མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
སྦྱིན་པའི་ཟིན་བྲིས།
http://blog.amdotibet.cn/peace/index.aspx
ཕྲེང་བསྟར།
རྩོམ་པ་པོ།:peace སྤེལ་དུས་:2018-10-18 10:52:30
སྨན། སྐྱེ་འགྲོ་རྣམས་བཞི་བརྒྱ་རྩ་བཞིའི་ནད་ཀྱི་གདུང་བ་བསལ་བྱའི་ཕྱིར་དུ། ཁྱེད་ཀྱིས་རང་ཉིད་གཞན་གྱི་ཁ་ཟས་སུ་སྦྱིན་པར་བྱེད་ཅིང་། ཁྱོད་ཀྱིས་གཅེས་པའི་རང་ལུས་དང་ཚེ་སྲོག་དེ་དག ཕངས་མེད་གཞན་དོན་དུ་ཕུལ་ཏེ། ཡུན་ཐུང་ཞིག་གི་ནང་ནས། མངོན་སུམ་སྣང་ཡུལ་དང་ཁ་གྱེས་སོང་། འོན་ཀྱང་། འདི་ནི་རང་དོན་ཡིད་བྱེད་དང་བྲལ་བའི། ཁྱོད་ཀྱི་བྱམས་བརྩེའི་སྙིང་སྟོབས་ཀྱི་བྱ་བ་རླབས་པོ་ཆེ་ཡིན་ཕྱིར། འཇིག་རྟེན་འདིའི་བྱ་གཞག་གཞན་གང་ཞིག་གིས་ཀྱང་འགྲན་མི་ནུས།
རྩོམ་པ་པོ།:peace སྤེལ་དུས་:2018-6-25 10:55:24
སྔོན་འགྲོའི་ཟབ་ཆོས་གནད་བསྡུས་བཞུགས་སོ།

སྦྱིན་པ།

སྐྱབས་གནས་སངས་རྒྱས་ཆོས་དང་དགེ་འདུན་ལ།

དད་པ་གསུམ་གྱིས་སངས་རྒྱས་སྟོན་པ་དང་།

ཆོས་ལ་ལམ་དང་དགེ་འདུན་གྲོགས་བཟང་ལྟར།

བྱང་ཆུབ་མ་ཐོབ་བར་དུ་བདག་སྐྱབས་མཆི།


དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི།

མི་ལུས་རིན་ཆེན་རྙེད་པར་ཤིན་ཏུ་དཀའ།

དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་ལྷ་མིན།

རྣམས་ལས་དལ་འབྱོར་མི་ལུས་རྙེད་སྲིད་ཙམ།


ཕྱི་སྣོད་འཇིག་རྟེན་ནང་བཅུད་སེམས་ཅན་རྣམས།

གང་ལ་བསམ་རུང་རྟག་བརྟན་ཉིད་དང་བྲལ།

དཔོན་འབངས་ལ་སོགས་སྲོག་ལྡན་སྐྱེ་འགྲོ་ཀུན།

ནམ་འཆི་ཆ་མེད་འཆི་རྐྱེན་ངེས་པ་མེད།

 

ཁམས་གསུམ་གནས་རིས་གང་དུ་སྐྱེས་གྱུར་ཀྱང་།

འགྲོ་དྲུག་སེམས་ཅན་སྡུག་བསྔལ་རྒྱ་མཚོར་གནས།

བདེ་སྡུག་ཚོར་འདུ་མངའ་བའི་སྐྱེ་འགྲོ་ཀུན།

སྡུག་བསྔལ་གསུམ་གྱིས་རྒྱུན་མི་ཆད་པར་མནར།

 

སྡུག་བསྔལ་མི་དགེ་བདེ་བ་དགེ་ལས་འབྱུང་།

སྒོ་གསུམ་མི་དགེ་བཅུ་སྤྱད་སྡུག་བསྔལ་དང་།

སྒོ་གསུམ་དགེ་བཅུར་བཀོལ་བས་བདེ་འབྱུང་བས།

བདེ་འདོད་སྐྱེ་བོས་ལས་འབྲས་གཅེས་པ་གལ།

 

སྡུག་བསྔལ་དང་བྲལ་གོ་འཕང་ཐོབ་འདོད་ན།

བློ་ལྡོག་རྣམ་བཞིས་རང་རྒྱུད་བཏུལ་བྱས་ཏེ།

སྐྱབས་འགྲོ་ནས་བཟུང་ལམ་རིམ་ལ་ཞུགས་ནས།

ཐེག་གསུམ་གོ་འཕང་ཐོབ་པས་སྡུག་བསྔལ་ཞི།

 

ལམ་གྱི་ར ྩལམ་གྱི་རྩ་བ་བཤེས་གཉེན་ལེགས་བརྟག་ནས།

ཚུལ་བཞིན་སྒོ་གསུམ་གུས་པས་བསྟེན་པ་དང་།

སྤངས་རྟོགས་གང་བྱོའི་ཚུལ་དུ་བླངས་བྱས་ཏེ།

རྣམ་མཁྱེན་གཏན་བདེའི་གོ་འཕང་ཐོབ་པར་ཤོག

 

མ་གྱུར་འགྲོ་ཀུན་སེམས་ཅན་ཐམས་ཅད་ལ།

བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ།

ཚད་མེད་རྣམ་བཞི་སེམས་བསྐྱེད་རྣམ་གསུམ་གྱིས།

སྨོན་འཇུག་ཕར་ཕྱིན་དྲུག་པོས་གཞན་དོན་བསྒྲུབ།

 

སྡིག་པ་མི་དགེ་གང་དང་ཅི་བགྱིས་པ།

བླ་མ་རྡོ་རྗེ་སེམས་པའི་མདུན་དྲུང་དུ།

སྔར་བྱས་འགྱོད་བཤགས་ཕྱིན་ཆད་སྡོམ་སེམས་ཀྱིས།

སྡིག་པའི་གཉེན་པོ་དམ་ཆོས་བསྒྲུབ་པར་བྱ།

 

གནས་ལུགས་རྟེན་འབྱུང་དེ་ཉིད་རྟོགས་པའི་ཕྱིར།

བསོད་ནམས་ཡེ་ཤེས་ཚོགས་གཉིས་གསོག་སླད་དུ།

ལུས་དང་ལོངས་སྤྱོད་ཡིད་འོང་དངོས་པོ་རྣམས།

བློ་ཡིས་བླངས་ཏེ་དཀོན་མཆོག་གསུམ་ལ་འབུལ།

 

གཅེས་པའི་ལུས་སྲོག་བློ་ཡིས་ཡོངས་བླངས་ཏེ།

ཡིད་ཀྱིས་འདོད་དགུའི་ལོངས་སྤྱོད་ལ་སྤྲུལ་ནས།

ཕངས་མེད་མཆོད་སྦྱིན་ཚོགས་གཉིས་རྫོགས་པ་ཞིག

བསྒྲུབས་ཏེ་བདག་འཛིན་འདུལ་བའི་ཐབས་སུ་འབད།

 

བླ་མ་རྡོ་རྗེ་འཆང་ལ་སྙིང་དབུས་ནས།

ཡིད་ཆེས་དད་གུས་བརྟན་པོས་དུས་རྟག་ཏུ།

ཚོགས་བསགས་ཡན་ལག་བདུན་པ་ཕུལ་བ་ཡིས

དབང་བཞི་ཐོབ་ཅིང་སྐུ་བཞི་མྱུར་འགྲུབ་ཤོག

རྩོམ་པ་པོ།:peace སྤེལ་དུས་:2018-6-6 12:00:12

༄༅། །བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་སྙིང་པོ་བསྡུས་པ་བཞུགས་སོ། །

 

སྐྱབས་གནས་སངས་རྒྱས་ཆོས་དང་དགེ་འདུན་ལ། །

སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཏེ། །

རང་ཉིད་རྒྱལ་སྲས་སྤྱོད་ལ་སློབ་པའི་ཆེད། །

སྤྱོད་འཇུག་སྙིང་པོ་བསྡུས་ཏེ་འབྲི་བར་བྱ། །

སྲིད་པའི་སྡིག་ལྟུང་མ་ལུས་བྱང་བ་དང་། །

གཏི་མུག་སེལ་ཅིང་བདེ་དགའ་ཐོབ་འདོད་ན། །

རིན་ཆེན་བྱང་ཆུབ་སེམས་མཆོག་བསྐྱེད་བྱོས་དང་། །

རེ་དོན་འགྲུབ་ཅིང་ཀུན་གྱི་ཕྱག་བྱར་འགྱུར། །

 

མཆོག་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ལ། །

ལུས་དང་ལོངས་སྤྱོད་ཡིད་འོང་དངོས་ཀུན་འབུལ། །

ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་ཀུན། །

གཉེན་པོ་སྟོབས་བཞི་སྒོ་ནས་ཚུལ་བཞིན་བཤགས། །

 

གང་དག་སྐྱེ་འགྲོས་བླ་མེད་འབྲས་བུའི་ཆེད། །

བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་ཀུན། །

སེམས་ཅན་དོན་བསྒྲུབ་བྱ་ཕྱིར་ཕངས་མེད་དུ། །

བཏང་སྟེ་བྱང་ཆུབ་སྤྱོད་ལ་འཇུག་པར་བགྱི། །

 

བྱང་ཆུབ་སེམས་ཀྱི་བསླབ་པར་དུས་རྟག་ཏུ། །

འབད་པར་དམ་བཅའ་སྔོན་འགྲོའི་དགེ་བའི་ལས། །

དལ་འབྱོར་དོན་ལྡན་འཆི་བ་མི་རྟག་སོགས། །

སྐྱེ་བུ་ཆུང་འབྲིང་བསམ་པ་སྦྱང་བར་བྱ། །

 

རྣམ་པ་ཀུན་ཏུ་ལུས་དང་ངག་ཡིད་བཅས། །

རང་གི་སྒོ་གསུམ་དགེ་དང་མི་དགེའི་ཕྱོགས། །

གང་དུ་འགྲོ་བ་ཚུལ་བཞིན་ལེགས་བརྟགས་ཏེ། །

རྒྱུན་དུ་དྲན་དང་ཤེས་བཞིན་བསྟེན་གལ་ཆེ། །

 

གནོད་བྱེད་དགྲ་དང་དཀའ་སྡུག་ཇི་སྙེད་པ། །

མཆིས་སོ་ཅོག་ལ་ཁྲོ་བར་མི་བྱ་བར། །

ལས་འབྲས་ཆོས་ཉིད་གནས་ལུགས་ལ་བསམ་ནས། །

དཀའ་ཐུབ་ཕུལ་བྱུང་བཟོད་པ་བསྒོམ་པར་བྱ། །

 

མི་ལུས་རིན་ཆེན་ནམ་འཆི་ཆ་མེད་དང་། །

དགེ་སྡིག་ལས་ཀྱི་འབྲས་བུའི་བཟང་ངན་ལ། །

ཡང་ཡང་བསམ་སྟེ་བླ་མེད་སེམས་མཆོག་ལ། །

སྤོབས་སེམས་མོས་སྤྲོ་ཆེན་པོས་བརྩོན་པར་བྱ། །

 

ལུས་སེམས་དབེན་གནས་རྣམ་གཡེང་བྱ་བ་སྤང་། །

ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཆེད། །

ཉོན་མོངས་རྣམ་འཇོམས་ཞི་ལྷག་སྒོམ་བྱས་ཏེ། །

རྟག་ཏུ་ཡང་དག་དམིགས་པར་མཉམ་བཞག་བྱ། །

 

ཤེས་རབ་ཟབ་མོས་ལེགས་པར་བརྟག་པ་ན། །

ཆོས་དང་གང་ཟག་མཐའ་བཞི་སྤྲོས་དང་བྲལ། །

དེ་ཕྱིར་སྡུག་བསྔལ་སྤོང་བར་འདོད་རྣམས་ཀྱིས། །

གནས་ལུགས་དེ་ཉིད་རྟོགས་པའི་ཐབས་སུ་འབད། །

 

འདི་ཡི་དགེ་བས་འགྲོ་ཀུན་སེམས་ཅན་རྣམས། །

དགེ་སྒྲུབ་སྡིག་སྤོང་བྱང་ཆུབ་སྤྱོད་པ་ལ། །

གཞོལ་ཏེ་སྡུག་བསྔལ་རྒྱུ་བཅས་ཡོངས་སྤངས་སྟེ། །

རྟག་ཏུ་བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག །

ཅེས་པ་འདི་ནི་རང་ཉིད་བྱང་ཆུབ་སྤྱོད་ལ་སློབ་གཉེར་གྱི་ཆེད་དུ་ཕྱིན་དྲུག་དང་པོའི་མིང་ཅན་གྱིས་སྒ་སྐྱེ་དགུ་མདོར་དུས་མཆོག་ཁྱད་པར་ཅན་ས་ག་ཟླ་བར་བྲིས་པ་དགེ་ལེགས་འཕེལ། །

རྩོམ་པ་པོ།:peace སྤེལ་དུས་:2016-9-26 16:31:24

གང་དྲན་གདམས་པའི་བསླབ་བྱ་ཚིགས་བཅད་མ།


དགེ་ལེགས་འབྱུང་གནས་དགེ་བའི་བཤེས། །

ཚུལ་བཞིན་གུས་པས་བསྟེན་པ་དེ། །

ཡོན་ཏན་ཀུན་གྱི་རྩ་བ་རུ། །

རྟོགས་ཏེ་ཚུལ་བཞིན་བསྟེན་པར་བྱ། །

 

རྙེད་དཀའ་མི་ལུས་རིན་ཆེན་འདི། །

དོན་ལྡན་ཡོང་ཕྱིར་འབད་པ་བྱ། །

རིན་བྲལ་མི་ཚེའི་དུས་ཚོད་ལ། །

གཅེས་པར་འཛིན་ཏེ་སློབ་ལ་བརྩོན། །

 

འཇིག་རྟེན་ཤེས་བྱ་མཐའ་ཡས་པས། །

རང་དགོས་ཤེས་བྱ་གདམ་པར་བྱ། །

མི་ཚེའི་བྱ་གཞག་ཐམས་ཅད་ལ། །

འཆར་གཞི་གོ་རིམ་ཡོད་པ་བྱ། །

 

གཏན་འདུན་མངོན་འགྱུར་ཡོང་བ་ལ། །

བརྩོན་འགྲུས་དཀའ་བ་སྤྱད་པར་བྱ། །

རང་དགོས་བྱ་བ་འགྲུབ་པ་ལ། །

འདུ་འཛིའི་གནས་ངན་སྤང་བར་བྱ། །

 

སློབ་གཉེར་བཟང་པོ་ཡོང་བ་ལ། །

ཁོར་ཡུག་བཟང་པོར་དོ་སྣང་བྱ། །

དམིགས་པ་གཅིག་ཏུ་འབབ་པ་ལ། །

ལྷིང་འཇགས་དབེན་གནས་བསྟེན་པར་བྱ། །

 

དོན་ཆེན་བྱ་གཞག་འགྲུབ་པ་ལ། །

དོན་ཆུང་བྱ་བ་བློས་གཏོང་བྱ། །

ལེགས་པའི་ལམ་དུ་བགྲོད་པ་ལ། །

གྲོགས་ངན་རིང་དུ་འདོར་བར་བྱ། །

 

ཡོན་ཏན་གོང་དུ་འཕེལ་བ་ལ། །

བཤེས་གཉེན་ཚུལ་བཞིན་བསྟེན་པར་བྱ། །

མི་གཞིའི་རང་ཚུགས་ཐུབ་པ་ལ། །

དྲང་བདེན་གནས་ལུགས་གོང་བཀུར་བྱ། །

 

སྡུག་བསྔལ་བ་ལས་བྲལ་བ་ལ། །

བསམ་སྤྱོད་ངན་པ་སྤང་བར་བྱ། །

གཏན་གྱི་འདུན་མ་བསྒྲུབ་པ་ལ། །

བདེ་བ་ཆུང་ལ་ཆགས་མི་བྱ། །

 

རླབས་ཆེན་སྐྱེས་བུར་འགྱུར་བ་ལ། །

རང་བདེ་ཁོ་ནར་བསམ་མི་བྱ། །

བརྩེ་ལྡན་སྐྱེས་བུར་འགྱུར་བ་ལ། །

གཞན་སྡུག་རང་བདེར་བརྗེ་བར་བྱ། །

 

རང་སྐྱོན་འདོར་མཁན་སྐྱེ་བོ་ལ། །

སྨད་པ་སྐྱོན་འདོར་གྲོགས་སུ་བྱ། །

གནས་ལུགས་རྟོགས་པའི་སྐྱེ་བོ་ལ། །

རྒུད་པ་སྐྱོ་བའི་རྒྱུར་མི་འགྱུར། །

 

ཆོས་ཉིད་མཁྱེན་པའི་སྐྱེ་བོ་ལ། །

འབྱོར་བ་ཐོབ་ཀྱང་དྲེགས་མི་བྱ། །

མཁས་པས་གཞན་སྐྱོན་འཚོལ་བ་ལ། །

མི་འབད་རང་སྐྱོན་འཚོལ་ཏེ་སྤངས། །

 

སྡང་སེམས་སྐྱེས་པའི་སྐྱེ་བོ་ལ། །

སེམས་ལ་བདེ་སྐྱིད་ཡོད་མ་ཡིན། །

ཧམ་སེམས་ཆེ་བའི་སྐྱེ་བོ་ལ། །

འདོད་པ་ཚིམས་པ་སྲིད་ན་མེད། །

 

རླབས་ཆེན་བྱ་བ་བཟང་པོ་ལ། །

ཡང་དག་སློབ་གསོ་འཛིན་ན་འོས། །

བདེ་ལེགས་ཀུན་གྱི་རྩ་བ་ལ། །

ཡང་དག་ཚུལ་ཁྲིམས་སྲུང་བར་བྱ། །

 

གུ་ཡངས་བཟོད་བསྲན་ཅན་དག་ལ། །

གང་ལ་ཁྲོ་བ་ཉུང་བ་ཡིན། །

བྱ་གཞག་ཕུགས་འདུན་འགྲུབ་པ་ལ། །

མོས་སྤྲོ་བརྩོན་འགྲུས་མེད་མི་རུང་། །

 

སེམས་ཀྱི་ནུས་པ་འཕེལ་བ་ལ། །

དམིགས་པ་གཅིག་ཏུ་གནས་པ་མཆོག །

ལེགས་ཉེས་རྣམ་པར་འབྱེད་པ་ལ། །

ཆོས་རབ་རྣམ་འབྱེད་ཤེས་རབ་མཆོག །

 

བྱ་བ་གང་ཞིག་བསྒྲུབ་པ་ལ། །

ལེགས་ཉེས་བརྟག་སྟེ་བསྒྲུབ་ན་ལེགས། །

ངག་ནས་སྐད་ཆ་བཤད་པ་ལ། །

མནའ་མཐུ་ཚིག་རྩུབ་སྤངས་ན་མཛེས། །

 

སྐྱོན་དང་ནོར་འཁྲུལ་འགོག་པ་ལ། །

རྒྱུན་དུ་དྲན་ཤེས་བསྟེན་པ་གལ། །

བདེ་སྡུག་ལེགས་ཉེས་ཅི་བྱུང་ལ། །

ལས་འབྲས་བསམ་ན་སེམས་པ་བདེ། །

 

ཤེས་བྱ་རིག་གནས་ཐོབ་པ་ལ། །

གྲོགས་ངན་རྣམ་གཡེང་སྤང་བར་བྱ། །

མི་སེམས་མགུ་བ་ཡོང་བ་ལ། །

སྒོ་གསུམ་ཀུན་སྤྱོད་གཙང་བར་བྱ། །

 

ཕོག་ཐུག་གཡེང་བ་མེད་པ་ལ། །

སྨྲ་བ་ཉུང་ལ་འབད་པར་བྱ། །

ཡོན་ཏན་ཉིན་བཞིན་འཕེལ་བ་ལ། །

དད་བརྩོན་དྲན་ཤེས་བསྟེན་པར་བྱ། །

 

ཡོན་ཏན་ཅན་དུ་འགྱུར་བ་ལ། །

ཁྲལ་འཇལ་སློབ་གཉེར་བྱེད་མི་བྱ། །

རིག་གཞུང་སློབ་གཉེར་བྱེད་པ་ལ། །

གཞུང་ཚིག་བློ་འཛིན་གལ་ཆེན་བྱ། །

 

གཞུང་དོན་ཇི་བཞིན་ཤེས་པ་ལ། །

དགེ་རྒན་བཟང་པོ་བསྟེན་པར་བྱ། །

རྟོགས་དོན་དོན་འཁྱོལ་ཡོང་བ་ལ། །

བསམ་གཞིག་ལག་ལེན་ཚུལ་བཞིན་བྱ། །

 

བྱ་གཞག་ལེགས་འགྲུབ་ཡོང་བ་ལ། །

ཉིན་བཞིན་བརྩོན་པ་རྒྱུན་འཁྱོངས་བྱ། །

དཔྱོད་ལྡན་ཅན་དུ་འགྱུར་བ་ལ། །

གཞན་རྗེས་མི་འབྲང་བསམ་གཞིག་བྱ། །

 

འབད་ཐོབ་ཤེས་ཡོན་གནས་པ་ལ། །

དུས་རྒྱུན་བསྐྱར་སྦྱོང་སློབ་གཉེར་བྱ། །

དོན་ལྡན་མི་བཟང་འགྱུར་བ་ལ། །

ཤེས་འཇོན་སྤྱོད་གསུམ་ལྡན་པར་བྱ། །

རྩོམ་པ་པོ།:peace སྤེལ་དུས་:2012-9-7 17:00:02

༄༅། །ལྷག་བསམ་དང་ཀུན་སྤྱོད།

 

སྤྱི་པའི་ལས་དབང་སེམས་ཁུར་རབ་ཏུ་ལྡན། །

མཐུན་མོང་བདེ་སྡུག་གནས་ལ་སེམས་ཁུར་མངའ། །

སྤྱི་དམངས་ལས་དབང་ངན་ལས་བྲལ་ན་བསམ། །

རང་དབང་བདེ་སྐྱིད་འཚོ་བར་རོལ་ན་སྙམ། །

 

བདེ་བའི་རྒྱུ་ནི་བྱམས་བརྩེ་ཡིན་པར་སེམས། །

བྱམས་དང་བརྩེ་བ་གཞན་ཚོར་རྟོགས་ལས་འཁྲུངས། །

བྱམས་བརྩེ་མཐའ་མེད་ཅན་དུ་བསྐྱེད་དགོས་ན། །

སྲོལ་རྒྱུན་ནང་བསྟན་གཞུང་ལ་སློབ་གཉེར་མཛོད། །

 

མི་རིགས་འཚོ་གནས་ཡར་རྒྱས་གཏོང་དགོས་ན། །

སྲོལ་དེང་རིག་གནས་ཀུན་ལ་སློབ་གཉེར་དགོས། །

རིག་གནས་མཐུས་སྒོ་ཚང་བའི་མི་རིགས་དེ། །

ངོ་བོ་ཉམས་མེད་ངང་ནས་རྒྱུན་གནས་ཐུབ། །

 

རང་རེའི་མཁྱེན་རྒྱ་ཡངས་པའི་སློབ་དཔོན་དེས། །

ཤེས་ཡོན་གཙིགས་སུ་བཟུང་བའི་ཕྱག་ལས་གནང་། །

བློ་གསལ་གཞོན་སྐྱེས་མི་རབས་གསར་པ་ལས། །

ཆེད་མཁས་མི་སྣ་མང་ཙམ་ཡོང་བར་རེ། །

 

འདི་ནི་མཁྱེན་རླབས་ལྡན་པའི་དགོངས་གཞི་ཞིག །

ཡིན་པ་རང་རེས་ཤེས་གལ་ཆེ་བར་སྙམ། །

བཟང་པོའི་ཡོན་ཏན་ལྡན་ན་ཀུན་སྤྱོད་མངའ། །

ཀུན་སྤྱོད་བཟང་པོས་མི་ཡི་ཆེ་ཐང་ཐོབ། །

 

མི་རིགས་ཤིག་ལ་མཚོན་ཡང་ཀུན་སྤྱོད་གལ། །

དེད་དཔོན་ཆེན་མོ་མ་ཧཱ་གྷན་དྷི་ཡིས། །

མི་རིགས་གང་ཞིག་གསོན་གནས་ཐུབ་མིན་དེ། །

རྩ་བ་ཀུན་སྤྱོད་ལྡན་མིན་རག་ལས་གསུངས། །

འབྲེལ་ཡོད་ནང་དོན་ 27 ཡོད།<<<123456>>>
Powered by Oblog.