲུག       མུ་མཐུད་མིག་ཟུང་ཚུམས་ལ་རྨི་ལམ་རྨིས་ཨང་།

ཆུང་བྱིས་པ།   ཁྱད་མཚར་དང་སྤྲོ་དགའ་འཚོ་བའི་ལྷ་ཕྲུག

སྤྲིན་པ་དང་འཇའ་ཚོན་ཞོན་རྟ་རུ་འདོད་པའི་གཅེས་ཕྲུག

ཆུང་བྱིས་དུས། རྨི་ལམ་དང་སྟོང་འདང་གིས་ཕྱུགས་པའི་དུས་ཡུན།

བྱེའུ་ཆུང་དང་མཉམ་དུ་འུར་ཆི་ལེར་འགྲོ་བའི་བག་ཡངས་ཀྱི་བྱིས་དུས།

མི་ཚེའི་ནང་ཡུན་ཐུང་བའི་བདེ་སྐྱིད་ཀྱི་བགོ་སྐལ་འདི།

མི་ཚེའི་ཁྲོད་ཆེས་རིན་བྲལ་གྱི་ཐོབ་ཆ་ཆེན་པོ་འདི།

ཁྱོད་ཚོའི་མི་ཚེ་ཧྲིལ་བོའི་ཕུགས་བསམ་གྱི་སྟོན་འབྲས་སྨིན་སའི་གཤིན་ས་ཡིན་པ།     

ང་ཚོའི་ཡིད་ཆེས་དང་རེ་སྨོན་ཡོངས་སུ་བཅོལ་ཆོག་པའི་ལྷད་མེད་ཀྱི་ནོར་བུ་ཡིན་པ། 

ང་ཚོས་ཅིས་ཀྱང་ཤེས་དགོས་ཨང་།

rl25258 | རྩོམ་ཡོངས་ཀློག་པ།(703) | ལན་སློག(9)
མུ་ཆད་པའི་སེམས་ཀྱི་རི་མོ།
2012-5-31 7:03:16
 

མུ་ཆད་པའི་སེམས་ཀྱི་རི་མོ།

                               མཚོ།

                             

བརྩེ་བ་དང་ལྷག་བསམ་གྱི་མར་ལོས་གཏམས་པའི་ཡ་ཆུང་གི་མར་མེ་གཉོམ་པོ།

རེ་གསལ་རེ་མོག་གིས་ལྷབ་ལྷུབ་གཡོ་བ་རྒྱུན་ལྡན་དུ་གྱུར་ཡོད་ཀྱང༌།

རེག་མི་བཏུབ་པའི་རྒྱ་སེ་རྐང་གཅིག་མཚར་མཚར་གྱིས་ཁྱེད་ཀྱི་འཛུམ་ཀོང་ལས་བཞད་ཡོང་དུས།

ཁྱེད་ནི་ཏག་ཏགངའི་འོད་སྣང་གི་ཚེ་སྲོག་སྲིང་མཁན་གྱི་སྐྱབས་མགོན་གང་ཞིག་གམ།

ཡང་ན།རྣ་བའི་བུ་རམ་དུ་བྱས་ཆོག་པ་ཅི་ཞིག

མིག་གི་ལྟད་མོ་རུ་མངོན་ཡོང་བ་སུ་ཞིག

སེམས་ཀྱི་ཉན་ས་རུ་ལྷགས་བྱུང་བ་གང་ཞིག་

ད་ནི་ངའི་འཇིག་རྟེན་གྱི་དཔྱིད་དུ་ཚེས་ཏེ།ངའི་འཚོ་བ་ཡི་ཟབ་སར་འཐིམས།

                                 

རྨི་ལམ་དང་སེམས་ལྗོངས་སྣུམ་པོ་ཞིག་ནས་ལམ་དུ་ཆས་པའི་ཆོད་སེམས་དམ་པོ།

ལོ་མ་དམར་བོ་ལིང་ལོང་གི་འདུ་འགོད་འཁྲུག་ས་ནས་རྒྱང་རིང་གི་གནམ་མཐར་ཕྱོགས།

གངས་རིའི་མུ་ཁྱུད་ཀྱིས་གཅོད་དུ་མེད་པའི་སེམས་པའི་སྦྲེལ་མཐུད་ཀྱི་ཁ་བཏགས་དཀར་པོ།

འཚོ་བའི་རྟིང་རྡོ་མཐིལ་ནས་བཀོག་ཅིང་ཞེན་ཆགས་ཐ་དག

གནམ་ལ་འཕྱར་བའི་སྤོབས་པས་བཏགས་ཏེ།

ང་ཡོང་གིན་ཡོད།ཁ་སྐྱུར་གྱི་མཆུ་མ་སྙིང་ཁ་ནས་འཕོ་བཞིན།

ངའི་གཉོམ་དུང་དུང་གི་བརྩེ་བ་དམར་པོ་འདི།

ཆུ་བོ་གང་གའི་ཟིལ་ཤུགས་དང་མཉམ་དུ་ཡང་ཡང་མཆོད་ཀྱིན།

ང་ཡོང་གིན་ཡོད།

                                  

ཁྱེད་ཀྱི་སེམས་ཁུངས་སུ་དྭངས་ཐབས་མེད་པའི་སྨུག་པ་ཐུན་ཐུན།

ཁ་ཆར་འདྲེས་མའི་མནར་གཅོད་ཀྱིས་ཁ་ཚུབ་ནས་འཇབ་ནས་ཐོན་པའི་ངའི་རེ་སྨོན་ལྕི་མོ།

ལྗིད་ཏིག་ཏིག་གི་གོམ་པའི་འདེགས་འཇོག་དང་བཅས།

ངའི་མིག་ཀོང་གི་མཚོ་མོ་ནས་ཚྭ་རྡོག་སྤར་མོ་རུ་བཅུས་ཏེ།

ཁྱེད་ཀྱིས་ཕུན་ཚོགས་ཀྱི་འཚོ་བའི་གྲུ་ཟུར་གང་རུང་ལ།

རྣམ་དག་གིས་ལེགས་སྐྱེས་སྐྱ་བོ་རེ་འཇོག་ཨང༌།

དེས་ན།ལག་འཇུ་བཙན་གྱིས་གློད་ཚུལ་གྱིས་རྨས་པའི།

ལུས་སེམས་ཀྱི་ཆ་གང་རུང་ནས་རྡོལ་བའི་བརྣག་ཁྲག་གི་རྒྱུན་འདི།

ད་ནས་ཁྱེད་ཀྱིས་ཅིས་ཀྱང་ཧ་གོ་བའི་འུ་གཉིས་ཀྱི་གཏམ་རྒྱུད་འདིའི་མཇུག་བྱང་དུ་སྨིན་ཤོག

 ང་རང་ཕྱིར་བུད་འགྲོརྨི་ལམ་ཁྲི་ཕྲག་གི་ཐེམ་སྐས་ལས་ན་ཟུག་གིས་མར་བརྒལ་བཞིན།

ཨ་ཐང་ཆད་པའི་ལུས་སེམས་ཤུགས་ཀྱིས་དྲུད་ནས།ང་རང་དངོས་སུ་ཕྱིར་བུད་འགྲོ

rl25258 | རྩོམ་ཡོངས་ཀློག་པ།(585) | ལན་སློག(7)
ཨ་མ་ཞིག་གིས་ཨ་མར་བྲིས་པ།
2012-5-22 7:38:41

                 ངའི་བདེ་སྐྱིད་ཀྱི་སྙིང་བོ་ཁྱོད་ལ་ཕུལ་བ། 
                             མཚོ།


བདེ་སྐྱིད་ཅིག  ནམ་ཡང་སེམས་ཀྱི་ཆེས་གཏིང་ཟབ་ས་ཞིག་ན།
བདེ་སྐྱིད་ཅིག  ནམ་ཡང་ཁུ་སིམ་པའི་ཁོར་ཡུག་གང་ཞིག་ན།
བདེ་སྐྱིད་ཅིག  ནམ་ཡང་ཆ་རྐྱེན་ཅི་ཡང་མེད་པར་ངའི་ཡོད་ཚད་ལ་འཐིམ་འདུག
                        ༡
དེ་དུས།  མེ་ཏོག་བལ་ཏེ་སྐྲའི་ལན་བུ་ལ་གཟུག་རྒྱུར་དགའ་བའི་ཆུང་ཆུང་གི་ང༌།
དེ་དུས།  མེ་ལོང་བསྒྲིགས་ཏེ་གདོང་བ་ལ་བཀྲུ་བཤལ་རྒྱག་རྒྱུར་དགའ་བའི་སྙིང་ཉེ་བའི་ང༌།
ཁྱེད་ཀྱི་འཇིག་རྟེན་གྱི་གྲུ་ག་མ་ལུས་ན་མཛེས་སྡུག་གིས་གཡོ་བའི།
རྟག་བརྟན་གྱི་མེ་ཏོག་ཆུན་པོ་ཨེ་ཡིན།
ད་དུང༌།  ཞིང་རྣང་མའི་བར་ཚིགས་གང་རུང་ནས་ཁྱེད་ལ་བསུ་མ་བྱེད་མཁན་གྱི།
ཕྱེ་ལེབ་ཁྱུ་ཚོགས་ཀྱང་ཡིན་སྲིད།


དེ་དུས།  འགྲམ་པ་སྔས་ལ་བཞག་ཅིང་གདོང་བ་ཁྱེད་ལ་ཕྱོགས་དུས།
ཁྱེད་ཀྱི་ཐུ་སྣེར་འཇུས་ཏེ།   ང་རང་རྨི་ལམ་གྱི་དག་ཞིང་དུ་སླེབས་ཐུབ་པ་ཐེངས་གཅིག་མིན།
དེ་དུས།  ཞོགས་པའི་ཉེ་ཟེར་སྒེའུ་ཁུང་ལས་འཕྲོས་དུས།
ཁྱོད་ཀྱི་འབོད་སྐད་ཀྱིས།   ང་རང་འོ་ཇ་མངར་མོའི་རོ་བཅུད་ལ་རོལ་བར་དྲན་སྐུལ་ཡང་ཡང་བྱེད།
                              ༢
ཕ་ཡུལ་གྱི་ཞིང་ཁ་དང་རི་སྒང་གང་རུང་དུ།
ཁྱེད་ཀྱི་བློར་མི་ཤོང་བ་གང་ཡང་མེད་དེ།
ལྗང་ནེམ་གྱི་ལོ་ཏོག་དང་ལོ་ཏོག་གི་རྩེར་འཕུར་བའི་ཕྱེ་ལེབ་དང་གསེར་སྦྲང༌།
སྣུམ་གྱིས་ཟིན་པའི་ལ་གཞས་དང་ལ་གཞས་ཀྱིས་སྒུལ་མྱོང་བའི་སྤྲིན་པ་དང་འཇའ་ཚོན།
རྔུལ་ཆུས་བརླན་པའི་ས་ཞིང་དང་ས་ཞིང་གིས་སྦྲུམ་པའི་རེ་སྨོན་དང་བདེ་སྐྱིད།
ཁྱེད་ཀྱིས།   ནམ་ཡང་ཅི་ཡང་མི་སྨྲ་བར༌།
ཡོད་ཚད་ཅིག་སེམས་ལ་ཉར་ཚར་དུས།
ཁྱེད་ལ་མངའ་བ་དེ་རྒྱ་མཚོ་ལས་ཀྱང་གཏིང་ཟབ་པ་ཅི་ཞིག

ས་གཞི་ལས་ཀྱང་ཁོད་ཡངས་པ་གང་ཞིག
                           ༣
མེ་ཏོག་གི་གང་བུ་ལ་བཀྲག་མདང་མཚར་དུས།
ཁ་བགད་ནས་འཛུམ་ཞིག་ཤོར་དོན། 
མགོ་སྨད་ནས་མཆི་མ་འབྱིད་དོན།
བདེ་སྐྱིད་ཀྱི་ཁུགས་སོ་ཞིག་ལས་བརྒལ་མ་ཐུབ་པའི་འཁང་ར་ཡིན་ཀྱང༌།
ཁྱེད་ཀྱི་རེ་བའི་རྒྱུན་ཐག་གི་སྣེ་མོར།
གསེར་གྱི་མེ་ཏོག་ཅིག་འཁྲུངས་སོང་བ་སུའི་ཆེད་ཡིན།
ཨ་མ།  ངའི་དྲན་པ་ཡི་རྟིང་མ་རུ་མར་ལོ་བཞིན་བསྐགས་འདུག་པ་དེ།
ཏག་ཏག་ཁྱེད་ཡིན་ན་འགྲིག་ཨང༌།
ཁྱེད་ཀྱིས་སྦྱིན་པའི་བདེ་སྐྱིད་དེ་ཁྱེར་ཞོར། 
ཤུལ་དུ་བཞག་མ་སོང་བ་དེ་ངའི་སེམས་པ་སྐྱ་བོ་འདི་ཡིན་དུས།
ཁྱེད་རང་ད་དུང་བྱམས་དུངས་ཀྱིས་འཛུམ་བྱུང་བ་དེ་ནི།
ངས་རང་ལ་ཁྱེད་ཀྱི་ཚབ་ཏུ་བཞུས་པའི་འགྲམ་ལྕག་ཚ་བོ་ཞིག་ཡིན།
                   ༤
དེ་དུས་ཐབ་ཀྱི་ལྷབ་ལྷུབ་དུ་འབར་བའི་མེ་ལྕེ་ཡི་དྲོད་ཁོལ་ལ་ཁེན་བཞིན།
ཁྱེད་ཀྱི་འདང་རྒྱག་གི་ནང་དུ་འཚང་ཡོང་བ་དེ་ནི།
ཨ་ཅེར་ཚར་ལྭ་བཟོས་པའི་ལྷག་མས་ཚར་ལྭ་ཆུང་ངུ་གཅིག་བཟོས་རྗེས་ཀྱི།
ང་དང་ནུ་མོ་གསུམ་པའི་ཡིད་སྨོན་འཆོར་བའི་མིག་ཟུང་རེད།
དེ་དུས།  ཁྱེད་ཀྱིས་ཨ་ཅེའི་སྲམ་དེའི་ཞིང་ཆུང་བར་ལེ་བདའ་དང༌།
ང་དང་ནུ་མོ་གཉིས་ཀྱི་སྲམ་ནི་སྲམ་ནག་ཡིན་པར་འཁང་ར་བྱེད་ཞོར།
ཚེས་གཅིག་གི་ཉིན་མོར་ང་ཚོ་སྤུན་བཞི་བོ་ལོ་སར་ལ་མངགས་པར་གྲ་སྒྲིག་ཞིབ་ཚགས་བྱེད།
ད་དུང༌།  ཨ་ཅེ་ལ་བྱུ་རུ་སྐེ་རྒྱན་སུམ་དཀྲིས།   ང་ལ་ཉིས་དཀྲིས། 
ནུ་མོ་གསུམ་་པ་དང་བཞི་བར་ཁེར་དཀྲིས་རེ།
ད་དུང༌།  ཕ་མེས་ཡང་མེས་རང་བརྒྱུད་ཡོང་བའི་བཞོ་ལུང༌།  གློ་གཟུར།  སྐྲ་ལུང༌། 
རེ་རེ་བཞིན་ང་ཚོའི་མིག་མདུན་ན་སྔར་བཞིན་བཀྲག་མདངས་འཚེར།
ཨ་མ་ལགས། 
དེ་དུས་ཁྱེད་ཀྱི་ལོ་སར་གྱི་འཆོར་གོས་དེ་མགོ་དཀྲིས་གློ་དམར་དེ་ཁོ་ན་ཡིན་པ།
སུས་ཀྱང་སེམས་ལ་ཐོགས་མ་མྱོང༌།
དེ་དུས་ཁྱེད་ཀྱི་དཀའ་སྤྱད་ཁྲོད་བདེ་སྐྱིད་ཅིག་ཉམ་ངའི་ཁྲོད་གང་སར་འཐིམ་ཡོད་པར།
སུས་ཀྱང་མཉམ་བཞག་མ་མྱོང༌།
ཨ་མ་ལགས།   གནམ་འོག་གི་གཏོང་ཕོད་པ།
ད་ཆ་ཁྱེད་ཀྱིས་མི་ཚེ་རིང་བསགས་པའི་ཐོབ་ཆ་དགུང་ལ་མཆོད་སོང་༌།
ཨ་མ་ལགས།   མི་རིགས་ཀྱི་རྟོག་སད་པ།
ད་ཆ་ཁྱེད་ཀྱིས་མི་རབས་རིང་མཁྲེགས་པའི་བསམ་བློར་བཙོ་སྦྱང་བྱས་སོང༌།
ཨ་མ་ལགས།   དུས་རབས་ཀྱི་སྔོན་འགྲོ་བ།
ཁྱེད་ཀྱིས་ནམ་ཡང་ཉམ་ཆུང་གིས་མདུན་སྐྱོད་ཀྱི་དར་ཆ་མཐོན་པོར་སྒྲེང༌།
                       ༥
ཨ་མ་ཁོང༌།   ད་ཆ་སྔར་ལས་རྒ་བར་གྱུར་ཡོད།
ཨ་མ་ལགས་ཀྱིས་ལུས་པོ་འདར་འདར་གྱིས་བརྐྱངས་ཕྱག་སུམ་བརྒྱ་རེ་ཆག་མེད་དུ་འཚལ།
ཨ་མ་ལགས་ཀྱི་སྙིང་དབུས་ན་གཏན་དུ་གནས་པ་དེའང༌།
སྔར་བཞིན་མ་གྱུར་སེམས་ཅན་གྱི་དོན་དུ་ཞེས་པའི་སྨོན་ལམ་རེད།
ཨ་མ་ལགས་ཀྱི་འཚོ་བའི་ཁྲོད་གོམས་གཤིས་སུ་གྱུར་བའང༌།
མཚམས་མེད་དུ་ལས་ལ་བརྩོན་དེ་མུ་མཐུད་བདེ་སྐྱིད་བསགས་རྒྱུ་དེ་རེད།

rl25258 | རྩོམ་ཡོངས་ཀློག་པ།(1680) | ལན་སློག(27)
རྨི་ལམ་ནང་གི་ཆག་འཇིག
2012-5-7 22:00:24
 

རྨི་ལམ་ནང་གི་ཆག་འཇིག

                                               མཚོ།

སྡུག་རྩུབ་ཀྱི་ངོ་བོ་ཕྱི་རུ་འབུར་ཚུགས་སུ་བཏོད་པའི་ཧམ་སེམས་ཀྱི་མཆེ་བར་ན

དབུགས་སྣ་འགགས་པའི་སྐྱ་རེངས་དང་ཉི་ཤར་གྱི་རྩེ་མོ།

རལ་གྲིའི་རྣོ་དབལ་གྱི་སོ་ཁ་ན་རླུང་གིས་བསྒྱེལ་བའི་རྩི་ཤིང་གི་རྣམ་ཤེས་ཚོགས་ཀྱི་

འོ་དོད་དང་ཟིལ་ཐིགས་ས་ལ་འཐོར་བའི་སྨྲེ་སྔགས།

གངས་རིའི་དབུ་ཞྭ་རལ་བའི་ན་ཟུག་གིས་བྲུག་པའི་ཤ་འོད་གཡམ་རྒྱུག་གི་རྡོག་འོག་ན་

ལྕུགས་ལྕུགས་འདར་བའི་ལུས་དང་སེམས་ཀྱི་ཚོགས།

རྫ་ཕྲེང་གི་སྙིང་ཁ་ན་ལྷོག་ལྷོག་རྡོལ་བའི་ཁྲག་གི་བཞུར་རྒྱུན་ཁྲོད་འགྱེལ་བའི་

རྟ་ཕོའི་རྨིག་ཤུལ་ན་ཞེན་ཆགས་ཀྱི་བདེ་མོ་འཇོག་པའི་ན་ཆུ་གོར་མོ་ཞིག་གི་མིག་ཀོང་ན་

འཕག་ཚག་འགུལ་བའི་ཉ་མོའི་འཁུན་སྒྲ

ཨ་ཨ།མ་རུང་བ་སུས་ངའི་འཇིག་རྟེན་གྱི་ཡོད་ཚད་

འདོམ་གྱིས་འཇལ་ཚར་ནས་ཀྱང་རྡོག་པས་མནོན་ངེས་སམ།

ཤ་ཁྲག་སྤྱད་ནས་ཀྱང་ཐལ་བས་རྡུལ་དུ་བརླག་འགྲོ་འམ།

གློ་བུར་གློ་བུར་ལྡང་ཡོང་བའི་རླུང་བུ་དེས་དྲགས་ཀྱིས་ལྡིང་བའི་ངའི་སྙིང་གི་འཕར་སྒྲ་འཇགས་མ་ཐུབ།

ག་ལེ་ག་ལེར་འཕྲོ་ཡོང་བའི་ཟེར་མ་དེས་ཤུགས་ཀྱིས་རྒྱུག་པའི་ངའི་ཁྲག་གི་རྒྱུན་ཐག་བསྲེགས་མ་ཐུབ།

འབྱུང་བཞིའི་ཆག་འཇིག་གི་སྤར་མོ་ཕྱེས་པ་ཙམ་ལ་ཧབ་དགོད་བྱེད་པའི་ང༌།

འཇིག་རྟེན་མགོ་རྐང་བསྒྲིག་པར་བྱོན་པའི་མི་ཕམ་ལྷ་མོར་སྲིད་ན།

རྨི་ལམ་འདི་ཡང་ནས་ཡང་དུ་འཁྲིགས་ཤོག

འཇིགས་པ་འདི་བསྐྱར་ནས་བསྐྱར་དུ་སྐྱེལ་ཤོག

 

གནམ་ས་སྟེང་འོག་བརྗེ་བའི་ས་སྨིག་ཁྲོད་ན་རྣམ་ཤེས་ཚོགས་ཀྱིས་གདོང་ཐུག་རྒྱག་པའི་ཆོམ་སྒྲ

ཉི་མ་ཚལ་བར་གས་པའི་སྲིབས་ཀའི་བར་ན་འཕྱོ་བའི་གཟའ་ཡིས་འགྲགས་སྐད་སྒྲོག་པའི་ང་རོ།

བརྒྱུད་ལམ་གཏོར་བའི་སྐར་མས་འཆོལ་བའི་གོམ་ཁ་མ་བརྟན་ཟླ་བའི་བྲང་ལ་བསྣུན་པའི་སིང་སྒྲ

རྣ་བར་གཟན་ཤོགརྣ་བར་གཟན་ཤོག

 

རླུང་ནག་གིས་བཏུམས་པའི་ཆུ་བོའི་ཟེགས་མ་དང་ཟེགས་མར་འཕྱོ་བའི་ཨ་མའི་མིག་ཆུ།

བྱེ་ཀླུང་གིས་མནན་པའི་ཕ་ས་གོར་མོ་དང་ཕ་སར་ལུས་པའི་ཨ་ཕའི་ཀེང་རུས།

གླག་རྒོད་ཀྱིས་བཤིགས་པའི་རྩེད་ར་གྲུ་བཞི་དང་རྩེད་ར་ནས་ཡལ་བའི་ཕུ་ནུ་མིང་སྲིང༌།

སྙིང་ལ་གཟན་ཤོགསྙིང་ལ་གཟན་ཤོག

 

སྙིང་གི་མུ་ཏིག་གས་ཆག་ཤོར་བ་ལས་རྡོལ་བའི་བརྣག་ཁྲག་སྐམ་པའི་གོ་རིམ།

ཡིད་ཀྱི་མེ་ཏོག་སད་ཀྱིས་བཅོམ་པ་ལས་འཐོར་བའི་འདབ་མ་རྙིད་པའི་བརྒྱུད་རིམ།

དར་འབྱོར་མི་ལུས་དུས་ཀྱིས་རྒ་བ་ལས་ཟད་པའི་ལང་ཚོ་ཤོར་བའི་བྱུང་རིམ།

མིག་ལ་གཟན་ཤོགམིག་ལ་གཟན་ཤོག

rl25258 | རྩོམ་ཡོངས་ཀློག་པ།(454) | ལན་སློག(4)
འབྲེལ་ཡོད་ནང་དོན་ 70 ཡོད།<<<1234567>>>
ཟིན་བྲིས་བརྡ་ཁྱབ།

 

སྨྱུག་མིང་།  མཚོ།

དྲ་འབྲེལ། 1013461908

དྲ་ལམ། http://blog.tibetcm.com/u/tso25258/index.html

སྙན་ངག་ཡོད་པས

ངས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གླུ་རུ་བླངས་ཆོག

སྙན་ངག་ཡོད་པས

ངའི་བརྩེ་དུང་ལ་འཇའ་ཚོན་གྱི་ཁ་དོག་ལྡན་ཡོད

སྙན་ངག་ཡོད་པས

དགའ་སྐྱོ་མིག་ཆུར་མུ་ཏིག་གི་རིན་ཐང་ལྡན་ཡོད

སྙན་ངག་ཡོད་པས

ང་ལ་རྒྱ་མཚོ་བཞིན་གྱི་སེམས་ཀྱི་མངའ་ཐང་རྒྱས་ཡོད

སྙན་ངག་ཡོད་པས

ང་ལ་གངས་རི་བཞིན་གྱི་བརྟན་བརླིང་གི་རང་གཤིས་གྲུབ་ཡོད

སེམས་ཁམས་ལོ་ཐོ།
པར་དེབ།
ཟིན་ཐོ་གསར་བ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.