མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
རེ་སྨོན་པར་གཞི། 分享按钮
མུ་ཏིག་གི་ཟིན་བྲིས།
 
སེམས་ཁམས་ལོ་ཐོ།
ཟིན་བདག་བརྡ་ཁྱབ།


མུ་ཏིག


nyimatso21@yahoo.co.in

ང་ནི་ཡུལ་གྱར་བ་ཞིག་ཡིན། ང་ལ་མ་འོངསཔའི་ཕུགས་འདུན་ཡོད། མུན་པའི་གཡོགས་མི་ཐུབ་པའི་མ་འོངས་པའི་ཕུགས་འདུན་ཡོད། ང་ལ་ཕུགས་འདུན་ཡོད་པས། ཟླ་བའི་འཛུམ་མདངས་མཐོང་བྱུང༌། ང་ལ་ཕུགས་འདུན་ཡོད་པས། གངས་རིའི་གཟི་འོད་མཐོང་བྱུང༌། ང་ཟླ་བ་དང་དུས་གཅིག་ལ་བཞུར་བའི་དུང་སེམས་དེ་ཡིན། ང་གངས་རི་དང་གཞི་གཅིག་ཏུ་གནས་པའི་ཁ་བ་དེ་ཡིན།

ཆེད་དོན་རིགས་དབྱེ།
ཟིན་བྲིས་གསར་བ།
དཔྱད་བརྗོད་གསར་བ།
སྐད་གསར་བཞག
འཚོལ་བཤེར།
མཛའ་འབྲེལ།
ཆ་འཕྲིན།
 
 
བྱིས་པས་བརྙན་འཕྲིན་ལྟ་བར་སྟངས་འཛིན་ ཇི་ལྟར་བྱེད་དགོས་སམ།
[ 2015-4-16 15:00:41 | By: nyimatso21 ]
 

བྱིས་པས་བརྙན་འཕྲིན་ལྟ་བར་སྟངས་འཛིན་

ཇི་ལྟར་བྱེད་དགོས་སམ།

 

མུ་ཏིག་གིས་དབྱིན་ཡིག་ནས་བོད་སྒྱུར་བྱེད་ཞོར་རང་གི་མྱོང་བ་ཡི་གེར་ཕབ།

 

ང་ནི་ཨ་མ་ཞིག་ཡིན། ངས་ནམ་རྒྱུན་སེམས་འཁུར་བྱེད་ས་གཅིག་ནི་རང་གི་བྱིས་པ་ཡིན། ད་བར་ངའི་བྱིས་པ་ནི་འགུལ་རིས་བརྙན་འཕྲིན་ལྟ་བར་དབྱིངས་ཞུགས་ཡོད་པས། བརྙན་འཕྲིན་ལྟ་བའི་དུས་ཚོད་རྫོགས་པ་ནས་མིག་མཐར་ཆུ་འཁྱིལ་ཡོང་བ་དང་མུ་མཐུད་བརྙན་འཕྲིན་ལྟ་མི་ཆོག་པ་ཅིའི་ཕྱིར་རེད་ཅེས་འཁང་ར་ཡང་ཡང་བྱེད་ངེས། ང་ལ་བྱིས་པ་གསོ་སྐྱོང་གི་ཉམས་མྱོང་མེད་པས། དཀའ་ངལ་ཅུང་ཙམ་རེ་འཕྲད་སྐབས་ཉམས་མྱོང་ཅན་གྱི་ཨ་མ་དག་ལ་སྐད་ཆ་དྲིས་པ་དང་ཡང་ན་དྲ་ཐོག་ནས་ཕྲུ་གུ་གསོ་སྐྱོང་སྐོར་ལ་སློབ་སྦྱོང་བྱེད་ཀྱིན་ཡོད།

 

དོ་དགོང་ཉལ་ཁར་ཡང་བྱིས་པས་ང་ལ་རེ་བ་གཅིག་བཏོན་བྱུང་། དེ་ནི་སང་ཉིན་ཡར་ལངས་མ་ཐག་བརྙན་འཕྲིན་ལྟ་ཆོག་པའི་རེ་བ་རེད། བྱིས་པ་གཉིད་མ་ཐག་ང་དྲ་བར་ཉུལ་བ་ཡིན། བྱིས་པས་བརྙན་འཕྲིན་ལྟ་བར་སྟངས་འཛིན་ཇི་ལྟར་བྱེད་མིན་སྐོར་ནས་ཤེས་བྱ་གསར་བ་ཞིག་རྙེད་པར་རེ་བ་བཟུང་།

 

བྱིས་པ་ཚོས་ལྡུམ་རྭའི་མཛེས་སྡུག་དང་རྒྱ་ལམ་དུ་འཐེན་པའི་རྐང་ལམ་སྙིང་རྗེ་མོ་དེ་དག་ཡོངས་སུ་བརྗེད་པ་དང་འདྲའམ། ཁོང་ཚོས་བརྙན་འཕྲིན་ནང་གི་སྐད་ཆ་འུར་གྱིས་བཤད་པ་དང་གཟའ་འཁོར་རྗེས་མར་བརྙན་འཕྲིན་ལེ་ཚན་ག་འདྲ་ཞིག་སྟོན་གྱི་ཡོད་མེད་ལ་ཉམས་འཇོག་བྱེད་ཀྱི་འདུག་གམ། ད་དུང་དྲི་བ་གལ་ཆེན་ཞིག་ལ། ཁྱེད་ཀྱི་ཕྲུ་གུས་དུས་ཚོད་ཡོད་ཚད་བརྙན་འཕྲིན་གྱི་མདུན་གྱི་སྐྱེལ་གྱི་ཡོད་དམ། གལ་སྲིད་དེ་ལྟར་ཡིན་ན། སྟངས་འཛིན་བྱེད་པའི་དུས་ཚོད་ལ་སླེབས་པ་རེད། འཚོ་བར་དོ་སྣང་མང་ཙམ་དང་དུས་ཚོད་རེའུ་མིག་ཅིག་ངེས་པར་དུ་བཟོ་དགོས་པ་རེད།

 

དྲ་ཐོག་གི་ཡི་གེ་འདི་བཀླགས་མ་ཐག་ངས་དངན་པ་རིང་བོ་ཞིག་འཐེན་པ་ཡིན། ཚད་ཐིག་ཅིག་གིས་ཐོག་ནས་བལྟས་ན་དུས་ཚོད་རེའུ་མིག་ནི་སྔ་ས་ནས་བཟོས་ཟིན་པ་མིན་ནམ། ངའི་བྱིས་པ་ནི་ཟ་མ་ལ་དང་འདོད་ཆེ། ཤ་དང་སྣུམ་རིགས་ཟ་བར་མི་དགའ་བ་མ་ཟད་བསྔོ་ཚལ་རིགས་འགའ་ཤས་ལ་ཡང་ཡོལ་གང་ཐུབ་བྱེད་ཀྱི་ཡོད་པས་ངེད་བཟའ་་གཉིས་ཀས་ནམ་རྒྱུན་ཟ་མའི་སྐོར་ལ་དུས་ཚོད་གཏོང་གི་ཡོད། སྔ་དགོང་ཟ་མའི་སྐབས་སུ་དུས་ཚོད་མང་ཤོས་གཏོང་གི་ཡོད་ལ། ཕྱི་དྲོ་ནང་དུ་སླེབས་མ་ཐག་སློབ་གྲྭ་ནས་ཉིན་གུང་ཟ་མ་ཡག་པོ་ཟོས་ཡོད་མེད་ནན་འདྲི་བྱེད་ཀྱི་ཡོད། དེ་བཞིན་དགེ་རྒན་ཚོ་ལ་ཡང་ངའི་ཕྲུ་གུས་ཟ་མ་ལ་དོ་སྣང་མི་བྱེད་པས་ཐུགས་སྣང་མང་ཙམ་གནང་རོགས་ཞེས་ཆེད་མངགས་ཞུས་མྱོང་། ཤིང་ཏོག་རིགས་ཡོད་ཚད་ལ་དགའ་ཞིང་མཚམས་རེར་ཞོགས་ཇ་ཡང་ཤིང་ཏོག་རྐྱང་བས་ཆོག་ཅེས་བཤད་ངེས་ཀྱང་། ངེད་བཟའ་་གཉིས་ཀས་ཁྱེད་རང་དབྱིན་ཇིའི་ཕྲུ་གུ་མ་རེད་ཅེས་ཀུ་རེས་ལན་འདེབས་ཀྱི་ཡོད། དེ་ལྟར་ཟ་མ་ལ་དང་འདོད་ཆེ་བ་དེ་བརྙན་འཕྲིན་ལ་དབྱིངས་ཞུགས་པའི་རྒྱུ་གཙོ་བོ་ཞིག་ཏུ་གྱུར་སོང་བ་འདྲ། འགུལ་རིས་བརྙན་འཕྲིན་ལ་མགོ་འཁོར་ན་མདུན་དུ་ཟ་མ་ཅི་ཞིག་བཞག་ཡོད་མེད་ལ་དེ་འདྲ་སྣང་བ་མི་གཏོང་ལ། ཤིང་ཏོག་རེ་ཡོད་ན་མཚམས་རེར་ཟ་བ་ལས་ཟ་མ་ལ་མིག་ཙམ་ཡང་མི་ལྟ། ཡིན་ན་ཡང་ངེད་བཟའ་བ་གཉིས་ཀས་ཅི་ཞིག་སྤྲད་ཀྱང་བརྙན་འཕྲིན་ལ་ལྟ་བཞིན་ཟ་རྐྱང་མིད་རྐྱང་བྱེད་ངེས། དེ་ལྟར་ལོ་གཅིག་གཉིས་རིང་ཟ་མ་མི་ཟ་བའི་དཀའ་ངལ་སེལ་ཐུབ་པ་འདྲ་བོ་རེད། ཡིན་ན་ཡང་དཀའ་ངལ་གཞན་ཞིག་ལྷག་ཡོད་པ་ནི་བརྙན་འཕྲིན་ལ་དབྱིངས་ཞུགས་པ་དེ་རེད། བརྙན་འཕྲིན་ལ་ལྟ་བར་གོམས་པས་རྒྱ་གར་གྱི་སྐད་ལ་བྱང་ཆ་ལྡན་ཞིང་། རྒྱ་གར་སུ་ལ་ཡང་བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་པའི་སྐད་ཆས་ཁ་བརྡ་བྱེད་པས་མི་ཚང་མ་ཧང་ནག་པོ་སང་འགྲོ། ཡུལ་མི་འགའ་རེས་ལོ་ན་བཞི་ཙམ་གྱི་བྱིས་པ་ཞིག་གིས་སྐད་ཆ་དེ་འདྲ་བཤད་ཐུབ་ཀྱང་ལོ་ངོ་མང་པོ་རྒྱ་གར་སྤྱི་ཚོགས་སུ་བསྡད་པའི་བོད་པ་ཚོས་རྒྱ་གར་སྐད་ཡག་པོ་མི་ཤེས་པ་ག་རེ་རེད་ཅེས་ཚ་འདྲི་བྱེད་མྱོང་། ངས་དེ་དག་ཡོན་ཏན་ཞིག་ཏུ་མ་རྩིས་པ་མིན་ན་ཡང་། ན་ཚ་ཞིག་ཏུ་ཡང་མཐོང་གི་འདུག་པས་ཅིས་ཀྱང་ཐབས་ལམ་ཞིག་བཙལ་དགོས་པ་རེད་སྙམ། ངས་མུ་མཐུད་དྲ་ཉུལ་བྱེད་པས་གོ་རིམ་བཅུ་གཅིག་ཅན་གྱི་ཐབས་ལམ་ཞིག་བསྟན་འདུག

 

 གོ་རིམ་དང་པོ།

བྱིས་པ་རྣམས་ལ་བརྙན་འཕྲིན་ནི་སྲོག་ལྡན་ཞིག་མིན་པ་དེ་གསལ་བཤད་བྱོས། བརྙན་འཕྲིན་ལ་ལྟ་བ་དེས་ཕྱིར་ཡོང་མེད་པའི་བྱ་འགུལ་དང་འཚོ་བའི་ཁྲོད་ཀྱི་བྱེད་སྒོ་གཞན་དག་ཤོར་འགྲོ་བ་དང་། བརྙན་འཕྲིན་ལྟ་བའི་དུས་ཚོད་ལ་སྟངས་འཛིན་བྱེད་དགོས་པ་འགྲེལ་བཤད་བྱོས། བརྙན་འཕྲིན་ལ་སུན་སྣང་མེད་པ་དང་། ཁ་གཏད་མེད་པ། མིའི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་བློ་གྲོས་མེད་པས་བྱིས་པ་ཚོ་ནི་ད་གཟོད་འཇིག་རྟེན་གྱི་མི་ཡོད་ཚད་ཀྱི་ལྟ་ས་ཡིན་པ་ར་སྤྲོད་བྱོས།

བརྙན་འཕྲིན་ནང་གི་མེ་མདའ་རྒྱག་པའི་བྱ་སྤྱོད་དང་འཛིང་རེས་བྱེད་པའི་བྱ་སྤྱོད་སོགས་ལ་ལད་མོ་ཡང་ཡང་བྱེད་པ་མ་ཟད། གདོན་འདྲེ་སོགས་འཇིགས་རུང་གང་ཞིག་གིས་ཉམ་ཆུང་ཟ་བར་བྱེད་པ་སོགས་ཀྱི་མཚམས་ནས་ངས་ནམ་རྒྱུན་བརྙན་འཕྲིན་ནི་རྫུན་མ་ཡིན་པ་གསལ་བཤད་བྱེད་ཀྱི་ཡོད། ཉིན་ཞིག་བརྙན་འཕྲིན་ནས་གདོན་འདྲེ་ཞིག་གིས་བྱིས་པ་ཞིག་གི་སྐེ་བཙིར་ནས་འཆི་ལ་ཉེ་བ་ཞིག་བསྟན་པས་ངའི་བྱིས་པས་མིག་ཆུ་བཏང་སོང་། སྐབས་དེར་ངས་ཁ་པར་དུ་བརྙན་ཐུང་འགའ་སྒྲིག་ནས་བརྙན་འཕྲིན་ནང་གི་ཡོད་ཚད་རྫུན་བཟོས་ཡིན་པ་གསལ་བཤད་བྱེད་པ་ཡིན། དེ་ནས་ཉིན་གཅིག་གཉིས་རིང་ལ་བརྙན་འཕྲིན་རྫུན་མ་ཡིན་པ་ཡིད་ཆེས་བྱས་སོང་། ཡིན་ན་ཡང་རིམ་བཞིན་ཡིད་ཆེས་དེ་བརླག་པ་དང་བརྙན་འཕྲིན་ནང་གི་ཕུལ་བྱུང་མི་སྣང་དག་གི་གྱོན་གོས་དང་། ཆུ་ཚོད་སོགས་འདོགས་ཆ་ལག་ཆ་རིགས་རྨི་ལམ་དུ་ཡང་རྨིས་ཀྱི་ཡོད་པ་མ་ཟད། ལུས་ཀྱི་རྣམ་འགྱུར་སོགས་ལ་དབྱིངས་ཟབ་མོ་ཞུགས་འདུག མཚམས་རེར་མི་སྣ་དེ་དག་གི་བྱ་སྤྱོད་དངོས་སུ་འཁྲབ་པ་དང་སྐད་ཆ་ཡང་ཇི་བཞིན་བཤད་ཡོང་གི་འདུག ང་ལ་སེམས་ཁྲལ་ལྷག་མ་སྐྱེས་བྱུང་། ཕྱི་རྒྱལ་ནས་འཚར་ལོངས་བྱུང་བའི་ཕྲུ་གུ་རྣམས་ལ་བོད་པའི་གོམས་གཤིས་མ་འཇགས་པ་ལ་ཡང་བསམ་ཤེས་ཏོག་ཙམ་བྱུང་།

གོ་རིམ་གཉིས་པ།

བརྙན་འཕྲིན་ལ་ལྟ་བའི་དུས་ཚོད་ཇེ་ཉུང་དུ་ཐོངས། གསལ་བཤད་ཀྱི་བརྒྱུད་རིམ་ནས་མཉམ་དུ་བསྡད་ནས་བརྙན་འཕྲིན་ལྟ་བའི་དུས་ཚོད་རེའུ་མིག་ཅིག་བཟོས། དུས་དེབ་དང་རྒྱུན་སྤྱོད་ཤེས་བྱ་སོགས་ནས་གཟའ་འཁོར་གཅིག་རིང་གི་བརྙན་འཕྲིན་ལེ་ཚན་གྱི་རེའུ་མིག་ཅིག་ཁྱེར་ཡོང་ནས་བྱིས་པ་སོ་སོ་དགའ་ཤོས་ཀྱི་ལེ་ཚན་དེ་བདམས་བཅུག་དགོས། ལེ་ཚན་དེ་ནི་བྱིས་པ་དེས་ལྟ་ཆོག་པའི་བརྙན་འཕྲིན་ལེ་ཚན་ཁོ་ན་ཡིན་པ་གསལ་བཤད་བྱོས། དེ་དང་མཉམ་དུ་ཉིན་རེར་ཆུ་ཚོད་༡ནས་རིང་ལྟ་ཆོག་པ་གཏན་ཁེལ་དང་། (དམིགས་བསལ་གུང་གསེང་མིན་དུས་དང་དགོང་མོ) གཏན་ཁེལ་ལས་བདའ་མི་ཆོག་པ་གསལ་བཤད་བྱོས། ལེ་ཚན་འགའ་རེ་དུས་ཚོད་གཅིག་གཉིས་ནང་དུ་ཡང་རྫོགས་ཀྱི་མེད་ན་གཏན་ཁེལ་གྱི་དུས་ཚོད་ནང་ལ་རྫོགས་ཐུབ་པའི་ལེ་ཚན་ཞིག་འདེམས་སུ་བཅུག

གོ་རིམ་འདི་བློ་བབས་བྱུང་། ངས་ད་ལྟ་བར་དུ་དུས་ཚོད་གཅིག་གཉིས་ནང་ལྟ་ཐུབ་པའི་ལེ་ཚན་ཞིག་འདེམས་བཅུག་མྱོང་མེད། བརྙན་འཕྲིན་རྒྱང་སྒྱུར་དེ་བྱིས་པའི་ལག་པར་བཞག་པ་མ་ཟད་འགུལ་རིས་བརྙན་འཕྲིན་ཁག་གི་སྐུད་ལམ་ཨང་གྲངས་ཡང་གསལ་བོ་བཤད་ཡོད། བྱིས་པས་རེས་མོས་ཀྱིས་ལྟ་བས་རྫོགས་ཞེས་པའི་ས་མཚམས་ཤིག་གཏན་ནས་མེད་སོང་བ་འདྲ། དོ་དགོང་དྲ་ཉུལ་བྱས་པའི་ལག་ཡོང་ཡང་སྐད་ཆ་འདིས་ཆོག་པར་བྱ་སྙམ་བྱུང་།

མཚམས་རེར་དོན་དག་ཆུང་ཙག་རེ་ཡིས་འཚོ་བར་ཕན་ཐོགས་ཆེན་པོ་བྱུང་གི་འདུག་པས་དོ་དགོང་ཡང་མདང་དགོང་གི་འཕྲོ་ནས་ཀློག་གི་ཡོད།

 

གོ་རིམ་གསུམ་པ།

བརྙན་འཕྲིན་སྒོ་རྒྱོབས། ལེ་ཚན་དེ་མ་ཐོན་བར་དུ་བརྙན་འཕྲིན་སྒོ་ཕྱེ་མ་བཅུག ལེ་ཚན་དེ་སྟོན་དུས་འུར་ཟིང་མེད་པར་ལྷིང་འཇགས་ཀྱིས་ལྟ་རུ་བཅུག འུར་ཟིང་གིས་ཕྲུ་གུའི་དོ་སྣང་ལ་བར་ཆད་འགྲོ་བ་དང་ལྟ་བཞིན་པའི་ལེ་ཚན་དེ་དགའ་ཤོས་ཤིག་མིན་པའི་དབང་དུ་བཏང་ན་ཡང་དོ་སྣང་དམིགས་བསལ་སླེབས་འཇུག་གི་རེད། ཐབས་ལམ་གཞན་ཞིག་ནི་བརྙན་འཕྲིན་གྱི་གློག་སྒོ་སྟངས་འཛིན་ཐུབ་ས་ཞིག་ལ་འཇོག་དགོས། དེས་ནི་ཉིན་རེའི་བརྙན་འཕྲིན་ལྟ་བའི་དུས་ཚོད་ལ་མ་ཐོན་བར་དུ་སྟངས་འཛིན་ཐུབ་ངེས།

གོ་རིམ་འདིས་ངེད་བཟའ་བ་གཉིས་ཀའི་ནོར་འཁྲུལ་ཞིག་ལ་མཛུབ་མོ་འཛུགས་བཞིན་པ་འདྲ་བའི་ཚོར་སྣང་བྱུང་། ངའི་བྱིས་པས་བརྙན་འཕྲིན་སྒོེ་ཕྱེ་ཐུབ་པ་མ་ཟད་འོད་སྡེར་དང་ཟེར་སྡེར་སོགས་ཚང་མ་སྟོན་ཤེས་ཀྱི་ཡོད། ཁ་པར་དང་གློག་ཀླད་སོགས་ནས་བརྙན་དང་པར་རིས་ཚང་མ་སྒྲིག་སྦྱོར་ཤེས་ཀྱི་ཡོད། ཤེས་པ་དེ་ཡང་རང་བཞིན་གྱིས་ཤེས་པ་མ་ཡིན་པར་རེ་རེ་བཞིན་བསླབ་ནས་ཤེས་པ་རེད། ད་བར་སྟངས་འཛིན་བྱེད་མི་ཐུབ་པ་དང་བྱེད་དཀའ་བའི་ཚད་ཐིག་འདི་ཡང་བརྒྱུད་རིམ་དེ་དག་ནས་ཡོང་བ་འདྲ། གལ་སྲིད་གློག་སྒོ་དེ་མཐོ་ས་ཞིག་ན་ཡོད་ན། ཏན་ཏན་བསམ་བློ་གཏོང་ས་ཞིག་རེད་སྙམ།

གོ་རིམ་བཞི་བ།

ཁྱིམ་ཚང་གི་རྒྱུན་འཇགས་གོམས་གཤིས་ལ་འགྱུར་བ་གཏོང་བ། ཚང་མ་གཅིག་གི་ཆེད་དུ་ཡང་ན་གཅིག་ཚང་མའི་ཆེད་དུ་ཞེས་པའི་གཏམ་དཔེ་ལྟར། བློས་གཏོང་གི་ཚད་ཐིག་གཅིག་གིས་སྐད་ཆ་བཤད་ན་ཁྱིམ་ཚང་ནས་བརྙན་འཕྲིན་མེད་པར་བཟོ་རྒྱུ་དེ་རེད། རེད། སུ་ལ་ཡང་འདྲིས་པ་བློས་གཏོང་གི་དཀའ་ངལ་ཡོད་པ་རེད། ཡིན་ཡང་ཁྱིམ་ཚང་ཞིག་ལ་མཚོན་ན་དེ་ལས་ཀྱང་གལ་ཆེ་བ་ནི་འཆར་གཞི་ཞིག་མགོ་བརྩམས་དགོས་པ་དེ་རེད། ཁྱིམ་ཚང་གཞན་དག་དང་ཡང་ན་གྲོགས་པོ་སོགས་སུ་བརྙན་འཕྲིན་བཅོལ་ནས་ཟླ་བ་གཅིག་ཙམ་རིང་ནང་མི་ཚང་མས་རྒྱུན་འཇགས་གོམས་གཤིས་ལ་འགྱུར་བ་ཞིག་ཐོངས་དང་། དེ་ནས་དཀའ་ངལ་གྱི་རྩ་བ་དེ་ཤེས་ཐུབ། འདི་ནས་གསལ་བརྡ་ཞིག་ལ། སྐབས་དེ་དག་ཏུ་དྲ་སྒོ་ངེས་པར་དུ་རྒྱོབས། དེ་དང་མཉམ་དུ་དྲ་ཐོག་རོལ་རྩེད་སོགས་འཕྲུལ་ཆས་ཀྱི་རྩེད་མོ་ཡོད་ཚད་ཐག་ཉེ་ལ་ཁྱེར་མ་ཡོང་། དེའི་ཚབ་ཏུ་སྲོལ་རྒྱུན་དམངས་ཁྲོད་ཀྱི་རྩེད་མོ་དང་། ཁེ་དང་མཚར་གཏམ་སོགས་མཉམ་འདུས་རང་བཞིན་གྱི་རྩེད་མོ་ལ་ཞུགས་ཐུབ་པར་འབད་བརྩོན་བྱོས།

གོ་རིམ་འདིས་ང་ལ་འདས་དོན་མང་པོ་ཞིག་དྲན་གསོ་བཏང་སོང་། ང་ཆུང་ཆུང་ཡིན་དུས། ཁེ་བཤད་རེས་དང་གླུ་ཤགས་ལེན་རེས། ཐུར་མ་འདེགས་རེས། རྐང་རྡོ་འཕེན་རེས། ཐག་མཆོངས་རྒྱག་རེས་སོགས་ཁྱིམ་ཚང་དང་སྡེ་མང་ཚོགས་ས་ན་རྩེད་མོ་འདྲ་མིན་རྩེད་རྒྱུ་ཡོད། རྩེད་མོ་དེ་དག་གི་གོ་རིམ་ཁྲོད་ནས་ང་འཚར་ལོངས་བྱུང་བ་ཡིན་ལ་སྐབས་དེ་དག་ཏུ་མི་གཅིག་གིས་རྩེད་མོ་ཞིག་རྩེད་ཐབས་མེད་པ་དང་འདྲ་བར་ངེས་པར་དུ་རོགས་པ་འཚོལ་གྱིན་ཡོད། ད་ལྟའི་བྱིས་པ་འདི་དག་ལ་རོགས་པ་འཚོལ་བའི་བསམ་བློ་དང་གོམས་གཤིས་ཅི་ཡང་མེད་ལ་དགོས་མཁོ་ཡང་མེད་པ་འདྲ། རྒྱུ་མཚན་ལས་སླ་མོ་རེད། ཆ་རྐྱེན་ཡོད་པས་རེད། བརྙན་འཕྲིན་དང་ཁ་པར། རོལ་རྩེད་འཕྲུལ་ཆས་སོགས་འདྲ་མིན་སྣ་ཚོགས་ཡོད་པས་རང་རང་ས་ནས་གང་ཞིག་ལ་མགོ་འཁོར་པ་འཁྲིས་ཀྱི་ཕ་མ་དང་གྲོགས་པོ་སོགས་ལ་སྣང་བ་མི་གཏོང་། མཚམས་རེརབཤད་པའི་སྐད་ཆ་ཡང་མི་གོ བརྙན་འཕྲིན་དང་དྲ་ལམ་སོགས་མེད་པར་གཏོང་བའི་གོ་རིམ་འདི་ལག་ལེན་བྱེད་མི་ཐུབ་ན་ཡང་། ཉིན་རེར་ནང་མི་ལྷན་འདུས་ཀྱི་རྩེད་མོའི་དུས་ཚོད་ཅིག་ཅིས་ཀྱང་གོ་སྒྲིག་བྱེད་དགོས་པ་འདྲ།

གོ་རིམ་ལྔ་བ།

ཉལ་ཁང་ནང་དུ་བརྙན་འཕྲིན་མ་འཇོག རྒྱུ་མཚན། བརྙན་འཕྲིན་ནི་རིན་སྤྲད་ནས་ཉོས་པའི་ཅ་ལག་ཅིག་རེད། རང་གི་བྱིས་པ་དང་ཕན་ཚུན་འཁང་ར་བྱེད་པའི་དཀའ་ངལ་ལས་གྲོལ་ཐབས་ཙམ་བཤད་པ་ལས། བརྙན་འཕྲིན་ཉལ་ཁང་དུ་རྩ་བ་ནས་འཇོག་མ་ཆོག་པ་ཡང་མ་རེད། སྤྱིར་བཏང་ཉལ་ཁང་ནི་ངལ་གསོ་ས་ཞིག་རེད། ལྷིང་འཇགས་བག་ཕེབས་ཀྱི་གནས་དེ་ཡང་ཡིན་དགོས། བརྙན་འཕྲིན་གྱིས་ཁྱེད་ལ་ཞི་བདེ་བག་ཕེབས་ཀྱི་ཚོར་སྣང་ཅི་ཡང་སྤྲོད་མི་ཐུབ། དམིགས་བསལ་བྱིས་པའི་ལེ་ཚན་མིན་པ། ཁོང་ཚོའི་ནུས་སྟོབས་དང་སྐྱེས་འཕེལ་སྐོར་གྱི་ལེ་ཚན་དེ་འདྲ་ཡང་མིན་ན་དེ་བས་ནང་དུ་མི་འཇོག་པར་སྟངས་འཛིན་བྱེད་བདེ་ས་ཞིག་ལ་འཇོག་དགོས། གལ་སྲིད་ཁྱེད་ལ་ནང་མི་མང་པོ་ཡོད་ན་ལྟ་ཕྱོགས་དགའ་ཕྱོགས་ལ་རྩོད་པ་ཡོང་སྲིད་པས་བརྙན་འཕྲིན་གཅིག་གིས་མི་ཆོག་པའི་བསམ་བློ་ཡང་འཁོར་སྲིད། ཡིན་ན་ཡང་ཕན་ཚུན་བསམ་ཤེས་དང་དགའ་ཕྱོགས་བརྗེ་རེས་ནི་བྱིས་པ་རྣམས་ལ་ཁྲིད་དགོས་པའི་ཤེས་བྱ་གཙོ་བོ་གཉིས་ཡིན།

 གོ་རིམ་འདི་ཀློག་དུས།ཨ་མའི་བརྙན་འཕྲིན་སྟོན་" ངས་རང་གི་བྱིས་པའི་སྐད་ཆ་ཞིག་ཡང་ཡང་ཐོས་ཀྱི་འདུག ངའི་བྱིས་པ་རིག་རྒོད་ཅིག་ཡིན། གླ་རྔན་ཟ་འདོད་པ་དང་ཡང་ན་ཨ་མར་རེ་དགོས་པའི་དོན་དག་རེ་ཡོད་ཚེ་ཨ་མའི་བརྙན་འཕྲིན་སྟོན་ན་་་་་ཞེས་ང་ལ་ཆ་རྐྱེན་འདོན་ངེས་རེད། སྐབས་འདིར་ཨ་མའི་བརྙན་འཕྲིན་ཞེས་པ་ནི་བོད་སྐད་ཀྱི་ལེ་ཚན་ཁག་རེད། བོད་སྐད་ལེ་ཚན་གྱིས་ང་ཚོ་ཕ་ཡུལ་གྱི་ཉེ་སར་ཁྲིད་ཀྱི་ཡོད་པས་ང་ལ་བརྙན་འཕྲིན་ལྟ་བའི་དུས་ཚོད་ཅིག་བྱུང་ན་བོད་སྐད་ལ་ལྟ་བཞིན་ཡོད།

ལེ་ཚན་འདི་བཀླགས་རྗེས་ང་ཚོར་ངེས་པར་དུ་བརྙན་འཕྲིན་དགོས་དོན་ག་རེ་ཡིན་ནམ་སྙམ་བྱུང་། བསམ་བློ་ཞིག་བཏང་ན་རང་ཉིད་ཨ་མ་ཆགས་པ་ནས་ལོ་གསར་སྐབས་མ་གཏོགས་བརྙན་འཕྲིན་ལ་བལྟས་ནས་དུས་ཚོད་ལྷོད་ལྷོད་ཅིག་སྐྱེལ་བ་དྲན་གྱི་མི་འདུག ལོ་གསར་དགོང་ཚོགས་ལ་ལྟ་བའི་སེམས་འདུན་བོར་མ་མྱོང་བ་ནི་ཁྱིམ་ཚང་ལ་བརྙན་འཕྲིན་ཞིག་དགོས་པའི་རྒྱུ་མཚན་གཅིག་ཡིན་པ་འདྲ། བྱིས་པ་ལོ་གཉིས་ལ་སོན་དུས་དུད་འགྲོ་སེམས་ཅན་ངོ་སྤྲོད་དང་། ཁ་དོག་ངོ་སྤྲོད། གྲངས་ཀ་རྩི་སྟངས་སོགས་ཀྱི་འོད་སྡེར་བསྟན་ནས་འཚར་ལོངས་ལ་རོགས་འདེགས་བྱས་མྱོང་། ཡིན་ན་ཡང་ད་བར་བྱིས་པའི་དགའ་ཕྱོགས་ཀྱི་ངོས་ནས་ཡིན་ནམ་ཡང་ན་ངེད་བཟའ་བ་གཉིས་ཀས་སྣང་མེད་ཤོར་བ་ཡིན་མ་ངེས་ཀྱང་། གང་ལྟར་རོགས་འདེགས་དེ་རྒྱུན་སྐྱོང་ཐུབ་མི་འདུག དུས་ཚོད་ནམ་ཞིག་ནས་རྒྱུན་སྐྱོང་མ་ཐུབ་པ་ཡང་བཤད་རྒྱུ་མི་འདུག



གོ་རིམ་དྲུག་པ།

རླངས་འཁོར་ནང་དུ་གཟུགས་མཐོང་འཕྲུལ་ཆས་སོགས་མ་འཇོག ཕ་མ་ཚོས་རླངས་འཁོར་དུ་གཟུགས་མཐོང་འཕྲུལ་ཆས་བཞག་ནས་བྱིས་པ་ཚོ་སེམས་གཡེང་དུ་བཅུག་པ་ནི་སེམས་འགུལ་ཐེབས་པ་ཞིག་རེད། ཡིན་ན་ཡང་རྒྱ་ལམ་དུ་འཁྱམ་བསྐྱོད་བྱེད་པ་དང་རླངས་འཁོར་དུ་འཆམ་འཆམ་ལ་འགྲོ་བ་སོགས་ནི་བྱིས་པ་ཚོའི་འབྲི་རྩལ་དང་། ཀློག་རྩལ། ལུས་རྩལ་སོགས་མདོར་ན་བྱིས་པ་རྣམས་ཀྱི་དབང་བོ་འཚར་ལོངས་ལ་རོགས་འདེགས་བྱེད་པའི་དུས་ཚོད་ཡག་ཤོས་ཤིག་རེད། དུས་ཚོད་དེ་དག་ཏུ་ཕ་མ་དང་མཉམ་དུ་སྐད་ཆ་བཤད་པ། གླུ་གཞས་ལ་ཉན་པ། སྒེའུ་ཁུང་ཕྱི་རོལ་གྱི་ཡུལ་ལྗོངས་ལ་རོལ་བ་སོགས་ནི་རང་བྱུང་ཁམས་ཀྱི་བརྩེ་བ་མྱོང་སྟངས་ཤིག་ཀྱང་རེད། དེ་ལ་འགྲོ་སོང་ལྷག་མ་མེད་ལ་ལྟ་རྟོགས་ལྷག་མ་ཡང་དགོས་མཁོ་མེད།

ཚན་པ་འདི་ཀློག་དུས་ཁོར་ཡུག་གི་ཆ་ནས་ཡང་ན་འཚོ་བ་རོལ་སྟངས་ཀྱི་ཆ་ནས་ང་ཚོ་དང་དེ་འདྲ་འཕྲོད་པོ་མ་བྱུང་། ཡིན་ན་ཡང་ངའི་བྱིས་པ་ཆུང་ཆུང་ཡིན་དུས་བྱེའུའི་སྐད་ལ་ཉན་རྒྱུར་དགའ། གཙང་འགྲམ་དང་ནགས་གསེང་དུ་འགྲོ་རྒྱུར་དགའ། སྤང་ཐང་ནས་སྤོ་ལོ་རྩེད་རྒྱུར་དགའ། ཕྱེ་མ་ལེབ་བདའ་རྒྱུར་དགའ། རྩྭ་དང་མེ་ཏོག་འཐུ་རྒྱུར་དགའ། རྡོ་ཆས་སྒྲིག་ནས་ཟ་མ་བཟོ་ཁུལ་བྱེད་རྒྱུར་དགའ། དབྱིག་པ་ཆུང་ཆུང་དག་སྒྲུག་ནས་ཁང་པ་ལས་རྒྱུར་དགའ། ཡིན་ན་ཡང་འབྲི་ཀློག་གི་མགོ་བརྩམས་པ་ནས་ངེད་བཟའ་་གཉིས་ཀས་དཔེ་ཆ་དང་འབྲི་དེབ་ཐོག་ལ་ཤུགས་སྣོན་རྒྱག་བཞིན་པ་ལས་ཕྱི་རོལ་དུ་འཆམ་འཆམ་ལ་ཁྲིད་པའི་དུས་ཚོད་དེ་ཤོར་ཡོད་པ་འདྲ། ཐ་ན་གཟའ་ཉི་མ་དང་གུང་གསེང་ལ་ཡང་དུས་ཚོད་མང་ཆེ་བ་བརྙན་འཕྲིན་གྱི་མདུན་ནས་སྐྱེལ་གྱི་ཡོད། ཚན་པ་འདིས་ཤོར་མི་ཉན་པའི་དུས་ཚོད་ཅིག་དྲན་གསོ་གཏོང་གི་འདུག

 གོ་རིམ་བདུན་པ།

བདམས་ཀ་གཞན་པ་མཁོ་སྤྲོད་བྱོས། བྱིས་པ་ཚོས་ཉི་མ་རེ་རེ་འཇིག་རྟེན་གྱི་བྱ་དངོས་ལ་སློབ་སྦྱོང་བྱེད་དགོས་པ་རེད། ངེས་པར་དུ་ཤེས་དགོས་པ་ཞིག་ལ་སློབ་སྦྱོང་དེ་དག་ནི་དངོས་སུ་མཐོང་བ་དང་རེག་པ། བཀོལ་བ་སོགས་སྦྱོང་གོམས་མྱོང་གསུམ་ཁྲོད་ནས་ཐོབ་པ་ལས་བཤད་སྒྲོས་དང་ཡང་ན་བརྙན་འཕྲིན་བརྒྱུད་ལམ་སོགས་ནས་ངོ་མི་ཤེས་པ་སེམས་ལ་བཟུང་། བྱིས་པ་ཚོས་གང་ཞིག་ལ་སྦྱོང་གོམས་དང་ངོ་ཤེས་གཏོང་བར་ཕ་མའི་ངོས་ནས་རོགས་རམ་བྱེད་དགོས་པ་རེད། བྱིས་པའི་དགའ་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད། རྩེད་ཆས་སོགས་བྱེད་སྒོ་སྣ་ཚོགས་ཀྱི་ཆ་རྐྱེན་མཁོ་སྤྲོད་བྱེད་ཐུབ་དགོས། རྩེད་ཆས་དེ་དག་བླུགས་སའི་ཆ་སྒམ་དང་འཇོག་ས་ཡང་མཁོ་སྤྲོད་ཐུབ་དགོས།

དཔེར་ན།

· ཚན་རིག་པའི་ཅ་ལག་དང་ཚོད་ལྟའི་ཡོ་བྱད། གློག་ཆས་ཡོ་བྱད། གནམ་གཤིས་བརྟག་དཔྱད་ཀྱི་ཡོ་བྱད། རང་བྱུང་ཁོར་ཡུག་རྟོགས་ཞིབ་ཡོ་བྱད། ས་ཆུ་མེ་རླུང་སོགས་ཀྱི་ངོ་སྤྲོད་ཡོ་བྱད། རོལ་ཆ་རིགས།

· ལག་ཤེས་དང་ལག་རྩལ་ཡོ་བྱད། རི་མོ་འབྲི་བྱེད་དང་རྒྱུ་ཆ།

· མིག་མང་རྡེའུ། ཤོག་འཕེན་རྩེད་ཆས། ཁང་པ་རྩིག་བྱེད། ཐབ་ཚང་གི་ཅ་ལག རླངས་འཁོར་དང་མེ་འཁོར་རིགས།

· རྟ་ཟོག་སེམས་ཅན་ངོ་སྤྲོད།

· བྱིས་པའི་ཀློག་དེབ་སྣ་ཚོགས། ལོ་ཚོད་ལ་དཔག་པའི་ཀློག་དེབ་འབྲི་དེབ། སློབ་ཚན་དང་ལོ་རིམ་ལ་དཔག་པའི་ཀློག་དེབ་འབྲི་དེབ།

གོ་རིམ་འདི་བཀླགས་རྗེས། ངས་ནུབ་ཕྱོགས་ཀྱི་བྱིས་པ་ཚོ་དང་བོད་པའི་བྱིས་པ་ཚོ་སྡུར་དགོས་བྱུང་། ནུབ་ཕྱོགས་ནས་བྱིས་པའི་ཆ་རྐྱེན་ལ་ལྟ་རྟོགས་བྱེད་མཁན་ཡང་ཡོད་པ་རེད། བོད་པའི་སྤྱི་ཚོགས་སུ་དེ་ལྟར་བཙན་ཤེད་དང་ལྟ་རྟོགས་བྱེད་མཁན་མེད་ན་ཡང་ད་ལྟའི་ཕ་མ་ཚོས་གང་ཐུབ་ཅི་ཐུབ་ཀྱིས་བྱིས་པའི་ཡོ་བྱད་དང་རྩེད་ཆས། སློབ་ཆས་སོགས་མཁོ་སྤྲོད་གནང་ཡོད་པ་ཁྱིམ་ཚང་སོ་སོ་ན་མཐོང་རྒྱུ་ཡོད། ཡིན་ན་ཡང་མཚམས་ལན་རེར་རིགས་དེ་དག་ནི་ཕ་མའི་འགན་འཁུར་དང་དམིགས་ཡུལ་གཙང་མ་ཞིག་གིས་ཉོས་པ་མིན་པར། ལད་ཟློས་དང་ཡང་ན་རང་གི་བྱིས་པས་གཞན་གྱི་རྩེད་ཆས་མ་འཕྲོག་པའི་ཆེད་དུ་ཉོས་པ་རེད། ཉོས་པ་ནས་ལས་འགན་རྫོགས་སོང་བ་རེད་ལ། དེ་ངོ་སྤྲོད་དང་བཀོལ་སྤྱོད་ལ་དེ་འདྲ་ཁ་ཡ་མི་བྱེད། ནམ་ཞིག་རྩེད་ཆས་རླངས་འཁོར་ཞིག་གི་འཁོར་ལོ་ལྟ་བུ་ཞིག་ཆགས་སོང་ན། རྗེས་མ་ནས་རྩེད་ཆས་མི་ཉོ་བའི་འཇིགས་སྐུལ་ཡང་བྱེད་ངེས། ཕ་མ་སུ་ཞིག་གིས་དེ་ཆགས་འགྲོ་བ་དང་ཆགས་པའི་རྒྱུ་མཚན། མི་ཆགས་པའི་ཐབས་ལམ། ཆགས་སོང་ན་ག་རེ་བྱུང་གི་ཡོད་པ། མ་ཆགས་གཉར་ཚགས་ཐུབ་ན་ཕན་ཐོགས་ག་རེ་ཡོད་པ་་་་་གནས་ལུགས་མང་པོ་ཞིག་ཤེས་ན་ཡང་འགྲེལ་བཤད་རྒྱག་པའི་གོམས་གཤིས་མེད། ཕ་མ་ལ་ལས་ད་དུང་རང་གི་བྱིས་པའི་ལག་པར་ཐལ་ལྕག་ཚ་ཐག་ཆོད་ཅིག་གཞུས་ཡོད་ངེས། དྲང་མོ་བཤད་ན་བྱིས་པའི་ཀུན་སློང་ན་རླངས་འཁོར་བཅག་བསམ་པ་ཞིག་ཡོད་མི་སྲིད། མ་ཤེས་པ་ནི་ཤུགས་ཀྱིས་བརྡབ་ན་ཆགས་འགྲོ་བ་དེ་མ་ཤེས་པ་རེད། ཕ་མས་དེ་གསལ་བཤད་བྱེད་དགོས་པ་འདྲ། དེ་ལྟར་བོད་པའི་ཕ་མ་ཚོའི་ངོས་ནས་བྱིས་པར་རྒྱབ་སྐྱོར་དང་སློབ་སྦྱོང་སྤྲོད་སྟངས་གཉིས་ཀར་དོ་སྣང་དགོས་རྒྱུ་གལ་ཆེན་རེད་སྙམ་བྱུང་། མཚམས་རེར་བྱིས་པ་གཉོར་སྐྱོང་གི་དེབ་དང་དྲ་རྒྱ་ཀློག་དུས་ད་གཟོད་འདི་རིགས་ལ་དྲན་གསོ་ཡང་ཡང་གཏོང་གི་འདུག

གོ་རིམ་བརྒྱད་པ།

ལུས་རྩལ་གྱི་བྱེད་སྒོ་དང་སྒེའུ་ཁུང་ཕྱི་ལོགས་ཀྱི་ཁོར་ཡུག་ལ་ལོངས་སྤྱོད་ཐུབ་པ་གནང་དགོས། ཚོང་ཁང་སྤུས་དག་ནས་ཐོན་པའི་ཅ་ལག་སྤུས་དག་སྤོ་ལོ་དང་། དབྱིག་པ་སྤོ་ལོ། བྱ་སྒྲོ། དྲ་སྤོལ། ཐག་མཆོངས། མཁའ་གཡུག་སྤོ་ལོ། ལྕགས་རྟ་ལ་སོགས་པའི་མཐུན་རྐྱེན་སྦྱར་ཏེ་གཟུགས་པོ་སྦྱོང་བརྡར་བྱེད་པར་གཞོགས་འདེགས་གནང་དགོས། དེ་བཞིན་མེ་ཏོག་ལྡུམ་རྭ་དང་། ཆུ་རྐྱལ་རྭ་བ། རྩེད་ཐང་རྭ་བ་སོགས་སུ་ཁྲིད་ནས་ཕ་མས་བྱིས་པ་དང་མཉམ་རྩེད་མཉམ་འདུག་གནང་དགོས། བྱིས་པ་གཞན་དང་མཉམ་དུ་རྩེད་པའི་སེམས་ཤུགས་སྤྲོད་དགོས་པ་དང་། གྲོགས་པོ་གྲོགས་མོ་མང་པོ་དང་མཉམ་ཞུགས་ཐུབ་པའི་གདེངས་ཚོད་སྤྲོད་ཐུབ་དགོས། ལོ་ཚོད་ཆ་མི་མཉམ་པའི་བྱིས་པ་མང་པོ་སྤྱིར་བཏང་གི་ལུས་རྩལ་བྱེད་སྒོ་ཁག་ཏུ་མཉམ་ཞུགས་དང་ཡང་ན་ཚོགས་ཁག་སྒྲིག་པ། མི་སྒེར་རེ་རེ་བྱེད་པ་བཅས་བྱིས་པའི་རྣམ་འགྱུར་དང་། འདོད་པ། དགའ་ཕྱོགས་ལ་བསྟུན་པའི་སྒོ་ནས་མཉམ་ཞུགས་གནང་འཇུག་དགོས།

གོ་རིམ་འདིས་ངས་བྱིས་པའི་ཆེད་དུ་དུས་ཚོད་གཏོང་རྒྱུ་ཉུང་དྲགས་ཡོད་པ་གསལ་བཤད་གནང་བྱུང་། གཟའ་ཉི་མ་སོགས་གུང་གསེང་ལ་མ་གཏོགས་བྱིས་པ་འཆམ་འཆམ་དུ་དེ་འདྲ་ཁྲིད་ཀྱི་མེད། མཚམས་རེར་གུང་གསེང་དུ་ཡང་ལས་དོན་ག་གེ་མོའི་ཆེད་དུ་གཅིག་གིས་བྱིས་པ་དང་མཉམ་དུ་ནང་ནས་འདུག་པ་དང་གཅིག་ཤོས་ལས་དོན་སྒྲུབ་པར་འགྲོ་གི་ཡོད། ནང་ནས་བསྡད་རིང་དུས་ཚོད་མང་ཆེ་ཤོས་བརྙན་འཕྲིན་མདུན་དུ་སྐྱེལ་གྱི་ཡོད། ན་ནིང་ད་ལོ་ནས་ནང་མི་ཚང་མ་དྲ་ཉུལ་ལ་གོམས་ཀྱི་འདུག བརྙན་འཕྲིན་ལྟ་བ་ལས་ཀྱང་ཉེན་ཁ་ཚ་བའི་ལམ་ཁ་ཞིག་ཏུ་བསྐྱོད་བཞིན་ཡོད་པ་འདྲ། ད་ནི་གོ་རིམ་འདི་ནས་བསླབ་བྱ་ཞིག་བླངས་ནས་སྒེའུ་ཁུང་ཕྱི་རོལ་གྱི་བྱེད་སྒོ་ཞིག་ཏུ་ནང་མི་མཉམ་ཞུགས་ཀྱི་དུས་ཚོད་རེའུ་མིག་ཅིག་ཅིས་ཀྱང་དགོས་ཀྱི་འདུག བོད་ལ་ཐུན་མོང་མ་ཡིན་པའི་གོམས་གཤིས་ཁྱད་པར་བ་ཞིག་ཡོད་པ་ནི་དགོན་པ་ཁག་ཏུ་ཡང་ཡང་འགྲོ་བ་དེ་རེད། ངའི་ཁོར་ཡུག་ཏུ་ཡང་དགོན་པ་ཡོད། མཚམས་རེར་ངས་བྱིས་པ་ཁྲིད་ནས་དགོན་པར་སོང་བ་དང་མ་ཎི་འཁོར་ལོ་བསྐོར་གྱི་ཡོད། བྱིས་པ་ཞིག་གི་ངོས་ནས་དགེ་བ་ཞེས་པའི་ཆོས་སེམས་དེ་ཡོད་མི་སྲིད་ན་ཡང་དུས་ཚོད་སྐྱེལ་སྟངས་ཡག་པོ་ཞིག་དང་བག་ཆགས་འཇོག་སྟངས་ཤིག་ཏུ་བསམ་བློ་གཏོང་གི་ཡོད། དེ་ཡང་གཏན་འཁེལ་དང་དུས་ཚོད་རེའུ་མིག་ཅིག་མེད་པས་མཚམས་རེར་འདོད་པ་ཡོད་མེད་ཅིག་གིས་ཐག་གཅོད་བྱེད་པ་འདྲ། ད་ནི་ནང་མི་གྲོས་མོལ་གྱིས་ཕྱི་རོལ་གྱི་བྱེད་སྒོ་ལ་རོལ་བའི་དུས་ཚོད་ཅིག་གཏན་འཁེལ་ཐུབ་དགོས་སོང་།

གོ་རིམ་དགུ་བ།

ནང་མི་དང་ལྷན་དུ་ལྗོངས་རྒྱུ་ལ་སོང་། འགྲེམས་སྟོན་ཁང་དང་། སྤྱི་གླིང་། ཚན་རིག་གླིང་ག ཆུའི་སྲོག་ཆགས་གླིང་ག རི་དྭགས་སྲོག་ཆགས་གླིང་། ན་ཆུང་བྱིས་པའི་སྤྱི་གླིང་། དབྱིག་སྤོལ་རྩེད་ཐང་ཆུང་ཆུང་། གློག་བརྙན་ཁང་། མཚོ་འགྲམ་སོགས་སུ་ལྗོངས་རྒྱུ་ལ་ཁྲིད་ནས་བརྙན་འཕྲིན་དང་བར་ཐག་ཇེ་རིང་དུ་ཐོངས། མེ་འཁོར་སོགས་སུ་བསྡད་ནས་གང་ནས་མགོ་བརྩམས་ནས་འགྲོ་གི་ཡོད་པ་དང་གང་ནས་བབས་རྗེས་ཕྱིར་ལོག་དགོས་པ་བཅས་ནན་བཤད་བྱེད་དགོས། ཕྱི་ལོགས་སུ་ལྗོངས་རྒྱུ་ལ་འགྲོ་བ་དང་མཉམ་དུ་ལས་གྲྭ་ཆུང་ཆུང་རེ་སྒྲུབ་ཐུབ་པར་རོགས་རམ་གནང་དགོས། རེག་པ་དང་། ལྟ་བ། དྲི་མྱོང་བ། སྒྲ་ཐོས་པ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་བྱིས་པ་རྣམས་ཀྱིས་འཇིག་རྟེན་གྱི་བྱ་དངོས་རེ་རེ་ལ་རྒྱུས་ལོན་ཐུབ་པར་སེམས་ཤུགས་དང་སྤོབས་པ་སྤྲོད་དགོས། བརྙན་འཕྲིན་ནང་ནས་སྟོན་པའི་བྱ་དངོས་ཀྱི་བྱིས་པ་ཚོའི་ཚོར་ཤེས་ལ་འཇགས་ཐུབ་པའི་ཤེས་བྱ་ཞིག་མཁོ་སྤྲོད་མི་ཐུབ་ལ། གང་ཞིག་ཤེས་པ་དེ་ཡང་དོན་དངོས་དང་ཁ་ཐག་རིང་།

ངའི་བྱིས་པ་ལོ་གཅིག་དང་ཕྱེད་ཀར་སླེབས་དུས་ཕ་ཡུལ་བོད་དུ་ཐེངས་གཅིག་ཁྲིད་པ་ཡིན། ཕ་ཡུལ་དུ་སླེབས་མ་ཐག་བྱིས་པ་ཧ་ཅང་སུན་སྣང་སྐྱེས་ཀྱི་འདུག ཕ་ཡུལ་གྱི་མི་དང་སྐད་བརྡ་མི་འཕྲོད་པ་མ་ཟད། ཟ་མ་དང་ཁོར་ཡུག་སོགས་ཆ་ཚང་མ་འདྲ་བ་ཞིག་ཏུ་གྱུར་བས་ཕྱིར་ནང་ལ་ལོག་འགྲོ་ཞེས་ཡང་ཡང་བཤད་མྱོང་། སྐབས་དེར་ངས་གཙང་འགྲམ་སོགས་སུ་ཁྲིད་ནས་སེམས་གཡེང་ཐབས་བྱས་པས་རིམ་བཞིན་གོམས་པར་གྱུར་སོང་། ངའི་ཕ་ཡུལ་གྱི་སྐད་བརྡ་དང་གོམས་གཤིས་ལ་བྱང་སོང་བ་མ་ཟད། ཁྱོ་གའི་ཕ་ཡུལ་གྱི་སྐད་བརྡ་དང་གོམས་གཤིས་ལ་ཡང་བྱང་སོང་། སྐབས་དེར་བྱིས་པ་ཆུང་ཆུང་ཚོའི་ཤེས་པ་ནི་མི་རྒན་པ་ལས་ལྡབ་འགྱུར་གྱི་མྱུར་བ་རྟོགས་བྱུང་། ང་ཚོས་གཞན་གྱི་སྐད་ཡིག་སྦྱང་བར་ལོ་ཁར་ལོ་མཐུད་མོད། བྱིས་པ་ཚོས་ཟླ་གཅིག་གཉིས་ནང་ཟིན་ཡོང་བ་མ་ཟད་སྐད་ཆའི་རྣམ་འགྱུར་དང་བཅས་པ་ཏག་ཏག་ལེན་ཐུབ་ཀྱི་འདུག ཕ་ཡུལ་ནས་ཟླ་ལྔ་ལ་བསྡད་རྗེས་ཕྱིར་ལོག་ཡོང་བ་ཡིན། རང་གནས་སུ་སླེབས་དུས་བྱིས་པས་ཕ་ཡུལ་གྱི་སྐད་ལས་བཤད་ཀྱི་མི་འདུག་པསཁོང་གི་སློབ་གྲོགས་ཚང་མ་ཧང་སངས་པ་དང་ཡ་མཚར་སོང་། ཁོང་ཚོས་སྐད་མ་འདྲ་བ་ཞིག་གོ་བ་ནི་མཚར་པོ་ཞིག་ཏུ་མཐོང་གི་ཡོད་པ་མ་ཟད་སྐྱིད་སྣང་དོད་ཤོས་ཤིག་ཏུ་མཐོང་གི་འདུག རྒྱུ་མཚན་བྱིས་པ་ཚང་མ་ངའི་བྱིས་པའི་མཐའ་ནས་བསྐོར་ཏེ་སྐད་ཆ་འདྲ་མིན་དྲིས་པ་དང་། སྔ་དགོང་ཐུག་དུས་དམིགས་བསལ་འཚམས་འདྲི་དང་སློབ་གྲྭ་གྲོལ་མཚམས་ལ་གཅིག་ལས་གཅིག་མགྱོགས་ཀྱིས་བདེ་མོ་འཇོག་གི་འདུག བྱིས་པ་དེ་དག་ནང་དུ་སོང་ནས་ཀྱང་གངས་དཀར་(ངའི་བྱིས་པའི་མིང་)གྱི་ཨམ་སྐད་བཤད་ཤེས་ཀྱི་འདུག་ཅེས་རང་གི་ཕ་མ་ཚོ་གསར་འགྱུར་ཞིག་ཏུ་ཚབ་ཏུ་སྨྲ་བཞིན་འདུག གནས་སྟངས་དེའི་ཐོག་ནས་བྱིས་པ་ཚོ་གསར་བ་ཤེས་པ་ལ་དང་འདོད་ཡོད་པ་མཚོན་གྱི་འདུག དེར་བརྟེན་བྱིས་པ་ཁྲིད་ནས་ཁོར་ཡུག་མ་འདྲ་བར་སྤྲོ་འཆམ་དུ་འགྲོ་རྒྱུའི་འདུན་པ་ཡང་ཇེ་དྲག་ཏུ་བུད་སོང་། སོང་ནས་ཀྱང་ལས་གྲྭ་ཆུང་ཆུང་རེ་ཅིས་ཀྱང་སྒྲུབ་ཐུབ་ན་བསམ་བྱུང་། བྱིས་པའི་སློབ་གྲྭའི་ངོས་ནས་ཁོར་ཡུག་སྐོར་གྱི་ལས་གྲྭ་དང་སྲོག་ཆགས་སྐོར་གྱི་ལས་གྲྭ་བཅས་ཟླ་གཅིག་གཉིས་ནང་ལ་ལས་གྲྭ་རེ་སྒྲུབ་ཀྱི་འདུག་མོད། ཕ་མའི་ངོས་ནས་ད་ལྟ་བར་དུ་སྒྲུབ་མྱོང་མེད། རྩྭ་རྐང་གཅིག་ངོ་སྤྲོད་དང་འབུ་སྣ་གཅིག་ངོ་སྤྲོད་ལེགས་པོ་ཐུབ་ན་ཡང་ཤེས་བྱ་ཡིན་པས་དོ་སྣང་བྱེད་དགོས་པ་ཚན་པ་འདིས་དྲན་སྐུལ་བཏང་བྱུང་།  



གོ་རིམ་དགུ་བ།

ནང་མི་དང་ལྷན་དུ་ལྗོངས་རྒྱུ་ལ་སོང་། འགྲེམས་སྟོན་ཁང་དང་། སྤྱི་གླིང་། ཚན་རིག་གླིང་ག ཆུའི་སྲོག་ཆགས་གླིང་ག རི་དྭགས་སྲོག་ཆགས་གླིང་། ན་ཆུང་བྱིས་པའི་སྤྱི་གླིང་། དབྱིག་སྤོལ་རྩེད་ཐང་ཆུང་ཆུང་། གློག་བརྙན་ཁང་། མཚོ་འགྲམ་སོགས་སུ་ལྗོངས་རྒྱུ་ལ་ཁྲིད་ནས་བརྙན་འཕྲིན་དང་བར་ཐག་ཇེ་རིང་དུ་ཐོངས། མེ་འཁོར་སོགས་སུ་བསྡད་ནས་གང་ནས་མགོ་བརྩམས་ནས་འགྲོ་གི་ཡོད་པ་དང་གང་ནས་བབས་རྗེས་ཕྱིར་ལོག་དགོས་པ་བཅས་ནན་བཤད་བྱེད་དགོས། ཕྱི་ལོགས་སུ་ལྗོངས་རྒྱུ་ལ་འགྲོ་བ་དང་མཉམ་དུ་ལས་གྲྭ་ཆུང་ཆུང་རེ་སྒྲུབ་ཐུབ་པར་རོགས་རམ་གནང་དགོས། རེག་པ་དང་། ལྟ་བ། དྲི་མྱོང་བ། སྒྲ་ཐོས་པ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་བྱིས་པ་རྣམས་ཀྱིས་འཇིག་རྟེན་གྱི་བྱ་དངོས་རེ་རེ་ལ་རྒྱུས་ལོན་ཐུབ་པར་སེམས་ཤུགས་དང་སྤོབས་པ་སྤྲོད་དགོས། བརྙན་འཕྲིན་ནང་ནས་སྟོན་པའི་བྱ་དངོས་ཀྱི་བྱིས་པ་ཚོའི་ཚོར་ཤེས་ལ་འཇགས་ཐུབ་པའི་ཤེས་བྱ་ཞིག་མཁོ་སྤྲོད་མི་ཐུབ་ལ། གང་ཞིག་ཤེས་པ་དེ་ཡང་དོན་དངོས་དང་ཁ་ཐག་རིང་།

ངའི་བྱིས་པ་ལོ་གཅིག་དང་ཕྱེད་ཀར་སླེབས་དུས་ཕ་ཡུལ་བོད་དུ་ཐེངས་གཅིག་ཁྲིད་པ་ཡིན། ཕ་ཡུལ་དུ་སླེབས་མ་ཐག་བྱིས་པ་ཧ་ཅང་སུན་སྣང་སྐྱེས་ཀྱི་འདུག ཕ་ཡུལ་གྱི་མི་དང་སྐད་བརྡ་མི་འཕྲོད་པ་མ་ཟད། ཟ་མ་དང་ཁོར་ཡུག་སོགས་ཆ་ཚང་མ་འདྲ་བ་ཞིག་ཏུ་གྱུར་བས་ཕྱིར་ནང་ལ་ལོག་འགྲོ་ཞེས་ཡང་ཡང་བཤད་མྱོང་། སྐབས་དེར་ངས་གཙང་འགྲམ་སོགས་སུ་ཁྲིད་ནས་སེམས་གཡེང་ཐབས་བྱས་པས་རིམ་བཞིན་གོམས་པར་གྱུར་སོང་། ངའི་ཕ་ཡུལ་གྱི་སྐད་བརྡ་དང་གོམས་གཤིས་ལ་བྱང་སོང་བ་མ་ཟད། ཁྱོ་གའི་ཕ་ཡུལ་གྱི་སྐད་བརྡ་དང་གོམས་གཤིས་ལ་ཡང་བྱང་སོང་། སྐབས་དེར་བྱིས་པ་ཆུང་ཆུང་ཚོའི་ཤེས་པ་ནི་མི་རྒན་པ་ལས་ལྡབ་འགྱུར་གྱི་མྱུར་བ་རྟོགས་བྱུང་། ང་ཚོས་གཞན་གྱི་སྐད་ཡིག་སྦྱང་བར་ལོ་ཁར་ལོ་མཐུད་མོད། བྱིས་པ་ཚོས་ཟླ་གཅིག་གཉིས་ནང་ཟིན་ཡོང་བ་མ་ཟད་སྐད་ཆའི་རྣམ་འགྱུར་དང་བཅས་པ་ཏག་ཏག་ལེན་ཐུབ་ཀྱི་འདུག ཕ་ཡུལ་ནས་ཟླ་ལྔ་ལ་བསྡད་རྗེས་ཕྱིར་ལོག་ཡོང་བ་ཡིན། རང་གནས་སུ་སླེབས་དུས་བྱིས་པས་ཕ་ཡུལ་གྱི་སྐད་ལས་བཤད་ཀྱི་མི་འདུག་པསཁོང་གི་སློབ་གྲོགས་ཚང་མ་ཧང་སངས་པ་དང་ཡ་མཚར་སོང་། ཁོང་ཚོས་སྐད་མ་འདྲ་བ་ཞིག་གོ་བ་ནི་མཚར་པོ་ཞིག་ཏུ་མཐོང་གི་ཡོད་པ་མ་ཟད་སྐྱིད་སྣང་དོད་ཤོས་ཤིག་ཏུ་མཐོང་གི་འདུག རྒྱུ་མཚན་བྱིས་པ་ཚང་མ་ངའི་བྱིས་པའི་མཐའ་ནས་བསྐོར་ཏེ་སྐད་ཆ་འདྲ་མིན་དྲིས་པ་དང་། སྔ་དགོང་ཐུག་དུས་དམིགས་བསལ་འཚམས་འདྲི་དང་སློབ་གྲྭ་གྲོལ་མཚམས་ལ་གཅིག་ལས་གཅིག་མགྱོགས་ཀྱིས་བདེ་མོ་འཇོག་གི་འདུག བྱིས་པ་དེ་དག་ནང་དུ་སོང་ནས་ཀྱང་གངས་དཀར་(ངའི་བྱིས་པའི་མིང་)གྱི་ཨམ་སྐད་བཤད་ཤེས་ཀྱི་འདུག་ཅེས་རང་གི་ཕ་མ་ཚོ་གསར་འགྱུར་ཞིག་ཏུ་ཚབ་ཏུ་སྨྲ་བཞིན་འདུག གནས་སྟངས་དེའི་ཐོག་ནས་བྱིས་པ་ཚོ་གསར་བ་ཤེས་པ་ལ་དང་འདོད་ཡོད་པ་མཚོན་གྱི་འདུག དེར་བརྟེན་བྱིས་པ་ཁྲིད་ནས་ཁོར་ཡུག་མ་འདྲ་བར་སྤྲོ་འཆམ་དུ་འགྲོ་རྒྱུའི་འདུན་པ་ཡང་ཇེ་དྲག་ཏུ་བུད་སོང་། སོང་ནས་ཀྱང་ལས་གྲྭ་ཆུང་ཆུང་རེ་ཅིས་ཀྱང་སྒྲུབ་ཐུབ་ན་བསམ་བྱུང་། བྱིས་པའི་སློབ་གྲྭའི་ངོས་ནས་ཁོར་ཡུག་སྐོར་གྱི་ལས་གྲྭ་དང་སྲོག་ཆགས་སྐོར་གྱི་ལས་གྲྭ་བཅས་ཟླ་གཅིག་གཉིས་ནང་ལ་ལས་གྲྭ་རེ་སྒྲུབ་ཀྱི་འདུག་མོད། ཕ་མའི་ངོས་ནས་ད་ལྟ་བར་དུ་སྒྲུབ་མྱོང་མེད། རྩྭ་རྐང་གཅིག་ངོ་སྤྲོད་དང་འབུ་སྣ་གཅིག་ངོ་སྤྲོད་ལེགས་པོ་ཐུབ་ན་ཡང་ཤེས་བྱ་ཡིན་པས་དོ་སྣང་བྱེད་དགོས་པ་ཚན་པ་འདིས་དྲན་སྐུལ་བཏང་བྱུང་།  

གོ་རིམ་བཅུ་བ།

བརྙན་འཕྲིན་ལྟ་རྒྱུ་ཇེ་ཉུང་དུ་བཏང་བར་བསྟོད་བསྔགས་གནང་དགོས། བརྙན་འཕྲིན་ལ་ལྟ་བའི་འཆར་གཞི་ལེགས་འགྲུབ་བྱུང་སྟེ་བྱིས་པས་དུས་ཚོད་རེའུ་མིག་ལྟར་བརྙན་འཕྲིན་ལ་བལྟས་པ་ཡིན་ན། ཕ་མའི་ངོས་ནས་རྒྱབ་སྐྱོར་ལྷག་མ་དང་མཉམ་དུ་བསྟོད་བསྔགས་དང་བྱ་དགའ་གནང་ཐུབ་དགོས། བྱ་དགའ་དེ་ཡང་བྱེད་སྒོ་དང་འབྲེལ་བའི་ཐོག་ནས་དཔེར་ན་བྱིས་པའི་སྤྱི་གླིང་དུ་ཁྲིད་པ་དང་། ཟློས་གར་ཁང་དུ་ཁྲིད་པ། རྩེད་ཆས་ཉོ་བ། གོན་པ་གསར་བ་ཉོ་བ། དེབ་དང་སློབ་ཆས་ཉོ་བ་བཅས་ཡིན་དགོས།

མི་ནི་སྒྱིག་ལུག་དང་ལེ་ལོའི་དབང་དུ་འགྲོ་ཆོག་ཆོག་ཅིག་རེད་འདུག སྤྱིར་བཏང་བྱས་ན་གོ་རིམ་འདི་དག་ཡོད་ཚད་ཤེས་བྱ་གསར་བ་གསར་རྐྱང་དེ་འདྲ་མིན་ན་ཡང་། མང་ཆེ་བ་ནི་མགོ་རེ་བརྩམས་རྗེས་རྒྱུན་སྐྱོང་མ་ཐུབ་པར་གཡུག་བཞག་པ་ཏག་ཏག་རེད་འདུག ཆེད་དུ་དུས་ཚོད་བཏང་ནས་དེབ་ཀློག་པ་དང་གཞན་པ་སྐད་ཆ་དྲིས་ན་ཏག་ཏག་དྲན་གསོ་དང་སྐུལ་ལྕག་ཡོང་གི་འདུག ལོ་གཅིག་གོང་ལ་ངས་ཨ་མ་མཛངས་མ་དགེ་བའི་བཤེས་གཉེན་འདྲ་ཞེས་པའི་དཔེ་ཆ་དེ་བཀླགས་པ་ཡིན། རང་གི་བྱིས་པའི་ཆེད་དུ་བྱེད་དགོས་པ་མང་པོ་ཞིག་སེམས་ལ་འཁོར་བ་དང་ལག་ལེན་ཡང་གང་ལ་གང་འཚམས་བྱས་པ་ཡིན། ཡིན་ན་ཡང་ད་ལྟ་ལག་ལེན་དེ་དག་དང་ཡང་ཁ་ཐག་ཇེ་རིང་དུ་འགྲོ་གི་འདུག གང་ལྟར་དེ་རིང་དྲ་ཐོག་ནས་རྙེད་པའི་གོ་རིམ་འདི་དག་གིས་ཡང་བསྐྱར་ང་ལ་སྐུལ་ལྕག་ཐེབས་བྱུང་། བྱིས་པ་ཚོའི་ཆེད་དུ་ཕ་མའི་ངོས་ནས་དུས་ཚོད་དང་ནུས་པ་སོགས་ལྷོད་གཡེང་མེད་པར་གཏོང་དགོས་ཞེས་ཡང་ཡང་སྐུལ་བྱུང་།

གོ་རིམ་བཅུ་གཅིག

མིག་དཔེ་ཡག་པོ་ཞིག་སྟོན། དེ་ཡང་ཕ་མའི་བྱ་སྤྱོད་སྐོར་གྱི་གནད་དོན་ཞེས་གསལ་བཤད་མ་ཡིན་ན་ཡང་། ཕ་མའི་ངོས་ནས་བྱིས་པ་ཚོར་གང་ཞིག་འགྲིག་པ་དང་བྱེད་ཆོག་པར་རྣམ་འགྱུར་ག་འདྲ་ཞིག་སྟོན་གྱི་ཡོད་དམ། ཐད་ཀར་བཤད་ན་རང་ངོས་ནས་བརྙན་འཕྲིན་ལ་ཉུང་ཙམ་ལྟོས། ཡང་ན་ནང་གི་བརྙན་འཕྲིན་མེད་པར་བཟོས། ཉལ་ཁང་ནང་དུ་བརྙན་འཕྲིན་མ་འཇོག བྱིས་པའི་བྱེད་སྒོ་ཡོད་ཚད་ལ་མཉམ་ཞུགས་བྱོས། བྱིས་པའི་ལུས་རྩལ་སྦྱོང་བརྡར་བཅས་ལ་མཉམ་ཞུགས་ཀྱིས་ལྷོད་གཡེང་མེད་པར་རྒྱུན་སྐྱོང་བྱོས། དེ་ལྟར་བྱེད་ན་ཁྱེད་ཀྱིས་རང་གི་བྱིས་པ་རླབས་ཆེན་གྱི་མིག་དཔེ་ཞིག་ཏུ་གསོ་སྐྱོང་བྱེད་ཐུབ་པ་རེད་ཟེར་དཀའ་ན་ཡང་། མ་མཐའ་ཡང་རང་གི་དགའ་ཕྱོགས་དང་བསམ་ཕྱོགས་ཤིག་ཏུ་ཏག་ཏག་འགྲོ་གི་ཡོད་པ་རེད། དེ་ལྟར་བརྙན་འཕྲིན་དང་བར་ཐག་ཇེ་རིང་དུ་བཏང་བ་ནས་ཉིན་གཅིག་ལ་དུས་ཚོད་ག་ཚོད་ཙམ་ཞིག་ཡག་ཕྱོགས་སུ་གཏོང་གི་ཡོད་མེད་ལ་ཚོད་ལྟ་ཞིག་གནོངས།

སྔོན་ཆད་ཅིག་ལཕ་མ་སློང་མོ་བ་ཡིན་ན་བྱིས་པ་ཡང་སློང་མོ་བ་དང་། ཕ་མ་ཤིང་བཟོ་རྡོ་བཟོ་ཡིན་ན་དེ་དག་གི་བྱིས་པ་ཡང་དེ་འདྲ་ཡིན་ཞེས་པའི་གཏམ་དཔེ་ཞིག་གོ་མྱོང་། དེ་བཞིན་བྱིས་པ་སུ་ཞིག་གི་བྱ་སྤྱོད་མིག་ལ་མ་རན་ན་ལམ་སང་བྱིས་པ་དེའི་ཕ་མའི་མིང་ནས་བོས་ཏེ་མཉམ་དུ་འདྲུད་ཡོང་བ་ནི་ང་ཚོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་རེད། གཏམ་དཔེ་དེ་དང་འགྲོ་སྟངས་འདི་དག་ནི་གོ་རིམ་མཐའ་མ་འདིའི་བསྟན་དོན་དང་ཧ་ཅང་མཚུངས་པར་སྙམ། ང་ཚོས་བྱིས་པ་རྣམས་ལ་མིག་དཔེ་ག་ཚོད་ཅིག་བཞག་ན་ཁོང་ཚོ་ཡང་དེ་བཞིན་འཚར་ཡོང་བ་རེད་སྙམ། ཐ་ན་བརྙན་འཕྲིན་ལ་ལྟ་བའི་གོམས་གཤིས་འདི་ཡང་ཕ་མ་ནས་མགོ་བརྩམས་པ་རེད་སྙམ། དེར་བརྟེན་ཕ་མ་ལ་དཀའ་ངལ་ག་ཚོད་ཡོད་ན། གནོན་ཤུགས་ག་ཚོད་ཡོད་ན། མ་ཁོམ་པ་ག་ཚོད་ཡོད་ན་ཡང་བྱིས་པའི་ཆེད་དུ་དུས་ཚོད་གཏོང་རྒྱུ་དང་བཟོད་སྒོམ་བྱེད་རྒྱུ་གལ་ཆེ་ཤོས་ཡིན་པ་འདྲ། ཐ་ན་སྐད་ཆ་གཅིག་བཤད་པ་དང་རྣམ་འགྱུར་གཅིག་སྟོན་པར་བསམ་བློ་ཡག་པོ་གཏོང་རན་རེད། བྱིས་པ་ཚོས་ཕ་མ་མིག་དཔེ་རུ་བཟུང་ནས་འཚོ་བའི་ཐེམ་སྐས་རེ་རེ་ལ་འཛེགས་ཡོང་གི་ཡོད།

 
 
བུད་མེད་ཀྱི་ཐོབ་ཐང་སྐོར་གྱི་དྲི་བ་ཞིག་ལ་ལན་བཏབ་པ།
[ 2014-8-29 19:41:51 | By: nyimatso21 ]
 


དྲི་བ། བུད་མེེད་ཀྱི་ཐོབ་ཐང་གླེང་མཁན་ཚོ་སྨྱོས་འདུག་ཟེར་མཁན་དེ་ཚོར་ངས་ཅི་ལྟར་ལན་འདེབས་དགོས་པ་ཧ་གོ་མ་བྱུང་།ཁོ་རང་ཚོས་སྨྱོན་པ་ཟེར་བ་ཅི་ལྟར་འགྲེལ་བ་རྒྱག་གིན་ཡོད་མེད་མི་ཤེས  ཁྱེད་རང་གིས་མིང་ཚིག་དེ་ལ་ཅི་ལྟར་འགྲེལ་བ་རྒྱག་གམ།

 

 

མུ་ཏིག་གིས་ལན་བཏབ་པ།

བུད་མེད་ཀྱི་ཐོབ་ཐང་ཟེར་དུས་ག་འདྲ་ཞིག་ལ་ངོས་འཛིན་གནང་དགོས་གི་རེད། སྨྱོས་འདུག་ཟེར་མཁན་ཚོས་སྐད་ཆ་དེ་ལ་ལན་ཡག་པོ་རྒྱག་ཤེས་དགོས་རེད། ང་ཚོས་མི་ཞིག་ཡིན་ན། བསམ་བློ་རང་དབང་དང་། འགྲོ་འདུག་རང་དབང། སྨྲ་བརྗོད་རང་དབང་སོགས་དགོས་པར་བཤད་གི་རེད། བུད་མེད་མི་ཡིན་པ་ཤེས་སོང་ན། མི་ལ་དགོས་པ་དེ་རྩོད་ལེན་བྱེད་དགོས་པ་དང་། ཐོབ་དགོས་པ་གལ་ཆེན་པོ་རེད། སྨྱོས་འདུག་ཟེར་མཁན་ཚོས་བྲན་གཡོག་ཏུ་ཉར་ཡོ་པའི་བུད་མེད་ཚོ་བློས་གཏོང་ཐུབ་ཀྱིན་མེད་པའི་རྟགས་མཚན་ཞིག་ལས་གཞན་ཅི་ཡང་མ་རེད་བསམ་གྱིན་ཡོད། ཁོག་ཅག་ལ་མཚོན་ན་བུད་མེད་ཀྱི་ལག་འོག་ནས་རྐང་བརྐྱངས་ངང་འཚོ་བ་རོལ་མྱོང་བ་རེད་ལ། ངར་ངར་རྫིག་རྫིག་གི་བློ་སྤོབས་ཀྱང་ངོམ་མྱོང་བ་རེད། རང་སྣང་གང་དྲན་གྱི་གོ་སྐབས་དེ་ཤོར་འགྲོ་བར་དོགས་ནས་ད་གཟོད་ཐོབ་ཐང་རྩོད་མཁན་ཚོ་སྨྱོན་པར་རྩི་གང་ཐུབ་བྱེད་གི་རེད། དེ་ནི་སྒེར་སེམས་ཤིག་ལས་གཞན་ཅི་ཡང་མ་རེད། མི་རིགས་ཁྱོན་ཡོངས་ཡར་རྒྱས་སུ་འགྲོ་དགོས་ན། མི་ཚང་མ་གོ་རྟོགས་སད་དགོས་རེད། བུད་མེད་ཚོ་གོ་རྟོགས་སད་པར་འབུར་འཇོམས་མི་གནང་བར་རྒྱབ་སྐྱོར་གནང་ན། མ་འོངས་པའི་ཁྱིམ་ཚང་དང་མི་རིགས་ནི་ད་ལྟ་ལས་ལྷག་པའི་བདེ་སྐྱིད་ལྡན་པ་དང་ཡར་རྒྱས་སུ་འགྲོ་བར་ཐེ་ཚོམ་ཡོད་པ་མ་རེད།  གནད་འགག་དེ་ཤེས་རྒྱུ་གཙོ་བོ་རེད།

 

ཕྱོགས་གཞན་ཞིག་ནས་བཤད་ན་བུད་མེད་ཀྱི་ཐོབ་ཐང་དང་བརྩེ་དུང་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་པ་རེད་བསམ། བརྩེ་དུང་རང་དབང་དང་གཉེན་སྒྲིག་རང་དབང་སོགས་མགོ་བརྩམས་པ་ནས་བུད་མེད་ཀྱི་ཐོབ་ཐང་སོགས་སྐད་ཆ་མང་པོ་ཞིག་གི་མགོ་བཙུགས་པ་རེད་བསམ། བརྩེ་དུང་རང་དབང་མེད་དུས་བུད་མེད་ནི་ཚོང་རྫས་ཀྱི་འདུ་ཤེས་ལས་ཡོད་པ་མ་རེད། དེས་བུད་མེད་ཅིག་ཡིན་ན་བྲན་དུ་བཀོལ་ཆོག་པའི་བསམ་བློ་འཁོར་བ་རེད། དམངས་ཁྲོད་ནས་བུད་མེད་སུ་ཞིག་གི་བྱ་སྤྱོད་བློར་མ་བབས་ན། ༼རིན་བྱིན་ནས་ཉོས་ཡིན། ཆས་བྱིན་ནས་བཀུག་ཡིན།༽ ཞེས་པའི་གཏམ་དཔེ་དེ་སྐྱོར་ནས་མགོ་ནས་མར་གནོན་གི་རེད། བསམ་བློ་དེའི་བག་ཆགས་ཀྱིས་སྐྱེས་པ་མང་པོ་ཞིག་གིས་བུད་མེད་ཀྱི་ལག་འོག་ནས་སྐྱིད་ཉལ་བརྒྱབ་པ་རེད། སྐྱིད་དེ་ཤོར་འགྲོ་བར་དོགས་ནས་བུད་མེད་ཀྱི་ཐོབ་ཐང་ལ་ངོ་རྒོལ་གནང་གི་ཡོད་པ་རེད། ཡིན་ན་ཡང་སྐྱིད་དེར་རང་ཉིད་གཅིག་པུ་རོལ་བ་ལས། རང་གི་བུད་མེད་དང་མཉམ་རོལ་བྱེད་ཐུབ་ན། བདེ་སྐྱིད་གཉིས་རྩེག་ཐོབ་པའི་མན་ངག་དེ་མ་ཤེས་པ་ནི་དམིགས་རྒྱ་ཆུང་དྲགས་པའི་སྐྱོན་ཞིག་ཨེ་ཡིན་ན་སྙམ།

 

བོད་ཡུལ་ནས་འདིའི་སྐོར་ནས་གོ་རྟོགས་སད་སྔ་ཤོས་ནི་སྒྱུ་རྩལ་བ་སྨན་བླ་སྐྱབས་མིན་འགྲོ། བོད་ཀྱི་སྐྱེས་པ་ཚོ་ལས་ཚོར་བ་བླངས་ནས་གནས་ལུགས་ཀྱི་སྐད་ཆ་བཤད་མཁན་དེ་ཁོང་རེད་བསམ། ༼ བུད་མེད་དག་ནི་བྱིས་པ་སྐྱེས་བྱེད་ཀྱི་འཕྲུལ་ཆས་༽ ལྟ་བུ་མིན་པར་ཁྱིམ་ཚང་ཞིག་གི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན་པའི་གནས་ལུགས་གསལ་བོ་བཤད་མྱོང་བ་རེད། ཁོང་གིས་འཁྲབ་གནང་བའི་གར་ཆུང་ཁག་ན་ཡང་བོད་ཀྱི་བུད་མེད་ལ་སྐད་ཆ་བཤད་དབང་ཙམ་ཡང་མེད་པའི་གནས་སྟངས་གསལ་རྗེན་དུ་བསྟན་ཡོད་པ་རེད། སློབ་གསོ་ཐོབ་ཟིན་པའི་མི་ཚོས་མི་གཞན་ལ་ལྟ་སྟངས་དེ་འདྲ་རེད།

 

Sent from my iPhone


 
 
བུད་མེད་ཀྱི་བདེ་འཇགས་ནི་གནམ་འོག་གི་བདེ་འཇགས་ཡིན།
[ 2014-5-12 17:21:48 | By: nyimatso21 ]
 

བུད་མེད་ཀྱི་བདེ་འཇགས་ནི་གནམ་འོག་གི་བདེ་འཇགས་ཡིན།

                                                                                           མུ་ཏིག


གཟའ་པ་སངས་ཀྱི་ཕྱི་དྲོ་ལྷན་འཛོམས་སྤྲོ་སྐྱིད་ཅིག་ན་ཡོད། ལས་གྲོགས་ཤིག་ལ་སྐྱེལ་མའི་འདུ་འཛོམས་ཤིག་ཚོགས་ཡོད། སྒྲོག་ཙེར་སྒོར་སྒོར་རེ་རེའི་མཐའ་ན་མི་འགའ་རེས་སྐོར་ནས་ཧ་ཧ་ཧོ་ཧོ་ཡི་དགོད་སྒྲ་བར་མ་ཆད་པར་ཡོད། གློ་བུར་དུ་ལས་གྲོགས་ཤིག་གིས་དེ་རིང་གི་གསར་འགྱུར་གོ་སོང་ངམ་ཞེས་དྲིས་བྱུང་། གསར་འགྱུར་ཡག་ཉེས་ཅི་ཞིག་རེད་དམ་ཞེས་པ་ན། གོ་པལ་པུར་ཁྱིམ་ཚང་ཕ་ཚབ་ཅིག་གིས་བུ་མོ་ཆུང་ཆུང་རེ་གཉིས་ལ་བཙན་གཡེམ་བྱས་པའི་གནས་ཚུལ་གོ་རྒྱུ་འདུག་ཅེས་སྐད་མགོ་དམའ་མོས་བཤད་བྱུང་། དེ་མ་ཐག་སེམས་འཚབ་པ་དང་ལུས་ཀྱི་བ་སྤུ་ཡང་གཟེངས་བྱུང་། གནས་ཚུལ་རྒྱས་པ་སྐད་ཆ་དྲིས་པ་ན་མོས་ཀྱང་སྐད་ཆ་དེ་གོ་མ་ཐག་ཡིན་ཞེས་བཤད་བྱུང་། དེ་མ་ཐག་ངའི་སེམས་ལ་རེས་མོས་ཀྱིས་འཁོར་ཡོང་བ་ནི་ལོ་འགའི་སྔོན་ལ་བྱུང་བའི་མཱ་སུ་རི་སློབ་གྲྭའི་དོན་དག་དེ་དང་། དེ་རིང་གི་སྐད་ཆ་འདི་གཉིས་ཡིན་པས་འདུག་བཟོད་བདེ་བ་གཏན་ནས་མ་བྱུང་། དགོང་ཟས་ཚར་རྗེས་ཁ་ཐུག་ནང་ལ་ལོག་ཡོང་བ་ཡིན། མུན་ནག་ནང་ནས་མིག་བཙུམ་བསྡད་ན་ཡང་བྱིས་པ་ཆུང་ཆུང་མང་པོ་ཞིག་མིག་ལམ་ལ་འཁོར་ཡོང་བ་དང་གཉིད་གཏན་ནས་མ་ཁུག ནམ་ལངས་ཁར་གཉིད་རབ་རིབ་ཅིག་ཁུག་ཀྱང་རྨི་ལམ་དུ་སློབ་མ་ཆུང་ཆུང་མང་པོ་ཞིག་རྨིས་བྱུང་། ནམ་ལངས་དུས་ཀྱང་སེམས་ལ་འཁོར་ཡོང་བ་ནི་བཙན་གཡེམ་གྱི་དོན་རྐྱེན་དེ་རེད། གཟའ་མཇུག་ལ་གྲོགས་མོ་ཞིག་དང་སྤྲོ་སྐྱིད་ལ་འགྲོ་ཆད་བྱས་ཡོད་པ་དེའང་རང་བཞིན་གྱིས་ཕྱིར་འཐེན་བྱས་པ་ཡིན། སེམས་ཁམས་མི་བདེ་བ་དང་ལུས་ཁམས་མི་སྐྱིད་པའི་སྒོ་ནས་སྤྲོ་སྐྱིད་ལ་སོང་ན་འགྲོ་རོགས་ཚོ་ཡང་ག་ལ་སྐྱིད།

ཁ་སང་དང་དེ་རིང་གི་སྐད་འཕྲིན་གླེང་ཚོམས་ཁག་ན་བཙན་གཡེམ་དོན་རྐྱེན་དེ་གླེང་ཞིང་། བཙན་གཡེམ་བྱེད་མཁན་གྱི་པར་དང་མི་དེ་གང་ནས་ཡིན་པ་སོགས་ཀྱང་གསལ་བོ་བསྒྲགས་བཞིན་འདུག

བུད་མེད་ཀྱི་བདེ་འཇགས་ནི་གནམ་འོག་གི་བདེ་འཇགས་ཡིན་པས། ངས་ཀྱང་མི་འདི་ཐར་པ་གཏོང་མ་ཐུབ། བོད་པ་ཚོས་ང་ལ་ཁ་རྡུང་གཏོང་སྲིད། གནས་ཚུལ་འདི་འདྲ་གསང་བ་དང་སྦས་གསང་མ་བྱས་ན་ངོ་ཚ་རེད་ལབ་སྲིད། བོད་ནང་གི་བོད་པ་ཚོས་གོ་ན་སེམས་ཤུགས་ཆགས་སྲིད་པ་དང་ཡང་ན་མི་རིགས་གཞན་གྱིས་གོ་ན་ངོ་ཚོ་ཡིན་པ་སོགས་སྨྲས་ནས་བཀག་གང་ཐུབ་བྱེད་ངེས། ཡིན་ན་ཡང་གནས་ཚུལ་འདིའི་རིགས་རྒྱ་ཡན་ཁྱོན་ནས་གཏོང་འདོད་མེད་དོ།།

 

གཤམ་ནས་རྒྱ་གར་སྤྱི་ཚོགས་ནང་གི་བཙན་གཡེམ་གྱི་དོན་རྐྱེན་ཞིག་ལ་ཕྱིར་དྲན་བྱས་ན།


ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན། རང་ལོ་ཉེར་གསུམ་ཅན་གྱི་རྒྱ་གར་མཐོ་སློབ་བུད་མེད་ཅིག་བཙན་གཡེམ་དོན་རྐྱེན་གྱིས་འདས་གྲོངས་སུ་གྱུར་སོང་། སྐྱེས་པ་དྲུག་གིས་བཙན་གཡེམ་བྱས་རྗེས་ལྕགས་དབྱིག་སོགས་སྣུན་ནས་ནང་ཁོག་རྩབ་ཧྲལ་གྱིས་རྐྱེན་ལམ་དུ་མངགས་སོང་། སྐབས་དེར། རྒྱ་གར་རྒྱལ་ཡོངས་ཡར་ལངས་ཤིང་བུད་མེད་ཀྱི་ཐོབ་ཐང་དང་བདེ་འཇགས་སྐོར་ལ་སྣང་མེད་བྱས་ཚུལ་ལ་ངོ་རྒོལ་ཤུགས་ཆེན་གྱིས་རྒྱལ་ས་སོགས་གྲོང་ཁྱེར་ཆེ་ཁག་ཡོངས་རྫོགས་ངོ་རྒོལ་སྐད་འབོད་ཀྱིས་ཁེངས་པ་མ་ཟད། སྦི་སྦི་སི་སོགས་འཛམ་གླིང་གི་གསར་གནས་ཁག་གིས་ཁྱབ་བསྒྲགས་ཤུགས་ཆེན་བྱས་པ་ནི་མི་རིགས་ཀྱིས་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་སྟངས་ཤིག་ཅི་ལ་མིན།

ཟླ་སྔོན་མའི་ནང་ལ་ཡང་བསྐྱར་གསར་ལམ་ཁག་ཏུ་ཁྱབ་པ་ནི་བཙན་གཡེམ་པ་དྲུག་ལས་ན་ཚོད་མ་ལོན་པའི་རང་ལོ་བཅུ་དྲུག་ཅན་པོ་དེ་མ་གཏོགས་གཞན་ཚང་མར་སྲོག་ཁྲིམས་ཀྱི་ཉེས་ཆད་བཏང་ཡོད་པའི་གནས་ཚུལ་རེད། སྐབས་འདིར་བོད་ཀྱི་བུད་མེད་ཚོར་བཙན་གཡེམ་ག་ཚོད་ཐེབས་ཡོད་དམ། བཙན་བྱོལ་དུ་ཡོང་བའི་ལམ་ཁ་ནས་བཙན་གཡེམ་ཐེབས་མཁན་ཚོར་སེམས་འཁུར་བྱེད་མཁན་དང་ཡང་ན་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་མཁན་ཞིག་ཡོད་མ་མྱོང་བ་ཅི་ཡིན་ནམ། ད་དུང་ཉེ་ཆར་རང་གོ་བའི་སྐད་ཆ་ཞིག་ལ། རྡ་སྟེང་བོད་ཁྱིམ་དུ་འགྲོ་བའི་ལམ་བར་ཞིག་ནས་རྒྱ་གར་དམག་མི་ཞིག་གིས་བོད་ཀྱི་བུད་མེད་ཅིག་ལ་བཙན་གཡེམ་བྱས་ཚུལ་གྱི་སྒྲུང་ཞིག་བོད་ཀྱི་སྐྱེས་པ་ཚོས་དགོད་ཞོར་ཧོབ་ཞོར་དུ་གླེང་གིན་འདུག མ་ཟད་བདའ་བཞིན་པའི་སྐབས་སུ་བུད་མེད་དེས་ངུ་འབོད་སྐད་འབོད་བྱས་སོང་མོད། དམག་མི་སྟོབས་ཆེན་དེས་མནན་རྗེས་ཁུ་སིམ་སིམ་དུ་གྱུར་སོང་ཞེས་རང་མི་རང་གིས་སྨད་པའི་སྐད་ཆ་དེ་འདྲ་ཡང་རྒྱུན་མི་ཆད་པར་གོ་རྒྱུ་འདུག སྡུག་སྦྱོར་མནར་གཅོད་ལ་དགའ་བའི་མི་ཞིག་གནམ་འོག་ན་ག་ལ་ཡོད། ལོ་འདི་དག་གི་བོད་སྤྱི་ཚོགས་སུ་གནས་ཚུལ་འདི་འདྲ་ཡང་ཡང་བྱུང་སོང་། བསྟན་འཛིན་སྒང་ནས་བུད་མེད་ཅིག་དམར་ཧྲེང་དུ་ཕུད་ནས་ཁྲོམ་སྐོར་བྱས་པ་མ་ཟད་ངོ་གདོང་ལ་རྨ་བཟོས་པ་དང་སྐྲ་བྲེགས་པ་སོགས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་སོང་། སྐབས་དེར་བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་ནང་གི་བུད་མེད་རྩོམ་པ་པོ་འཇམ་དབྱངས་སྐྱིད་མ་གཏོགས་གཞན་སྐད་ཆ་བཤད་མཁན་དང་གདོང་ལ་འབུད་མཁན་གྱི་ཨ་མའི་བུ་དང་བུ་མོ་སུ་ཡང་བྱུང་མ་སོང་།

མི་རིགས་གཞན་གྱི་བུད་མེད་ལ་སྡུག་སྦྱོང་མནར་གཅོད་ཐེབས་ན་འདྲ་མཉམ་དང་མིའི་བརྩིས་ཐང་སྒང་ནས་ཐག་གཅོད་ཐོབ་པ་དང་། བོད་ཀྱི་བུད་མེད་ཚོར་མངོན་སུམ་འཛེམ་མེད་ཀྱིས་མནར་གཅོད་ཐེབས་ན་ཡང་ལྟད་མོ་ཡ་མཚན་ཞིག་མཐོང་བ་བཞིན་ཧབ་དགོད་དང་འཕྱ་སྨོད་བྱས་པ་ལས་འདྲ་མཉམ་དང་རྩིས་ཐང་མེད་པ་ཅི་ཡིན་ནམ། མར་མ་གྱུར་པའི་སེམས་ཅན་མེད་པ་དང་གནམ་གྱི་ཕྱེད་ཀ་རུ་འབོད་པ་བར་ནས་རྩིས་ཤིག་བརྒྱབ་ན དོན་དངོས་གནས་སྟངས་ཐུག་དུས་ཁ་ཙམ་དང་རྫུན་ཙམ་དུ་གྱུར་སོང་བ་མ་རེད་དམ། དྲང་མོ་བཤད་ན་འཛམ་གླིང་སྤྱིའི་བུད་མེད་ལ་གདེངས་འཇོག་གནང་ཚད་ནི་དུས་རབས་འདིའི་ནང་ལ་འདྲ་མཉམ་ཞེས་པའི་ཡིག་འབྲུ་ཞིག་གཏན་འབེབ་བྱས་ཐུབ་ཡོད་ན་ཡང་། བོད་ཀྱི་སྤྱི་ཚོགས་སུ་ད་དུང་བུད་མེད་ལ་རྒྱབ་སྐྱོར་ཉུང་དྲགས་པ་དང་ཡང་ན་བུད་མེད་ཚོར་སྡུག་སྦྱོང་མནར་གཅོད་ཐེབས་པ་ནི་སྐྱེས་པ་ཚོའི་རྩེད་ཡུལ་དགོད་ཡུལ་དུ་གྱུར་པ་ཙམ་རེད། གནད་དོན་འདིས་རང་ཉིད་ཀྱང་མཉམ་དུ་གྲལ་མཐར་གཡུག་ཟིན་པ་མ་ཟད་རང་གི་བདེ་སྐྱིད་ཀྱང་ངོས་འཛིན་མ་ཐོབ་པ་ལས་གཞན་འགྲེལ་བཤད་མེད། རྒྱའི་གཏམ་དཔེ་ཞིག་ལགནམ་ལྡིབ་སོང་ན་ཨ་མས་བཀྱག་ཡོང་གི་རེད་ཅེས་པས་མ་ཡུམ་ཚོ་ནི་ད་གཟོད་མགོ་ཐོག་གི་ནམ་མཁའ་སྔོན་མོ་ཡིན་པ་གསལ་བོ་བསྟན་པ་རེད། གནམ་འོག་གི་མིས་ནམ་ཡང་བཀུར་རྒྱུ་མ་བརྗེད།

 

གསར་འགྱུར་དངོས།

གྷོ་པལ་པུར་བོད་ཁྱིམ་སློབ་གྲྭར་བཙན་གཡེམ་དོན་རྐྱེན།

 

གནས་ཚུལ་ཡོང་ཁུངས་བོད་ཀྱི་བང་ཆེན

 

༢༠༡༤ ཟླ་བ་ ༥ ཚེས ༡༢ དུས་ཚོད ༡༢:༣༨ ཕྱི་དྲོ།

གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་མ་བྱན་ཞིག་གིས་སློབ་གྲྭ་དེའི་ཁྱིམ་ཚང་བུ་མོ་༡༣ ཅན་ཞིག་ལ་བཙན་གཡེམ་བྱས་པའི་གནས་ཚུལ་བྱུང་ཡོད་པར་བརྟེན། ད་ལྟ་ཁོང་ས་གནས་ཉེན་རྟོག་པས་བཀག་ཉར་འོག་ཡོད་པ་རེད་འདུག་ལ། དེ་བཞིན་ད་དུང་ཁོང་གིས་བུ་མོ་ལོ་༨ ཅན་ཞིག་ལ་ཡང་བཙན་གཡེམ་བྱས་ཡོད་པའི་དོགས་པ་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༧ ཉིན་དྷ་སའི་ཉེ་འགྲམ་དུ་ཡོད་པའི་གྷོ་པལ་པུར་སློབ་གྲྭའི་མ་བྱན་པདྨ་རྣམ་རྒྱལ་ཟེར་བ་ཞིག་གིས། སློབ་གྲྭ་དེའི་ཁྱིམ་ཚང་༡༣ ནང་གི་བུ་མོ་ལོ་༡༣ ཅན་ཞིག་ལ་བཙན་གཡེམ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ཕྱི་ཚེས་༡༢ ཉིན་འདི་གའི་གསར་འགོད་པས་སློབ་གྲྭ་དེའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེར་ཁ་པར་བརྒྱུད་གནས་འདྲི་བྱེད་སྐབས། ཁོང་གིས་གནས་ཚུལ་འདི་རྒྱ་གར་གྱི་ཁྲིམས་ཐོག་འགྲོི་བཞིན་ཡོད་པར་བརྟེན་གནད་དོན་དེའི་ཐད་སྐད་ཆ་བཤད་ཐུབ་ཀྱི་མེད་སྐོར་འགྲེལ་བརྗོད་གནང་སོང་།

ད་རེས་ཀྱི་གནས་ཚུལ་དེ་ཐོག་མར་བུད་མེད་ལྷན་ཚོགས་དང་འབྲེལ་ཡོད་བུད་མེད་ཅིག་གིས་བོད་ཀྱི་བུད་མེད་ལྷན་ཚོགས་ལ་བཤད་ཡོད་པར་བརྟེན། ཚོགས་པ་དེའི་འགན་འཛིན་བཀྲ་ཤིས་སྒྲོལ་མར་གནས་ཚུལ་དེའི་སྐོར་འདྲི་སྐབས། ཁོང་གིས་བཙན་གཡེམ་དེ་བྱུང་ཡོད་པ་བདེན་པ་རེད། གནས་ཚུལ་དེའི་རིགས་གཅིག་ཡོད་ན་ཡང་མང་དྲགས་པ་རེད། དེར་བརྟེན་ད་རེས་གནས་ཚུལ་དེ་གསང་བ་མ་བྱས་པར་ཉེན་རྟོག་པར་རྩིས་སྤྲད་པ་དེ་ཡག་པོ་རེད་ཅེས་དང་། དེ་བཞིན་ཁོང་གིས་གནས་ཚུལ་དེ་འདྲ་བཟོ་མཁན་ཚོར་ཁྲིམས་ཐོག་ནས་ལོ་༧ ནས་༩ བར་གྱི་ཉེས་ཆད་ཁྲིམས་ཆད་གཏོང་དགོས་ཀྱི་ཡོད་སྐོར་ཡང་འགྲེལ་བརྗོད་གནང་སོང་།

པདྨ་རྣམ་རྒྱལ་ཕྱི་ཚེས་༩ ཉིན་གྱི་ཞོགས་པར་ཉེན་རྟོག་པས་འཛིན་བཟུང་གིས་ད་ཆར་པ་ལམ་པུར་ཉེན་རྟོག་པས་བཀག་ཉར་འོག་ཡོད་འདུག་པ་དང་། བཙན་གཡེམ་གཏོང་སའི་སློབ་ཕྲུག་བུ་མོ་དེ་དང་ཐོག་སློབ་གྲྭའི་སྨན་ཁང་དུ་སྨན་བཅོས་དང་། ཕྱིས་སུ་ཀང་ར་རྫོང་ཁོངས་སུ་ཡོད་པའི་Tanda hospital ཞེས་པའི་སྨན་ཁང་དུ་སྨན་བཅོས་དང་བརྟག་དཔྱད་བྱེད་ཀྱི་ཡོད་འདུག

པདྨ་རྣམ་རྒྱལ་རང་ལོ་༣༠ དང་ཕ་ཡུལ་དིང་རི་ནས་ཡིན་ཞིང་བཙན་བྱོལ་དུ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་ནས་སློབ་མཐར་ཕྱིན་པ་དང་། དྷ་སྟེང་བོད་ཁྱིམ་དུ་མ་བྱན་གྱི་ལས་ཀ་དང་ད་ལྟ་གྷོ་པལ་པུར་བོད་ཁྱིམ་གྱི་མ་བྱན་གྱི་ལས་ཀ་བྱེད་ཀྱི་ཡོད་པ་རེད། ཁོང་ལ་སྐྱེས་དམན་དང་ཕྲུ་གུ་ཞིག་ཀྱང་ཡོད་པ་རེད་འདུག་ལ། བཙན་གཡེམ་གཏོང་སའི་བུ་མོ་དེ་ཁོང་རང་གི་སྐྱེས་དམན་གྱིས་མ་ཚབ་བྱས་ཡོད་སའི་ཁྱིམ་ཚང་གི་བུ་མོ་ཞིག་ཡིན་འདུག

དེ་བཞིན་གནས་ཚུལ་ཡོང་ཁུངས་གཞན་ཞིག་ལྟར་ན། ཁོང་གིས་ད་དུང་ཁྱིམ་ཚང་དེའི་བུ་མོ་ལོ་༨ ཅན་ཞིག་ལ་ཡང་བཙན་གཡེམ་བྱས་ཡོད་པའི་དོགས་པ་ཡོད་པ་རེད།

 

 

 
 
གནས་སྟངས་ངོ་མ་བཤད་ནས་དྲི་བར་ལན་འདེབས་རོགས།
[ 2014-5-12 13:02:38 | By: nyimatso21 ]
 

དྲི་བ་འདི་དག་མཐོང་དུས། ལ་ཤས་ཀྱིས་བུད་མེད་ཀྱི་ཐོབ་ཐང་རྩད་སོང་ཟེར་ནས་སྡང་སེམས་སྟོན་སྲིད་ལ། ལ་ཤས་ཀྱིས་གཉེན་སྒྲིག་རང་དབང་ལ་ཐེ་གཏོགས་བྱས་སོང་ཟེར་ནས་མང་པོ་ཞིག་བཤད་སྲིད། ལ་ཤས་ཀྱིས་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་ངོས་བཟུང་ནས་དྲི་བར་ལན་འདེབས་རྒྱུ་ཡང་འཚེར་སྣང་སྐྱེས་སྲིད། ཡིན་ན་ཡང་ང་ཚོས་གནས་སྟངས་ཤིག་བཤད་དུས། གནས་སྟངས་རང་གི་ངོ་བོའི་ཐོག་ནས་ཅི་ཡང་གླེང་ཆོག་པར་སྙམ། དེས་ན་དྲ་གྲོགས་ལྷན་རྒྱས་ལ་རེ་སྐུལ་འདི་ཞུ་འདོད་བྱུང་། ཉིད་ཀྱི་ཁོར་ཡུག་གི་གནས་སྟངས་དངོས་དང་མཐོང་ཐོས་མྱོང་གསུམ་རེ་བརྗོད་རྒྱུར་རེ་བ་ཆེ།


དགོས་དབང་ཡོད་ན་གསང་མིང་དང་དྲ་མིང་སོགས་གང་རུང་བཀོལ་ཆོག ཡིན་ཡང་ས་གནས་ཅིས་ཀྱང་གསལ་བོ་གནང་རོགས། བཀའ་དྲིན་ཆེ། གུས་མོ་མུ་ཏིག་གིས་གུས་ཕུལ།


 དང་པོ།སྐུ་ཉིད་ངོ་སྤྲོད་ཅིག་གནང་རོགས།འཁྲུངས་ཡུལ་དང་ད་ལྟའི་བཞུགས་གནས་གསལ་བོ་མཚོན་པའི་ངོ་སྤྲོད་ཅིག རབ་བྱུང་ན་ཁ་པར་ཨང་གྲངས་སམ་ཡང་ན་ཡིག་ཟམ་ཁ་བྱང་ཡང་འབྲི་རོགས།


 གཉིས་པ།སྐུ་ཉིད་བཞུགས་གནས་ཀྱི་བུད་མེད་སྤྱིའི་གནས་བབ་དང་བུད་མེད་ཀྱི་ཤེས་ཡོན་གནས་ཚད་ག་འདྲ་ཡོད་དམ། དཔེར་མཚོན་དང་བཅས་གསུངས་ཐུབ་ན་ཡག་པོ་འདུག


གསུམ་པ།སྐུ་ཉིད་ཀྱི་བཞུགས་གནས་ན་མི་རིགས་བསྲེས་ལྷད་སྐོར་གྱི་གནད་དོན་བྱུང་གི་འདུག་གམ། ཡང་ན་དེའི་སྐོར་གྱི་མཐོང་ཐོས་མྱོང་གསུམ་ཅི་ཞིག་ཡོད་ན་གསུངས་རོགས།


བཞི་བ།གོ་ཐོས་ལ་བོད་པ་ཚོས་མི་རིགས་གཞན་པ་དང་མཉམ་དུ་གཉེན་སྒྲིག་པའི་གནས་སྟངས་དེ་ཇེ་མང་ནས་ཇེ་མང་ཡིན་པ་འདྲ། དེའི་སྐོར་ལ་གསུངས་རོགས།


ལྔ་བ།སྐུ་ཉིད་བཞུགས་སའམ་ཡང་ན་སྐུ་ཉིད་ཀྱི་མཐོང་ཐོས་བྱུང་བའི་མི་རིགས་བསྲེས་ལྷད་སྐོར་ལ་རོབ་རྩིས་ཤིག་བརྒྱབ་ན་གྲངས་འབོར་ག་ཚོད་ཅིག་ཟིན་གྱིན་ཡོད་དམ།


དྲུག་པ།བོད་ཀྱི་བུད་མེད་ཚོ་མི་རིགས་གཞན་དང་གཉེན་སྒྲིག་པའི་རྒྱུ་རྐྱེན་ག་འདྲ་ཞིག་ལ་ཐུག་ཡོད་དམ། དེའི་སྐོར་ནས་གང་ཐུབ་ཐུབ་ཅིག་གསུངས་རོགས།


བདུན་པ།བོད་ཀྱི་སྐྱེས་པ་ཚོ་མི་རིགས་གཞན་དང་གཉེན་སྒྲིག་པའི་རྒྱུ་རྐྱེན་ག་འདྲ་ཞིག་ལ་ཐུག་ཡོད་དམ། དེའི་སྐོར་ནས་གང་ཐུབ་ཐུབ་ཅིག་གསུངས་རོགས།


བརྒྱད་པ།རང་མི་རིགས་དང་མི་རིགས་གཞན་པ་གཉེན་སྒྲིག་པའི་དངོས་ཡོད་གནས་ཚུལ་རེ་བརྒྱུད་རིམ་དང་བཅས་པ་གསུངས་རོགས། ས་ཆ་དང་སྡེ་བ།དུས་ཚོད།ད་ལྟའི་གནས་སྟངས་སོགས་གསལ་བོ་མཚོན་པ་རེ་གསུངས་རོགས། དེ་དང་ཆ་འདྲ་བའི་མི་ག་ཚོད་ཅིག་ཡོད་མེད་རོབ་རྩིས་ཤིག་གསུངས་རོགས།


དགུ་བ།སྐུ་ཉིད་བཞུགས་སའི་རྫོང་ཁུལ་དང་ཞང་སྡེ་སོ་སོ་ན་མི་རིགས་གཞན་དང་གཉེན་སྒྲིག་པའི་བོད་པ་རེ་མཐོང་ཐོས་ཡོད་ན། སྐབས་དེའི་ཁྱེད་ཀྱི་ཚོར་བ་ག་འདྲ་རེད་དམ།


བཅུ་བ།མི་རིགས་བསྲེས་ལྷད་ཀྱི་གནད་དོན་འདི་དུས་ག་དུས་ཤིག་ནས་ཇི་ལྟར་བོད་སྤྱི་ཚོགས་སུ་དར་བ་རེད་དམ།ལྔ་དགུའི་རྗེས་དང་དེའི་སྔོན་གྱི་མི་རིགས་བསྲེས་ལྷད་ཐད་ཀྱི་གནས་སྟངས་ལ་ཁྱད་པར་འདུག་གམ།བྱུང་རིམ་ལ་ཁྱད་པར་འདུག་གམ།མིའི་འགན་འཁུར་སྟངས་ལ་ཁྱད་པར་འདུག་གམ།མཇུག་འབྲས་ལ་ཁྱད་པར་འདུག་གམ།


བཅུ་གཅིགབོད་པ་ཚོ་མི་རིགས་གཞན་དང་གཉེན་སྒྲིག་པའི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་རེད། དེས་ན་མི་རིགས་སུ་དང་སུ་ལ་གཉེན་སྒྲིག་གི་ཡོད་པ་རེད།རྒྱ་རིགས་རེད་དམ།ཁ་ཆེ་མི་རིགས་རེད་དམ། ཡུ་གུར་རེད་དམ། གཞན་གང་དག་རེད། ཚབས་ཆེ་ཤོས་དང་ཁ་གྲངས་མང་ཤོས་གང་དག་རེད།


བཅུ་གཉིས།མི་རིགས་གཞན་དང་གཉེན་སྒྲིག་ཟིན་པ་དག་གི་བུ་ཕྲུག་ཚོས་བོད་སྐད་ཤེས་ཀྱི་འདུག་གམ། བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཤེས་ཀྱི་འདུག་གམ།བོད་མི་ཞིག་ཡིན་པའི་འགན་འཁྲིའི་འདུ་ཤེས་འདུག་གམ།


བཅུ་གསུམ།མི་རིགས་གཞན་དང་གཉེན་མི་སྒྲིག་པའི་ཐབས་ཤེས་ཡོད་དམ།དེ་ཇི་ལྟར་རེད་དམ།


བཅུ་བཞི།མི་རིགས་གཞན་དང་གཉེན་སྒྲིག་ན་ཡང་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་སོགས་ལ་བདག་པོ་རྒྱག་པའི་ཐབས་ལམ་ཡོད་དམ།


བཅོ་ལྔ།བོད་པ་ནི་གྲངས་ཉུང་མི་རིགས་ཤིག་རེད།ལོ་རེར་མི་རིགས་གཞན་དང་གཉེན་སྒྲིག་པའི་ཁ་གྲངས་ལ་བལྟས་ཡོང་ན།ལོ་བཅུའི་རྗེས་ནས་བོད་མི་རིགས་ཀྱི་གནས་སྟངས་ག་འདྲ་ཞིག་ཆགས་སྲིད་གི་རེད་དམ།ལོ་ལྔ་བཅུའི་རྗེས་ལ།ལོ་བརྒྱའི་རྗེས་ལ། སྐུ་ཉིད་ཀྱི་དགོངས་ཚུལ་རང་གསུངས་རོགས།


བཅུ་དྲུག་པ།རིགས་རྒྱུད་བསྲེས་ལྷད་སྐོར་ནས་དྲི་བ་འདི་དག་གི་ནང་ལ་མ་ཚུད་པའི་མཐོང་ཐོས་མྱོང་གསུམ་ཅི་ཞིག་ཡོད་ན་གསུངས་རོགས།


དྲི་བར་ལན་བཏབ་རྗེས་ཡིག་ཟམ་ཁ་བྱང་འདིའི་སྟེང་ལ་བསྐུར་ཡོང་རོགས། 1959tc2014@gmail.com

 

 
 
ཨ་ལན་གྱི་མིག་ཆུ་དང་ངའི་ཕངས་སེམས།
[ 2013-12-26 13:59:17 | By: nyimatso21 ]
 

ཨ་ལན་གྱི་མིག་ཆུ་དང་ངའི་ཕངས་སེམས།

མུ་ཏིག





ཁ་སང་དེ་རིང་ཨ་ལན་ཟླ་བ་སྒྲོལ་མས་མི་རིགས་ཀྱི་སྐད་ཡིག་མ་ཤེས་པའི་ན་ཟུག་མ་སྲོན་པར་ངུས་སོང་ཟེར་ནས་ས་བསྒྲགས་གནམ་བསྒྲགས་བྱེད་ཀྱི་འདུག སྐད་འཕྲིན་དང་ངོ་དེབ། དྲ་འཕྲིན་ཁག་སོ་སོ་ན་ཁོ་མོའི་སྐད་ཆ་དང་པར་རིས་བརྒྱུད་བསྐུར་བྱེད་ཀྱི་འདུག ང་ལ་ཡང་ཁོ་མོའི་པར་དང་སྐད་ཆ་ཡི་གེར་ཕབ་པ་རེ་གཉིས་འབྱོར་སོང་། དེ་རིང་ཉིན་གུང་ཟ་མ་ཟ་བའི་དུས་སུ་གྲོགས་པོ་ཞིག་གིས་ཐད་གཏོང་ཚན་པ་དེའི་བརྙན་རིས་བསྐུར་ནས་སླེབས་སོང་། ཚོར་བ་ཆེན་པོས་བལྟས་པ་ཡིན། གཞས་མ་ངུ་བཞིན་པའི་སྐབས་སུ་ཡིད་སེམས་སྨྲེང་ཡོང་བ་དང་རང་གི་མིག་མཐའ་ལ་ཡང་མཆི་མ་སྲབ་སྲབ་ཅིག་འཁོར་བྱུང་།

བསམ་བློ་ཞིབ་མོ་ཞིག་བཏང་ནས་བརྙན་རིས་ལ་ཡང་བསྐྱར་ཐེངས་གཅིག་བལྟས་པ་ཡིན། གཞས་མ་ཁོང་གི་མགོ་ལུས་ཚང་མ་ལ་ཞིབ་ལྟ་བྱས་པ་ཡིན། མི་རིགས་ཀྱི་ཆོས་གོས་དང་རྣམ་པ་ཅི་གང་མི་འདུག ངུས་པ་དེ་ཡང་ཁ་ཕྱི་ཁ་ཕྱི་ཞིག་ཡིན་པའི་ཚོར་སྣང་བྱུང་། སྐྲ་ལོ་གཅིག་པོ་ནག་ནག་ཡིན་ན་ཡང་ཅི་མ་རུང་བསམ་བསམ་གྱི་ཚོར་སྣང་བྱུང་བ་དང་རང་དབང་མེད་པར་འགྱོད་སེམས་ལྟ་བུ་ཞིག་གིས་བསྡམས་སོང་། སྔོན་མ་ཉི་ཧོང་གི་གར་སྟེགས་ཤིག་ན་གླུ་དབྱངས་ལེན་བཞིན་པའི་བརྙན་ཞིག་ལ་ཡང་ཐེངས་གཅིག་བལྟས་མྱོང་། བོད་ཀྱི་གཞས་མ་ཞིག་ཡིན་པའི་ཞེན་ཁོག་དང་ང་རྒྱལ་འཁུར་ནས་བལྟས་པ་ཡིན། གར་སྟེགས་ལས་བབས་རྗེས་ངས་ཡང་བསྐྱར་ཁོ་མོའི་མགོ་ལུས་ཚང་མར་སེམས་ཀྱིས་ཉུལ་ཡིན། བོད་ཀྱི་གཞས་མ་ཞིག་ཡིན་པའི་རྣམ་པ་ཅུང་ཙམ་ཡང་མེད་པ་དེར་ཕངས་སེམས་སྐྱེས་མྱོང་། ཐེངས་འདིའི་བརྙན་ཐུང་འདི་ལ་ཡང་དང་ཡང་དུ་བལྟས་རྗེས་གཞས་མ་མོ་ནི་རྒྱ་ནག་གི་གློག་བརྙན་༼ཆར་སིམ་སིམ། དྲན་ལྷང་ལྷང་། ༽ནང་གི་འཁྲབ་སྟོན་པ་གཙོ་བོ་ཡཱེ་ཕེན་ཟེར་བའི་བུད་མེད་དེ་དང་ཧ་ཅང་འདྲ་བོ་འདུག བོད་པ་ཞིག་དང་མི་འདྲ་བ་ག་རེ་ཡིན་ནམ། ངས་ཡང་བསྐྱར་བསམ་བློ་བཏང་བ་ཡིན། གཅིག་བྱས་ན་ཨ་ལན་ཟླ་བ་སྒྲོལ་མའི་མིག་ཆུ་དང་སྐད་ཡིག་མ་ཤེས་པའི་ན་ཟུག་འདི་ཐེངས་འདིའི་གར་སྟེགས་ནས་གློ་བུར་དུ་བརྡོལ་བ་ཡིན་ནམ། ངས་དེ་ལྟར་བསམ་བློ་བཏང་། གལ་སྲིད་ཁོ་མོ་དངོས་གནས་མི་རིགས་རིང་ལུགས་པ་ཞིག་དང་མི་རིགས་དང་ཁ་འབྲལ་མི་ཕོད་པའི་གཞས་མ་ཞིག་ཡིན་ན་བོད་སྐད་མ་ཤེས་རུང་བོད་ཀྱི་ཁྱད་ཆོས་ཤིག་ཏན་ཏན་སྟོན་ངེས་རེད། དེ་ནི་ཁོར་ཡུག་སོགས་ཀྱིས་བཀག་རྒྱ་ཅི་ཡང་མེད་པར་རང་ངོས་ནས་སྟོན་ཐུབ་པ་ཞིག་ཀྱང་ཅི་ལ་མིན། སྐྲ་འཇོག་སྟངས་དང་རྒྱན་ཆ་འདོགས་སྟངས་གཅིག་པོའི་སྒང་ནས་ཀྱང་མི་རིགས་ཀྱི་རྣམ་པ་ཅི་ཡང་སྟོན་ཐུབ་ངེས། ཐེངས་གཞུག་མར་ཨ་ལན་ཟླ་བ་སྒྲོལ་མ་གར་སྟེགས་སྟེང་ལ་འབུད་དུས་བོད་ཀྱི་རྣམ་པ་དང་ཁྱད་ཆོས་ཤིག་སྟོན་པར་རེ་བས་སྒུག་ཡོད། དེ་ནི་མིག་ཆུ་ཕུད་པ་དང་ན་ཟུག་བརྗོད་པ་ལས་ཀྱང་དྭངས་གཙང་ཞིག་ཡིན་སྲིད།

 

 
 
རྡ་སའི་གངས་དང་ང་ཡི་གཞས།
[ 2013-12-25 13:58:31 | By: nyimatso21 ]
 

རྡ་སའི་གངས་དང་ང་ཡི་གཞས།


མུ་ཏིག

                                     

རྡོ་ལ་རི་རྒྱུད་ལ་བུ་ལོན་ཆད་པ་འདྲ།།
རི་རྩེ་ཁ་བ་ཡིས་མནར་གཅོད་ཡང་ཡང་གཏོང་།།
རི་འདབས་ནགས་གསེང་ནས་ན་ཟུག་ཟློ་བ་འདི།།
མི་ཡུལ་ས་མཐའ་ཡི་གཏམ་རྒྱུད་མཚར་པོ་རེད།།

ཁ་བ་ལོ་རེར་བཞིན་རི་མགོར་དཀར་ཤག་སེ།།
རླུང་བུ་གྲང་མོ་རེ་ལུས་ལ་ཤག་ཤག་ཤག།
སེམས་པའི་དྲོད་ཁོལ་འདི་གངས་དང་འབྲེལ་བ་འདྲ།།
རི་ངོས་ཁ་བ་ལ་ལུས་སེམས་བརླན་དགོས་བྱུང་།།

གངས་ཀྱི་རྩེ་མོ་ན་སྤྲིན་པ་ལང་ལོང་འཕྱུར།།
ཡུལ་གྱར་མི་ཚོགས་ཀྱི་སེམས་པ་ལང་ལོང་འཁྲིགས།།
པར་མིག་རེ་རེ་ལ་ཁ་བའི་མཛེས་སྡུག་སྡུད།
ལྟ་ཙམ་ལྟ་ཙམ་གྱིས་རང་སེམས་གསོ་ཁུལ་བྱས།།

གནས་ཁང་གཡར་མ་ནས་རྒུན་ཆང་དམར་པོ་འཐུང་།།
ཕ་ཡུལ་ཤོར་སོང་ཞེས་སྐྱོ་གླུ་ཤུགས་ཀྱིས་གྱེར།།
གསང་བའི་གསང་བ་འདི་གཞན་ལ་མ་བཤད་ཅེས།།
སྐྱོ་གཏམ་རིང་མོ་རེ་སྐད་འཕྲིན་ནང་ལ་སྤུར།།

ངོ་གདོང་འཛུམ་མདངས་ཀྱིས་འཐེན་ཙམ་འཐེན་ཙམ་བྱས། །
འཛུམ་གྱི་གཏིང་རིམ་ན་སྐྱོ་བའི་དངན་པ་རིང་།།
སེམས་ངལ་གླུ་གཞས་ཀྱིས་གསོ་བར་འབད་ན་ཡང་།།
སྐད་གདངས་འདར་འདར་གྱིས་སྨྲེང་བ་འཕྱུར་ཡོང་གི།

རྡོ་ལ་རི་རྒྱབ་ནས་བྱ་ཁྱུ་བཞུར་ཡོང་དུས།།
རྡ་སའི་རི་གྲོང་གི་ནམ་མཁར་ཡང་ཡང་ལྟ།།
རྡོ་ལ་རི་རྩེ་ལ་བྱ་ཚོགས་འཕུར་འགྲོ་དུས།།
མཚམས་སྤྲིན་འོད་ངོགས་ནས་མིག་ཟུང་མཆི་མས་སྐྱོམས།།

ལུས་པོ་ས་མཐའ་ནས་རྒས་ནས་ཚར་ལ་ཡོད།།
སེམས་པའི་ལང་ཚོ་འདི་ཁ་བའི་འདབ་མ་བཞིན།།
ལྷབ་ལྷུབ་བར་སྣང་ནས་ཡུལ་ལ་འབབ་འདོད་པས།།
ཕྱི་ནང་ལྷན་འཛོམས་ཀྱི་སྐོར་བྲོ་འཁྲབ་པར་ཤོག།

2013  12 24

 
 
བྱ་ཤ་རྡོ་སྲེག་མ་དང་སྐད་ཆ་སེར་ཐིག་མ།
[ 2013-11-29 14:28:40 | By: nyimatso21 ]
 

བྱ་ཤ་རྡོ་སྲེག་མ་དང་སྐད་ཆ་སེར་ཐིག་མ།

 

མུ་ཏིག




གཅིག

སེར་ཐིག་ལྷུང་བའི་སྡོང་ལོ་དག་ནི་ང་ཚོ་ལ་བཏིངས་པའི་སྤང་གདན་མཐུག་པོ་ཞིག་དང་འདྲ། སེར་ཐིག་ལྷུང་བའི་སྡོང་ལོ་དག ཤག་སྒྲ་མེད་པར་ས་རུ་ཟགས་ཞིང་། ཁུ་སིམ་སིམ་གྱིས་གཞི་གཅིག་ཏུ་འདུས་བཞིན་པ་འདྲ། ནགས་གསེང་གི་ནམ་མཁའ་ནི་སྔོ་ཞིང་ལྗང་བས། འཇིག་རྟེན་ཧྲིལ་བོ་སྔོ་ལྗང་ཡིན་པའི་སྣང་བ་སྟེར། སྔོ་ལྗང་གི་ནམ་མཁའ་ཨ་མྱེས་ཚང་ཁོ་ནར་དབང་བ་འདྲ། ནགས་གསེང་གི་ས་གཞི་ནི། ཡོངས་སུ་སྐྱ་བོ་གྱུར་འདུག སེར་ཐིག་ལྷུང་བའི་སྡོང་ལོ་རྩེག་མ་དག་ལ་བལྟས་ནས་བསྡད་ན། ཡ་ཆུང་ལ་ན་བུན་རྒྱུན་མ་ཆད་པར་འཐིབས་ཡོང་གི། སྡོང་ལོ་སེར་པོ་དག་གི་སྒང་ན་དྲི་བ་མང་པོ་སྐར་ཚོགས་བཞིན་ཤར་འདུག དེ་མ་ཐག་ཨ་མྱེས་ལ་འདྲི་འདོད་པའི་སྐད་ཆ་སེར་ཐིག་མའི་སྐོར་ཡང་སེམས་ནས་འཚང་ཁ་བརྒྱབ་བྱུང་།

རི་བོའི་མགོ་ཐོག་ན་སྨུག་པ་སྲབ་མོ་ཞིག་ཡོད་པ་དེ་ག་ལེར་བར་སྣང་ལ་བཀྱག་འགྲོ་གི་འདུག  སེམས་ནང་གི་སྐད་ཆ་སེར་ཐིག་མའི་དྲི་བ་དག་ཀྱང་མིད་པ་ལ་ཡར་འཚང་གི་འདུག ངས་ཨ་མྱེས་ལ་བལྟས་པ་ན། ཨ་མྱེས་ཀྱིས་ཤོ་རྡེའུ་ལག་པས་བསྐོར་བཞིན་ད་ང་ཉེན་ཁ་ལས་ཐར་སོང་ཟེར། དེ་མ་ཐག་ངའི་སེམས་པ་ལྷོད་ལ་བབས་ཞིང་འཚང་ཁ་རྒྱག་བཞིན་པའི་དྲི་བ་ཡོངས་རྫོགས་བརྗེད་སོང་།

ཉི་མ་འཁོར་ནས་སའི་གོ་ལའི་ཚངས་ཐིག་སྟེང་སླེབས་སོང་། ནགས་གསེང་ན་བྱ་ཤ་རྡོ་སྲེག་མའི་དྲི་བསུང་གང་སར་འཐུལ་ཞིང་། གློག་རྒོད་འགའ་རེ་ཡང་ལྡིང་བསྐོར་རྒྱག་བཞིན་མར་འབབ་ཀྱིན་པ་དང་། གང་ནས་ཡོང་བ་མི་ཤེས་པའི་ཁྱི་ལྡོམ་འགའ་ཡང་ཤ་བྱ་རྡོ་སྲེག་མའི་མཐའ་ན་ཙོག་པུར་སྒུག་འདུག དེ་རིང་ད་སྐྱིད་གི་ཡ། ཨ་མྱེས་ཀྱིས་ལྷོག་ལྷོག་གདུ་བཞིན་པའི་འོ་ཇ་དེར་ལྟ་ཙམ་བྱས་རྗེས་གཅིན་པ་གཏོང་གི་བུད་སོང་། བྱ་ཤ་ལ་མིག་ཅེར་རེ་ལྟ་བའི་ཁྱི་ལྡོམ་དག་གི་མིག་ནང་ན་ཡང་དྲི་བ་མང་པོ་ཤར་འདུག ཡང་བསྐྱར་ངས་ཨ་མྱེས་ལ་འདྲི་འདོད་པའི་སྐད་ཆ་སེར་ཐིག་མའི་སྐོར་གྱི་དྲི་བ་དག་སེམས་ནས་འཚང་ཁ་བརྒྱབ་སོང་།

རྐྱལ་སྟོང་ཚོ། འབུད་ཤིང་མེད་གི མ་བྱན་རས་པས་ཤིང་ཐུར་ཞིག་གིས་ཤ་རྡོག་ཅིག་བཟུང་ནས་ཁ་ལ་འདེད་བཞིན་ཤོ་རྩེད་མཁན་ཚོ་བུད་ཤིང་འཐུ་གི་འགྲོ་དགོས་པའི་བརྡ་བསྟན། བུ་ཆུང་རྡ་རྡ་དང་ཚོར་ཆག་གཉིས་ཀ་བུད་ཤིང་འཐུ་གི་སོང་རྗེས་ནགས་ཚལ་འཇམ་འཇག་གེར་བུད་ཐལ། ནགས་མཐའ་ན་བཞུར་གྱིན་པའི་གཙང་བོའི་བཞུར་སྒྲ་གཞི་ནས་གོ་ཡོང་བ་ན། འོ་ཇ་བཞིན་གདུ་བཞིན་པའི་འུར་ཟིང་དང་དགོད་སྒྲ་ཡང་འབུད་ཤིང་འཐུ་བའི་བུ་ཆུང་གཉིས་ཀས་ཁྱེར་སོང་བ་འདྲ། ངའི་སེམས་ངོས་ལ་ཨ་མྱེས་དང་སྐད་ཆ་སེར་ཐིག་མ་གཉིས་རེས་མོས་ཀྱིས་འཁོར་ཡོང་གི།

ཐབ་རྡོ་འོག་ན་མེ་ལྕེ་ལྷབ་ལྷུབ་འབར་ཞིང་ཐབ་རྡོ་ཐོག་ན་བྱ་ཤ་ཚ་ཚུར་འཚེད་གྱི་འདུག ངས་རི་བོའི་མགོ་ཐོག་ན་ཡར་འཕག་བཞིན་པའི་སྨུག་པ་དུམ་བུར་དེར་ལྟ་བཞིན་གཙང་བོའི་ཕྱོགས་སུ་གོམ་པ་འགའ་སྤོས་པ་ན། མིག་ལམ་གྱི་རྩྭ་སྐྱ་འགུལ་བྱུང་། ཞིབ་ཏུ་བལྟས་པ་ན་སྦྲུལ་སྐྱ་ལི་འདོམ་གང་འདྲ་ཞིག་ཀྱང་གཙང་བོའི་ཕྱོགས་སུ་ཁ་སྐོམ་པ་བཞིན་ནུར་གྱིན་འདུག ཐབ་རྡོ་འཁྲིས་ལ་ཇི་ལྟར་འབྱོར་བ་ཡང་མ་ཤེས་ཐ།

 སྦྲུལ་ཡོད་གི། སྦྲུལ་ཡོད་གི

གང་ན། མ་བྱན་རས་པས་རྡོ་ལེབ་སྟེང་གི་བྱ་ཤ་ཁ་ལོ་བསྒྱུར་བཞིན་ང་ལ་བལྟས་རྗེས་ངོ་མདོག་འགྱུར་སོང་། ད་གཟོད་ང་རང་ཉིད་སྐྲག་ཡོད་པ་ཤེས་སོང་། ངས་བྲང་ལ་ལག་པས་རྡུང་བཞིན་ང་ངོ་མ་ཅིག་སྐྲག་ཐལ་ཟེར་བ་ན། མ་བྱན་རས་པས་མགོ་བོ་ཡར་བཀྱག་ནས་གནམ་ལ་ཟུག་པའི་ཤིང་སྡོང་རེ་རེ་ལ་ཞིབ་ཚགས་ཀྱིས་བལྟས་སོང་། ཁོང་ཡང་ཧ་ལས་པའི་སྐྲག་ཡོད་པ་འདྲ། ངའི་མིག་ལམ་ཡང་འཁྲུལ་འགྲོ་གི། ཤིང་སྡོང་ཡལ་ག་དག་ན་ཡང་སྦྲུལ་འཁྱུད་ནས་ཡོད་པ་འདྲ་བས། ངའི་ཚོར་སྣང་ཧྲིལ་བོས་སྦྲུལ་བཙལ་གི་འདུག

སྦྲུལ་ཡོད་གི་ཟེར་གི་ཡ།མ་བྱན་རས་པས་སྐད་ཆ་བཤད་ཕྱོགས་དེར་བལྟས་པ་ན་ཨ་མྱེས་ཕྱིར་ཐོན་འདུག ཨ་མྱེས་ཀྱི་ཚུགས་ཀར་བལྟས་ནའང་ཡིད་ཆེས་ཀྱི་མེད་པ་འདྲ། ངས་སྦྲུལ་གྱི་ཁ་དོག་དང་ཆེ་ཆུང་བཤད་རྗེས་ཨ་མྱེས་ཀྱི་མིག་ཀྱང་རིག་རིག་བྱས་སོང་། ཚུགས་ཀ་དེས་ངས་ཨ་མྱེས་ཀྱི་རྣམ་རིག་ཁྱོན་ནས་རྒས་མེད་པ་ཤེས་སོང་།

བུད་མེད་འདི་ཚོ་ཤིང་ཐུར་ཞིག་ལ་ཡང་སྐྲག་ནས། ཧ་ཧ་ཧ། མ་བྱན་རས་པས་ཧབ་དགོད་དང་བཅས་ང་ལ་ཀུ་རེ་རྩེད་པས་ཨ་མྱེས་ཀྱང་བློ་རྩེ་གཉིས་འགལ་གྱིས་སར་ཙོག་སོང་། བུ་ཆུང་རྡ་རྡ་དང་ཚོར་ཆག་གཉིས་ཀྱང་འབུད་ཤིང་ཁྱེར་ནས་ཕྱིར་སླེབས་སོང་། མ་བྱན་རས་པས་བྱ་ཤ་རྡོ་སྲེག་མའི་རྡོ་ཐབ་དང་བཅས་པ་གྲལ་དཀྱིལ་ལ་དབོར་རྗེས་ད་ཟོ་ཟོ་ཟེར་བ་ནི་ལག་རྩལ་ངོམ་སོ་བྱེད་ཚུལ་ཞིག་ཅི་ལ་མིན།

གཉིས།

བྱ་ཤ་སྣུམ་སྲེག་མ་དང་རྡོ་སྲེག་མ། གྲང་ཚལ། རླངས་བཙོས་བག་ལེབ། སྔོ་ཚལ། ཝུ་ཆང་སོགས་བཟའ་བཏུང་ཡོད་ཚད་དཀྱིལ་ལ་སྒྲིག་རྗེས་པར་བརྒྱབ་འགོ་བརྩམས་སོང་། མི་རེ་རེའི་ལག་ན་པར་ཆས་རེ་རེ་ཡོད་པ་ནི་ཁྱིམ་ཚང་ཕྱུག་པོ་ཞིག་གི་བཟོ་ལྟ་ཡ་མེད་ཅིག་རེད། བུ་ཆུང་རྡ་རྡ་དང་ཚོར་ཆག་གཉིས་ཀྱིས་སྤྲོ་སྐྱིད་གཏོང་གི་ཡོད་པའི་སྣང་བརྙན་ཧྲིལ་བོ་པར་མིག་གིས་བཟུང་སྟེ་ཐག་རིང་གནས་ལ་སོང་ཡོད་པའི་ཨ་ཅེ་གཉིས་ལ་དྲ་ལམ་བརྒྱུད་བསྐུར་སོང་། ཨ་ཅེ་གཉིས་ཀྱང་ཡུལ་དྲན་གི་ཟེར་བཞིན་ཁུ་སིམ་སིམ་གྱིས་ངུ་བཞིན་པ་འདྲ། ཨ་མྱེས་ཀྱི་སྐོར་ནས་སྐད་ཆ་སེར་ཐིག་མའི་རྒྱབ་ལྗོངས་མ་ཤེས་པས་ལོས་ཡིན།

ང་ཡུན་རིང་མི་འདུག་པ་ངས་ཤེས་གི། དེ་ཡིན་ནའང་ང་ལ་མི་སྐྱིད་པ་དང་སྡུག་བསྔལ་མེད་པ་མ་ཟད། སྟག་ཤ་ར་འཆི་ཁར་དགོད་ནས་འགྲོ་བ་ལྟར་ཡིན། ང་ལ་ཚེ་ཚད་ཀྱིས་འདང་ཡོད། མི་ཞིག་ལ་མཚོན་ན་འདི་ལས་ཅི་ཡོད། འགྱོད་པ་དང་ཞེན་ཆགས་དངོས་གནས་མེད། ངས་ཨ་མྱེས་ཀྱི་ངོར་བལྟས་ནས་བསྡད་ན། ཨ་མྱེས་ཀྱི་མིག་ཟུང་གིས་ང་ལ་དེ་ལྟར་འཆད་ཀྱིན་འདུག མ་བྱན་རས་པ་དང་། བུ་ཆུང་རྡ་རྡ་དང་ཚོར་ཆག་གསུམ་གྱིས་ཀྱང་ཝུ་ཆང་མཚམས་མེད་པར་འཐུང་ཚུལ་ལ་བལྟས་ན་ཨ་མྱེས་ཀྱི་མིག་ཟུང་གིས་བཤད་པའི་སྐད་ཆ་གོ་གི་ཡོད་པ་འདྲ།

ཤིང་སྡོང་སྒང་ན་སེར་ཐིག་ལྷུང་བའི་སྡོང་ལོ་རེ་གཉིས་ག་ལེར་ཟགས་ཀྱིན་འདུག ངས་འདྲི་འདོད་པའི་སྐད་ཆ་སེར་ཐིག་མ་དེ་ཨ་མྱེས་ཀྱི་མིག་ཟུང་ན་འཆད་ཀྱིན་འདུག སྐབས་འདིར་ངས་ཨ་མྱེས་ཀྱིས་བྲིས་པའི་གླེགས་བམ་དག་གི་གྲངས་ཀ་ལ་ཞིབ་འདང་ཞིག་བརྒྱབ་པ་ན། ཨ་མྱེས་ཀྱི་མི་ཚེ་ཧྲིལ་བོ་གླེགས་བམ་ཁྲོད་ཉུལ་འདུག ཨ་མྱེས་ཀྱི་གླེགས་བམ་དང་ནགས་གསེང་འདི་ལ་མཚུངས་ཆོས་མང་པོ་འདུག དུས་བཞིར་འགྱུར་མ་མྱོང་བའི་ཁ་དོག་འདི་ཨ་མྱེས་ཀྱི་གླེགས་བམ་གསེང་ན་ཡང་མཐོང་རྒྱུ་འདུག

གསུམ།

རི་མགོའི་ན་བུན་རི་འདབས་ལ་ཐུར་ཐུར་འཐིབ་ཡོང་གི་འདུག གླག་རྒོད་དང་ཁྱི་ལྡོམ་ཚོ་ཡང་རིག་ས་ན་མེད་པས་ཕལ་ཆེར་རང་རང་གི་ཡུལ་ལ་བུད་སོང་བ་འདྲ། ཨ་མྱེས་ཀྱིས་རི་བོའི་མགོ་ཐོག་གི་ཉི་མ་དམར་གོར་བོར་བལྟས་རྗེས་ས་རུབ་ཐལ། ད་ཡུལ་ལ་འགྲོ། གཙང་བོ་གན་བརྒལ་ནས་འགྲོ།ཟེར་བཞིན་ནགས་མཐའི་གཙང་བོ་ལ་མཛུབ་མོ་བསྟན། ངས་གཙང་བོར་བལྟས་པ་ན་སྔ་དྲོ་ལྷོད་ཀྱིས་བཞུར་བཞིན་པའི་གཙང་བོ་ནི་ཉི་མ་ནུབ་པ་ལ་ཁོང་ཁྲོ་དྲག་པོ་ཟོས་པ་དང་འདྲ་བར་དྲག་ཏུ་རྒྱུགས་ཀྱིན་འདུག རྡོ་རྒན་བྲག་རི་འདྲ་བ་ཏག་ཏག་གི་བར་ན་རྒྱུགས་བཞིན་པའི་གཙང་བོ་དྲག་ཏུ་ཁྲོས་འདུག ངས་ཨ་མྱེས་གཙང་བོ་བརྒལ་ཐུབ་མིན་ལ་སེམས་ཁྲལ་བྱེད་ཀྱི་ཡོད་པ་བཞིན་ཚང་མས་ཨ་མྱེས་ལ་བལྟས་འདུག བུ་ཆུང་རྡ་རྡ་རྡོ་རྒན་རེ་རེའི་སྟེང་ལ་འགོས་ནས་གཙང་བོའི་ཕ་ཁ་མཆོངས་སོང་། ཕར་ཕྱོགས་ནས་ལྷམ་ཕུད་ནས་ནང་གི་ཆུ་གཟར་སྲོལ་ལ་བལྟས་ན་ཕལ་ཆེར་རྐང་བ་ཡ་གཅིག་ཆུའི་ནང་ལྷུང་སོང་བ་ཤེས་གི།

ཁྱོད་བརྒལ་ཐུབ་རྒྱུ་རེད་དམ། སེམས་པ་གཡེང་ཙམ་ལ་ཨ་མྱེས་གཙང་བོའི་ཕར་ཁར་སླེབས་འདུག་པ་མ་ཟད། ང་ལ་ཚུར་ལག་པ་བསྲིངས་བྱུང་། སྐབས་དེར་ཡང་བསྐྱར་ངས་ཨ་མྱེས་ཀྱི་མིག་ཟུང་ལ་བལྟས་ནའང་། ཨ་མྱེས་ཀྱི་མིག་ཟུང་ནས་གོ་ཐུབ་པའི་སྐད་ཆ་སེར་ཐིག་མའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག

ཡུལ་ལ་ཐོན་རྗེས་ཨ་མྱེས་ཉལ་ཁང་དུ་བུད་སོང་། ངས་ཁ་བརྡ་ཐུང་ཐུང་ཞིག་བྱེད་བསམ་ནའང་ཐང་ཆད་པའི་སྲོལ་གྱིས་ཉལ་ཁང་དུ་བུད་སོང་།

 “ཐོད་བརྒལ་བ་ ཞེས་པའི་བརྩམས་སྒྲུང་ཞིག་གི་སྒྲོམ་གཞི་ལ་བསམ་བློ་བཏང་རྗེས་ངས་ཨ་མྱེས་ཀྱི་ཉལ་ཁང་སྒོ་རྡུང་བ་ན། ཨ་མྱེས་ཀྱིས་སྐད་དམའ་མོས་སྨན་པ་ཞིག་དང་མཉམ་དུ་ཡོད་པས་མི་ཁོམ་གི་ཟེར་གི།

བཞི།

ཁ་སང་གི་སྨན་པ་དེས་སྤྱིར་ཉེན་ཁ་ཡི་རང་བཞིན་བཤད་པ་རེད་མ་གཏོགས་བཅོས་ཐབས་མེད་པ་མ་རེད། ཨ་མྱེས་སྐུ་ཚེ་རིང་རྒྱུ་རེད། ཁྱེད་ཚང་བསོད་ནམས་ཆེ་གི། སྨན་པ་ང་ལ་ཐུག་པ་ནི་ཕན་ཚུན་ལས་འཕྲོ་ཡོད་པས་རེད། མ་གཞི་སེམས་ཁམས་དང་མི་ཚེ་ཧྲིལ་བོ་གླེགས་བམ་གྱིས་ཁེངས་པའི་མི་འདི་འདྲ་ཞིག་སྐྱོབ་པའི་གོ་སྐབས་བྱུང་བ་ནི་ངའི་བསོད་ནམས་ཀྱང་རེད། ཁྱེད་ཚང་གི་ཨ་མྱེས་ལ་ངས་ཀྱང་བཀའ་དྲིན་ཞུ། སྨན་པས་འཆི་མེད་རིལ་བུ་འགའ་ཅོག་ཙེ་སྟེང་བཞག་རྗེས་ཨ་མྱེས་ལ་ཁ་བཏགས་ཤིག་འཐེན། ང་ཚོས་ཀྱང་སྨན་པ་ལ་ཁ་བཏགས་རེ་འཐེན་རྗེས་བྱ་ཤ་རྡོ་སྲེག་མའི་ནགས་གསེང་དེ་ལ་གྲོས་བྱས་པ་ལྟར་མིག་ཅེར་རེ་བལྟས་འདུག

ཧ་ཧ་ཧ། ཡང་བྱ་ཤ་རྡོ་སྲེག་བྱེད་པར་འགྲོ་རྒྱུ་ནས། ཨ་མྱེས་ཀྱིས་སྐྲ་ཤུལ་སོང་བའི་རང་གི་ཐོད་པ་ལ་བྱིལ་བྱིལ་བྱེད་བཞིན་ཧབ་དགོད་ཅིག་བྱས་པ་ནི་མ་གྲོས་གཅིག་མཐུན་གྱིས་ནགས་གསེང་ལ་སོང་ནས་བྱ་ཤ་རྡོ་སྲེག་མ་ཟ་འདོད་པ་ལོས་ཡིན།

 
 
ན་ཟུག་བཞུར་བ།
[ 2013-10-25 13:46:25 | By: nyimatso21 ]
 
ན་ཟུག་བཞུར་བ།

མུ་ཏིག


སེམས་ཀྱི་ན་ཟུག་འདི་ལྟར་བཞུར་སོང་། འཁུར་ཚོས་ཀྱི་བ་སྤུ་དག ཡོངས་སུ་ཁྲུས་ལ་རོལ་བསམ་པ་མིན་པར། བསྲན་ཞིང་བསྲན་པའི་ན་ཟུག་རེ་རེ། མིག་ཟུང་ནས་ཐོན་སོང་བ་རེད། གཞན་བསྟུན་དང་བཟོད་བསྲན་གྱི་ནམ་ཟླས། ང་གཅིག་པོ་མནར་ཞིང་། སྨུག་ནག་པའི་མཚན་མོ་གང་མང་ལ་ཡང་། ང་གཅིག་པོ། ཁུ་སིམ་སིམ་དུ་མིག་ཆུའི་འཇིག་རྟེན་འགྲིམས་མྱོང་།

དམར་ཞིང་དམར་བའི་མཁུས་ཚོས། ད་ནི་ཡོངས་སུ་འགྱུར་དོན་ཡང་། ས་མཐའི་དཀའ་སྡུག་གི་ལོ་ཟླའི་རྒྱབ་ལྗོངས་ཀྱིས་རེད། ཀུ་ཤུ་ལྟ་བུའི་མཁུས་ཚོས། མི་ལོ་བཅོ་ལྔའི་རིང་ག་ལེར་སྐམ་སོང་། རྒས་གཉེར་གྱིས་གཡོག་པའི་རང་གི་མི་ཚེ། གབ་ཚིག་ལྟ་བུའི་འཚོ་བའི་སྲུབ་ཁར་ཡོད་བསམ་ན། རང་ཉིད་ག་ལེར་གང་ཞིག་ལ་ཐོན་འགྲོ་བར་བསམ།

ས་མཐའ་ནི་གཏམ་རྒྱུད་ཅིག་ཡིན་ན། གཏམ་རྒྱུད་ཀྱི་གོ་རིམ་དང་ཚོར་རླབས་ནི། མིག་ནས་ལྷུང་བཞིན་པའི་ན་ཟུག་གི་མཆི་མ་རེད། གཏམ་རྒྱུད་ཀྱི་ཁ་བྱང་དང་རྒྱབ་ལྗོངས་ནི། མི་ཡུལ་ནས་རྙེད་པའི་མྱོང་སྣང་དང་དྲན་ཤིང་ཡིན། འཚོ་བའི་རི་མོ་འབྲི་བའི་གཏམ་རྒྱུད།  “ཟས་རིན་”ཞིག་ཏུ་འགྱུར་མིན་ལ་ཐེ་ཚོམ་ཇི་འདྲའི་ཆེ་ཨང་།

ས་མཐའ་ལ་གོམས་པར་བྱ་བ་ནི་སྡུག་བསྔལ་ལ་གོམས་པ་བྱ་བ་ཡིན་སྟེ། སྡུག་གི་མཚོ་མོའི་གཞུང་ལ། ཤིང་གི་གྲུ་གཟེངས་ཤིག་བཟོས་པ་ནི། ཐོག་མའི་གོམ་པ་སྤོ་སྟངས་ཡིན། རླུང་འཚུབ་དང་རླབས་རྒྱུན་བར་ནས། མིག་ནང་གི་མཆི་མ་འདར་འདར་གྱིས་འཐོར་ཞིང་།  སེམས་ནང་གི་ན་ཟུག་ག་ལེར་ག་ལེར་འཇགས་ཐུབ་ན་བསམ།

 
 
ཆུང་མ་ལ་ཕུལ་བའི་མེ་ཏོག་རྐང་གཅིག
[ 2013-10-10 13:39:42 | By: nyimatso21 ]
 
པར་རིས་གཉིས་ལ་བལྟས་རྗེས་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་ཚབ་ཏུ།

མུ་ཏིག


ཆུང་མ། ཁྱོད་མེད་ན་ང་ངོ་མ་སུན་གི། སུན་པ་ལ་མཐའ་མེད་གི ཆུང་དུས། བརྩེ་དུང་ཞེས་པའི་ཚོར་སྣང་སྐྱིད་པོ་ཞིག་གིས་དམ་དུ་བཏགས་པ་ལས། བརྩེ་བ་ཡི་གལ་ཆེན་རང་བཞིན་གཏན་ནས་མ་ཤེས། ལོ་རྒས་ནས་ཡོང་དུས། ཉོག་འཛིང་གིས་ཟོས་ནས་ཡོང་དུས། ཕྱོགས་ཡོངས་ནས་བཙིར་ནས་ཡོང་དུས། ད་གཟོད་ཁྱོད་ཁོ་ནའི་སྟེང་ནས་འཛུམ་མདངས་རྙེད། བརྩེ་བས་སེམས་ལ་ངལ་གསོ་ཐོབ།


ཆབ་སྲིད་ཀྱི་གར་སྟེགས་ནས། ང་འཁྲབ་སྟོན་པ་ཡིན་ནམ། རེད། གཞན་གྱིས་བལྟས་ན་ང་འཁྲབ་སྟོན་པ་ཞིག་ཡིན། ཡང་ལ་ལས་བལྟས་ན། དབང་ཆ་ཆེས་ཆེ་བའི་མི་དེ་ང་ཡིན་ངེས། གཞན་གྱི་མིག་ལམ་ནས་ང་ལ་སྡུག་བསྔལ་ཡོད་མ་མྱོང་། ང་ལ་ག་རེ་དགོས་པ་ཚང་མ་ཡོད་ངེས། འཇིག་རྟེན་ན་ང་ཡིན་ན་འདོད་མཁན་གྱི་མི་ག་ཚོད་ཡོད།

ང་ཡང་མཚམས་རེར་མི་དཀྱུས་མ་ཞིག་ཡིན་ན་འདོད། ང་རྒྱལ་ཁྱོད་ཕམ་གྱི་ཆབ་སྲིད་གར་སྟེགས། གློག་འོད་ཡོད་ཡོད་འདྲ་བ་དང་མེད་མེད་འདྲ་བའི་མཚན་མོ་ཡིན། རང་གི་ནམ་མཁའ་དང་རང་གི་ས་གཞི་ཡང་། མུན་ནག་ནང་གི་གསལ་ལ་མི་གསལ་བའི་གྲིབ་གཟུགས་ཡིན། ཨ་ཐང་ཆད་པའི་ཚོར་ཁུག་རེ་རེ་ན། དཀྱུས་མ་དཀྱུས་མའི་འཚོ་བ་ལ་འཁྲེང་བཞིན་པ་དེ་ང་ཡིན། ཆུང་མ་ཁྱོད་ཀྱང་ཡིན་ངེས།

ངའི་ཀླད་པའི་ནང་ན་གདུ་བཞིན་པའི་ཉོག་ཁོལ་མ། ཁྱེད་ཀྱི་མིག་ལམ་ན་ཁོལ་གྱིན་ཡོད། ངའི་སེམས་གཏིང་ན་འཕགས་བཞིན་པའི་རྨ་ཁའི་ན་ཟུག་རེ་རེ།  ཁྱོད་ཁོ་ནས་མྱོང་གི་ཡོད། ངའི་ན་ཟུག་ཡོད་ཚད། ཁྱོད་ཁོ་ནས་མྱོང་ཐུབ་པ་འདྲ། གར་སྟེགས་སྟེང་ནས་ཁ་མར་འཁོར་ནས། འཛུམ་མདངས་ཀྱིས་མང་ལ་འཚམས་འདྲི་ཞུ་དུས་ཀྱང་། འཛུམ་མདངས་ཁྲོད་ན་གབ་ཡོད་པའི་ན་ཟུག་གི་ཚོར་བ་རེ་རེ། ཁྱོད་ཁོ་ནས་མྱོང་གི་ཡོད། ངའི་སྡུག་བསྔལ་གྱི་སེམས་ཁམས་ཡོངས་རྫོགས། ཁྱེད་ཀྱི་མི་ཚེའི་ལྗོངས་རྒྱུ་བྱེད་ས་དེ་ཡིན་ན། དེ་རིང་ངས་ཁྱེད་ལ་མེ་ཏོག་རྐང་གཅིག་འབུལ་ན་འདོད། ཆུང་མ་ལགས། ང་ཁྱེད་ལ་སྙིང་ནས་དགའ། མེ་ཏོག་འདི། ཁྱེད་ཀྱིས་ང་ལ་གནང་བའི་འཛུམ་དམངས་དང་འདྲ་བར། གཏན་ནས་རྙིད་པར་མི་གྱུར་དོ།།

༢༠༡༣ ༡༠ ༠༧ཉིན།

 
 
མི་ཚེ། རོལ་རྩེད།
[ 2013-8-30 13:31:19 | By: nyimatso21 ]
 
མི་ཚེ། རོལ་རྩེད།
༼པར་རིས་སྙན་རྩོམ།༽

མུ་ཏིག


ང་བརྩེ་དུང་གི་རྙི་ལ་ཐེབས་པར་ཞེད་ནས། ཐབས་བརྒྱ་ཇུས་སྟོང་གིས་མིག་ཟུང་བཙུམ་དུས། རང་ནུས་ཡོད་རྒུས་རྣ་བ་བཀབ་དུས། ཁྱེད་ཀྱིས་ངོ་འཛུམ་འཛུམ་དང་། ངག་སྙན་སྙན་གྱིས།  ངའི་ལྷིང་འཇགས་དཀྲོགས་སོང་།

ཁྱོད་སྔར་བཞིན་ངའི་ཉེ་འཁོར་ལ་བཅར་ནས། ང་ལ་འཛུམ་མདངས་བསྟན། ང་ལ་མེ་ཏོག་བྱིན། ད་དུང་། ལག་པས་དམ་དུ་བསྡམས་ནས། ཇི་སྲིད་བར་དུ་གློད་གི་མིན་ཟེར་མཁན་དེའང་ཁྱོད་རེད། སྐབས་དེར། ང་ཅི་བྱ་གཏོལ་མེད་དུ་གྱུར་སོང་། ཁྱོད་ཀྱང་བདེ་སྐྱིད་ཀྱི་བདུད་རྩི་འཐུང་བ་ལྟར་བཟི་སོང་། གཏན་ནས་དྭངས་རྒྱུ་མེད་པ་ལྟར་བཟི་སོང་།

ཁྱེད་ཀྱིས་རྒྱ་མཚོ་ལྟ་བུའི་བྲང་གཞུང་དེ་བསྟན་ནས། རི་རྒྱལ་བཞིན་གྱི་དམ་བཅའ་དེ་བཞག་ནས། ཁྱེད་ཀྱིས་ནམ་མཁའ་ལྟ་བུའི་བརྩེ་བ་ཞིག་གནང་ནས། གཙང་བོ་ལྟ་བུའི་སྙིང་གཏམ་དག་གླེང་དུས། ང་ཡང་བཟི་སོང་བ་འདྲ། ཐོབ་མ་མྱོང་བའི་ཡིད་ཆེས་ལན་གཅིག་གིས། ཚེ་གང་བཟི་རྒྱུ་སེམས་ཐག་བཅད།

ཁྱོད་བཟི་སོང་། ང་ཡང་བཟི་སོང་། གཅིག་གིས་གཅིག་ལ་གཙང་བཞེས་གནང་བ་ལྟར་བཟི་སོང་། སྐབས་དེར། སྤྲིན་པའི་བང་རིམ་ན་ལྡིང་བཞིན་པ་ངེད་གཉིས་ཡིན་ལ། བདེ་སྐྱིད་ཀྱི་ནམ་མཁའ་སྙེག་ཐུབ་སོང་བསམ་མཁན་དེ་ཡང་ངེད་གཉིས་ཡིན།

ག་ལེར་ག་ལེར། བཟི་དྭངས་ནས་ཡོང་གི། དུས་གཏན་དུ་དྭངས་རྒྱུ་མེད་ན་བསམ་རུང་། རང་དབང་ན་མེད་པ་ལྟར་ཇེ་དྭངས་ནས་ཇེ་དྭངས་རེད། བཟི་དྭངས་ནས་ཡོང་དུས། ཁྱོད་ཀྱང་ཁ་ཕྱིར་ལ་འཁོར་འདུག ངའི་མིག་ལམ་ན་ཇེ་ཆུང་དུ་འགྲོ་བཞིན་པ་དེ་ཁྱེད་ཀྱི་རྒྱབ་གཟུགས་རེད། ཁྱེད་ཀྱིས་ང་ལ་ཐོག་མའི་བརྩེ་དུང་བསྟན་པ་ལྟར། ངས་ཀྱང་ཁྱེད་ལ་ཐོག་མའི་བརྩེ་དུང་གླེང་བཞིན། ལག་ཟུང་མདུན་དུ་བརྐྱངས་ནས། ཁྱེད་རང་ང་ལ་གཏན་དུ་དབང་ན་བསམ་ཡང་། ང་ལ་འཐོབ་པ་ནི་ཨ་ཕ་མེད་པའི་བྱིས་ཕྲུག་ཅིག་ལས་ཅི་ཡང་མ་རེད།

བརྩེ་དུང་། འཚོ་བ། མི་ཚེ། ཡོད་ཚད་རོལ་རྩེད་ཅིག་ཏུ་ངོ་ཤེས་དུས། ང་ཡོངས་སུ་བཏགས་ཟིན་འདུག ངའི་མ་འོངས་པ་དང་བཅས་པ་བཏགས་ཚར་འདུག རོལ་རྩེད་ལ་མཁས་པའི་ཁྱོད། ཡང་བརྩེ་དུང་གི་རོལ་རྩེད་གཞན་ཞིག་རྩེད་པར་ཕྱིན་པ་འདྲ།

བརྩེ་དུང་། འཚོ་བ། མི་ཚེ། ཚེ་སྲོག ཡོད་ཚད་རོལ་རྩེད་ཅིག་རེད། རོལ་རྩེད་་་་་།

 
 
འབྲེལ་ཡོད་ནང་དོན་ 67 ཡོད།<<<1234567>>>
བཟོ་མཁན། ལྡོང་བླ།
Powered by Oblog.