མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
 
སྒྲོལ་མ་ལྷ་ཁང་། http://blog.amdotibet.cn/rl25258/index.aspx
ཁྱོད་ཀྱིས་ཅིས་ཀྱང་ང་རང་བརྗེད་པར་གྱིས།
2013-1-11 9:16:20

 སྡང་།

    ཁྱོད་ཀྱིས་ཅིས་ཀྱང་ང་རང་བརྗེད་པར་གྱིས།

      མཚོ།

 

ངས་ཁྱོད་ལ་སྙིང་སྟེར

ངས་ཁྱོད་ལ་ཡིད་སྟེར

ངས་ཁྱོད་ལ་མིག་སྟེར

ངས་ཁྱོད་ལ་རྣ་སྟེར

ངས་ཁྱོད་ལ་ཁ་སྟེར

ངས་ད་དུང་ཁྱོད་ལ

གཤོག་པ་ཆ་གཅིག་ཀྱང་སྟེར

ཁྱོད་ཀྱིས་སྟོར་དགོས་པ་སྟོར་ཀྱང་ཆོག

ཁྱེར་དགོས་པ་ཁྱེར་ཀྱང་ཆོག

འོན་ཀྱང   ཁྱོད་རང་འཕུར་དུས

ང་ལ་ཨ་མ་རུ་མ་འབོད

ང་ལ་སྐྱབས་མགོན་ཞེས་ཀྱང་མ་འབོད

     

བློ་སེམས་རྩེ་གཅིག

 

མཚོ་ཆུང་ནོར་བུའི་ཁ་ན

ངང་མོ་ཁྱུ་གཅིག་གིས་ཆུ་རྩོད་རྒྱག་གིན་འདུག

འོན་ཀྱང   མཚོ་མོ་སྐམ་ལ་ཉེ

 

  མལ་ཁང་ཨང་དྲུག་པ

 

སྒེའུ་ཁུང་དུ  ཉི་ཟེར་སྒལ་གཞུང་དུ་འཕྲོས

རྨི་ལམ་སྔས་འགྲམ་ནས་བཟི

མཛའ་བོ་རྨི་ལམ་དུ་ཤི

 

  དཔྱིད་དུས་ལ་སྒུག་པ

 

གང་སར་རྒྱུག་པའི་སྦྲུམ་མ་གཅེར་བུ་ཨ

ཡིད་སེམས་ལྷོད་ལ་བོབས

ཡིད་སེམས་ལྷོད་ལ་བོབས་དང

སྐྱི་བསེར་རླུང   བཙའ་རོགས་སུ་སླེབས་བྱུང

    ༢༠༡༣ལོའི་ཟླ་༡པོའི་ཚེས་༡༠ཉིན

 

rl25258 | རྩོམ་ཡོངས་ཀློག་པ།(1117) | ལན་སློག(17)
ལོ་ངོ་དུ་མ་ཞིག་གི་རྗེས་སུ་ཡང་།
2013-1-7 10:35:45

ལོ་ངོ་དུ་མ་ཞིག་གི་རྗེས་སུ་ཡང་།

 

ཆེས་ཐོག་མར།

ངས་ཁྱོད་རང་མཐོང་བའི་སྐད་ཅིག་མ་དེར།

ཁྱོད་ཀྱིས།  རྒྱ་ལྕང་ལོ་མ་བཞིན་གྱི།

ནག་སྣུམ་གྱི་ལན་བུའི་ཕག་ནས།

མིག་ཟུང་དྭངས་མོ་གེམ་གེམ་གཡོ་བཞིན།

ཧ་ཅང་དམར་བའི་མཆུ་སྒྲོས་དེས།

ང་ལ།  ཅི་ཞིག་བཤད་རྩིས་ཡོད་དམ།

 

འབའ་གཞས་སྙན་མོའི་དབྱངས་རྟའི་ཁྲོད་ཀྱི།

ཁྱོད་ཀྱི་གར་སྟབས་ལ་འཁྲུལ་བའི་དུངས་སྣང་མང་པོ།

ཁྱོད་ཀྱི་ཟུར་མིག་གིས་འཚེ་བའི་

རི་དྭགས་རྨས་མ་བཞིན།

ང་རང༌།   སྡུག་བསྔལ་གྱིས་གཟིར་དུས།

ཁྱོད་རང་སྔར་བཞིན།  བརྟན་བརླིང་གི

རྒྱ་སེ་ཚེར་ཅན་རྐང་གཅིག

 

ཡིན་ན་ཡང༌།

སྨྲ་བ་ཧ་ཅང་ཉུང་བའི་ཁྱོད་ཀྱིས།

ཞེ་ལྷོད་ལྷོད་ཀྱིས་འཆད་པའི་རང་རྣམ་དེས།

སྨྲེང་ཤ་ལེར།  ངའི་མིག་ཆུའི་གཙང་བོ་ངང་གིས་བྲུག་ཤིང༌།

ངའི་སྨིན་ཟིན་པའི་སྟོན་འབྲས་ལ།

ལག་སྙོབས་གང་མང་གི་རྗེས་སུ།

བདག་དང་གསང་བ་ལྐོག་གྱུར་གྱིས་

བྲལ་ཚུལ་དེ་ཡང༌།

ངས་སེམས་པ་ཁེར་རྐྱང་ལ་བསྙེས་དུས་ཀྱི་

དམ་བཅའ་ཡིན་ནམ།

 

ནམ་ཞིག་གི་ཚེ།  ཁྱོད་ཀྱིས་རང་ཉིད།

ཟིལ་བ་ཁྲོམ་ཁྲོམ་དུ་ཁུར་བའི་

རྩ་ལྗང་ཞིག་ལ་བསྒྱུར་ཏེ།

རྒྱང་བཞུད་ཀྱི་བརྩེ་དུང་ལ་

གཡབ་མོ་ཡང་ཡང་བྱས་མཐར།

ཕམ་ཉེས་ཀྱི་སེམས་ངལ་ལྕི་མོས།

ངའི་འཇིག་རྟེན་གྱི་གྲུ་ག་ཞིག་ཏུ་

ངལ་གསོ་རྒྱག་བསམ་ཡང༌།

གས་ཆག་ཤོར་བའི་མཛའ་བརྩེ་ལ།

ནམ་ཡང༌།  ཞིག་གསོ་བྱེད་ཐབས་བྲལ་བས།

དགོངས་པ་མ་ཚོམ་རོགས།

 

ཡིན་ན་ཡང༌།

ཝུ་བ་བཞིན་འཇིག་རྟེན་འདི་རུ་གཏན་དུ་ཡལ་བའི་ཁྱོད་རང༌།

ལོ་དུ་མ་ཞིག་གི་རྗེས་སུ་ཡང༌།

ངའི་སྙན་ངག་ལ་འཚང་དོན།

ཁྱོད་རང་མར་མེ་རྐོང་བུ་གང་གི་ཚུལ་གྱིས།

ངའི་ཞེན་ཆགས་ཀྱི་ཀློང་ན།

ནམ་ཡང་ཞི་བ་མེད་པར་

འོད་དུ་འཚེར་བས་ལོས་ཡིན།

 

 

rl25258 | རྩོམ་ཡོངས་ཀློག་པ།(458) | ལན་སློག(3)
བསྐལ་བ་འཇིག་པའི་སྔ་ནུབ་ཏུ།
2012-12-13 9:37:58
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
rl25258 | རྩོམ་ཡོངས་ཀློག་པ།(59) | ལན་སློག(6)
ནག་མོའི་གང་ཤར་མགུར་ཆུང་།
2012-12-5 9:15:09

ནག་མོའི་གང་ཤར་མགུར་ཆུང་།

གཡེར་མོ་ཐང་གི་མེ་ཏོག

མཛེས་དང་མ་མཛེས་མི་འདུག

ཟླ་གཅིག་ཟླ་གཉིས་མ་འགོར༎

ལོ་འདབ་སད་ཀྱིས་བཅོམས་ནས༎

མིག་གི་རྒྱལ་མོ་གཤགས་ཏེ༎

སེམས་ཀྱི་ཡུལ་ལྗོངས་མནོག་སོང་༎


སེམས་འདྲིས་སྙིང་གི་ཚིལ་ལི༎

དགའ་དང་མ་དགའ་མི་འདུག

ཞག་གཅིག་ཞག་གཉིས་མ་སོང་༎

བཞིན་རས་ཟླ་བ་འགྲིབ་ནས༎

ཡ་ཆུང་སྨག་གིས་བཏུམས་ཏེ༎

འཚོ་བའི་ཁ་དོག་གསུབས་སོང་༎


འཛུམ་ཆུང་བཞིན་གྱི་མེ་ཏོག

འཚེར་དང་མ་འཚེར་མི་འདུག

ཉིན་གཅིག་ཉིན་གཉིས་མ་སོང་༎

ཞལ་རས་ཀུ་མུད་འཁོར་ནས༎

འདབ་ལོ་རྣོ་དབལ་ཅན་པོ༎

སེམས་ཀྱི་རྟིང་མར་བརྡབས་སོང་༎


ཁ་ཚིག་རྡོ་རྗེ་མདུད་གང་༎

རེ་དང་མ་རེ་མི་འདུག།

ཚེ་གཅིག་ཚེ་གཉིས་སོང་ཡང་༎

སྒུག་ནས་གསུང་ཚོད་མི་འདུག

དྲན་པའི་སྒོ་མོ་རྒྱབ་ནས༎

ང་རང་ཡུལ་མཐར་སྤྱུགས་སོང་༎

ཟུར་མིག་མདའ་མོ་མ་ཕོག།

སྙིང་གཏམ་ཚིག་གསུམ་མ་བཤད༎

རྒུན་ཆང་ཁམ་གང་མ་འཐུང་༎

གང་སེམས་ཡིད་ཀྱི་སྤྲོ་བ༎

ག་ལེ་ག་ལེར་འཕེལ་ནས༎

གང་ལུས་ཙ་རིའི་སྨྱུག་མ༎

མ་ཚུགས་གཞོགས་སུ་འགྱེལ་སོང་༎


འཁོར་བ་སྐྱིད་ཀྱི་ཁྲོམ་ཆེན༎

ཟང་ཟིང་ཡིད་ཀྱི་འདོད་རེད༎

ཁྱོད་ཞལ་ཞོགས་ཀའི་ཉི་གཞོན༎

མ་རིག་སེམས་ཀྱི་ངོགས་རེད༎

དུངས་པའི་གླེག་བམ་མཐུག་པོ༎

ནམ་མཁའི་མཐོངས་སུ་བརྩིགས་ཀྱང་༎

ལན་ཆགས་ཟད་རྒྱུ་མི་འདུག


དགའ་སྐྱོ་རེས་མོས་འཁོར་བའི༎

འཁོར་ལོའི་རྩིབས་མའི་བར་ནས༎

དོན་ལྔ་སྣོད་དྲུག་གས་ནས༎

རུས་ཚིགས་ལྷུ་མ་གཅུར་ནས༎

བྲང་དང་བརླ་རྐང་བརྡུངས་ནས༎

གཞི་བདག་མཐུ་ཅན་གང་ལ༎

ལྷད་མེད་དད་པས་མཆོད་འདོད༎

འཇིག་རྟེན་འཁོར་བའི་ནང་དུ༎

སྐྱིད་ཀྱིས་མཚོ་རྟིང་ཟིན་གི།

སྐྱོ་བས་རི་རྒྱལ་ཁེབས་ཀི།

ཁ་ཡ་ན་ཟླའི་དབུས་ནས༎

སྐྱིད་ཀྱི་མཚོ་ཆེན་རྐྱལ་ནས༎

སྐྱོ་བའི་རི་རབ་མ་མཐོང་༎


མགོ་ཁྱིམ་གྲུ་བཞིའི་ནང་ན༎

དྲོད་ཁོལ་ཉི་མ་ཤར་ཤར༎

སྨྲེང་སྐྱོ་མེ་སྟགས་ཚ་ཚ༎

བུ་ཆུང་རིག་པ་གྲོལ་ལོ༎

ཝལ་ཝལ་ཡིད་ལ་ཤར་ནས༎

སྨྲེང་བ་སྐྱིད་ལ་འདྲེས་སོང་༎


ལོ་མང་འགོར་བའི་ཁུ་བྱུག

ད་རེས་ནགས་ལ་བབས་ཏེ༎

ཀི་ཀོ་ཀི་ཀོ་གསུང་ནས༎

སྙིང་གཏམ་ཤ་འོད་རྡོལ་རྡོལ༎

མཆི་མའི་མུ་ཏིག་འཐོར་ཡང་༎

ཤི་རེ་སེམས་འདི་རྒས་འདུག།


༢༠༡༢ལོའི་ཟླ་༡༢པའི་ཚེས་༤ཉིན་གྱི་དགོང་མོར།

rl25258 | རྩོམ་ཡོངས་ཀློག་པ།(1032) | ལན་སློག(23)
ཁྱོད་ཀྱི་པང་ནས་བྲིས་པའི་འཕྲིན་ཆུང་།
2012-11-25 14:37:22
 

ཁྱོད་ཀྱི་པང་ནས་བྲིས་པའི་འཕྲིན་ཆུང་།

          མཚོ།

མིག་ཟུར་ལས་ལྷོད་འཇགས་ཀྱིས་ཟགས་པ་དེ

མཆུ་ཟུར་ན་མཛའ་དུངས་ཀྱིས་འཚེར་བ་དེ

སྙིང་ཉེ་བའི་མི    ངས་ད་དུང

ཁྱོད་ཀྱིས་གང་ཤར་དུ་བླངས་པའི་སྣ་གླུ་ཐན་ཐུན་དེར་ཉན་ནས་ཡོད

 

ཁ་སང་གི་ལྕང་ལོ་རིང་བོ་དེ་ཕྲག་པར་དཔྱངས་ནས

མདང་དགོང་གི་རྨི་ལམ་སྣུམ་པོ་དེ་སྙིམ་པར་བཅུག་ནས

སྙིང་ཉེ་བའི་མི   ང་ཡང་བསྐྱར

ཁྱོད་ཀྱི་དུང་བརྩེས་ཕྱུག་པའི་བྲང་གཞོང་ཡངས་པོ་དེར་གླན་ནས་ཡོད

 

དོ་ནུབ    སྔར་བཞིན

སྙིང་ཉེ་བའི་འཕྲིན་ཡིག་ཅིག     འཛུམ་དམུལ་ལེར

ཁྱོད་ཀྱི་པང་བ་ནས་རྩ་བ་རྒྱས་ཏེ

བདག་གི་སེམས་རྟིང་ནས་སྨྱུ་གུ་འབུས་ནས

ཁྱོད་ཀྱི་བཞིན་རས་སུ་མེ་ཏོག་བཞད་ཤོག

 

སྤྲིན་པ་དེ  ཅིའི་ཕྱིར་འཕུར་བ་མི་ཤེས

བྱེའུ་ཆུང་དེ  གང་ལ་བྲེལ་བ་མི་ཤེས

སེམས་པ་དང་ནམ་མཁའ་ཡུག་གཅིག་ཏུ་འདྲེས་དུས

ངས་ཤེས་ངེས་པ་དེ    ཁྱོད་གཅིག་པུ་ཡིན

བྱ་རྒྱལ་རྒོད་པོ་རྒྱང་རིང་ནས་ནག་ཐིག་ཅིག་ཏུ་མཐོང་དུས

ངས་མཐོང་ངེས་པ་དེའང    ཁྱོད་ཡིན་ངེས་སམ

སྙིང་ཉེ་བའི་མི

 

མིག་ཟུང་ཐེངས་གཅིག་བཙུམས་ནས་ཕྱེས་དུས

སྦྲང་ཆར་ཆད་ནས་ཁ་བ་འབབ་ཀྱིན་འདུག

མེ་ཏོག་ལྷུང་ནས་སྦྲང་མ་ངུ་བཞིན་འདུག

ང་ནི་དྲི་ཟ་ཞིག་གམ་ཡི་དྭགས་ཤིག

ངས་ཉིན་ཞག་དུས་དྲུག་ཏུ་ཁྱོད་སྙེགས་ཀྱིན་ཡོད

སྙིང་ཉེ་བའི་མི

 

ཁྱོད་ཀྱི་འགྲམ་པ་ངང་གིས་སྐྱོར་ནས

ཁྱོད་ཀྱི་མཛེས་སྡུག་སེམས་ཀྱིས་འཚོས

ཁྱོད་ཀྱི་བྲང་ལ་དྲག་ཏུ་གླན

。。。。。。。。。。。

    2012-11-24

rl25258 | རྩོམ་ཡོངས་ཀློག་པ།(1023) | ལན་སློག(11)
ཁྱིམ་བདག་ལགས་ངས་ཁྱེད་ལ་བཤད། གསུམ་པ།
2012-10-24 8:43:46

               ཁྱིམ་བདག་ལགས།   ངས་ཁྱེད་ལ་བཤད།  ཁག་གསུམ་པ།

 

          ད་ནི་དཔྱིད་ཀའི་ལྗང་སྨྱུག་གི་ནེམ་ཤ་ཡལ་ཏེ་དབྱར་ཁའི་མེ་ཏོག་གི་འདབ་མ་རྙིད་ནས་སྟོན་གྱི་སྙེ་མ་ཡིས་མགོ་ལྕོག་ལྡེམ་སོང༌།   ཡང་ན་དཔྱིད་གསུམ་རྡུལ་འཚུབ་ཁྲོད་ཀྱི་རྨོ་འདེབས་སམ་འབྲི་མ་མོའི་ནུ་ཁ་སྣུན་ཞིང་དབྱར་གསུམ་ཆར་ཆུའི་ནང་གི་ཡུར་མའམ་ནོར་ལུག་གི་རྨུག་རྗེས་དེད་ནས་སྟོན་གསུམ་གྱི་ལྷགས་རླུང་ཁྲོད་དུ་བཙས་མ་རྔ་ཞིང་ཕྱུགས་ཟོག་གི་ཁ་ཚང་ལེན་པའི་དུས་ལ་བབས་སོང༌།   དེ་བས་སྙིང་ཉེ་བའི་ཁྱིམ་བདག་ལགས།  ཁྱོད་རང་ལ་བྲེལ་འཚུབ་ཆེ་བ་ངས་ཅི་ལ་མི་ཤེས།  བྲེལ་ཟིང་ཁྲོད་རང་ཉིད་ཀྱི་སེམས་པ་དང་ལུས་པོ་བཙན་གྱིས་སྒོར་ཕྱུང་སྟེ། གླག་ཕྲུག་འདྲ་བའི་གཅེས་ཕྲུག་ལག་པས་ཁྲིད་ཅིང་ལུས་ཚིགས་ཅུང་འཆོལ་འདུག་པའི་ཁྱོད་ཀྱིས་འཚབ་འཚུབ་ངང་སློབ་གྲྭའི་སྒོ་ཆེན་འཛུལ་དུས།  ངའི་ཡ་ཆུང་ན་ན་ཟུག་དང་མིག་ཆུ་མཉམ་གཅིག་ཏུ་སྡེབས་ནས་ལང་ལོང་འཕྱུར་གྱིན་ཡོད།   ཁྱིམ་བདག་ལགས།  ཁྱོད་ཀྱིས་རང་གི་གཅེས་ཕྲུག་ངའི་མདུན་སོར་ཁྲིད་ཡོང་ཞིང་ཧ་ཅང་འཁོས་ཆུང་གིས་བྲང་ཁུག་ལས་སློབ་རིན་ཉིས་བརྒྱ་བོ་བླངས་ཏེ་ངའི་མདུན་དུ་སྲིང་ཡོང་དུས།  ཁྱོད་ཀྱི་འཐོར་ལ་ཉེ་བའི་ལག་པའི་རུས་ཚིགས་རེ་རེ་ངའི་མིག་གི་རྒྱལ་མོར་འཛུལ་ཞིང་སེམས་ཀྱི་ན་སར་འཐམས་སོང༌།  ཁྱོད་ཀྱིས་ཧ་ཅང་ཉམ་ཆུང་གིས་རང་གི་བུ་ཕྲུག་སློབ་སྦྱོང་ལ་མི་བཟང་ཚུལ་དང་མ་རབས་པྲ་ཚགས་ཡིན་རབས་མང་པོ་བཤད་ཞོར་སློབ་གྲྭར་སྐྱེལ་བའི་ཉིན་མོ་འདི་ནས་བུ་ཕྲུག་གི་ཡོད་ཚད་དགེ་རྒན་ང་ལ་སྤྲད་ཟིན་པས་བཟང་དང་ངན་རུང་དགེ་རྒན་ང་ལ་གསལ་ཞིང་གཅར་དང་རྡུང་རུང་དགེ་རྒན་ང་ཡི་ལག་ཡིན་ཟེར།   ཁྱོད་ཀྱིས་སྐད་ཆས་ངའི་སེམས་པ་སྒུལ་ཡང་ཡིད་སེམས་ཅུང་ཆད་སོང་བས།  ཁྱོད་ཀྱི་སྐད་ཆར་ང་ལ་ལན་ཡོད་རུང་ངག་ནས་ཐོན་མ་བྱུང༌།    ཁྱིམ་བདག་ལགས།    བདག་གི་སྙིང་ཉེ་བའི་ཁྱིམ་བདག    ཁྱོད་ཀྱི་ལྷག་བསམ་ལ་དྲི་མ་མེད་པ་ངས་ལོས་ཚོར།   ཁྱོད་ཀྱི་རེ་བཞག་ལ་ལྕི་ཚད་ཆེ་བ་ངས་ལོས་ཤེས།   ཡིན་ཡང་ཁྱིམ་བདག་ལགས།   ཁྱོད་ཀྱིས་ཅིས་ཀྱང་ང་ལ་ཐེངས་གཅིག་ཉོན་དང༌།  བུ་ཕྲུག་ནི་ཁྱོད་ཀྱི་སྙིང་གི་ནོར་བུ་རེད་ལ་ང་ཡི་སེམས་ཀྱི་གདུལ་བྱའང་རེད།  ཁྱོད་རང་རང་གི་བུ་ཕྲུག་ལ་རེ་བ་ཇི་ལྟར་ཆེ་བ་བཞིན་ང་ཡང་རང་གི་སློབ་བུ་ལ་རེ་བ་དེ་ལྟར་དུ་ཆེ།   ཡིན་ན་ཡང༌།   མི་ཞིག་འཚར་ལོངས་བྱུང་ནས་མ་འོངས་པར་འཇོན་ཐང་ཅན་ཞིག་ཏུ་འགྱུར་བར་བྱ་བ་ནི་འཇིན་རྟེན་སྟེང་ཆེས་དཀའ་ཞིང་ཆེས་རླབས་ཆེ་བའི་ལས་དོན་ཞིག་རེད།   ཚ་གདུག་ཁྲོད་ཀྱི་ལྗང་སྨྱུག་ལ་ཆུ་གཏོར་བ་དང་རླུང་དམར་ཁྲོད་ཀྱི་སྡོང་ཕྲུག་ལ་སྐྱོར་མ་རྒྱག་པ།   བརླན་སར་ཁུམས་པའི་མེ་ཏོག་ལ་ཉི་ཟེར་སྤྲོ་བ་བཞིན།   ང་ཚོས་ཀྱང་བུ་ཕྲུག་ཅིག་གཉོར་ཞིང་སློབ་བུ་ཞིག་སྐྱོང་དུས་ཀྱང༌། ནང་ཁྱིམ་ཚང་དང་ཕྱི་སྤྱི་ཚོགས་བར་སློབ་གྲྭ་མཉམ་རུབ་ཀྱིས་ཕ་མས་སྐྱོང་ཤེས་དང་དགེ་རྒན་གྱིས་བསླབ་ཤེས་བུ་ཕྲུག་རང་གིས་སྦྱོང་ཤེས་བྱེད་པ་གལ་ཆེ་བ་རེད།   ཁྱོད་ཀྱིས་རྒྱུན་དུ་ང་ལ།   ཁྱོད་ཀྱི་བུ་ཕྲུག་སློབ་གྲྭ་བསྐྱལ་ནས་དགེ་རྒན་ང་ལ་སྤྲད་པ་ནས་བཟུང༌།  ང་རང་ཁྱོད་ཀྱི་ཚབ་བྱ་དགོས་ཚུལ་ཡང་ཡང་དུ་གདམས་སོང༌།  ཡིན་ན་ཡང༌།  ཁྱིམ་བདག་ལགས་དགོངས་པ་མ་ཚོམས།  ཐོག་མར་ང་རང་ནམ་ཡང་ཁྱོད་ཀྱི་ཚབ་བྱེད་དཀའ་སྟེ།  ཕ་བུའི་ཤ་རུས་ཀྱི་བརྩེ་དུང་དེ་ང་དང་སློབ་མའི་བར་དུ་འབྱུང་མི་སྲིད་དེ།  ངས་ཁོ་ཚོར་སྟེར་ཐུབ་པ་ནི་དགེ་སློབ་བར་གྱི་མཛའ་བརྩེ་དང་དེ་ལས་བརྒལ་ན་གྲོགས་པོ་གྲོགས་མོ་ཙམ་གྱི་མཛའ་བརྩེ་ཡིན་སྲིད་རྒྱུ་རེད་ལ།   འུ་གཉིས་སུ་ཡིན་རུང༌།   སྔར་ནས་བྱིས་པའི་མི་ཚེ་ལ་ཁག་ཐག་བྱ་དཀའ་ཞིང༌།   ལྷག་པར་སློབ་ཆུང་གི་བསླབ་གཞིའི་རྒྱུགས་སྐར་མཐོ་དམའ་ཙམ་ཞིག་གིས་ཁོའི་མི་ཚེ་ལ་ཐག་གཅད་ཁག་པོ་རེད།   དེ་བས་ང་ཚོས་འདང་རྒྱག་དགོས་པ་ནི་མཐའ་མར་ཅི་འདྲ་གང་འདྲ་ཞིག་ཡིན་སྲིད་པ་དེ་མ་ཡིན་པར།  ད་ལྟའི་བརྒྱུད་རིམ་དུ་ཅི་འདྲ་གང་འདྲ་བྱ་རྒྱུ་དེ་རེད།

               སློབ་གསོ་ནི་དོན་དམ་དུ་བྱིས་པ་སློབ་གྲྭར་བསྐྱལ་ནས་དཔེ་ཆར་ལྟ་རུ་གཞུག་རྒྱུ་དེ་འདྲའི་ལསསླ་མོ་ཞིག་ཁྱོན་ནས་མ་རེད།  སློབ་གསོ་ནི་རིག་གནས་ཤེས་བྱ་བྱང་ཆུད་པ་ཞིག་སྦྱང་རྒྱུ་ལས་གཞན་གལ་ཆེ་བ་ནི་སེམས་བརྒྱུད་དྲང་མོ་ཞིག་དང༌།  མི་གཤིས་བརྟན་པོ་ཞིག  དཀའ་ངལ་ལ་མགོ་མི་སྒུར་བ་ཞིག  ལག་རྩལ་ལ་མཁས་པ་ཞིག  དོན་དག་མཐའ་འཁྱོལ་བ་ཞིག  སྤྱི་ཚོགས་ལ་ཕན་ཆེ་ཞིག་འཁྱོངས་རྒྱུ་དེ་རེད།   དེས་ན་ཁྱིམ་བདག་ལགས།  ཁྱེད་ཀྱིས་བལྟས་ན།  བྱིས་པས་མ་རབས་པྲ་ཚགས་ཅི་ཡང་མ་བྱས་པར་ལག་ཟུང་རྒྱབ་ཏུ་བཅིངས་ནས་མགོ་བོ་ཡ་ཡོ་བྱེད་ཀྱིན་ཀ་ཁའི་མིང་ཚིག་དབྱངས་ལ་གྱེར་རྒྱུ་དེ་ཁོ་ནས་འགྲུབ་བམ།  དེ་བས།  བྱིས་པའི་པྲ་ཚགས་ལ་ཅིས་ཀྱང་བཟོད་པ་སྒོམ་ཞིང་བྱིས་པའི་སྤྲོ་སྣང་ལ་ཅིས་ཀྱང་བཀག་སྡོམ་མི་བྱ་རོགས།  དོན་དམ་པས་དེང་གི་བྱིས་པ་དང་བསྡུར་ན་ང་ཚོ་ནི་ལས་ཅན་རེད།   ཁྱོད་ཀྱིས་འདང་ཞིག་རྒྱོབས་དང༌།  ང་ཚོས་མ་མཐའ་ཡང་བྱིས་དུས་ཀྱི་ལོ་བརྒྱད་ཀྱི་ནང་ཨ་ཕའི་གཉའ་ལ་ཞོན་ནས་གཉིད་ལྕོག་རྒྱབ་མྱོང་ལ་ཨ་མའི་རུམ་ལ་འཐམ་ནས་གཅེས་གཏམ་བཤད་མྱོང༌།  ད་དུང་ལྷས་རའི་བར་འཁྱམ་གྱི་ཕྱི་ནང་གང་རུང་ནི་ཕར་ཞོག  སྡེ་འདབས་རུ་འདབས་ཀྱི་ཆུ་ཁ་རི་ཁ་ཞིང་ཁ་དང་རྩྭ་ས་ར་བ་སོགས་མིག་གིས་མཐོང་ཚད་དང་གོམ་པས་ལོངས་ཚད་དུ་རྒྱུག་ནས་རྐང་འོག་ན་ས་གཞི་ཡོད་པར་མི་བསམ་ལ་མགོ་ཐོག་ན་ནམ་མཁའ་ཡོད་པར་ཡང་སྣང་འཇོག་མེད་པར་ལུ་གུ་རེའུ་ཤར་བདའ་ལུང་གདའ་དང་རྩྭ་ཐང་མེ་ཏོག་གང་འདོད་འབལ་རྐྱང༌།  རྟེའུ་དང་ཐོ་རུར་རང་དགར་ཞོན་ཆོག  གནམ་ན་འཕུར་བའི་བྱེའུ་འཛིན་འདོད་ན།  ས་ན་བརྒྱུད་པའི་འབའ་འབུར་རྩེད་འདོད་ན་ཡོད་ཚད་འུ་ཚོའི་ལག་མིན་ནམ།   ད་དུང༌།  རྩེད་ར་གྲུ་བཞི་ཕུབ་ཅིང་ཐབ་ཀ་ཐབ་མ་ལས་ནས་མནའ་མ་མག་པ་ལེན་ཚུལ་རྩེད་དུས་ལོ་ལོན་བསམ་ཤེས་ཅན་དག་གིས་ཀྱང་ཞལ་ངོ་འཛུམ་གྱི་ལེར་སྐལ་བ་ཡག་པའི་རྟགས་ཡིན་ཟེར།  དངོས་གནས་བྱིས་པ་ཚོ་ནད་མེད་དུག་མེད་ངང་ལྗང་སྨྱུག་འབུས་པ་བཞིན་སྤྲོ་ཤིག་ཤིག་གིས་མགོ་བོ་རིག་རིག་གིས་འབུས་ཡོང་བ་ནི་འུ་ཚོའི་བསོད་ནམས་མ་ཡིན་ནམ།   སྤྱི་ཚོགས་སློབ་གསོ་སྤྱི་ཚོགས་སློབ་གསོ་ཟེར་བ་དོན་དམ་དུ་འདི་འདྲ་ལ་ཟེར་ཞིང༌།  བྱིས་པ་ཚོ་མི་ཚོགས་སྤྱིའི་ཁྲོད་ངང་ངམ་ཤུགས་ཀྱི་ཟ་དང་ཟུར་ནས་གོ་སྐོན་སློབ་གསོ་རེ་ཐོབ་པར་བྱ་རྒྱུ་ནི་དངོས་ནས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་ཡིན་པས།  བྱིས་པའི་པྲ་ཚགས་ཀྱི་རང་གཤིས་ལ་སྡིག་མཛུབ་སྟོན་པ་ནི་བྱིས་པའི་རང་དབང་ལ་བཀག་བསྡོམས་བྱས་པ་ཡིན་ལ། བྱིས་པའི་པྲ་ཚགས་ཀྱི་རང་གཤིས་ལ་ཐར་འདོན་བྱེད་པ་ནི་བྱིས་པའི་རིག་པའི་འཆར་སྒོ་སྣ་ཚོགས་པ་འབུར་འཇོམ་བྱེད་པ་རང་ཡིན།  ཕ་མ་རང་ཉིད་མ་རབས་ཐ་ཤལ་ཅིག་མིན་ན་བྱིས་པ་ནི་ནམ་ཡང་དེ་འདྲ་རུ་འགྱུར་བའི་དཔེ་མེད་དོ།   དེ་བས་ང་ཚོས་དོ་སྣང་བླ་ལྷག་བྱ་དགོས་པ་ནི་ཕ་མ་རང་གིས་རང་ངོ་ཟིན་ནས་རང་རྒྱུད་ཀྱི་མ་དག་པ་རྣམས་མྱུར་དུ་དོར་རྒྱུ་དེ་ཡིན་པ་ལས་བུ་ཕྲུག་ལ་མགོ་རྔ་མེད་པའི་ཆ་རྐྱེན་འདོན་རྒྱུ་དེ་མ་རེད་ཡ།   ཁྱིམ་བདག་ལགས།  ང་ཚོས་འདིའི་ཕྱོགས་ལ་ཅིས་ཀྱང་འདང་ཞིག་ཟབ་མོ་ཞིག་རྒྱག་དགོས་ཡ།

 

rl25258 | རྩོམ་ཡོངས་ཀློག་པ།(1288) | ལན་སློག(14)
ཁྱིམ་བདག་ལགས། ངས་ཁྱེད་ལ་བཤད། གཉིས་པ།
2012-10-16 9:14:01
 

ཁྱིམ་བདག་ལགས།   ངས་ཁྱེད་ལ་བཤད། གཉིས་པ།

དངོས་ནས།  ལན་རེར་འདང་རེ་རྒྱབ་ན་དེང་གི་བྱིས་པ་འདི་ཚོ་སྙིང་རེ་རྗེ།  ལོ་གསུམ་བཞི་ནས་་ཅི་ཡིན་འདི་ཡིན་མེད་པར་མི་བསམ་ཤེས་དར་མ་ཞིག་གི་ཚུལ་དུ་འགན་ཁུར་ཐེག་མི་ཐེག་ཅིག་ཁུར་ནས་སློབ་གྲྭར་འགྲོ་དགོས།  སྤྱིར་ན་སློབ་གྲྭར་སོང་ནས་རིག་གནས་ཤེས་བྱ་སྦྱོང་རྒྱུ་ནི་གལ་ཆེན་ཡིན་མོད་ཀྱང་བྱིས་པའི་ཡོད་ཚད་སློབ་གྲྭ་ཁོ་ནར་བཅོལ་བ་ནི་ནོར་འཁྲུལ་ཅིག་ཏུ་མི་མཐོང་ག་མེད་རེད།   སྔོན་ཆད་མེས་པོ་གོང་མ་རྣམས་ཀྱི་རིང་ལ་རང་རིགས་ལའང་མཁས་པ་ནི་གནམ་གྱིས་ས་བཀབ་པ་ལྟ་བུར་བྱོན་མྱོང་བ་ལོ་རྒྱུས་དེབ་ཐར་མང་པོ་ལས་མཐོང་གྱིན་འདུག་མོད་སྐད་ཆ་མགོ་རྔ་ཙམ་ཡང་བྱེད་ཤེས་མ་ཤེས་ཀྱི་མཚམས་སུ་བྱིས་པ་དག་སློབ་གྲྭའམ་རིག་གནས་སྦྱོང་ས་གང་ཞིག་ཏུ་བརྫངས་སོང་བ་གོ་མ་མྱོང༌།   གང་ལྟར་མདོར་དེད་ན།  ང་ཚོས་ངེས་པར་བྱ་དགོས་པའི་དོན་ནི།  རྩེད་ཞོར་དང་སྦྱང་ཞོར་གཉིས་ཀ་སྙོམས་སྒྲིག་གང་ལེགས་བྱ་རྒྱུ་དེ་རེད།  མ་མཐའ་ཡང་བྱིས་པའི་དུས་སུ་དེ་འདྲ་བྱ་དགོས་པ་རེད། དྲང་མོ་བཤད།  འཇིག་རྟེན་འདིར་རང་བྱུང་ཁམས་ཀྱི་ཡན་ན་སློབ་དཔོན་དམ་པ་ཞིག་ཡོད་པ་མ་རེད།   ཁྱོད་ཁྱིམ་བདག་ཡིན་རུང་ང་དགེ་རྒན་ཡིན་ཀྱང་ཚང་མ་བྱིས་པ་ལ་མཛུབ་སྟོན་བྱེད་མཁན་ཡིན་པ་གཏོགས་ཐེ་གཏོགས་བྱེད་མཁན་མ་རེད།  རང་བྱུང་ཁམས་ཀྱིས་ད་གཟོད་མི་ལ་དམར་ཁྲིད་ངོ་མ་བྱ་ངེས་རེད།   མ་གཏོགས་ཁྱོད་ཀྱི་རྨོ་འདེབས་དང་ཕྱུགས་སྐྱོང་གི་ལག་རྩལ་དེ་སུས་ཀྱང་ཁྱོད་ལ་བསླབ་པ་མ་རེད།   འདི་ལྟར་བཤད་ན་ཁྱོད་ཀྱིས་ངས་རྨོ་འདེབས་དང་ཕྱུགས་སྐྱོང་ལ་ལག་རྩལ་ཞེས་ན་ཁྱོད་ལ་དགོད་ཁ་ཤོར་སྲིད་མོད།   དེས་ན་ཁྱོད་ཀྱིས་རང་གི་བུ་ཆེ་བ་དང་རང་ཆུང་དུས་ཀྱི་ལོ་ཚད་གཉིས་སྡུར་དང།  ཁྱོད་ཀྱི་བུས་ཁྱོད་ཀྱི་ནུས་བར་དོའམ།   ད་ཆ་ཁྱོད་ཀྱིས་བུས་ནི་ཟ་འཐུང་མ་གཏོགས་ཕལ་ཆེར་དཀའ་རྒྱུ་རེད།  ཁོ་ཚོས་ད་དུང་དོན་དག་གཅིག་ཤེས་པ་ནི་བརྙན་འཕྲིན་ལ་བལྟ་རྒྱུ་དེ་ཡིནལ་སྤྲོ་བའང་དེ་ཁོ་ན་ཙམ་དུ་ཟད་པས་དེང་གི་བྱིས་པ་ཚོ་ནི་རང་བྱུང་ཁམས་ཀྱིས་འདང་མེད་ཁེར་བཀྱེད་དུ་ཕུད་པའི་གྲོགས་མེད་ཁེར་རྐྱང་གི་སྲོག་ཆགས་ནུས་མེད་སྐོར་ཅིག་རེད།  དེ་བས་ང་ཚོ་རྔམ་དགོས་པ་དེ་ནི་བྱིས་པས་སྐད་ཆ་བཤད་ཤེས་མ་ཤེས་ཀྱི་བར་ནས་སློབ་གྲྭར་འཇུག་རྒྱུ་དེ་མིན་པར་སྔ་ས་ནས་རང་བྱུང་ཁམས་ལ་སྤྲད་ནས་བཙོ་སྦྱང་བྱེད་པར་འཇུག་པ་དེ་རེད།  དེ་ལྟར་ན་མ་མཐའ་ཡང་བྱིས་པར་གྲང་བསྲན་ཡོད་ལ་ན་བའང་མེད་པ་ང་ཚོར་མཚོན་ན་ཁ་ཐོག་མིག་ཟིན་མ་ཡིན་ནམ།  ང་ཚོ་གཞི་རིམ་གྱི་བྱིས་པ་ཚོ་སྲ་མོ་རྡོ་ལོག་འདྲ་འདྲ་ཡིན་པ་ནི་ཚོར་མ་ཚོར་གྱི་བར་ནས་རང་བྱུང་ཁམས་ལ་འཐབ་རྩོད་བྱས་པ་ལས་བྱུང་བའི་འབྲས་བུ་བླ་མེད་ཅིག་རེད། 

ཁྱིམ་བདག་ལགས།   ཕལ་ཆེར་ང་ལ་བཤད་རྒྱུ་མང་དྲག་འདུག་ཀྱང་སྲིད།  འོན་ཀྱང་ཁྱེད་རང་ཉན་སྤྲོ་བོ་ཡོང་རྒྱུ་ནི་ངའི་རེ་བ་ཉག་ཅིག་ཡིན།  གལ་ཏེ་ཁྱོད་ཀྱིས་ཀྱང་ངའི་ཁ་ལྕེ་ཝུ་བ་དང་ཀླད་པ་དར་བ་བྱས་ནས་བཤད་བཤད་མཐར་གཉིད་བབས་སོང་ཟེར་ན།   ཁྱིམ་བདག་ལགས།  ང་དངོས་གནས་ཕམ་སོང་བ་རེད།   ཁྱོད་ཀྱང་དངོས་ནས་ཚར་སོང་བ་རེད།  ང་ཕམ་སྲིད་དོན་ནི།  ང་ཡི་རེ་བཞག་སྟོང་ཟད་དུ་གྱུར་ནས་ཡི་མུག་པར་འགྱུར་རྒྱུ་དེ་རེད་ལ།   ཁྱོད་རང་ཚར་དོན་ནི་ཅུང་མི་འགོར་བའི་དུས་ཤིག་ལ་ཁྱོད་ཀྱི་བུའི་ཡོད་ཚད་ལད་འགྲོ་བ་དེ་རེད།  དེ་བས་ཁྱིམ་བདག་ལགས།  ངས་ཁྱོད་ལ་སྙིང་བསྟན་པར་ཁྱོད་ཀྱིས་ཕྱིར་ང་ལ་གློ་བ་མི་སྟོན་པར་ཡོད་ཚད་བྱིས་པ་འདིའི་མ་འོངས་པའམ་ང་ཚོའི་མ་འོངས་པའི་ཆེད་དུ་ཅི་ནས་ཀྱང་རྒྱབ་སྐྱོར་བྱོས་ཤོག   ཁྱོད་ཀྱི་བྱིས་པ་སློབ་སྦྱོང་ལ་མི་བཟང་ངམ།   དེས་ན་སློབ་སྦྱོང་ལ་མི་བཟང་བའི་རྒྱུ་མཚན་ཅི་ཡིན་ལ་འདང་རྒྱབ་ཨེ་མྱོང༌།  ཨོ།  དེ་ནི་བྱིས་པས་སློབ་སྦྱོང་ལ་བརྩོན་པ་མ་བྱས་པ་ཨེ་རེད།   དེས་ན་སློབ་སྦྱོང་ལ་བརྩོན་པ་ཅིའི་ཕྱིར་མ་བྱས་པ་རེད་ཟེར་ན།  རེད།  འདི་ནི་གནད་འགག་རེད།   ང་ཚོས་མཉམ་དུ་གནད་འགག་འདི་ལ་འདང་རྒྱག་རྒྱུ་བྱུང་ན་ཅི་མ་རུང༌།   འདང་རྒྱབ་ནས་ཀྱང་ཐབས་བཀོད་ བཙལ་ནས་ཐག་གིས་བཅད་ན་ཅིའི་མི་ཆོག    ང་ཚོས་མཉམ་དུ་རང་ནུས་ཡོད་ཚད་ཀྱིས་འབད་པ་བྱེད་ཨང༌།

rl25258 | རྩོམ་ཡོངས་ཀློག་པ།(605) | ལན་སློག(7)
ཁྱིམ་བདག་ལགས། ངས་ཁྱོད་ལ་བཤད།
2012-10-11 11:48:44
 

                                 ཁྱིམ་བདག་ལགས།  ངས་ཁྱོད་ལ་བཤད།

 

            ཁྱོད་ཀྱིས་ཁ་པར་ལས་བུ་ཕྲུག་སློབ་གྲྭར་མི་སྐྱེལ་ཟེར།  བསམ་གཟས་ནས་མི་སྐྱེལ་ཟེར།  བྱིས་པ་སློབ་གྲྭར་མ་སྐྱེལ་ན་ཁྱོད་ལ་བཀོད་པ་ཨེ་ཡོད་ཟེར།   ཁྱིམ་བདག་ལགས།  ཁྱོད་ཀྱི་བུ་ཕྲུག་ནི་ཁྱོད་ལ་དབང་བ་ལས་ང་ལ་མི་དབང་བ་ངས་ལོས་ཤེས།  ཡིན་ནའང་ཁྱོད་ཀྱི་བུ་ཕྲུག་ཁྱོད་ལ་དབང་བ་ལས་གཞན་བུ་ཕྲུག་རང་ཉིད་ལའང་དབང་བ་རེད།  འདི་ནི་བཅའ་ཁྲིམས་ནང་གཏན་འཁེལ་བྱས་ཡོད་པ་རེད།   ཁྱོད་ཀྱིས་ང་ལ་ཐབས་བཀོད་ཨེ་ཡོད་ཟེར་ན།    ང་ལ་ཐབས་བཀོད་ཅི་ཡང་མེད།  རྒྱུ་མཚན་ཁྱོད་ནི་བདག་གི་གཤོག་ཡ་ཡིན།  བྱིས་པ་ཞིག་སྐྱོང་དགོས་ན་དགེ་རྒན་གཅིག་པུས་གང་ནས་འཇོན།  ཡིན་ནའང་ཁྱོད་ཀྱིས་འདང་ཞིག་རྒྱོབས་དང༌།  དྲང་མོ་བཤད་ན་ཁྱོད་དང་ཤ་རུས་ཀྱི་འབྲེལ་བ་ཅི་ཡང་མེད་པ་ཞིག་གིས་གུས་གུས་ཞུམ་ཞུམ་གྱིས་སྙིང་ཁུང་རུས་པའི་གཏིང་ནས་ཞུ་བ་བྱེད་དོན་ག་རེ་ཡོད།  ཡོད་ཚད་ང་ཚོའི་མ་འོངས་པའི་ཆེད་དུ་མ་ཡིན་ནམ།  ཡོད་ཚད་རིགས་ཞེན་གྱི་དབང་གིས་མ་ཡིན་ནམ།   མ་གཏོགས་ངས་ཀྱང་འགྲོ་ཐབས་འདུག་ཐབས་བྱས་ནས་ཟླ་ཕོག་འགའ་བོ་ལེན་ཐབས་བྱེད་མ་ཤེས་པ་མ་རེད།   དེ་བས་ཁྱོད་ཀྱིས་བྱིས་པའི་འཚོ་བའི་ཁ་སྣོན་གྱི་སྒོར་རྡོག་འགའ་བོ་དེའི་དོན་དུའམ་ཁྱིམ་ལས་ཙག་ཙིག་བྱེད་མཁན་ནམ་ནོར་རྫིར་ལུག་རྫིར་འགྲོ་མཁན་ལ་མཁོ་བས་འགོག་གིན་ཡོད་ན།  ཁྱིམ་བདག་ལགས།  སྐུ་མཁྱེན།  མི་ཡི་ལོངས་སྤྱོད་མི་རྟག་པ་  བཞིན་དཀའ་ངལ་ཀྱང་མི་རྟག་པས་དུས་ཡུན་ཞིག་གི་རྗེས་སུ་ག་ལེར་ཡལ་འགྲོ་གི་རེད།  ང་ཚོས་རང་གི་དཀའ་ངལ་གྱི་མདུན་དུ་བུ་ཕྲུག་གི་གཉའ་ནས་མི་མནོན་རོགས།  ང་ཚོ་ཐོག་མར་བུ་ཕྲུག་གི་མིག་དཔེ་ལྟ་ས་ཡིན།  ང་ཚོར་དཀའ་སྡུག་ཁྱད་གསོད་ཀྱི་སྙིང་སྟོབས་མེད་ན།    བྱིས་པ་ཚོ་མ་འོངས་པ་ན་སྡར་མ་འབའ་ཞིག་ཡིན་སྲིད་རྒྱུ་རེད།  བྱིས་པ་སློབ་གྲྭ་རུ་བླངས་རྗེས་སྐབས་ཐོག་ཏུ་ཁྱོད་ལ་གོ་འདྲ་ཆོདམོད།   ཁྱོད་ཀྱིས་གཞུག་འདང་ཞིག་རྒྱོབས་དང་ནམ་ཞིག་གི་ཚེ་ཁྱོད་རང་རྒས་ནས་སྐྲ་དཀར་པོར་གྱུར་ཀྱང་མིག་དམར་བོར་གྱུར་ཡོད་དུས་ཁྱོད་ཀྱིས་བུ་ཕྲུག་ལ་བཤད་ས་གཏམ་ས་འགྲོ་རྒྱུ་ཨེ་རེད།   ཡང་ན་ནམ་ཞིག་གི་ཚེ་ཁྱོད་ཀྱི་བྱིས་པ་གནས་ལ་མ་འཕྲོད་ཅིང་ཡུལ་ནས་མི་སྡོད་དུས་ཤིག་ལ་ཁྱོད་ཀྱིས་ཅི་ལྟར་བྱ།   དེ་དུས་ད་གཟོད་ཁྱོད་འགྱོད་ནས་མིག་ཟུང་ཀོག་པོ་མིག་ཆུས་བརླན་ངེས་ལ་སེམས་སྐྱ་མོ་སྡུག་ལ་ལྷུང་སྲིད།  ད་དུང་དེ་དུས་ཀྱང་ཁྱོད་ཚང་གི་ཆ་རྐྱེན་ཇེ་བཟང་ལ་འགྲོ་སྲིད་སྲིད་པའི་ངེས་པ་མེད།   རྒྱུ་མཚན་ཁྱོད་ཁྱིམ་བདག་ཅིག་ཡིན་པའི་ཆ་ནས་མ་གཞི་ནས་མིག་རྒྱང་ཐུང་དྲག་ལ་མ་འོངས་པ་མིག་གིས་མ་རིག་པས་ལན་པ་རེད།

ཁྱོད་ཀྱིས་དུས་རྒྱུན་ང་ལ་ཁ་པར་གཏོང་གིན་ཡོད་མོད།  ང་ལ་དྲི་རྒྱུའི་གནད་གཙོ་བོ་ནི་ཉི་མ་ནམ་ཞིག་ལ་བྱིས་པར་ལྟ་སྐོར་དུ་ཡོང་ཆོག་པ་དང་གནང་བ་ནམ་གཏང་རྒྱུ་ཡིན་པ་འབའ་ཞིག་གོ  ཐ་ན་ཁྱོད་ཀྱིས་ང་ནི་ཁྱོད་ཀྱི་བྱིས་པའི་དགེ་རྒན་ག་གེ་མོ་ཞིག་ཡིན་པ་ཤེས་པ་ཙམ་ལས་ཁྱོད་ཀྱི་བྱིས་པ་ལོ་རིམ་དུ་བ་ཡིན་པ་དང་བསླབ་བྱ་སོ་སོའི་དགེ་རྒན་སུ་ཡིན་པ།  ཉིན་འདི་འགའི་རིང་ལ་བྱིས་པའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ།  བདེ་ཐང་སོགས་གང་ཅིའི་ཐད་དུ་ཅི་ཡང་ཤེས་ཀྱིན་མི་འདུག  འདི་འདྲའི་སྣང་ཚུལ་གྱིས་ང་རང་ཡུན་རིང་བོར་སྡུག་ལ་སྦྱར་འགྲོ   དེ་བས་ངས་ཁྱོད་ལ་ ནམ་ཡང་ཁ་པར་གཏོང་གིན་ཡོད།   ཁྱོད་ཀྱི་ལས་ཀར་བར་ཆད་བྱས་ནས་ཁ་པར་ཡང་ཡང་བཏང་ཡོང་སྟེ།   ཁྱོད་ཀྱི་བྱིས་པའི་གནས་ཚུལ་ཕྲ་ཞིང་ཞིབ་པ་ཞིག་ཁྱོད་ཀྱི་སྣ་ལམ་དུ་འཇོག་གིན་ཡོད་ལ།  ཁྱོད་ཀྱིས་རྣ་བ་གཡར་དང་མི་གཡོར་རུང་ངས་ནི་མུ་མཐུད་འདི་ལྟར་བགྱི་ཁོ་ཐག་ཡིན་པས་དགོངས་པ་མི་ཚོམ་རོགས།  དུས་རྒྱུན་བྱིས་པར་ལྟ་སྐོར་དུ་ཡང་པའི་ཉིན་མོར་ཁྱོད་ཀྱིས་ཞར་ཟས་སྣ་ཚོགས་ཀྱི་སྟེང་ལ་རང་གིས་བཙོས་པའི་ཤ་དང་ཚོད་མ་གོ་རེ་སོགས་མང་པོ་ཞིག་ཆུ་ཤོག་ཁུག་མ་འགའ་རེ་ཁྱེར་ཡོང་གིན་ཡོད་ལ་སྒོར་མོ་མོད་པོ་སྟེར་གྱིན་ཡོད།   ཉིན་ཞིག་ཁྱོད་ཀྱི་བྱིས་པས་ང་ལ་ཐེངས་གཅིག་ལ་སྒོར་མོ་སུམ་བརྒྱ་ལྷག་བཅོལ་སོང་བས་ང་ཧ་ལས་སོང༌།  ད་དུང་མིག་སྔར་བཀོལ་རྒྱུ་ལག་ན་ཡོད་ཟེར།   གནམ་རྒན་མ།   བདག་གི་སྙིང་ཉེ་བའི་ཁྱིམ་བདག་ལགས།  དེ་དུས་ད་དུང་ཕྱིར་སློབ་གྲྭ་ཚོགས་ནས་ཉིན་ལྔ་འགོར་མེད་ལ་དེའི་ཕྱི་ཉིན་བྱིས་པར་ལྟ་སྐོར་རྒྱག་གི་ཉིན་མོ་ཡིན་པས་་ཁྱོད་ཡང་བསྐྱར་ཡོང་དགོས་པ་མ་ཡིན་ནམ།   ཁྱོད་ཀྱི་ཀྱང་ཤེས་གསལ་ལྟར་ང་ཚོའི་སློབ་གྲྭ་ནི་རྫོང་གི་མཁར་གྱི་མཐའ་ཕལ་ཆེར་དགོན་པའི་འདབས་རོལ་ན་ཡོད་ཟེར་ན་མི་ཆོག་པ་མེད་ལ།   བྱིས་པ་ཚོའང་བཅའ་སྡོད་སློབ་མ་ཡིན་པས་དུས་ཚོད་ཉི་ཤུ་རྩ་བཞིའི་རིང་སློབ་གྲྭའི་སྒོར་རྩ་བ་ནས་སོང་ཆོག་པ་མ་རེད།  སློབ་གྲྭ་རུ་ཚོང་ཁང་ཆུང་ཆུང་ཞིག་ཡོད་མོད།   དེ་རུ་ཞ་སྨྱུག་དང་འབྲི་དེབ་ཀྱི་ཞོར་ལ་སྟབས་བདེ་ཐུག་པའམ་སྐོམ་ཆུ་འགའ་རེ་མ་གཏོགས་ཚོང་གི་མེད་པས་སྒོར་མོ་དེ་འདྲའི་མང་པོ་ཞིག་གིས་ཅི་བྱ།  དེའི་ཕྱི་ཉིན་ཁྱོད་ཀྱི་བྱིས་པས་ཡང་བསྐྱར་ང་ལ་སྒོར་ཉིས་བརྒྱ་ལྷག་བཅོལ་སོང༌།  ཁྱིམ་བདག་ལགས།  ཁྱོད་ཀྱི་བྱིས་པ་ནི་བྱིས་པ་ཡ་རབས་ཤིག་རེད།  མ་མཐའ་ཡང་སྒོར་མོ་གང་འདོད་དུ་བརླག་མཁན་ཞིག་མིན་པའི་ཁར་སྒོར་མོ་གསོག་དགོས་པའང་ཤེས་འདུག་པར་བལྟས་ན།  ཁྱོད་ཀྱི་བྱིས་པ་ནི་བྱིས་པ་རིག་རྒོད་ཅིག་རེད་ལ།  ཁྱོད་ཀྱི་བཤད་པ་བཞིན་ཅང་གི་་ཚོགས་ལ་མི་འགྲོ་བ་ཞིག་གཏན་ནས་མ་རེད།   འོན་ཀྱང་བྱིས་པ་ཅང་གི་ཚོགས་ལ་མི་འགྲོ་བར་གཏོང་མཁན་དེ་ནི་ཁྱོད་རེད་ལ།   སེམས་ཆུང་མ་བྱས་ན་ངའང་མིན་པའི་ངེས་པ་མེད།  ད་ནི་ཁྱོད་ཀྱི་བྱིས་པར་སྒོར་མོ་ལྔ་བརྒྱ་ལྷག་འདུག  ངས་ཀྱང་རྒྱུ་ཆ་འདི་བེད་སྤྱད་ནས་དངུལ་ལོར་གསོག་སྐོར་གྱི་ཤེས་བྱའི་སྐོར་གྱི་འཛིན་ཚོགས་ཤིག་ཚོགས་དགོས་སོང་ལ།  འཛིན་ཚོགས་ཀྱི་མཇུག་ཏུ་ངས་ཁྱོད་ཀྱི་བྱིས་པར་ངའི་སྡོད་དམངས་ཐོབ་ཐང་ལག་ཁྱེར་བཀོལ་ནས་དངུལ་བྱང་ཞིག་བཟོ་རྒྱུ་ཁས་བླངས་སོང་བར་ཁོ་ཡང་དགའ་ཐག་ཆོད་སོང་ལ།  བྱིས་པ་གཞན་གྱིས་ཀྱང་ངས་ཁོ་ལ་གདང་འཇོག་ཚད་མཐོན་པོ་བྱས ་པར་ཡིད་སྨོན་དང་མཉམ་དུ་ཐལ་མོར་ཐེག་གེར་བརྡབས་སོང༌།  སློབ་གྲོགས་ཚོའི་མདུན་དུ་ངས་ཁྱོད་ཀྱི་བྱིས་པར་མ་འོངས་པའི་བོད་ཀྱི་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ཞེས་བོས་པ་ཡིན།  ཁྱོད་ལ་དགོད་རྒྱུ་མ་ལངས།  ད་ཆ་ཁོ་ལ་དངུལ་བྱང་དུ་སྒོར་དྲུག་བརྒྱ་ལྷག་ཡོད།  ཨོ།     ཁྱོད་ང་ལ་ཡིད་ཆེས་བྱོས་དང་ཆོག  བྱང་བུ་བཟོ་སྤྱད་ཀྱི་བྱང་བུ་ནི་ངའི་ཡིན་རུང་གསང་ཨང་ཁྱོད་ཀྱི་བྱིས་པ་ཁོ་ནས་མ་གཏོགས་མི་ཤེས།   གལ་ཏེ་ཁོས་མི་གཞན་ཞིག་ལ་མ་བཤད་ན། 

        རེད།   ངས་ཁྱོད་ཀྱི་བྱིས་པར་སློབ་གྲོགས་ཚོའི་མདུན་ནམ་གཞན་གྱི་སྔུན་དུ་སློབ་སྦྱོང་ལ་མི་ལེགས་པའི་སྐོར་གཏན་ནས་གླེང་མ་མྱོང༌།   སྐབས་དེར་མི་ཚོགས་ཀྱི་ཁྲོད་དུ་ངའི་གླེང་བྱ་ནི་ཁྱོད་ཀྱི་བྱིས་པའི་འཇོན་ཐང་ཁོ་ན་ཡིན་ལ།  མང་པོ་འདུས་ས་ནས་ཁྱོད་ཀྱི་འགན་ཁུར་ཡང་བྱིས་པའི་བཟང་གླེང་རྒྱུ་ལས་ངན་བརྗོད་རྒྱུ་དེ་མ་རེད།  རྒྱུ་མཚན་བྱིས་པར་ཡང་ལ་རྒྱ་དང་ངོ་ཚ་རང་བཀུར་གྱི་འདུ་ཤེས་ཡོད་པ་རེད།   གལ་ཏེ་ང་ཚོས་ཅི་མི་སྙམ་པར་བྱིས་པའི་རང་བཀུར་ལ་གནོད་སྐྱོན་བཟོས་ན་བྱིས་པའི་ཡར་ཐོན་གྱི་བསམ་པ་ཉམས་འགྲོ་བས་ང་ཚོའི་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེས་གོ་ཅི་ཡང་མི་ཆོད་ཁར་དེ་ལས་ཚབ་ཆེན་དུ་གྱུར་ནས་བྱིས་པ་ལོག་ལམ་དུ་འཁྲི་མི་འགྲོ་བའི་ངེས་པ་མེད།   ཡང་གཅིག་བཤད་ན།  ཁྱོད་ཀྱང་ཕ་མ་ཞིག་ལ་ངོས་ནས་རང་གི་བྱིས་པའི་ངན་ཐོས་རྒྱུ་ལས་བཟང་གོ་ན་མི་བཟང་ངམ། རེད།  ཁྱོད་ཀྱི་བུ་ལ་གོང་གི་དངུལ་གསོག་གི་ནུས་པ་མ་གཏོགས་པའི་ནུས་པ་ཧ་ཅང་མང་པོ་ཡོད་མོད།  དུས་ཚོད་ཀྱི་དབང་གིས་འདི་ནས་བསྐྱུར་ལ་རྗེས་མར་ཁ་པར་གྱི་ལམ་མམ་ངོ་ཐུག་དུས་ཤིག་ལ་ཞེ་ལྷོད་ལྷོད་ཀྱིས་ཁ་བརྡ་བྱ། 

rl25258 | རྩོམ་ཡོངས་ཀློག་པ།(485) | ལན་སློག(10)
བརྒྱད་པའི་བཅོ་ལྔདྲན་གདུང་གི་ཆུ་ཀླུང་རིང་མོ།
2012-10-7 15:07:55
 

བརྒྱད་པའི་བཅོ་ལྔདྲན་གདུང་གི་ཆུ་ཀླུང་རིང་མོ།

                           མཚོ།

དོ་དགོངངས

ཟླ་བ་འཛུམ་ཚུལ་མ་བསམ

སྐར་མ་འཚེར་ཚུལ་མི་གླེང

དོ་དགོང

ངས་ཁྱོད་ཁོ་ན་དྲན

དྲན་དྲན་གྱི་རྔ་མར

ཟླ་བ་དཀར་གསལ་ལེརསེམས་ནས་འགྲིབ་ཐལ

སྐར་མ་ཁྲ་ལམ་མེརམིག་ནས་ཡལ་ཐལ

ཕྱིར་ལན་མེད་པའི་ཁ་པར་སྙིང་ཁར་སྦྱར་སྦྱར་མཐར

རྨི་ལམ་སྣུམ་པོ་ཞིག་གི་མགོ་རྐང་འཆོལ་ཐལ

འཆར་གཞི་ཡག་པོ་ཞིག་གི་སྒྲོམ་གཞི་ཞིག་ཐལ

ཟླ་གོར་ལེབ་མོས་སྟེར་མི་ཐུབ་པའི་ཞིམ་མངར་གང

ཟླ་བ་སྒོར་མོས་དཔར་མི་ཐུབ་པའི་ལྷན་འཛོམས་གང

ངསལག་པ་དང་བྲང་ཁོག་མཉམ་དུ་བཟེད་ནསསུ་ལ་སློང

 

སེམས་པའི་ཕྱི་རོལ་ནཁྲ་ཆིལ་དགུ་ཆིལ་བྱེད་པ་དེ

ཟླ་བར་བསྐོས་པའི་ལས་ཀྱི་རྣ་རྒྱན་རེད

ཁོག་པའི་ནང་རོལ་ནཕར་ལྡིང་ཚུར་ལྡིང་བྱེད་པ་དེ

ཟླ་བར་བགོས་པའི་ཚེ་ཡི་ཞེན་ཆགས་རེད

སྙིང་སྡུག་གི་ཟླ་བ་ལྷ་མོགནའ་ནས་ཁ་མི་གྲགས་པ་ཅི་ཡིན

དོ་དགོངང་ཁོ་ན་པུས་མོ་བྲང་ལ་སྦྱར་བའི་ཁེར་རྐྱང་གི་སློང་མ་བ་ཞིག

སྟོན་མཇུག་གི་མཚན་མོར

ངས་རང་གི་སེམས་ལྗོངས་སྐྱ་བོ་རུ

འཚང་ཁ་རྒྱག་པའི་སྟོན་ལོ་ཁྲི་འབུམ་ལ་མེ་ཁ་གསོས་ཏེ

དོན་ལྔ་སྣོད་དྲུག་པོས་ཁྱོད་ལ་གསུར་མཆོད་བྱེད

སྙིང་ཁུངས་ཀྱི་མི་ཨ

ངས་རྟག་པར་རང་གི་མཛེས་སྡུག་ཁྱོད་ལ་གཏད

ངས་རྒྱུན་པར་རང་གི་ན་ཟུག་ཁོག་པར་བསགས

ངས་ནམ་ཡང་རང་གི་སྨྲ་སྒོ་མིག་ཆུས་བཀག

ངང་ཁོ་ནད་གཟོད་ཁྱོད་ལ་འདི་ལྟར་ཨེ་ཡིན

 

རྒུན་ཆང་ངམ་ནས་ཆངཡང་ན་ལྦུ་ཆང་གང་གིས་ཀྱང

རྨེག་མེད་དུ་བྱེད་དཀའ་བའི་ཚོར་བ་གང

ལྷག་མེད་དུ་ཀྲུ་དཀའ་བའི་སེམས་གཅོང་གང

ཁྱོད་རང་མེད་ས་ནསཁྱོད་ཀྱི་པང་བར་མགོ་བོ་འཇོག་རྒྱུ་དེ

རྨི་ལམ་ཞིག་ཡིན་དུ་ཆུགས་ཀྱང

དོ་ནུབཁྱོད་རང་མེད་ས་ནས

ངས་ཁྱོད་རང་ཤེད་ཀྱིས་དྲན་གྱིན

མངོན་སུམ་འཛེམས་མེད་ཀྱིས་དྲན་གྱིན

ང་རང་ཤུགས་ཀྱིས་ངུས་འདོད

མིག་ཆུས་ངོ་གདོང་སྦགས་ནས

མིག་ཆུས་ཁོག་པ་བརྫིས་ནས

མིག་ཆུས་སེམས་པ་བརླན་ནས

མིག་ཆུས་ཁ་སང་བངས་ནས

མིག་ཆུསམིག་ཆུས་ངའི་རྣམ་ཤེས་ཀྱང་ཁུར་ནས་་་་་་་་་

ཁྱོད་རང་ཡང་ཡང་སྒུལཤུགས་ཀྱིས་སྒུལ

 

ཁྱོའི་སྒ་ཁྲ་ལྷུ་འགྲིག་ཕོག་མཁན་དེ་སུ་ཡིན་ན་ཡིན་དུ་ཆུགས

ཁྱོའི་དངུལ་ཤན་བོའུ་རིང་ཉར་མཁན་དེ་སུ་ཡིན་ན་ཡིན་དུ་ཆུགས

ཁྱོའི་གྱི་ལིང་གྲོ་རྒྱ་རྟོད་མཁན་དེ་སུ་ཡིན་ན་ཡིན་དུ་ཆུགས

ཁྱོད་ཡར་སྒྱིད་ཡར་ལ་བཀུར་སྟེཇ་མངར་མོ་མདུན་ལ་སྲིང་ནས

འཛུམ་ཀྱི་ལེར་གདོང་ནས་མེ་ཏོག་བཀད་པ་དེའང

སུ་ཡིན་ན་ཡིན་དུ་ཆུགས་ཀྱང

ངའི་རྨི་ལམ་ལ་སད་རྒྱུ་མེད་ལ་ཟད་རྒྱུའང་མི་འདུག་པས

ངའི་དྲན་པ་ལ་མཚམས་འཇོག་མེད་ལ་གཡོ་བའང་མི་འདུག་པས

ངའི་མིག་ཆུ་ལ་འཛད་རྒྱུ་མེད་ལ་སྐམ་རྒྱུའང་མི་འདུག་པས

ཁྱོད་ཀྱིས་བསམ་གཟས་ནས་ཧྲུག་གེར་བཏང་པའི་སྟོན་ལོ་སེར་བོ་དེ

ཁྱོད་ཀྱིས་མཉམ་བཞག་ནས་སོགས་སེར་བཅག་པའི་རྩྭ་རྐང་སྐམ་པོ་དེ

ང་ཡིན་ན་ཅི་མ་རུངང་ཡིན་ན

ཅི་མ་རུང

 

ཡང་ནཟླ་བ་གསལ་ངེས་ལ་སྐར་མའང་འཚེར་སྲིད་པའི་དོ་ནུབ

ངས་དྲན་གདུང་གི་དར་སྐུད་རིང་མོས

ཟླ་བ་དང་སྐར་མས་ཕྲ་རྒྱན་བཏབ་པའི་བརྩེ་ཞེན་གྱི་མཚན་ཞག་རིང་མོ་ཞིག

སྙན་ངག་མ་ཡིན་པའི་སྙན་ངག་ཅིག་གིས་ཡུན་གྱིས་གཙག་གྲུབ་བྱེད་ཨང

                         ༢༠༡༢ལོའི་བརྒྱད་པའི་བཅོ་ལྔའི་མཚན་མོར་རང་ཁྱིམ་དུ་སྦྱར།

rl25258 | རྩོམ་ཡོངས་ཀློག་པ།(706) | ལན་སློག(4)
ཟླ་བ་དཀར་པོ་ཡིན་ནམ།
2012-9-29 10:15:29
 

ཟླ་བ་དཀར་པོ་ཡིན་ནམ།

མཚོ།

སྐར་མ་འདར་སྲོལ་དེ་སུ་ཞིག་དགའ་ནས་དགོད་ཚུལ་མ་རེད

དགུ་ཚིགས་བསྣར་སྲོལ་དེ་སུ་ཞིག་སྐྱིད་ནས་གཉིད་ཚུལ་མ་རེད

ཁ་བཏགས་ཀྱི་ཚབ་བྱེད་མི་ཐུབ་པའི་ཁ་དོག་གང་ཞིག

རྨི་ལམ་གང་ལའང་ཐོན་མི་སྲིད་པའི་ཡུལ་ལྗོངས་དཀར་པོ

དོན་དམ་དུ     མུན་པས་མུན་པ་ལ་སྤྲད་པའི་ལེགས་སྐྱེས་ཆུང་ཆུང་ཞིག་ཡིན་ནམ

འོད་ཀྱི་ལེར་འདུག་པའི་མཚན་མོར

མིག་ཟུང་ལ་གཏད་པའི་མཛུབ་མོ་དེ

ངས་གཏན་ནས་མཐོང་མ་སོང་བ་ཅི་ཡིན    ཅི་ཡིན

དེས་ན   གཤིས་བཟང་ཞི་འཇམ་གྱི་གུར་ལ་བཞུགས་པའི་སྐྱེ་བུ

འཇའ་ཚོན་དང་མེ་ཏོག་གི་མདའ་གཞུ་ས་ལ་ཞོག

དྲང་བདེན་དང་སྒེར་ཚུགས་ཀྱི་མགོ་རྒྱན་མར་ལ་ཕོག

ངའི་གློ་སྙིང་མཆིན་གསུམ་དུ་བརྡབས་ཡུན་རིང་བའི་ཕུར་བ་དམར་པོ་དེ

ན་ཟུག་གིས་བརྫིས་པའི་ངའི་ལོ་རྒྱུས་ཀྱི་དན་རྟགས་ཡིན

དྲག་ཏུ་ལྡིང་བཞིན་པའི་སྙིང་ཁ་ནས་དཀའ་ཚེགས་ཀྱིས་བཞད་པའི་མེ་ཏོག

ལང་ལོང་དུ་འཁྲིགས་པའི་སྤྲིན་གསེབ་ནས་ངལ་དུབ་ཀྱིས་འཕུར་བའི་བྱ་ཚོགས

སྨིན་མཚམས་ཀྱི་སྙིམ་པའི་ནང་རོལ་ན་དམ་དུ་བཅིངས་པའི་རྨི་ལམ

ད་དུང   ཁྱོད་ཀྱི་ཞབས་ལ་བཏུད་དེ་ངུ་ཤུམ་རྒྱག་པའི་དྭངས་གཙང་གི་རྣམ་ཤེས

ཡོད་ཚད་ཀྱི་ཡོད་ཚད    དོ་ནུབ་ནས

ཁྱོད་ཀྱི་མིག་ཟུང་ནས་ལྷུང་ལྷུང་འབབ་པའི་རྒྱང་བཞུད་ཀྱི་གཤོག་པའི་རླབས་རྒྱུན་ཡིན

ནུབ་ཁའི་མཚམས་སྤྲིན་གྱི་རོལ་དབྱངས་འཁྱིལ་ས་ནས

ཤ་ཁྲག་བདོས་བཅོས་ཀྱི་ཕུང་བོ་འདི་ཡང་ཡང་བཙགས་ཏེ

ཉི་ཟེར་ཁྲི་ཕྲག་གི་ཞུན་མས་རང་ཉིད་ལ་མཆོད་པ་འབ ལ

ངའི་སྨོན་འདུན་གྱི་རླུང་རྟ     མུན་པའི་ཁྲོད་ཁུ་སིམ་མེར་མཁའ་ལ་སྐྱོད

ངའི་སེམས་རྟེན་གྱི་བསང་མེ    ལྷིང་འཇགས་ཁྲོད་མེ་སྟེག་ཚ་ཚ་མཆེད

ངས་ཀྱང་མུན་ནག་ཁྲོད་ཀྱི་ཟླ་བ་ལྷ་མོ་བཞིན

རི་བོང་དཀར་པོ་ལྟ་བུའི་སྙིང་གི་ཚིལ་ལུ་སུ་ཞིག

ཡ་ཆུང་གི་ཆེས་སྙི་སར་དམ་དུ་སྦྱོར་རན་སོང

༢༠༡༢ལོའི་ཟླ་༩ བའི་ཚེས་༢༨ཉིན་གྱི་སློབ་ཁྲིད་ལས་ཀ་གྲོལ་རྗེས་ཀྱི་དགོང་མའི་མོའི་དུས་ཚོད་དགུ་བའི་སྟེང་སྦྱར་བ་དགེའོ།

rl25258 | རྩོམ་ཡོངས་ཀློག་པ།(995) | ལན་སློག(19)
འབྲེལ་ཡོད་ནང་དོན་ 70 ཡོད།<<<1234567>>>
ཟིན་བྲིས་བརྡ་ཁྱབ།

 

སྨྱུག་མིང་།  མཚོ།

དྲ་འབྲེལ། 1013461908

དྲ་ལམ། http://blog.tibetcm.com/u/tso25258/index.html

སྙན་ངག་ཡོད་པས

ངས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གླུ་རུ་བླངས་ཆོག

སྙན་ངག་ཡོད་པས

ངའི་བརྩེ་དུང་ལ་འཇའ་ཚོན་གྱི་ཁ་དོག་ལྡན་ཡོད

སྙན་ངག་ཡོད་པས

དགའ་སྐྱོ་མིག་ཆུར་མུ་ཏིག་གི་རིན་ཐང་ལྡན་ཡོད

སྙན་ངག་ཡོད་པས

ང་ལ་རྒྱ་མཚོ་བཞིན་གྱི་སེམས་ཀྱི་མངའ་ཐང་རྒྱས་ཡོད

སྙན་ངག་ཡོད་པས

ང་ལ་གངས་རི་བཞིན་གྱི་བརྟན་བརླིང་གི་རང་གཤིས་གྲུབ་ཡོད

སེམས་ཁམས་ལོ་ཐོ།
པར་དེབ།
ཟིན་ཐོ་གསར་བ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.