མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
 
སྒྲོལ་མ་ལྷ་ཁང་། http://blog.amdotibet.cn/rl25258/index.aspx
ལྷ་ས་རུ་བཏུས་པའི་ཟིན་ཐོ།
2014-5-10 9:01:31
 

     ལྷ་ས་རུ་བཏུས་པའི་ཟིན་ཐོ།

                      ____ཡང་ན། གཞན་དག་གིས་བསམ་པའི་ཕ་རོལ།

 

སྐྱིད་ཆུ་ནི་སྔར་གྱི་སྐྱིད་ཆུ་ཡིན་སྲིད།

དེ་འདྲའི་བྱམས་དུངས་དུངས་ཀྱིས་མུ་ནས་མུ་རུ་བཞུར།

ངའི་སེམས་པ་ནི་སྔར་བས་ཀྱང་ནུས་མེད་ཅིག

མིག་ཆུའི་བཞུར་རྒྱུན་གྱིས་སྐྱིད་ཆུའི་བྲི་འགྱུར་འགོག་ནུས་སམ།

ངའི་མིག་ཟུང་གིས་ཀྱང་སྔར་བཞིན་ཅི་ཡང་མཐོང་གི་མི་འདུག་སྟེ།

སྐྱིད་ཆུའི་དམར་ལམ་ལམ་གྱི་བྲང་ཁོག་བསམ་ན།

ཆུའི་གཞུང་ལ་བྲིས་པའི་སྙིང་གཏམ་བསམ་ན།

ང་ནི་མགོ་རྔ་མེད་པའི་སྨྲེང་སྐྱོ་དང་མིག་ཆུས་གྲུབ་པའི་སྤྲིན་པ་ནུབ་བཞུད་ཅིག

ཨ་མདོའི་མཚོ་སྔོན་པོ་ཁ་རུ།

ངས་ཞེ་དུངས་དུངས་ཀྱི་ལ་གཞས་ཚིག་གཅིག་ཀྱང་།

ཁྱེད་ལ་བཏུས་མ་སོང་ཨང་།

 

སྐྱིད་ཆུ་ལགས། ངས་ཨ་མའི་ནུ་ཞོ་འདྲ་བའི་ཁྱེད་ལ།

འཕྲད་སོང་གི་དགའ་སྐྱིད་ཕོར་གང་འདྲེན།

རླུང་བུ་བསིལ་བསིལ་གྱིས།  ཆུ་མོ་ཤང་ཤང་གིས།

བདག་གི་དུངས་སེམས་ཀྱི་མཚོ་རླབས།

བདག་སེམས་ཀྱི་ཉི་ཟླ་དབུ་ལ་བཞེས་པའི་ཕོ་བྲང་པོ་ཏ་ལའི་ཕྱོགས་སུ་ཡང་ཡང་བསུས།

ཕོ་བྲང་པོ་ཏ་ལ། ནམ་ཡང་ཉམས་པ་མེད་པའི་བདག་ཡིད་ཀྱི་སེམས་དཔའ་ལགས།  

ངས་ཁྱེད་ཀྱི་བཞིན་རས་ལ་ཅེར་ཡང་།

ཁྱེད་ཀྱི་ནང་སེམས་སུ་བརྐོས་པའི་གསེར་ཡིག་མཐོང་མ་སོང་ཨང་།

 

ངས་ཐོད་ལ་བཞག་པའི་སྙིམ་པ་ན།

སྔར་བཞིན་དད་འདུན་གྱི་སྨུག་ལོང་སྟུག་པོ་ཞིག་ལས་ཅི་ཡང་མི་འདུག ཅི་ཡང་མི་འདུག

ཐ་ན། ཁྱེད་ཀྱི་ཞབས་དྲུང་དུ་རྐང་རྗེས་ཆུང་ཆུང་ཞིག་དཔར་བའི་སྙིང་སྟོབས་ཤིག་ཀྱང་།

འཛོམས་སོང་གི་ཕྱག་འཇུ་དང་མཇལ་ཡོང་གི་ཚེ་རིང་ཁྲི་ཕྲག་གི་ཀློང་ནས།

ཁྱེད་ཀྱིས་ད་དུང་ཡང་། ཁ་སང་གི་དར་རྒུད་གླེང་ས་ཞིག་བཙལ་ཞིང་།

མ་འོངས་པའི་ལམ་སྣ་སྟོན་ས་ཞིག་ལ་རེ།

 

བདག་གི་བླ་སྲོག་གི་ཕོ་བྲང་ལགས།

ངས་རྟག་བརྟན་གྱི་དཔའ་རྒོད་འདྲ་བའི་ཁྱེད་ལ།

མཇལ་སོང་གི་ཁ་བཏགས་ཡུག་གཅིག་འབུལ།

འཇའ་ཚོན་ལས་ཀྱང་མཛེས་པའི་དབུས་ལྭའི་འཇམ་མཉེན་གྱིས།

དབུས་སྐད་ཀྱི་ཚིག་འབྲུ་རེ་རེ།

མཛའ་བརྩེའི་ཁུད་ལ་གཅུད་དེ་སྙན་ལྷང་ལྷང་གིས་ཕྱོགས་བཞི་མཚམས་བརྒྱད་ནས་བདག་གི་རྣ་བར་འཛུལ། 

བདག་གི་སེམས་ལ་བབས།  བདག་གི་བརྩེ་བར་འདྲེས།

བར་སྐོར་གྱི་རྡོ་གཅལ་དུ་འགྲིལ་བའི་ཆར་ཐིགས་རེ་རེས།

ང་ལ་ཤག་ཤག་གིས་ཅི་ཞིག་ལབ་ཀྱིན་ཡོད་ངེས།

གཙུག་ལག་ཁང་དུ་འཛུམ་དམུལ་ལེར་བཞུགས་པའི་ཇོ་བོས་ཀྱང་།

ང་ལ་ལྷོད་ལྷོད་ཀྱིས་ཅི་ཞིག་གསུང་གིན་ཡོད་ངེས།

ཤེས་རབ་ཀྱིས་ཅི་འདྲ་རྟུལ་ཡང་བདག་གིས་ཡང་ཡང་ཉན་སྲིད།   

ད་དུང་སྔར་བཞིན། སྤོ་བོ་ཚོའི་སྨྲ་རའི་ཁ་དོག་གི་འཚམས་འདྲི་ལ་ཉན་ངེས།

མངར་ཇའི་བཅུད་ཀྱི་སེམས་པའི་བཞུར་འགྲོས་ལ་ཉན་པར་སྤྲོ།

 

ཇོ་ཁང་ལགས།  ངའི་ནང་སེམས་ལ་བྱབས་འཁྲུས་བྱེད་ས།

ངས་ཤམ་བྷ་ལའི་ལམ་ཆེན་འདྲ་བའི་ཁྱེད་ལ།

དད་གུས་ཀྱིས་ཐོད་པ་ཡང་ཡང་གཏུག

 

ཞོགས་པ་དེ་ནི་ཉི་ཟེར་གྱིས་གཙེས་པའི་ཞོགས་པ་ཁེར་རྐྱང་ཞིག

སེམས་པ་རྒྱ་མཚོ་བཞིན་འཁྲུགས་སོང་།

ཁོང་ཁྲོ་མེ་རི་བཞིན་འཕྱུར་སོང་།

མཉམ་དུ་བརྩེགས་པའི་རྨི་ལམ་ཁྲི་ཕྲག་གློ་བུར་འཐོར་ཞིག་ཏུ་འགྲོ་དུས།

རབ་རིབ་ཀྱི་རྡོག་སྣེ་ན་སུ་ཡི་རྒྱབ་གཟུགས་མངོན།

ར་རོའི་ལུས་སེམས་ཀྱིས་དད་སེམས་ཀྱི་རྦ་རླབས་དྲག་ཏུ་མནན་ནའང་།

ངས་ཁྱེད་ལ་གུ་ཡངས་གནང་རོགས་མི་ཞུ།

 

སེ་ར་འབྲས་སྤུངས་ཀྱི་སྤྱན་ཟུང་དང་ཐུགས་ཀ་རུ་མངོན་པའི་བརྡ་སྤྲོད་ལགས།

བསམ་ཡུལ་གྱི་ཕར་ཕྱོགས་ནས། ལས་ཀྱི་རྦབ་རྡོ་འགྲིལ་ཡོང་པས།

ངས་སྐྲག་སྣང་དང་སེམས་གཅོང་ཐ་དག

གློ་མཆིན་དང་མཉམ་དུ་ཁྱོད་ཅག་གི་རྡོ་གཅལ་ལ་དྲག་ཏུ་སྦྱར།

བླ་སྲོག་གི་རྒྱབ་རི་བརྟན་པོ་ལགས།

བྲེལ་འཚུབ་ཀྱིས་བསྐྱུར་བའི་དགའ་ལྡན་དགོན།

ངས་ཕྱི་མིག་གི་ཀློང་ནས།

སང་ལོའི་སེམས་མཇལ་ལ་སྨོན་ལམ་དང་ཁ་གཡང་སྒྲོག

སེམས་སུ་ཁྱོད་ཀྱི་འཛུམ་ཞལ་མངོན་པ་ནས།

མཚན་ལྗོངས་སུ་ཤར་བའི་དུང་ཟླའང་དུང་ཟླ་ཙམ་དུ་ཟད།

ཁྱོད་ཁོ་ནས་ངའི་ཡིད་ཀྱི་རྒྱ་ཁྱོན་ཟིན་པས།

ཚོར་བས་མ་ཟིན་པ་གཞན་དག་རྨང་ནས་རྨས།

ཁོ་ན། ཁོ་ན། ཁོ་ནས་ཤོར་བ་ག་ཚོད་ཅིག

ཁྱོད་རང་ཤོར་བར་དོགས་པ་ནས།  ངས་གཏན་ནས་ཐེག་མ་སོང་།

ཁྱོད་ཀྱི་གམ་ན་ཉམ་ཆུང་གི་ངས་བརྩེ་བ་ཕངས་མེད་དུ་མཆོད་པའང་ནོར་འཕྱུག་ཏུ་སྲིད་ན།

ང་རང་མུ་ནས། ཡིད་དུ་འོང་བའི་བཏགས་མིང་འདི་ཡི།

སྙིང་དུ་སྡུག་པའི་བྲན་གཡོག་ཅིག་བྱེད་ཡ།

 

ས་གཡོ་བ་ལ་ཆོམ་སྒྲའམ། ཆུ་འབབ་པ་ལ་ཤང་ཤང་།

མེ་འབར་བ་ལ་ལྷབ་ལྷུབ། རླུང་གཡུག་པ་ལ་འུར་འུར་བྱེད་ན།

མུན་པའི་མཛེས་པ་ཚོར་བའི་བུ་རྒོད་ལགས།

བདག་གི་སེམས་འདྲིས། ང་ལ་ཡང་བསྐྱར་དེ་དུས་བཞིན་སྙིང་གཏམ་གློད་རོགས།

འཚོ་བས་ཁྱོད་ལ་དམ་དུ་འཁྱུད་པས་ཡིན་ན།

སྐྱེལ་མ་མེད་པའི་དུས་འདིར།  ངས་ད་དུང་ཡང་ཁྱེད་ལ།    

རྨི་ལམ་དུ་འཕྲད་པའི་ཆོད་སེམས་དང་བཅས།  

སྔར་བས་ཀྱང་དུངས་སོང་གི་འདང་བརྩེ་རུམ་གང་འབུལ།

           


rl25258 | རྩོམ་ཡོངས་ཀློག་པ།(895) | ལན་སློག(10)
ཀ་ཡེ། བདག་གིས་བྲང་ཁོག་ཕྱེས་ཏེ་གློ་སྙིང་སྟོན་སའི་ཕོ་རྒོད་ལགས།
2013-9-9 10:00:10
 

                               ཕེབས་ཞུ།

ཀ་ཡེ། གཡེར་མོ་ཐང་ཆེན་བརྒལ་བའི་ཕོ་རྒོད་ལགས།

མེ་ཏོག་གི་ཟེའུ་འབྲུས་སེམས་པ་བཀུག་སོང་ན།

རྩྭ་ལྗང་གི་གདན་སྟེང་ནས་ངལ་གསོ་གྱིས་ལ།

མེ་ཏོག་གི་མཛེས་པར་ཉམས་སུ་མྱོངས་ཤིག

ཆར་ཆུས་ལེགས་པར་བཀྲུས་ཤུལ་གྱི་ཉི་ཟེར་ཀློང་ན།

མེ་ཏོག་གིས་འདབ་མ་ལྷུག་གེར་གྲོལ་ཏེ།

འཇའ་ཚོན་གྱི་གུར་ལ་བསྡད་ཡོད

 

ཀ་ཡེ།   ཙོག་པུར་བསྡད་དེ་བདག་གི་འདབ་མ་ལ་བྱིལ་བྱིལ་གནང་ཞིང༌།

སྙིང་གཏམ་ཤབ་ཤུབ་ཏུ་སྨྲ་བའི་ཕོ་རྒོད་ལགས།

བདག་གི་གེ་སེར་གྱི་སྤུ་ལོང་གཡོ་བའི་བར་གསེང་ན།

བདག་གིས་ཁྱོད་ཀྱི་སེམས་འདུན་ལེགས་པར་ཉར་ཡོད།

ཁྱོད་ཀྱི་དཔྲལ་བ་ན་ཤུར་མོར་སྣང་བའི་རྔུལ་ཆུའི་ཤུལ་ལམ་དེས།

བདག་ཁྱོད་ལ་ལྷག་པར་ཉེ་བར་བྱས་སོང༌།

 

ཀ་ཡེ།   བདག་ལ་ཉེ་བར་དུད་དེ།

སྙིང་གཏམ་གྱི་ཉིང་བཅུད་གནང་སོང་བའི་ཕོ་རྒོད་ལགས།

ཁྱོད་ཀྱི་རྦ་རླབས་བཞིན་དྲག་པའི་སྟོབས་དང༌།

རྒྱ་མཚོ་བཞིན་ཟབ་པའི་བརྩེ་བས།

བདག་གི་ཡོད་ཚད་དྲག་ཏུ་སྒུལ་སོང༌།

ཡང་ན།   བདག་གི་རྩ་བ་ནས་ཁྱེར་ཏེ།

ཁྱོད་ཀྱི་སྔས་འགྲམ་གྱི་རྫ་བུམ་ལ་འཛུགས་རོགས།

 

ཀ་ཡེ།  བདག་གི་རྩ་བ་ནས་ཁྱེར་བར་དམ་བཅའ་འཇོག་པའི་ཕོ་རྒོད་ལགས།

རང་སྲུང་གི་ཚེར་མས་ཁྱོད་ལ་གཙགས་ཙམ་བྱས་པ་ཐལ་དྲགས་སོང་ངམ།

ཁྱོད་ཀྱི་མིག་ཀོང་དུ་བདག་གིས་བདག་གི་འབྱུང་འགྱུར་གྱི་དྲན་གདུང་མཐོང་བྱུང༌།

ཡང་ན།  བདག་གིས་ཁྱོད་ཀྱི་ཕྱིར་དུ།

བག་ཚའི་ཕྱི་གོས་ཕུད་ཅིང༌།  ལ་རྒྱའི་ནང་གོས་ཀྱང་གཡུགས་ཆོག

 

ཀ་ཡེ།   བདག་གིས་བྲང་ཁོག་ཕྱེས་ཏེ་གློ་སྙིང་སྟོན་སའི་ཕོ་རྒོད་ལགས།

ཧར་གྱིས་ཡར་ལངས་པའི་ཁྱོད་ཀྱི་ཁྲོ་ཉམས་དེ་རལ་གྲི་ཞིག་གི་རྣོ་དབལ་ཡིན་དུ་ཆུགས་ཀྱང༌།

འགྲོ་ཁ་མར་བཞག་པའི་ཁྱེད་ཀྱི་འཁྲེང་པའི་ཕྱི་མིག་དེས།

བདག་གི་སེམས་ཁོང་ལ་དྲི་ཚིག་སྟོང་གི་ས་བོན་བཏབས་སོང༌།

 

ཀ་ཡེ།  བདག་ལ་འཁྲེང་སེམས་ཀྱི་ཕྱི་མིག་འཇོག་པའི་ཕོ་རྒོད་ལགས།

ཆར་རྗེས་སུ་འཇའ་ཚོན་བཀྲ་ཐེངས་རེར།

བདག་གི་ཕྱོགས་ལ་རྒྱང་མིག་འཕེན་དོན་ག་རེ་ཡིན།

སྙིང་གཏམ་གྱི་ཆུ་རྒྱུན་ཆད་པས།

བདག་གི་འདབ་མ་རྙིད་པར་དོགས་སམ།

བརྩེ་འདང་གི་ཡང་བཅུད་སྟོང་བས།

བདག་གི་རྩ་བ་རུལ་བར་ཞེད་དམ།

ཅིས་ཀྱང༌།   བདག་ལ་གློ་རིང་བར་མི་གནང་བར།

བདག་རྨོངས་བ་ལས་སེལ་བར་བྱེད་པའི་ལན་པ་ཞིག་གསུང་དང༌།

 

ཀ་ཡེ།  གསུང་ལེན་མི་འབྱོན་ཡང་སྙིང་ལ་ཧ་ཅང་ཉེ་བའི་ཕོ་རྒོད་ལགས།

འཚོ་བས་ཁྱོད་རང་བདག་དང་རིང་དུ་བྲལ་བར་སྐུལ་ཚེ།

སེམས་པ་ཁོང་དུ་མ་ཆུད་དང༌།

བདག་གིས་འུ་གཉིས་ལ་དབང་བའི་སེམས་ཀྱི་འཇིག་རྟེན་དང་མངའ་ཐང་བསྐྲུན་ཆོག

ལུས་ཉིད་གཞན་དབང་གི་རྒྱ་རུ་ཚུད་ཀྱང༌།

སེམས་པ་ནི་རྒོད་པོ་གཤོག་ཐོགས་བཞིན།

ཡིད་ཆེས་བསྣམས་ཏེ་བདག་གི་ཕྱོགས་ལ་ཡང་ཡང་ཕེབས་ཤོག

 

ཀ་ཡེ།  ཞལ་བཞིན་གྱི་འཛུམ་ཆུང་བྲི་བའི་ཕོ་རྒོད་ལགས།

སོམ་ཉིའི་དྲ་བ་ན་ཕག་འཚག་རྒྱག་གིན་ཡོད་དམ། 

བདག་གི་ཕྱོགས་ལ་ཕེབས་སམ་ཅི།

གལ་ཏེ།  ཁྱོད་ཀྱིས་དངོས་ནས་འདི་ག་ལས་གྱ་ནོམ་པའི་གཡེར་མོ་ཐང་ཞིག་གི་ཁུགས་པ་རྙེད་སོང་ན།

རླུང་གིས་ཁུར་བའི་བདག་གི་རྨི་ལམ་རློན་པ་དེར་སེམས་པ་མི་གླན་རོགས།

བདེ་སྐྱིད་ཀྱིས་ཁྱོད་རང་ཕྱི་རིམ་ནང་རིམ་དུ་བཏུམ་པར་སྨོན་ལམ་ཡང་ཡང་འདེབས།

rl25258 | རྩོམ་ཡོངས་ཀློག་པ།(1028) | ལན་སློག(9)
སེམས་རྫིའི་གདུང་དབྱངས།
2013-8-19 13:40:31

སེམས་རྫི་མའི་གདུང་དབྱངས།

མཚོ།

མདང་གི་རྨི་ལམ་དྲག་ཏུ་འཁྲུགས་པའི་སྔས་གོང་ན།།

འདས་ཀྱི་ལོ་ཟླ་སེམས་ཀྱིས་རུམ་པའི་མིག་ཆུ་བསྙིལ།།

ལུས་ཀྱི་རུས་ཚིགས་ཀུན་ནས་ཐོར་བའི་སྨྲེང་སྐྱོ་ཞིག།

རབ་རྫོབ་མལ་གྱི་གོས་ཧྲུལ་བར་ན་དབུགས་སྣ་ལྷེམ།།

 

ཁ་སང་དུངས་སོང་ཚིལ་ལིའི་འཛུམ་ནི་གེ་སེར་གཡོ།།

བརྩེ་བའི་བྲང་གཞུང་དྲོད་འཇམ་དག་ནི་མ་མའི་པང་།།

རྣ་བའི་བདུད་རྩི་གསུང་དང་ཚིག་ནི་ཡིད་ཀྱི་གསོས།།

ཨ་ཧོ་སྙིང་སྡུག་མི་སྣང་བདག་ནི་ར་རོར་ཉུལ།།

 

བཅོ་ལྔའི་ཟླ་གཞོན་བྲི་འགྱུར་བྱུར་གྱི་ལྟས་ངན་ལ།།

བྱེས་འགྲོས་ལུས་སེམས་མི་བདེ་གདོན་གྱིས་བསླུས་འདྲ་བྱེད།།

ཅི་ཡིན་མ་འཚལ་དོགས་ཀྱིས་ཕྱོགས་ལ་ཉན་པ་ན།།

ཀྱེ་ཧུ་སྙིང་གི་གུ་མུད་ཡོངས་སུ་འཁོར་འདི་ཅི།།

 

ལག་གི་ཞལ་པར་འཚབ་འཚུབ་སོར་བཅུས་འདུ་བྱེད་པ།།

སྙིང་གྲོགས་གང་དེར་དྲན་པའི་སེམས་སྒྲ་གྱེར་བསམ་ཡང་།།

སྙིང་གི་ཕྱེད་ཀས་མི་འདོད་སྒོ་མོ་བཙན་གྱིས་རྒྱབ།།

སྙིང་གི་དུམ་བུའི་ཞབས་རྗེས་ཟབ་མོར་ཧད་དེ་ལུས།།


ད་ནི་མི་བཟོད་ཡིད་ཀྱི་གདུང་བ་རབ་འཁྲིགས་ནས།།

དོགས་དང་སོམ་ཉིའི་དྲ་རྒྱ་ཡོངས་སུ་བརྐྱངས་བྱས་ཏེ།།

སྙིང་གི་བྱམས་པར་གང་བྱུང་ཅི་ཉེས་ཞུས་གྱུར་ཀྱང་།།

ཞལ་ངོ་ཡེ་ནས་འཁོར་ཏེ་མིག་ཟུང་རྒྱང་ལ་ཕྱོགས།།


སེམས་ནི་སོལ་ལ་བསྲེགས་པའི་ན་ཚ་མ་བཟོད་པར།།

གདུང་བའི་མཆི་མ་བླུད་པའི་མིག་ཟུང་རབ་རིབ་ཁྲོད།།

སྙིང་གྲོགས་དམ་པའི་བཞིན་རས་འཛུམ་མེར་མངོན་འཆར་བས །།

དམ་དུ་འཁྱུད་འདོད་ལག་པས་དབྱིངས་ལ་སྟོང་གཡུག་བྱེད།།


ཁེར་རྐྱང་བྲང་དང་པུས་མོ་སྦྱར་བའི་རུས་ཚིགས་འབྱར།།

དྲན་པས་སེམས་པ་ཀུན་ནས་སྨྱོས་པས་ཚོར་ཤེས་བྲལ།།

བསམ་གྱིན་སྐྱོ་ངལ་འདམ་གྱིས་གོས་པའི་འཁོར་བ་འདི།།

རིང་དུ་དོར་རམ་ཅི་ལེགས་ཁོག་གི་སྙིང་ཁྱོད་རེ།།

             ༢༠༡༣ལོའི་ཟླ་༨པའི་ཚེས་༡༨ཉིན།


rl25258 | རྩོམ་ཡོངས་ཀློག་པ།(932) | ལན་སློག(10)
སེམས་པའི་བྲོས་བྱོལ།
2013-7-3 15:05:38
 

སེམས་པའི་བྲོས་བྱོལ།

སྤྲིན་པ་ལྡང་བ་དེའང་བསླུ་བྲིད་ཅིག་ཅི་ལ་མིན།

མཚམས་རེར་ཐར་ཐོར་ངང་།

ལྟ་ན་སྡུག་པའི་སྙིང་གི་དབྱིབས་སྙིང་རྗེ་བོ་རེ་མངོན་འོང་།

ལན་རེར་སེམས་ཀྱི་དག་ཞིང་གི་ས་ཁྲ་རུའང་གྲུབ་འགྲོ

རླུང་བུ་མ་ལྡང་གོང་།

ངས་མགོ་བོ་བཀྱགས་ནས་རྨི་ལམ་ཡང་ཡང་རྨིས།

ངས་སྤྲིན་པའི་སྙིང་ཆུང་དེ་ཁྱེར་ནས།

ངས་སྤྲིན་པའི་ས་ཁྲ་དེ་ཐོགས་ནས།

ང་ཁྱོད་ཡོད་སའི་དག་ཞིང་དེར་ཡང་ཡང་འཕུར།

རླུང་བུ་མ་ལྡང་གོང་།

ངས་བསམ་ཚོད་ཅིག་ལ།

ཁྱོད་ང་ལ་ཤིན་ཏུ་དུངས་སོང་སྙམ།

རླུང་བུ་མ་ལྡང་གོང་ལ།

སྤྲིན་པ་ནི་དེ་ལྟར་སྙིང་དུ་སྡུག

ཆར་བའང་སྙིང་ཉེ་ཉེ་ངང་འབབ་ལོས་འགྲོ་འདོད།

སེམས་པ་འདིའང་ལྷོད་ལྷོད་ཀྱིས་འཕུར་ལོས་ཆོག་སྙམ།

རླུང་བུ་མ་ལྡང་གོང་།  རླུང་བུ་མ་ལྡང་གོང་།

གང་ལྟར་ངའི་བློ་བདེ་བག་ཕེབས་ཀྱི་ཚུལ་དེའང་།

སྤྲིན་པ་བཞིན་ཐོར་ཞིག་ཏུ་སོང་མེད།

གང་ལྟར།  མཐོ་དྲགས་པའི་ལ་མོ་དེའང་།

དྲན་གདུང་གི་མིག་ཆུས་གཞལ་མི་དགོས།

ཐག་ཉེ་ཞེས་པའི་མཐོང་རེག་གི་འདི་ཚོ་མིན་ན།

རྒྱང་རིང་ཞེས་པའི་དྲན་པ་སྒུལ་སྤྱད་ཅིག་ཡོད་ཨེ་སྲིད།

རླུང་བུ་མ་ལྡང་གོང་།

ངས་འཛུམ་དམུལ་དམུལ་ངང་།

ཁྱོད་རང་གམ་དུ་ཡོད་སྣང་གིས།

བརྩེ་དུང་དང་འཆར་ཡན་གྱི་གཏམ་རྒྱུད་བསྒྲིགས་ནས།

དུས་ཚོད་ཀྱི་ལག་བརྡའང་མཐོང་མ་སོང་།

རྒས་ཟིན་པའི་ང་། 

དེ་རིང་ཡང་ཁ་སང་གི་ཐུ་ཁུད་ན་རྨི་ལམ་རྨིས་ཀྱིན་ཡོད།

འདིའང་རླུང་བུ་མ་ལྡང་གོང་རེད།

རྫུབས་མཐུག་པའི་གནའ་བོའི་ནགས་ཚལ་འཇམ་ཅག་གེར།

སྟག་གམ་གཅན་གཟན་གང་རུང་ཞིག

ངར་ངར་གྱིས་འཆོང་འོང་བའི་བཟོ་ལྟ་ཞིག་ཡེ་ནས་མི་འདུག

རྩི་ཤིང་གིས་མགོ་བོ་འཕྲེད་དུ་གཡུགས་མ་སོང་།

ས་རྡུལ་གྱིས་མི་འདོད་འཚུབ་ལོང་བྱས་མ་སོང་།

རླུང་མ་ལྡང་གོང་།  ཐམས་ཅད་ཡོད་ཡོད་འདྲ་བས།

བློ་མི་བདེ་བ་ཅི་ཡང་མེད།

ཐ་ན།  རྒྱང་རིང་གི་ཁྱོད་ཀྱང་ངའི་རུམ་ཁ་ན།

ཨོ།  རླུང་བུ་ལྡང་ཤོག

ཁུ་སིམ་སིམ་གྱི་ལྷིང་འཇགས་ཁྱེར་ཤོག

བྲེལ་འཚུབ་འཚུབ་ཀྱི་གོམ་འགྲོས་སྤོས་འགྲོ

ཨོ།  ད་དུང་ཤུགས་ཀྱིས་ལྡང་ཤོག

ཞེ་སྨྲེང་སྨེང་གི་སེམས་ཁྲལ་ཁྱེར་ཤོག

སེམས་བྲེལ་བྲེལ་གྱི་སྙིང་རླུང་འཕྱུར་ཤོག

རླུང་ལྡང་ཤོག  རླུང་ལྡང་ཤོག

སེམས་པ་ཞིག་གི་བྲོས་བྱོལ་ལ་བསྟོད་གླུ་ལེན།

བསྟོད་གླུ་རླུང་བུ་ལ་བསྐྱོན་ཏེ།

གནའ་བོའི་ནགས་ཚལ་དུ་ལྡང་།

སྤྲིན་པའི་བང་རིམ་དུ་ལྡང་།

མཐའ་ཡས་རྩྭ་ཐང་དུ་ལྡང་།

ད་དུང་རི་བོའི་རྐེད་དང་ཆུ་བོ་གཞུང་དུའང་།

བར་མེད་དུ་ལྡང་ཤོག

        

rl25258 | རྩོམ་ཡོངས་ཀློག་པ།(835) | ལན་སློག(8)
སེམས་གསོའི་རིལ་བུ།
2013-6-21 9:20:31
 

སེམས་གསོའི་རིལ་བུ།

                         རང་ལ་བྲིས་པ།

རང་མ་གཏོགས་ཚང་མ་གཞན་ཡིན་པ་ཤེས་པར་གྱིས།

སྙིང་གཏམ་ཁོག་ནས་རུལ་དུ་ཆུགས།

མཆི་མ་སེམས་ནས་སྐམ་དུ་ཆུགས།

ཁ་པར་གྱིས་སྐུད་སྣེ་ནི་ཐོབ་ཤོར་གྱི་བར་ན་ཡོད་པས།

སྐུད་སྣེ་དེ་ན་ཅི་ཞིག་ཡོད་མིན་ལ་འདང་མ་རྒྱག

དེ་བས།  ཁ་པར་སྔར་མལ་དུ་ཞོག

སེམས་པའང་སྔར་མལ་དུ་སྐྱུར་ཞོག

 

སྐད་འཕྲིན་གྱི་ཀློང་འདི་རྫ་མཐོ་སའི་གནམ་གཤིས་ལྟ་བུ་རེད།

ལན་རེར་འདྲིས་ཆ་ཉུང་བ་དག་གིས་ཀྱང་དྲན་རབས་གླེང་འགྲོ།

སྐབས་རེར་ཞེ་འདྲིས་ཆེ་བ་གང་གིས་ཀྱང་ཧ་གོ་ཡི་མེད་ཚུལ་ལབ་འགྲོ།

འགྱུར་ལྡོག་ཆེ་བ་ནི་ཆོས་ཐབས་ཅད་ཀྱི་ཆོས་ཉིད་དུ་བཤད་པས།

ཁྱོད་སྐྱོ་ཡང་ཡལ་ཟིན་པའི་དུངས་བརྩེ་བསྐྱར་འོང་མེད།

ཁྱོད་ངུས་ཀྱང་ཡལ་ཟིན་པའི་དུངས་བརྩེ་བསྐྱར་འོང་མེད།

 

འཇིག་རྟེན་འདི་ལྷ་ཚོགས་ཀྱིས་བསྐྲུན་པའི་ཟློས་གར་ཁང་ཞིག་རེད།

ང་ཚོ་ནི་ལྷ་ཚོགས་ཀྱིས་བཀོད་སྒྲིག་རྒྱབ་པའི་གར་བ་གར་མ་འབའ་ཞིག

དངོས་གནས།  མི་ཡོད་ཚད་ཅི་ཡང་མ་རེད།

ཡང་ན།  མི་ཡོད་ཚད་ཅི་ཡང་ཡིན་ཏེ།

མི་དག་མེད་ན་ལྷ་ཚོགས་ཀྱི་སྨྲེང་སྐྱོ་དེ་སུ་ཡིས་འཁུར།

དེ་བས་ཁོ་ཅི་ཞིག་ཡིན་ན་ཁྱོད་ཀྱང་དེའི་མན་ཞིག་ཡིན་མི་སྲིད།

ཁྱོད་ཀྱིས་དངོས་གནས།

ཁོ་ལ་རང་ལས་ལྷག་པའི་བརྩི་མཐོང་བྱེད་དགོས་མི་འདུག

དེ་བས།  ཅིས་ཀྱང་ཁ་པར་དེ་རང་སོར་འདུག་ཏུ་ཆུགས།

སེམས་པ་ཧ་ཅང་ཧ་ཅང་སྐྱོ་དུས་སྙན་ངག་ཕྲིས།

གཞན་གྱིས་མི་ཐོས་སར་ངུ་ཞོར་སྙན་ངག་ཕྲིས།

སྐྱོ་བ་དྭངས་དུས་སྙན་ངག་དེ་གསང་བ་དང་མཉམ་དུ།

ལྷབ་ལྷུབ་ཏུ་འབར་བའི་མེ་ལ་བཅོལ་རོགས།

དེ་ལྟར་མ་བྱས་ཚེ།  ཁྱོད་ཡང་བསྐྱར་མི་ཞིག་ལ་དགའ་དུས།

གསང་བ་དེ་རླུང་གིས་གང་སར་འཁུར་སྲིད།

ཡིད་ལ་ཟུངས།  འཁོར་བ་ནི་སྒེའུ་ཁུང་མང་པའི་མུན་ནག་གི་འཇིག་རྟེན་ཞིག་ཡིན།

དེས་ཁྱོད་ཀྱིས་འོད་སྣང་ཕྱིར་འདྲེན་རྒྱུ་ལས།

ཕྱི་ཡི་ཕུན་ཚོགས་ཁྱོད་ལ་བསྐྱལ་མི་སྲིད།

དེ་བས།  སྒཻའུ་ཁུང་དེ་བཅོམས་ཐབས་བྱོས།

མུན་ནག་དེ་སེལ་ཐབས་བྱོས།

ཕྱི་དང་ནང་ན་འཚང་ཁ་ཤིག་ཤིག་བྱེད་པའི་མིག་ཟུང་དང་ཧབ་ཆ་ལ།

ཁ་ཡ་མ་བྱེད།  རང་ཉིད་བརླག་མི་འདོད་ན་ཁ་ཡ་མ་བྱེད།

 

རང་གིས་གང་ཞིག་སྒྲུབ་འདོད་པ་དེར་བཀག་འགོག་མ་བྱེད།

ཁྱོད་ཀྱིས་ལུས་འབྲེལ་བྱེད་པ་ལས་གཞན་པའི་དོན་ཞིག་བྱེད་མི་སྲིད།

 

ཡང་ན་ཁམས་དམར་གྱིས་ཁོ་བོའི་ལུས་དང་སྲེད་པ་ལ།

མཚར་སྡུག་གི་གཏམ་རྒྱུད་ཅིག་ཕྲིས་ཤོག

ཁོ་བོས་ཁྱོད་རང་བརྗེད་མི་ཐུབ་པ་དེ་ཁྱོད་ཀྱི་སྐྱོན་ག་ལ་ཡིན།

ཁོ་བོས་ཁྱོད་རང་བསུ་འདོད་པ་དེར་ཡིད་ཅི་ལ་མི་ཆེས།

ཁྱོད་སུས་ཀྱང་རང་ཉིད་ཀྱི་སེམས་ཀྱི་སྡུག་གུ་རུ་བསྒྱུར་འདོད་ཆེ།

ཁྱོད་ཀྱིུས་སེམས་ཆུང་བྱེད་མི་དགོས།

ད་ཆ།   འཛུམ་མདངས་དང་།

ལྷག་བསམ་ལས་མཁྲེགས་པའི་གོ་ཆ་ཞིག་གང་ན་ཡོད།

དེ་བས་ཁྱོད་སྐྲག་ཀྱང་ག་ལ་དགོས།

 

ཡང་ན།  མ་མཐར་ཡང་ཉིན་གཅིག་གི་ནང་ཁོ་བོ་དྲན་ནས།

ཁེར་རྐྱང་གིས་སྙན་ངག་མ་འབྲི།

དཔེ་ཆར་ལྟ་མི་འདོད་ན་དེ་ཡང་བསྐྱུར་ཞོག

དམ་བེ་སྟོང་བ་ཞིག་གི་ནང་དུ་ཕུ་བཏབས་ཏེ།

ཆུ་ལ་སྐྭར་དང་ཡོད་ཚད་བརྗེད་འགྲོ།

སང་ཉིན་ནས་སླར་ཡང་།  ཁྱོད་ཉིད།

སེམས་དང་མིག་ཟུང་བསླུ་བའི་ལྷ་མོ་དེ་ཅི་ལ་མིན།

ཁོ་བོའི་རེ་ཆད་ལ།  ཁྱོད་ཀྱིས།

འཛུམ་མདངས་ཤིག་གི་ལེགས་སྐྱེད་ལས་ཅི་ཞིག་འཇོག

rl25258 | རྩོམ་ཡོངས་ཀློག་པ།(1236) | ལན་སློག(12)
ལམ།
2013-5-29 8:40:55

       ལམ། 

          ཀུན་འདུས་དབང་མོ ། 

ལྷ་ས་ལ་འགྲོ    ལྷ་ས་ལ་འགྲོ 

གཉིད་གཏམ་རྙིང་བ་དེ་བཤད་ཞོར 

ངས་ཡང་བསྐྱར་རྨི་ལམ་རྙིང་བ་དེ་རྨིས 

 

 

རྨི་ལམ་དུ  ནང་མ་ལས་ཕྱིར་རང་ཁྱིམ་དུ་འབྱོར 

རང་ཁྱིམ་གྱི་སྒེའུ་ཁུང་དུ་ཞོགས་ཟེར་ནི་འཚང་ཁ་ཤིག་ཤིག་བྱེད


ང་རང་སེམས་ཀྱིས་འཚོ་སྲིད་པའི་ཇོ་ལགས

ཆང་སེར་ཞལ་བཞེས་གནོངས་དང

གླིང་གའི་ནང་གི་མཛེས་སྡུག་གིས

ཁྱེད་རང་བསླུ་མི་འགྲོ་བ་བདེན་ན

ཕྱི་རོལ་གྱི་ཉི་ཟེར་གྱིས་ང་རང་བཟི་མི་འགྲོ

ང་ཡི་སྐྱིད་སྡུག་ཕྲག་ཏུ་བཞེས་སྲིད་པའི་ཇོ་ལགས

དཀྲུགས་ཇ་ཕོར་གང་བཞེས་དང

ང་ཡིས་ཁྱེད་ལ་དུངས་པའི་གཞས་ཤིག་གཏང་ཡོང


 

 

སྟོད་ཉི་མ་ལྷ་ས       རྩེ་པོ་ཏ་ལ

ནམ་ཞིག་ནས་

ངའི་མིག་ཀོང་ལས་ལྷུང་བའི་མཆི་མ་རུ་ཟེགས

བར་སྐོར་གྱི་རྡོ་གཅལ་དུ

ངའི་བློ་སྤོབས་ལ་གཤོག་རྩལ་རྒྱས་དུས

ཇོ་ལགས    ཁྱེད་ཀྱིས་ཐག་རིང་ནས་ང་ལ་ཚེ་རིང་མ་གསུངས 

ཁྱེད་ཀྱི་ཕྲག་གོང་དུ་ཕུ་ཐུང་གིས་མཆི་མ་འབྱིད་ཚར་དུས

ངས་ཁྱེད་དང་པོ་ཏ་ལའི་རྩིགས་སྡེབས་ལ་འགྲམ་པ་གླན་ཚར་བས

ཇོ་ལགས   ག་དུས་ཤིག་ནས་

དབུས་སྐད་ད་དིག་རྒྱག་པའི་ཨ་མདོ་སྒྲོལ་མའི་གསེང་དུ

ཁྱེད་ཀྱིས་ང་རང་གཏན་དུ་བོར་སོང་ཨང


 

 

བྱུ་རུའི་མགུལ་རྒྱན་སྒྲོན་པའི་ཨ་མདོ་སྒྲོལ་མ

ཞལ་ལ་ཚལ་རྩི་བྱུགས་པའི་ཨ་མདོ་སྒྲོལ་མ

འཞམས་འདྲིའི་བཀྲ་ཤིས་བདེ་ལེགས

རང་གིས་ལྷ་སའི་ལྷ་ངོ་དེ་མཐོང་ཡོད་ལེ་རེད

རང་གིས་ལྷ་སའི་བདེ་སྐྱིད་དེ་རོལ་ཡོད་ལེ་རེད

ང་ནི་ཁྱེད་ཀྱི་སྨྲེང་སྐྱོ་སེལ་བའི་ལྷ་སྲས་ཡིན

ཨ་མདོ་སྒྲོལ་མ་ལགས 

ང་ལ་ཤབ་ཤུབ་ཀྱི་གཏམ་གླེང་ཐེངས་གཅིག་གནང་རོགས

རང་གིས་ང་ལ་ལྷ་སའི་སྐུ་དྲག་གི་བརྗིད་བག་དེ་གསུངས་དང

གདུགས་དང་རྒྱལ་མཚན་གྱི་ཡོ་ལང་དེ་ག་འདྲ་འདུག

རང་གིས་ང་ལ་ནོར་བུ་གླིང་གའི་སྤྲོ་ཚོགས་གསུངས་དང

བྲོ་དང་སྐྱེམས་ཆང་གི་འདུ་འཚི་ག་འདྲ་འདུག


བྱེའུ་ཆ་གཅིག་པོ་ཏ་ལའི་སྨད་དུ་འཕུར་ནས

ཞོལ་གྱི་ཁང་ཐོག་ཏུ་ལྡིང་སྐོར་རྒྱག

ཇོ་ལགས   ཉི་མའི་ཚ་ཟེར་འོག་ཏུ་ང་ལ་ཐོག་སྒྲིབ་མི་འདུག

ཐོག་སྒྲིབ་མེད་པའི་མཁའ་དབྱིངས་སུ་ངས་ཅི་ཡང་མཐོང་མ་སོང

ཇོ་ལགས     རང་གིས་ང་ལ་གསུངས་དང

སྦྲང་ཆར་རུམ་པའི་སྤྲིན་པ་དེ་ག་ན་འདུག

ཨ་མདོ་སྒྲོལ་མའི་བདེ་སྐྱིད་དེ་ག་ན་འདུག

ངའི་སྣུམ་ཤིག་ཤིག་གི་ཉི་མ་ལྷ་སའི

ངའི་ལམ་དེའང    ག་ན་འདུག

                                    ༢༠༡༣ལོའི་ཟླ་༥བའི་ཚེས་༢༦ཉིན།


rl25258 | རྩོམ་ཡོངས་ཀློག་པ།(682) | ལན་སློག(6)
ས་གཞིའི་སྲས་མོ། ཨ་ཅེ།
2013-4-8 9:36:48
 

ས་གཞིའི་སྲས་མོ།   ཨ་ཅེ།

                  མཚོ།

 

ཉི་མ་འཆར་ནུབ་དུ

སྐྱི་བསེར་རླུང་གིས་སྒུལ་བའི་བ་སྤུ་རེ་རེ

ས་གཞི་ལ་ཕུལ་བའི་མཆོད་པའི་མར་མེ་ཡ་ཡོ་ཡིན

རྡུལ་ནག་གིས་ཡ་ཐོད་ཀྱི་གཉེར་རིས་བསུབ་ཤུལ

འབྲས་བུ་འཁུར་སྲིད་པའི་ས་བོན་ལ་སྨྱུ་གུ་འབུས

ཨ་ཅེ་ལགས  གློ་བུར་དུ་རྒས་པའི་བདག་གི་མ་མ

ཞེན་ཆགས་ཀྱི་ཀློང་ནས་ཕྱིར་སྡེ་ལ་བལྟ་དུས

ཁྱོད་ཁོ་ན   ཆུ་ཡིས་མ་ཟོས་པའི་ཞིང་ཚིགས་སུ

འོད་ཀྲིག་ཀྲིག་གི་ཟིལ་ཐིགས་བཞིན

ས་གཞིའི་གཏིང་རིམ་དུ་ཁད་ཀྱིས་འཐིམ

 

མགོ་དཀྲིས་གློ་སྐྱ་རླུང་གིས་ལྷབ་ལྷུབ་སྐྱོད་དུས

དམར་སྨུག་གི་གདོང་ལ་རྒྱང་རིང་གི་ས་ཡི་གཡབ་མོ་གསལ

འདུན་མ་ཆུང་ཆུང་མིག་ཟུང་དུ་སྦས་པ་ནས

ཁྱོད་ཀྱིས་ཁ་རོག་གེར་སྙིང་ཉེ་བའི་རྨི་ལམ་ག་ཚོད་རྨིས

ཨ་ཅེ་ལགས   དུངས་སྣང་ལ་ཡིག་འབྲུའི་གསལ་ཁ་མེད་པའི་སྨན་ཤར

དྲན་གདུང་ལ་མིག་ཆུའི་འདྲེན་པ་མེད་པའི་མཛངས་མ

བུ་ཕྲུག་གི་དགོད་སྒྲ་དང་ངུ་སྐད

ཡབ་ཡུམ་གྱི་འཛུམ་མདངས་དང་སྡུག་ཡུས

ཕུ་ནུ་ཚོའི་རྒྱལ་ཁ་དང་ཕམ་ཉེས

ཡོད་ཚད་ཀྱི་ཡོད་ཚད   ཁྱོད་ཀྱིས་ད་བར་དུ

རང་ཉིད་ཀྱི་ཐོབ་ཤོར་དུ་རློམ

ཨ་ཅེ་ལགས   ཁྱོད་ཀྱི་མཆུ་སྒྲོས་སུ་རྣག་ཁྲག་འཛུམ་དུས

ཁྱོད་ཀྱི་ཁེར་རྐྱང་ལ་མུ་མཐའ་མེད་དུས

ངའི་སྐྱོ་བའི་རྨ་ཁར་ཚྭ་ཁུ་སྤར་མོ་རུ་འདེབས་མཁན་དེ་སུ་ཡིན

 

ལུས་པོ་སྒུར་སྒུར་གྱིས

ཐབ་ཚང་ནས་ཕྱི་ཁྱིམ་ར་བ

ཕྱི་ཁྱིམ་ནས་ས་ཞིང་གྲུ་བཞི

མེ་འཚུབ་ཐལ་འཚུབ་ཀྱིས

ས་འཚུབ་རྡུལ་འཚུབ་ཀྱིས

ཨ་ཅེ   ནམ་ཡང་ངལ་དུབ་མི་ཚོར་བའི་གཞུང་བཟང་མ

ཡོད་ཚད་ས་གཞི་ལ་བཅོལ་ཞིང

ས་གཞི་ཡོད་ཚད་དུ་འཇོག་པའི

ས་གཞིའི་སྲས་མོ

ཡུར་ཆུས་ཡང་ཡང་བྲན་པའི་ལུས་སེམས

ལྕགས་ཁ་ཕྲུམ་དུ་ཡང་ཡང་བླངས་པའི་ས་ནག་བཞིན

སྙེ་འབྲུའི་ཁུར་གྱིས་དུད་པའི་གཤིན་ས་རུ

སེར་ག་ཤིགས་སེར

ཁ་ཁུ་སིམ་མེར

༢༠༡༣ལོའི་ཟླ་༤བའི་ཚེས༦ཉིན་གྱི་སྔ་དྲོ་སློབ་གྲྭ་རུ།

rl25258 | རྩོམ་ཡོངས་ཀློག་པ།(1221) | ལན་སློག(15)
ཨ་ཅེ། ཨ་ཅེ། ཨ་ཅེ།
2013-3-6 15:40:36
 

ཨ་ཅེ།  ཨ་ཅེ།  ཨ་ཅེ།

མཚོ།

 

ད་ནས     ངས་ཨ་ཅེ་ལྟ་བུའི་མེ་ཏོག་གང་ཞིག

ལྷུག་ལྷུག་བཞད་ཚུལ་མི་བསམ

རྩི་སྦྲང་ཁྱུ་དང་ཁྱུ་རུ་ཕུར་ཤུལ་དུ

ཨ་ཅེའི་སེམས་པ   རླུང་ཁར་ཡན་པའི

ཕྱེ་ལེབ་ཅིག་གི་ཉམ་ང་ལ་གླན་ཚུལ་བསམ་ཡང

འོད་མདངས་བྲི་བའི་ཟླ་བ་བཞིན

ངའི་ཨ་ཅེས   རྒྱ་མཚོའི་རྒས་གོག་ལ་བདེ་མོ་འཇོག་མི་སྲིད

འཕྱི་དྲགས་པའི་བརྩེ་དུང་གི་བཟི་ཁ་དེ་བཙན་སྲིད་ན་ཡང

བསྐྱུར་བཞག་པའི་ཁེར་རྐྱང་གི་སེམས་པ་དེ་སྐྱོ་དྲགས་ན་ཡང

མཚན་མོས་ཟླ་བ་དང་སྐར་མ་ཁུད་དུ་གཅུད་ནས་བཞུད་ཤུལ་དུ

ཉིད་འོད་ཀྱི་ངོགས་སུ    ཨ་ཅེས་མང་པོ་ཞིག་སྟོར་སོང་བ་ཡིན་ནམ

ཚ་ཟེར་གྱིས་བྲན་པའི་ཨ་ཅེའི་ངོ་གདོང་སྨུག་པོ་ན

དཀའ་སྡུག་གིས་བྱིལ་བྱིལ་གནང་པའི་ཡ་ཆུངགི་རི་མོ་བབས

ཨ་ཅེ་ལགས     ངའི་མིག་ཆུ་ལ་རིན་ཐང་མེད་པ་སུ་ཡིས་རྟོགས

 

ཁྱོད་ཀྱི་སེན་མགོ་ཁྲག་དང་སེན་རྟིང་བརྣག་གིས་ཟིན་དུས

   ཁྱིམ་མིའི་སྙིང་ག་ནས་བདེ་སྐྱིད་ཀྱི་མེ་ཏོག་བཞད་ཀྱང

   ཁྱོད་ཀྱི་སྨེང་སྐྱོ་ལ་སུ་ཡིས་བཞི་ཤད་འཇོག

ཨ་ཅེ    བརྩེ་དུང་གི་གཏམ་རྒྱུད་མི་ཤེས་པའི་ཁྱོད་ཀྱིས

ནམ་ཡང   བརྩེ་འདང་གི་གཏམ་རྒྱུད་མུ་རུ་སྒྲིག

ཚང་མས་ཁྱོད་ཀྱི་ལྷིང་འཇགས་ལ་འཁང་ར་བྱེད་བཞིན

ནམ་ཞིག་ནས་དེ་ལྟར་དུ    ཁྱོད་རང་གཞི་ནས

ཁ་ཁུ་སིམ་པོར་གྱུར་སོང་བ་སུས་ཀྱང་དཔག་དཀའ་བ་ཅི་ཡིན

ཨ་ཅེ    ང་ལ་ཁྱོད་བཞིན་སྐྱོ་གདུང་ཟབ་པ་སུ་ཡིས་རྟོགས

 

སེམས་ཁོང་གི་རེ་སྨོན་ལ་ལྕི་ཚད་ཤོར་དུས

ཁྱོད་ཀྱི་སེམས་པ་རུ

འཇིག་རྟེན་གྱི་ཡོད་ཚད་ལ་བཀྲག་མདངས་ཤོར

འཚོ་ཚིས་ཀྱི་འབད་འབོངས་ལ་རམ་སྐྱོར་མེད་དུས

ཁྱོད་ཀྱི་རྨི་ལམ་དུ

འཁོར་བའི་བདེ་སྡུག་ལ་ཡང་སྙིང་བྲལ

ཨ་ཅེ    འཚོ་བའི་ཁང་ཆུང་ལ་སྐར་ཁོང་མེད་དུས

ཁྱོད་ཀྱིས་སུ་ཞིག་དྲན

 

ཁྱོད་ཀྱི་སྙིང་གཏམ་ཁུར་བའི་སྐར་མ་སྟོང་ཕྲག

མཚན་གུང་གི་ལྷིང་འཇགས་ཀྱི་ཀློང་ན

ཁྱོད་ལ་བརྩེ་སེམས་ཀྱི་མིག་ཟུང་གཏད

ཨ་ཅེ    ཁྱོད་ཀྱི་རྨི་ལམ་ལ་གཤོག་ཡ་ཆད་དུས

ངས་ཁྱོད་ཀྱི་སྡུག་ཡུས་ཚིག་གཅིག་ཀྱང་ཐོས་མ་སོང

ཨ་ཅེ     ངས་ཅིས་ཀྱང

བདེ་སྐྱིད་ཀྱི་ལག་པའི་མཁྲིག་མ་ནས་བཟུང་སྟེ་ཁྱོད་ལ་སྤྲད་འདོད

ཨ་ཅེ་ཨ   སྐབས་དེར་ཁྱོད་ཀྱིས་ཅིས་ཀྱང

བདེ་སྐྱིད་དམ་དུ་འཛིན་རོགས

 

སྐྱེས་པ་ཚོ   ཐེག་གེར་རྟ་རྒྱུག་འགྲན་དུས

སུ་ཞིག   ཉམ་ཆུང་སུ་ཞིག

ལག་སྐྱོར་འདྲུད་འཐེན་ལ་དམ་དུ་འཐམས་ཏེ

ལྗིད་ཏིག་ཏིག་གི་ནས་ཤོག་དྲུད་ནས

ལྗིད་ཏིག་ཏིག་གི་རེ་སྨོན་སྐྱོར་ནས་

ལྗིད་ཏིག་ཏིག་གི་གོམ་ཆུང་སྤོས་ནས

་་་་་་་་་་་་་་་་་་་་་་་་་་་་་་

ཨ་ཅེ་ལགས   ཡུལ་ཕྱི་ཁྱིམ་བར་ན  

ཁྱོད་ཀྱི་འཇོན་ནུས་འདང་གིས་འཚེར

ཁྱིམ་གྲུ་བཞིའི་ནང་ན

ཁྱོད་ཀྱི་ངལ་དུབ་བརྩེ་བས་བསྙལ

ཞིང་རྣང་མའི་བར་ན

ཁྱོད་ཀྱི་རྔུལ་ཆུ་དུངས་བས་འཐིམས

   ཨ་ཅེ    ལས་ཀའི་བར་གསེང་གང་རུང་དུ

   ང་རང   ཁྱོད་ཀྱི་ལུས་དང་སེམས་ཀྱི་སྐྱོར་མ་རུ་མི་འགྲོ་བ་ཅི

   ཨ་ཅེ    གལ་ཏེ་སྐྱེས་བ་ཕྱི་མ་ཞིག་ཡོད་ན    ང་རང

   ཁྱོད་ལ་འདང་བརྩེ་དང་ཆགས་ཞེན་ཆེས་ཆེ་བའི་སྐྱེས་པ་དེ་བྱེད་ཡ

  

ནམ་མཁའ་ནས་སྐར་མདའ་ལྷུང་བའམ

ས་གཞི་ནས་ཆུ་མོ་སྐམ་པ་གང་ཡིན་ཀྱང

ཚེ་སྲོག་གི་སྟོབས་ཉམས་མ་མྱོང་བ་གང

ཨ་ཅེ་ལགས   

ས་གཞིའི་ཉིང་བཅུད་གཞིབ་མཁས་པའི་ནས་འབྲུ་རྡོག་པོ

ཉི་རྩེ་དང་ཉི་ནུབ་ཀྱི་བར་ཐག་སེམས་ཀྱིས་འཇལ་བཞིན

ཁ་ཁུ་སིམ་མེར   ཡོད་ཚད་ལ་འདང་བརྩེའི་བང་རིམ་སྒྲིག

ཨ་ཅེ   གཅེས་སུ་རུང་བའི་ས་གཞིའི་གཅེས་ཕྲུག་མ

ས་གཞི་ནི  ཁྱོད་ཀྱི་རྟག་བརྟན་གྱི་མངའ་ཐང་དང་འབྱོར་བ་ཡིན

ས་གཞིས  ཁྱོད་ལ་གཞུངས་པའི་ཡིད་སེམས་དེ་བསྟན་ཡོད

ཨ་ཅེ     ཨ་ཅེ    ཡང་ན

ཁྱོད་ཀྱིས་བརྩེ་འཛུམ་ལྷུག་པོར་གྲོལ་གྱིན

ངའི་ཞེན་ཆགས་ཀྱི་ངོགས་སུ་ངལ་གསོ་ཐེངས་གཅིག་བྱེད་རོགས

                    ༢༠༡༣ལོའི་ཟླ་༢པའི་ཚེས་༡༦ཉིན་རང་ཁྱིམ་དུ་སྦྱར།

rl25258 | རྩོམ་ཡོངས་ཀློག་པ།(1142) | ལན་སློག(9)
མཚོ། 2013ལོའི་སྙན་ངག་རིང་མོ།
2013-2-17 14:47:57

སེམས་པ་བཞུད་པའི་དབྱངས།

                                     མཚོ།

བརྩེ་དུང་གི་གཏམ་རྒྱུད   

ཡིད་སེམས་ཀྱི་ཚེར་མའི་མེ་ཏོག     

ཚེ་སྲོག་གི་མཆོད་པ་དམར་པོ

              

སྐྱ་རེངས་ཀྱི་འོད་སྣང་ཤར་དུས་ལྷགས་རླུང་སྔར་ལས་དྲགས

སྟོན་ཟླ་མགོ་མའི་བསིལ་རླུང་གིས་ཐོག་མར་བྲབས་པའི་ཆུ་མོས

དབྱར་ཟླ་མཐའ་མས་བསྐྱུར་བའི་ཉི་ཟེར་གྱི་ཀློང་ན

བྲང་ཁོག་ལ་མནར་གཅོད་ཀྱི་མཆི་མ་སྐྱིལ་བཞིན་ཡོད་དམ

 

ཕ་ཡུལ་ཨ  ངས  ཆུ་མོ་འདིའི་ཁེར་རྐྱང་གི་ངོགས་སུ

ཁྱེད་ལ  མིག་ཆུས་སྦྱར་བའི་སེམས་གཅོང་འདི

དྲི་མེད་ཀྱི་སྨོན་འདུན་དང་བཅས་སྙིམ་པའི་སྦུབས་སུ་ཉར་ཏེ

ལྗིད་ཏིག་ཏིག་གི་ཕྱག་གསུམ་གྱིས་ཆེས་མཐའ་མའི་མཆོད་པ་རུ་འབུལ

 

བྱ་ཁུ་ལོ  ཁྱོད་མ་འཕུར་སྒུག་ལ་སྡོད་དང

ང་སྔར་ནས་ལམ་ལངས་བྱས་ཡོད

བྱ་ཁུ་ལོ  ནངས་མོ་འདིར

  ཆུ་ལེན་བུ་མོ་ལས་ཀྱང་སྔ་ཤས་ཡིན

བྱ་ཁུང་ལོ  གཞུང་ལམ་འདི་སྣུམ་ཤིག་གེར

སྣེ་མོ་ཁྱོད་སར་བསྲིངས་པའི་བརྩེ་འདང་གི་ཁ་བཏགས་ཡུག་གཅིག

                     

  

སྟོན་ཟླ་མགོ་མར

སྙེ་མ་འགྲང་ཙམ་གྱི་འབྲུ་དྲུག་ལྡེམས་སེ

མེ་ཏོག་སད་ཙམ་གྱི་འདབ་མ་ལྷུག་གེར

ལྗང་ལོ་འགུལ་ཙམ་གྱི་ཟིལ་ཐིགས་ཁྲོམས་སེ

ཡིན་ཡང  དངངས་འཚབ་ཆེས་དྲགས་པའི་སེམས་པ་འདིས

ཅི་ཡང་མཐོང་ཐབས་མི་འདུག

 

རེ་སྨོན་ལྕི་དྲགས་པའི་ཡ་ཆུང་འདིར

ཅི་ཡང་ཤོང་ཐབས་མི་འདུག

ཞིང་རྣང་མའི་བར་ཚིགས་ནས་

སེམས་ཀྱི་རྒྱལ་ཁམས་འཕྲད་ཀྱིས་གཅོ་པའི་ཐོག་མར

བརྩེ་འདང་གི་ཡོ་ལང  སྙིང་ག་ནས་དྲག་ཏུ་རྒྱས

ཉམ་ཐག་དང་ཨུ་ཚུགས  སྨྲེང་སྐྱོ་དང་ལྷན་དུ་གདུ

 

ནངས་མོ་འདིར  དོགས་ཟོན་གྱི་མེ་ལྕེ་འདིར་འཇགས་ཐབས་ཤིག་མི་འདུག

ནངས་མོ་འདིར  བརྩེ་འདང་གི་ཁ་བཏགས་འདིར་འཇུ་ཐབས་ཤིག་མི་འདུག

ནངས་མོ་འདིར  རྨི་ལམ་དང་དུངས་བརྩེས་བྲེལ་བའི་སུག་འདབས་ལྷབ་ལྷུབ

ནངས་མོ་འདིར  བ་མོ་དང་ཟིལ་ཆུས་བརླན་པའི་གྲང་འཁྱག་ཡེ་ནས་མ་ཚོར

                 

སེམས་སུ་ལྕི་བའི་རྡོག་ཁྲེས་ཆུང་ངུ

བརྟན་ཚུགས་ཀྱི་སྤོ་བའི་གོམ་པ་ཐུང་ངུ

འཇིག་རྟེན་ཞིག་ནས་འཇིག་རྟེན་གཞན་ཞིག་ལ་བགྲོད་པ་དེ

ཁྱོད་ཡོད་པས  བདེ་སྐྱིད་ཉག་ཅིག

ཡང་ཡང་ཟློ་བའི་ཁྱོད་ཀྱི་མིང་དང་མཛེས་སྡུག

ངའི་སྨོན་ལམ་ཁྲི་ཕྲག་གི་སྙིང་བོ་ཡིན་དུས

བྱ་ཁུ་ལོ  ཁྱོད་གཅིག་པུ

གནམ་འོག་འདིར་ཆེས་རིན་བྲལ་གྱི་ནོར་བུ་ཞིག

 

 

བྱ་ཁུ་ལོ  ངའི་མིག་ཟུང་གི་ཕ་རོལ་ན

ཁྱོད་སྐྱིད་ནས་བདེ་ནས་ཡོད་དམ

བྱ་ཁུ་ལོ  སྟོན་གྱི་སྙེ་མ་འདི་གསེར་གྱིས་སྨིན་སྲིད་དམ

བཅོ་ལྔའི་དུང་ཟླ་དེ་དངུལ་གྱིས་ཚེས་སྲིད་དམ

བྱ་ཁུ་ལོ  ཁྱོད་དང་མ་མཇལ་བའི་ཉིན་མཚན་དུས་དྲུག་ཏུ

ང་ལ་དྲན་གདུང་གི་གཏམ་རྒྱུད་ཧ་ཅང་མོད

 

མཁའ་འགྲོ་མའི་དབུ་རྩེས་འཁུར་བའི་དྲན་གདུང་གི་འབོད་པ

བྱེ་སྒང་གི་ཁུགས་པས་སྐྱིལ་བའི་དྲན་གདུང་གི་ངུ་ངག

མང་ཆུ་སྔོན་མའི་བཞར་རྒྱུན་གྱིས་འཁྱེར་བའི་དྲན་གདུང་གི་སེམས་འཕྲིན

་་་་་་་་་་་་་་་་་་

ཁྱོད་རང་སྔར་ནས

ངའི་འཇིག་རྟེན་གྱི་ཕུན་ཚོགས་སུ་གྲུབ་ཚར་བས

ངས  རྨང་ནས་ཟད་པའི་ཐུ་ཁུག་ལས

རྫོགས་མེད་ཀྱི་ལོངས་སྤྱོད་སྤར་མོ་རུ་བཅུ་དུས

ངའི་སེམས་ཀྱིས་མ་ཟིན་པའི་རྣམ་ཤེས་དྭངས་མོ་ཞིག

ཡུལ་ལྷ་སུ་ཞིག་གིས་ང་ལ་ཆེད་དུ་བསྩལ་བའི་ཅིབས་རྟ་དཀར་བོ་ཡིན

བྱ་ཁུ་ལོ  ངའི་མིག་གི་རྒྱལ་མོ་ཁྱོད་ཀྱིས་བཟུང་བ་ནས

ངའི་ཡ་ཆུང་གི་སྟོང་ཆ་ཡོངས་སུ་བཀང་ཟིན་པས

བྱ་ཁུ་ལོ  ཁྱོད་མ་འཕུར་སྒུ་ལ་སྡོད་དང

ཁ་ཆར་ཟམ་ཟིམ་ཁྲོད  ང་ཐོན་ལ་ཉེ

 

མཚན་གུང་གི་མག་མོག་ཁྲོད་སྟོབས་ཀྱིས་བརྗིད་པའི་ལྷ་མོ་སྤུན་གསུམ

ཁྱེད་ཅག་གི་འདབས་རོལ་དུ་ཐོར་མྱོང་བའི་བརྩེ་འདང་གི་མུ་ཏིག་རེ་རེ

ད་ནས  ངས་བདེ་སྐྱིད་ཀྱི་ཕྲ་རྒྱན་དུ་འཐུ་ཆོག་པར་ཞུ

               

སོབ་སོབ་ཀྱི་ཁ་བའི་འདབ་མ་ལ་ཉན་པའི་སྟོང་འཇགས་ཀྱི་ཁུད་ན

ང་ཁོ་ན  གཉིད་ཀྱི་བདེ་བའི་ཕ་རོལ་དུ

མཇལ་འཕྲད་ཀྱི་བདེ་སྐྱིད་དམ་དུ་འཆིང་བཞིན

བྱ་ཁུ་ལོ  ང་གཞི་ནས་ཁྱོད་ཀྱི་བརྩེ་བའི་སྒོ་དྲུང་དུ་སླེབས་ཡོད

བྱ་ཁུ་ལོ  མི་ལོ་སྟོང་ཕྲག་ཏུ་སྐྱོ་ངལ་ཁུར་བའི་ཉམ་ཐག་གི་ང

དོ་ནུབ  ཁྱོད་ཀྱིས་ཅིས་ཀྱང

རྒུན་ཆང་ཕོར་གང་གི་ཚུལ་གྱིས་ཧུབ་ཀྱིས་བཞེས་རོགས

 

ཟླ་བ་མེད་ལ་སྐར་མའང་མེད་པའི་མཚན་སྨད་འདིར

ས་གཞི་བཀླུབས་པའི་ཁ་བའི་མུ་མཐའ

ངའི་རྐང་འོག་ནས་རིང་དུ་བསྲིངས་ཏེ

སྨག་ནག་པའི་ནམ་མཁའ་དང་ཡུག་གཅིག་ཏུ་འདྲེས

བྱ་ཁུ་ལོ  ད་ནས་ང་ཁོ་ན

ཁྱོད་ཀྱི་འཇིག་རྟེན་གྱི་བདེ་བ་དང་དྲོད་ཁོལ་སྲུང་བའི་མེལ་ཚེ་ཡིན

 

བྱ་ཁུ་ལོ  ངས་ཁྱོད་ཀྱི་རྨི་ལམ་དཀྲོགས་ཨེ་འགྲོ

སེམས་པ་འདར་འདར་གྱིས  ལག་པ་འདར་འདར་གྱིས

ངས་གློ་བུར་དུ  ཁྱོད་ཀྱི་སྒོ་མོ་རྡུང་མ་ཕོད

                

དུངས་དྲགས་པའི་སེམས་པ་འདི

བྲལ་འཚུབ་ཀྱི་སྲིན་བུས་ཟོས་ཚར་ལ་ཉེ་དུས

དཔའ་སྤོབས་ཤིག་གི་སྣེ་མོ་ནས་རྙེད་དེ

གཉོམ་དུང་དུང་གི་ཐག་ཐག་གི་སྒྲ་ཙམ 

ངའི་མཛུབ་རྩེ་ནས་བར་སྣང་དུ་མཆེད

བྱ་ཁུ་ལོ  བྱ་ཁུ་ལོ  བྱ་ཁུ་ལོ

 

ཡ་ཆུང་གི་ཉི་འོད་གློག་སྒྲོན་གྱིས་སྒྲིབ་ཙམ་དུ

ངས་ད་བར་དུ་བསགས་པའི་མིག་ཆུ་རུམ་གང་བོ

འཕངས་མེད་དུ་ཕོད་དགོས་བྱུང

 

བཞུར་ཟིན་པའི་མིག་ཆུ་འཁྱག་ལ་ཉེ་དུས

འཕྱུར་ཟིན་པའི་དུངས་པ་འཇགས་ལ་ཉེ་དུས

ངས་གཞི་ནས  ཁྱོད་རང་མཐོང་སོང

ངས་གཞི་ནས  ཁྱོད་རང་རྟོགས་སོང

 

བྱ་ཁུ་ལོ  ངས་སྡེ་མཐའ་བསྐོར་བ་དངོས་གནས་འཆུགས་སོང་ངམ

བྱ་ཁུ་ལོ  ང་ནགས་རི་བརྒྱུད་པ་དངོས་གནས་ལན་སོང་ངམ

 

བྱ་ཁུ་ལོ་ཁྱོད  སང་ཉིན་གྱིས་དྲུད་པའི་རྒྱུས་མེད་ཀྱི་ཕུང་བོ་ཡིན་འདུག

བྱ་ཁུ་ལོ་ཁྱོད  ཁ་སང་གིས་ངལ་བའི་ཆུ་ནང་གི་ཟླ་གཟུགས་ཡིན་འདུག

ངའི་འཁྱག་ཟིན་པའི་མིག་ཆུ་སེམས་ཁུངས་སུ་དྲག་ཏུ་འཁྲིགས

ངའི་འཇགས་ཟིན་པའི་དུངས་པ་ཁ་བ་རུ་ཁད་ཀྱིས་འཐིམས

                

ཡོད་ཚད་མིག་ཆུས་བཀྲུས་པའི་ཕྱིར་ལོག་གི་སྐྱ་ལམ་ཕྲ་མོ

བུ་ཡུག་གི་འགྲམ་ལྕག་ཚ་བའི་མནར་གཅོད་ཀྱི་བར་དོའི་འཕྲེང་རིང

བརྒྱལ་ཟིན་པའི་རྣམ་ཤེས་དྲུད་པའི་བེམ་པོ་ར་རོ

ངས་ཅི་ཡང་མི་བསམ  ངས་ཅི་ཡང་མི་འདོད

རིང་ནས་སྙིང་གར་གླན་དྲགས་པའི་ཁུ་ལོ  ངས་ད་དུང་ཡང

གདུང་སེམས་ཀྱི་ལྕགས་ཀྱུར་རེ་ཞིང་སྒུག

བྱ་ཁུ་ལོ་ཨ

བརྩེ་འདང་གི་དྲོད་ཁོལ་ཙག་གིས་བཅོམས་ཤུལ་ན

འཁྱག་ལྟོགས་ཀྱི་གདོན་འདྲེ་ཤིན་ཏུ་རྒོད

འདུན་མའི་སྐྱབས་བཅོལ་རླུང་གིས་ཁུར་ཤུལ་ན

སེམས་ངལ་གྱི་གོམ་ཁ་ལྷག་ཏུ་ལྕི

ཕྱིར་མིག་གི་སྒོ་མོ་བཙན་གྱིས་རྒྱབ་ཤུལ་ན

ན་ཟུག་གི་སྡར་མོ་ཤུགས་ཀྱིས་དགྲད

བསམ་གཞིག་གིས་སྟོང་བའི་སྐལ་བརྒྱའི་མཚན་མོར

གཡོ་མེད་ཀྱི་མིག་ཟུང་ཅེར་ནས

ངས་ཅི་ཡང་མ་མཐོང  ངས་གང་ཡང་མ་བསམ

སང་ཞོགས་ཀྱི་ཉི་མ   ད་དུང

སང་ལོའི་དཔྱིད་ཀར་ཡང

 

ཡང་ན   མིག་ཆུ་འཇིབ་ཚར་བའི་མིག་ཀོང་སྐྱ་བོ་འདི

ངས་ཁྱོད་ལ་ཅིས་ཀྱང་དབུལ་དགོས་པའི་མཐའ་མཇུག་གི་ལེགས་སྐྱེས་ཡིན་ནམ

               

གཅེར་བུར་ཕུད་པའི་བརྩེ་བ་དམར་པོ

གནམ་ལྕགས་ཐོག་གི་སོ་བར་ན

དབུགས་རྔ་ལྷེམ་ལྷེམ

འདམ་ལ་སྦྱར་བའི་རྣམ་ཤེས་ཕྲ་མོ

རྐང་བརྫི་ངར་མའི་རྔམ་ཁ་ན

གོམ་ཁ་འཁྱར་འཁྱོར

ཕྱི་ནུར་གྱི་འདུན་པ་གཉོམ་པོ

ལ་རྒྱའི་སྡིག་མཛུབ་ཀྱི་མདུན་ན་མགོ་བོ་སྨད

 

སྙིང་ཉེ་བའི་ནམ་མཁའ་དང་ས་གཞི

ང་རང་ཤོང་ཙམ་གྱི་གྲུ་ཟུར་གང་ན་ཡོད

                 

དཀའ་སྡུག་གི་གདུང་མ་སྟོབས་ཀྱིས་འདེགས་པའི་ཀ་ཆེན

ངའི་བླ་སྲོག་སྐྱོར་བའི་ཕ་ལོ

སྐྱོ་གདུང་གི་གཅོང་རོང་ནས་ཁོང་གི་སྡུག་ཡུས་ལ་སྨྲ་བ་འགགས

སྐྱུར་ཆང་གིས་བསྲེགས་ཚར་བའི་ཁོང་གི་སེམས་ཀྱི་ཁྱོན

དཔག་དཀའ་བའི་གདོད་མའི་ལོ་རྒྱུས་བཞིན

སུ་ཞིག་གི་སེམས་སུ་གསལ  ཡིན་ཡང

ཕ་ལོའི་མིག་ཟུང་ལས་ངས་ཆེས་དྭངས་གཙང་གི་འབོད་པ་མཐོང་སོང

 

བྱ་ཁུ་ལོ  ང་ཡི་འདས་ལོག་ལ

ཁྱོད་ཀྱིས་དགའ་སྤྲོའི་ཐེལ་མོ་ཐེག་གེར་རྡེབ་ཤོག

སེམས་གཏིང་གི་རྨ་ཁ་གཉིད་དུ་ཡུར་སོང

ཕྱིར་དྲན་གྱི་ཀློང་ལ་ཉི་འོད་འཕྲོས་སོང

སྨིན་དྲགས་པའི་སྟོན་འབྲས་སྙེ་མ་བཞིན

ངའི་མོ་ལོ་ཉེར་བདུན་ཡང་ཁུར་གྱིས་དུད

 

བྱ་ཁུ་ལོ  འཚོ་བའི་ཟུར་ཆ་གང་རུང་དུ

སྨིན་མཚམས་ཀྱི་མདུད་པ་ཁྲོལ་དང

ངས་ནམ་ཡང་ཁྱོད་ལ

བཀྲ་ཤིས་སྨོན་འདུན་གྱི་དར་དཀར་རིང་མོ

མཐོ་ནས་མཐོ་རུ་བཏེགས་ཡོད

                ༡༠

ཚོར་བའི་སྤུ་ལོང་ཡང་ཡང་གཡོ་བའི་ཕྱི་རོལ་གྱི་ཁྲ་ཁྲ

ནང་གི་བསམ་པ་ཡང་ཡང་བསླུ་བའི་ཡིད་ངག་གི་མངར་ཆ

བྱ་ཁུ་ལོ   ཁྱོད་ཀྱང་དྲི་ཟའི་འཇིག་རྟེན་ལ་ལྡིང་སྐོར་རེ་རྒྱབ་བམ

བྱ་ཁུ་ལོ   ཁྱོད་ཀྱིས་ཀྱང་རླུང་བུ་རྣ་རྩ་རུ་བཏངས་པ་གྲངས་མེད་དམ

 

བྱ་ཁུ་ལོ   ངའི་དྭངས་གཙང་བག་ཕེབས་ཀྱི་མཚོ་ངོགས་ན

མཛེས་སྡུག་གི་གཏམ་རྒྱུད་བསྣམས་པའི་བརྩེ་བའི་ལྷ་མོས

ཁྱོད་ལ་གྲོལ་བའི་འཛུམ་ཟེར་དྲོན་མོ

བཅོས་མིན་གྱི་ལྷག་བསམ་ཡིན་པ  ཡིད་ལ་ཟུངས

 

བྱ་ཁུ་ལོ  མི་ལོ་དུ་མར་བསྔོགས་བསྔོགས་མཐར

ཁྱོད་ནི  ནོམ་པ་ལྷོག་ལྷོག་ཏུ་འཕྱུར་བའི་ངའི་མི་ཚེའི་གཏེར་མཛོད་ཆེན་མོ

rl25258 | རྩོམ་ཡོངས་ཀློག་པ།(2380) | ལན་སློག(18)
རྒྱང་རིང་མ་ཡིན་པའི་རྒྱང་རིང༌།
2013-1-23 16:13:24
 

རྒྱང་རིང་མ་ཡིན་པའི་རྒྱང་རིང༌།

 

འུ་གཉིས་ཀྱིས   དཔའ་སྙིང་ཆེན་པོས

རང་རང་གི་འཇིག་རྟེན་ནས

འཇིག་རྟེན་གྱི་ཕྱེད་ཀ་རེ་བསྐྱུར་ཏེ

ཅི་ཞིག་གི་ཆེད་དུ་གདོང་མཚོང་བྱེད

ཁྱེད་ཀྱི་ཅི་ཡང་རྟོག་ཡོད་པ་བཞིན

ངས་ཀྱང་ཁྱེད་ཀྱི་ཆེད་དུ་གང་ཡང་ཚོར་ཡོད

གང་བུ་གྲོལ་མ་ཐག་པའི་ན་ཟུག་སུ་ཡིས་རྟོག་ཨང

འདབ་གཤོག་བརྐྱངས་མ་ཐག་པའི་ཐེ་ཚོམ་སུ་ཡིས་ཤེས་ཨང

 

དགུང་ཨ་སྔོན་འཁོར་ལོའི་རྩིབས་བར་ནས

ཁྱེད་ནི་རྒོད་པོ་ཞིག་གམ་གཡུ་སྦྲང་ཞིག

ས་དོག་མོ་པདྨའི་འདབ་སྟེང་ནས

ང་ནི་མེ་ཅིག་གམ་རྩྭ་ལྗང་ཞིག

ཁྱེད་ཀྱིས   མཐོན་པོ་རི་ལ་བབས་ཏེ་རྒྱང་ལ་ལྟ་ཞིང

དམའ་མོ་རྡེའུར་ཁེན་ནས་ངལ་ཞིག་གསོ་འམ

ང་ཡིས   ཨ་སྔོན་དབྱིངས་ལ་ཅེར་ནས་རེ་སྒུག་བྱས་ཤིང

དོག་མོ་ས་ལ་བལྟས་ནས་དངན་པ་རེ་འཐེན་ནམ

 

གང་ལྟར   དཔུང་བ་མཉམ་བཤིབས་ཀྱི་བར་ན

རི་ཆུས་བར་ཐག་ཆོད་པ་གསལ་བས

ཞག་གཅིག་གི་ལྷན་འཛོམས་དང་རྨི་ལམ་རེ

ཉིན་གཅིག་གི་བརྩེ་བ་དང་གྱེས་བྲལ་རེ

 

ད་ནི  མི་ཚེ་ལ་བཞག་པའི་ཚེག་ཐུང་རེ་ཡིན་དུ་ཆུགས་ཀྱང

དགའ་དགོད་དང་ངུ་ངག་གི་དབྱངས་རྟའི་ཁུགས་སོ་རེ་ན

བྱམས་སྡང་གི་མཛེས་པ་རེ་འཁྱིལ་ཡོད་པས

ཁྱེད་ཀྱི་མིག་ཟུང་མི་ཀློག་པའི་ང

ང་ཡི་སེམས་པ་མི་སློག་པའི་ཁྱེད

ཕན་ཚུན་གྱི་སེམས་ངོགས་སུ་འཚེར་བའི

མཛེས་སྡུག་གི་སྐར་མ་འོད་ཆེན་རེ

༢༠༡༣..༢༠

rl25258 | རྩོམ་ཡོངས་ཀློག་པ།(700) | ལན་སློག(8)
འབྲེལ་ཡོད་ནང་དོན་ 70 ཡོད།<<<1234567>>>
ཟིན་བྲིས་བརྡ་ཁྱབ།

 

སྨྱུག་མིང་།  མཚོ།

དྲ་འབྲེལ། 1013461908

དྲ་ལམ། http://blog.tibetcm.com/u/tso25258/index.html

སྙན་ངག་ཡོད་པས

ངས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གླུ་རུ་བླངས་ཆོག

སྙན་ངག་ཡོད་པས

ངའི་བརྩེ་དུང་ལ་འཇའ་ཚོན་གྱི་ཁ་དོག་ལྡན་ཡོད

སྙན་ངག་ཡོད་པས

དགའ་སྐྱོ་མིག་ཆུར་མུ་ཏིག་གི་རིན་ཐང་ལྡན་ཡོད

སྙན་ངག་ཡོད་པས

ང་ལ་རྒྱ་མཚོ་བཞིན་གྱི་སེམས་ཀྱི་མངའ་ཐང་རྒྱས་ཡོད

སྙན་ངག་ཡོད་པས

ང་ལ་གངས་རི་བཞིན་གྱི་བརྟན་བརླིང་གི་རང་གཤིས་གྲུབ་ཡོད

སེམས་ཁམས་ལོ་ཐོ།
པར་དེབ།
ཟིན་ཐོ་གསར་བ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.