མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
མྱི་ཆེན་གྱི་སྨྲ་སྒོ

ཟིན་བདག་བརྡ་ཁྱབ།



གང་ལའང་སྙིང་བོ་མེད་ཟེར་བའི་ངེས་འབྱུང་ཅན་རྣམས་ཀྱི་ངག་ལ་མ་ཉན་པར་རིགས་པ་འཚོལ་བའི་ལམ་དུ་འཇུག་པར་གྱིས་ཤིག


QQ 805615557

སྒང་བ་བོད་ཀྱི་མྱི་ཆེན།

ཁ་པར།  13639739912

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
ཐོལ་རྩོམ་གསར་བས་མཆོད།
2015-12-6 8:48:39

ཐོལ་རྩོམ། 

འདས་ལོ ༥༩༦ པར་ཕུལ་བ། 
ཛམྦུའི་འཁྲི་ཤིང་མཛེས་པའི་གསེར་ལྡན་ཁྱོན། ། 
མཛད་བཟང་སྣང་བ་དཀར་བོས་ཁྱབ་བྱས་ཏེ།།
ཐུབ་བསྟན་ཆུ་གཏེར་འཕེལ་བའི་ཟླ་བ་གཞོན། ། 
བློ་བཟང་གྲགས་པ་གངས་ཅན་སྲིད་པའི་མིག །

མདོ་དང་སྔགས་ཀྱི་དེ་ཉིད་རྟོགས་པས་མཁས། ། 
ཐོས་དོན་མཉམ་བཞེས་རྨད་དུ་བྱུང་བས་བཙུན།།
གང་མཛད་རྣམ་ཐར་བསྟན་འགྲོར་སྨན་པས་བཟང་།།
སྔོན་བྱོན་སྐྱེས་བུའི་མཆོག་རྣམས་དད་པའི་ཡུལ།།

ཁྱད་པར་མགོན་ཁྱེད་བཞུད་པའི་ལམ་པོ་ཆེར།།
བརྒལ་བརྟལ་རིག་ཟིལ་ངོམ་པའི་དམ་པ་དག །
ཚད་ཐུབ་ཤེས་རབ་བརྩེ་བས་བསྟན་དང་འགྲོ། །
བསྐྱངས་པའི་ཚུལ་ལ་གཏིང་ནས་ཡི་རང་མཆེད།།

གསེར་སྦྱངས་བཙོ་མའི་རིན་ཐང་ལས། །
འབུམ་ཕྲག་བསྐལ་བ་ཁྱེད་ཀྱི་ལུགས། །
རྨད་བྱུང་རྣམ་ཐར་གཙང་མའི་བཞིན།།
འཛམ་གླིང་མཁའ་ཡི་ཉི་མར་གླེང་། ། 

བྱིན་རླབས་ཟླ་དཀར་འཛུམ་པའི་ཕྲེང་།།
གངས་རིའི་མཚོ་ལས་འཕྱུར་བའི་རླབས།།
སྲིད་གསུམ་ཁྱོན་ལས་རབ་བརྒལ་བས། །
གྲགས་པའི་བ་དན་མཁའ་ལས་འཕུར། །

གང་ལ་རེ་བའི་སྐྱེ་དགུའི་ཚོགས། ། 
ས་ཡི་རྡུལ་གྲངས་ལས་རྒྱལ་བས། ། 
རྟེན་འབྱུང་གཏམ་གྱི་རྔ་བོ་ཆེ། །
སྲིད་ཞིའི་རྩེ་ལས་སྙན་པར་བརྡུངས།།

དེ་སླད་མཁས་དང་གྲུབ་པ་སྐྱེས་བུའི་ཚོགས། །
གངས་རིའི་ཞིང་ལ་རབ་གསལ་ཉིན་མོར་བྱེད།།
ལོག་རྟོག་མུན་པའི་དཔུང་བ་སར་བསྙལ་བས།།
ཐུབ་པའི་ལུགས་བཟང་རྒྱས་པའི་རྩེ་མོར་སོན།།

འོན་ཀྱང་སྙིགས་ལྔ་བརྡོལ་བའི་དུས་མཐའ་འདིར།།
འདིར་སྣང་སྒྱུ་མར་འབྱམས་པ་ཆོས་པའི་གཟུགས།།
གཟུགས་སོགས་འདོད་པའི་རོ་ལ་རྟག་གཞོལ་བས།།
བས་མཐའ་ཕྱོགས་མེད་ཁྱབ་པས་ཉོན་རེ་མོངས། ། 

ལྟ་དགོངས་འཁྲུལ་བ་ཀུན་བྲལ་ཐུབ་པའི་ལུགས། །
སྒོམ་དུ་མ་ཁྱེར་ཁ་བཤད་འཆལ་འཆོལ་གྱིས། ། 
སྤྱོད་པ་རྫུན་པར་བསྒྲིབས་པའི་བཙུན་པའི་ཁྱུ།།
ཕྱི་དང་ནང་གི་གྲོང་ཚོམ་རུབ་ནས་སླེབས། ། 

དེ་ཕྱིར་ཚངས་པར་སྤྱོད་པའི་བསྟན་སྲིད་མཆོག།
མཆོག་ཏུ་དར་བའི་དཔལ་ལ་ཡིད་རངས་ཏེ། །
ཏེ་སེ་གངས་ལས་ལྷག་པའི་ཐུགས་བསྐྱེད་ཀུན།།
ཀུན་དགའི་གསོས་སུ་སྨིན་པར་བྱིན་གྱིས་རློབས།།

ཞེས་རིགས་པ་སྨྲ་བའི་བཙུན་གཟུགས་རྩེ་སྨིན་གྲོལ་གྱིས་རྒྱ་ནག་པེ་ཅིན་དུ་སྐྱོ་བས་སྦྱར་བ་དགེ 

nachan | རྩོམ་ཡོངས་ཀློག་པ།(157) | ལན་སློག(0)
བྱ་དར་སྐྱིད་རིའི་མཐོང་ཐོས།
2015-12-4 7:58:45
དབྱར་གྱི་མེ་ཏོག་འཕྱུར་བའི་ས་ཆེན་ཕང་གི ། 

ཞོགས་པའི་སྨུག་སྤྲིན་ཀློང་གི་ཕ་ཡུལ་འཇམ་པོ། ། 

ཉི་འོད་འཁྱིལ་བའི་ལྡིང་ན་ཁ་ཁུ་སིམ་མེར། །

རང་སྣང་དབྱངས་སུ་གྱེར་བའི་སྒྲ་ལ་ཆགས་ཡོད།།


རེ་སྦྲའི་མཛེས་སྡུག་བྲལ་བའི་རྡོ་ཁང་གྲུ་བཞིས། །

སྔོ་ལྗང་རྩྭ་ཐང་བརླགས་པའི་ཉམ་ངའི་འཚོ་བ། ། 

དེ་རིང་གྱ་གྱུར་འཐིབས་པའི་སྨུག་ལོང་གསེབ་ནས།།

རྒྱང་མིག་སྐྱོ་བོའི་ངོགས་ལ་ལྷང་ངེར་ཤར་ཡོང་། ། 


སྟོན་ཉམས་སྤང་ལ་ལྷུང་བའི་དབྱར་གྱི་རྩྭ་ཐང་། ། 

ཕྱུགས་ཀྱི་རྩེད་འཇོ་བྲལ་བའི་རི་ལུང་ཞིག་སྟེ། ། 

རྣོ་སྐུད་དྲ་ཕད་བཏིང་བའི་རི་ཐང་ཡོངས་ལ། ། 

སྦྲ་དཀར་ཚོམ་བུར་བཀྲ་བས་ཕ་ཡུལ་བཀྱགས་ཡོད།།


ངེད་རང་སྐྱིད་རིའི་ངོགས་ཀྱི་འཁྱམས་པོ་ཞིག་སྟེ།   །

འབྲོག་པའི་རུ་ཤོག་འཚོལ་བའི་སྤྲང་གོག་ཅིག་ཡིན། ། 

རྒྱབ་རིའི་ངོས་ན་རས་གུར་ཁྲ་ཆིལ་དགུ་ཆིལ། །

མདུན་གྱི་སྤང་ཐང་ཁང་བ་དམར་བོས་བཟུང་འདུག།


གནའ་བོའི་ཚོ་ཤོག་འབྲོག་པའི་རུ་ཆེན་འདི་དག །

དེང་གི་འཚོ་བ་གསར་བས་དམ་པོར་བཀྱིགས་ཤག།

བསམ་བློའི་གཅོང་ལ་ལྷུང་བའི་འབྲོག་པ་མང་ཚོགས།།

བར་མ་དོ་རུ་བརྫངས་པའི་སྣང་ཚུལ་ཉམ་ཐག ། 


སྐྱིད་རིའི་ངོས་ན་བཞེངས་པའི་གསེར་གྱི་མཆོད་རྟེན།།

བྱིན་རླབས་འབྲས་བུས་དུད་པའི་མེ་ཏོག་ཚོམ་བུ། ། 

ཀུན་གཟིགས་བླ་མ་མཆོག་གི་རྗེས་དྲན་ལྷ་ཁང་། ། 

གཡེར་དྲིལ་སིལ་སིལ་འཁྲོལ་བའི་རླུང་ཁར་མཛེས་པ།།


མཚར་སྡུག་རྩིག་རིས་ངོམ་པའི་སྐོར་ལམ་ཀུན་ཏུ། ། 

ཡིག་དྲུག་དུང་འཁོར་མང་བོའི་བྱིན་རླབས་འཁྱིལ་ཡོད།།

ཡུལ་འདིའི་དད་པ་མཐོ་བའི་འགྲོ་བའི་ཚོགས་ཀྱིས། ། 

ཕྱི་མའི་བདེན་དོན་རྩོད་སླད་རྐང་མགྱོགས་ངོམ་གི ། 


གློ་བུར་བསིལ་བསིལ་འཕྱོ་བའི་སྟོན་རླུང་ཞིག་གིས།།

རས་ཀྱི་སྟོད་ལྭ་སྲབ་པའི་བཙུན་གཟུགས་མགོ་རེག ། 

ཤག་ལ་ཆས་པར་བསྐུལ་བའི་ཉམས་སྣང་ཁྲོད་ནས། ། 

མཐེབ་ཀྱི་རྩལ་དེས་སེམས་ཚོར་རི་མོར་ཕབ་ཡོད། ། 


༢༠༡༥  ༨  ༡༧ ཉིན་རྩེ་གཞུང་དུ།
nachan | རྩོམ་ཡོངས་ཀློག་པ།(177) | ལན་སློག(1)
མདོ་ཁམས་གསེར་ཆུ་བརྒལ་བའི་ཉིན་ཐོ།
2012-5-21 7:31:48

མདོ་ཁམས་གསེར་ཆུ་བརྒལ་བའི་ཉིན་ཐོ།

 

འཚོ་བའི་རི་ལུང་འདེད་པའི་ཡུལ་སྐོར་བའི།

སྙིང་གི་གཟས་ཀ་མདོ་ཁམས་སྨད་ཀྱི་ཆ།

གསེར་ལྗོངས་བླ་རུང་ཆོས་སྒར་ཞེས་གྲགས་པར།

འཁྱུག་ཙམ་ཉུལ་བའི་སྐལ་བཟང་མངོན་དུ་བྱས།

 

རྒྱ་ནག་པད་མ་ཅན་གྱི་གྲོང་ཁྱེར་ནས།

རྒྱ་རིགས་འདུས་སྡོད་མོད་པའི་བོད་ཁུལ་བརྒྱུད།

རྒྱ་བོད་སྐྱ་སེར་གྲངས་ཀྱིས་མི་ལོངས་པ།

རྒྱ་ཆེན་ཐོས་པར་བརྩོན་སའི་གནས་དེར་ཆས།

 

རེ་བཞག་གནམ་ལ་བཅོལ་བའི་རྨུ་ཐག་གིས།

སྦྲེལ་བའི་ལུང་ཁོག་གང་མང་ནགས་ཀྱིས་མཛེས།

གཡུ་ལོའི་ཤམ་བུ་འཕྱོར་བའི་ལྷུན་པོའི་ཟོམ།

གྲུབ་རིགས་མཁའ་འགྲོ་འདུ་བའི་དཔལ་དུ་ངོམ།།

 

སྟོན་གྱི་རྣམ་ཤེས་འཕུར་བའི་གསེར་ལོའི་རིགས།

ཡིད་འོང་གར་དུ་རྩེན་པའི་བཞུད་ལམ་ཀུན།

བོད་སྲོལ་རྣལ་མས་བརྒྱན་པའི་ཁང་བཟང་རིགས།

དར་ཐག་རྡེལ་འབུམ་ཁྲོད་ནས་མིག་ལ་བཤམས།

 

རླབས་ཀྱིས་འཕྱོ་བའི་ཆུ་ཆེན་འགྲམ་ངོགས་སུ།

རྒྱལ་རོང་བ་དང་རྔ་བའི་མང་ཚོགས་ཀྱིས།

འཚང་གའི་ཤུགས་ཀྱིས་ལུང་ཁུག་དོག་མོ་འདི།

བཀད་སྙམ་བྱེད་པའི་ཚོར་སྣང་དགོད་རེ་བྲོ།

 

འབྲོག་གི་རུ་ཤོག་གཤའ་མར་འཁྱིལ་བའི་མཚོ།

ཁམས་དང་ཉེ་བའི་གནས་འདིར་གང་མང་མཐོང་།

གཡག་ནག་ཁྲོས་པའི་རྔམ་ཟིལ་གང་དགའ་རུ།

ས་ཆེན་མཐིལ་ལ་ངོམ་པའི་གཡུལ་ངོ་མཐོང་།

 

རེ་སྦྲ་ནག་པོའི་རླབས་གཉེར་ལྷགས་རླུང་ཁར།

གཟད་ཀྱང་སྙིང་སྟོབས་གྲུ་བཞི་ཆོན་ཐག་གིས།

དབང་ཆེན་འཛིན་མའི་ལྟོ་བར་བཙན་ཚུགས་ཀྱིས།

བཏགས་པའི་གནའ་བོའི་མི་སྡེ་ཡང་དག་རྙེད།

 

ནུབ་ཁའི་ཉི་མདངས་སེར་བོའི་འོད་ཁུགས་ནས།

དོན་དམ་འཚེ་མེད་ཞི་ལམ་དོན་གཉེར་བའི།

བླ་རུང་ལྔ་རིག་ཆོས་ཀྱི་གྲོང་ཁྱེར་འདབས།

གོམ་ཁའི་མེ་ཏོག་འཇོག་པའི་ལས་སྐལ་ཐོབ།

 

གྲོགས་ཀྱི་བརྩེ་འདང་ཁྲོད་ཀྱི་ཞག་མལ་དེས།

ཙག་གི་འཇིག་རྟེན་མཐོང་བའི་གོ་སྐབས་ཕྲ།

ཤ་མེད་ཟས་རིགས་མགྲོན་བསུ་གང་འཛོམས་དེས།

མྱི་ཆེན་ལྗོངས་འདིར་ཡིད་སྨོན་འབུམ་གྱིས་བཟི།

 

ཐུབ་གསུང་པང་དུ་ལེན་པའི་མཁས་དགུའི་དཔུང་།

བོད་ཁམས་མྱུལ་ན་བརྩིས་པས་གྲངས་ཤིག་ཡོད།

དོན་དམ་འཚེ་བ་སྤངས་པའི་སྒོ་ཡངས་པོར།

ཕྱེས་འདིས་རྣམ་དཀར་ལེགས་བྱས་དགུང་ལ་བརྩེགས།།

 

ཆོས་བརྒྱུད་གྲུབ་མཐའི་གཞུང་མང་ཐོས་བྱེད་པའི།

གླེགས་ཐག་བཀྲོལ་བའི་ལམ་སྲོལ་གང་མོས་བཞིན།

སྐལ་བར་བྱིན་པའི་རྣམ་པ་ཡིད་འོང་བས།

དག་སྣང་གུས་ཞབས་ལུང་ཁུག་འདི་རུ་འཁྲུངས།

 

གཉུག་སེམས་དག་པ་འབྱམས་སུ་ཀླས་པའི་ངོར། །

ཐུགས་གསང་བདེ་ཆེན་ཡེ་ཤེས་སྒྱུ་མའི་འཕྲུལ། །

རྫོགས་ཆེན་རང་རྩལ་བརྙེས་པའི་གྲུབ་རིགས་ཀྱི། །

རྟོགས་ལྡན་འཇའ་ལུས་ཐོབ་པའི་བྱོན་ལམ་ཡངས།།

 

སྔ་འགྱུར་བསྟན་པའི་དཔུང་ཤ་གྲིམ་པའི་མགོན།

མདོ་སྔགས་རིག་པའི་གཞུང་ལ་ཐོགས་མེད་པའི།

མཁན་ཆེན་བླ་རབས་ཕྱི་གཙང་ནང་གཙང་གི

ཚད་ཐུབ་སྐྱེས་བུ་ཡུལ་འདིའི་རྒྱན་དུ་བཞེངས།

 

རྒྱ་བོད་ནང་ཆོས་རིག་གཞུང་འཆད་རྩོམ་གྱིས།

རང་བསྟན་སྲོག་ཏུ་བསྲེལ་བའི་མཁས་པ་དང་།

བཙུན་པའི་གཞོན་སྐྱེས་རྒྱ་དང་བོད་ཀྱི་རིགས།

གང་འདུལ་འགྲོ་བ་སྒྲོལ་བའི་འདྲེན་པ་མང་།

 

སྨུག་རྩྭའི་ཚོས་མདངས་འཕྱུར་བའི་ཁང་མིག་ཏུ།

ཐོས་བརྩོན་བློ་གཤོག་རྐྱོང་བའི་སློབ་ཚོགས་ཀྱིས།

ངན་ངོན་འཚོ་བར་རོལ་བའི་ངང་ཚུལ་དེས།

བསྟན་པའི་ནང་སྙིང་འཚོལ་བའི་དཔལ་ཅིག་སྦྱིན།།

 

གཞུང་ཆེན་ཁྲིད་ཐབས་རྩོད་རིགས་གྱ་ནོམ་པ།

སྐྱེ་དགུའི་ཁམས་བཞིན་སོ་སོའི་ཆོས་གྲྭར་མངོན།།

གྲྭ་བཙུན་དགེ་བསྙེན་ཁྲི་ཕྲག་གང་མང་གིས།

ཐོས་དོན་སྒྲུབ་པར་འབད་ལ་གཅིག་ཏུ་གཞོལ།།

 

སྟོད་ཕྱོགས་བླ་སེར་ལྔ་རིག་ཆོས་ཀྱི་གྲོང་།

བར་ཤོད་བཙུན་སྡེ་བླ་རུང་དགོན་དུ་འབོད།

སྨད་ཕྱོགས་རྒྱ་བོད་དགེ་བསྙེན་ཕོ་མོའི་སྡེ།

ངེས་དོན་ཞི་ལམ་སྙེགས་པའི་མཚོ་གླིང་ཞིག

 

གཟུངས་སྔགས་དར་ཚོན་སྣ་ལྔས་དཀྲིས་པ་ཡི།

ཡངས་པའི་ཁོར་ཡུག་མཛེས་པའི་རི་ཆེན་འཕྲེང་།

མདོ་ཁམས་རྩེ་ལྔའི་གནས་སུ་བྱིན་ཆགས་ཞེས།

སྐྱེས་དགུའི་ངག་གི་རོལ་བར་འབྱམས་སུ་ཀླས།

 

དེ་སྐད་སྒང་བ་བོད་ཀྱི་སྙན་དངགས་མཁན།།

མྱི་ཆེན་སྒང་དྲུག་མཛེས་པའི་ཡུལ་གྱི་ཆ། །

མདོ་ཁམས་སྨད་ཀྱི་གསེར་ཆུ་བརྒལ་བའི་གླུ། །

ཚོགས་དྲུག་སྣང་བ་འགྱུར་བའི་མགུར་ལ་དྲངས།།

 

ཞེས་པ་འདི་ཡང་ཡུལ་སྐོར་གློ་བུར་བ་ཞིག་གི་ལམ་རྒྱགས་ཙམ་དུ་སྒང་བ་བོད་ཀྱི་མྱི་ཆེན་ཞེས་པའི་རྟོག་གེ་བ་མགོ་སྟོང་དེས་ཕུལ་ལོ།

nachan | རྩོམ་ཡོངས་ཀློག་པ།(2470) | ལན་སློག(46)
སྐྱེས་སྐར་བཀྲ་ཤིས་གཡང་འཛོམས།
2012-1-2 22:12:57

སྐྱེས་སྐར་བཀྲ་ཤིས་གཡང་འཛོམས། 

 

ལང་ཚོའི་མེ་ཏོག་སྨིན་པའི་མཛེས་སྡུག་གིས། །

སྲིད་པའི་ཕུན་ཚོགས་བསུ་བའི་གཞོན་ནུ་མོ། ། 

ཕ་མའི་བྱམས་བརྩེ་དྲོན་པོའི་ཐུ་འོག་ནས།།

སྐྱེ་མཆེད་རྫོགས་པའི་དྲིན་ལན་དྲན་པར་མཛོད།།

 

སྣ་ཚོགས་སྐད་ཀྱི་བྱེ་བྲག་མཐའ་ཡས་པའི། །

རིག་ཚུལ་མེ་ཏོག་སེམས་ལ་ཉར་ཡང་ཆོག །

མེས་པོའི་རུས་བཟང་གངས་ལ་བྲིས་ཡོད་པས།།

ཕ་སྐད་གཙང་མའི་རྒྱུན་བཟང་དམ་པོར་ཟུངས། །

 

རྨི་ལམ་ཁྲོད་ཀྱི་མཛེས་ལྗོངས་ལྷ་སའི་གྲོང་། །

ཕུགས་སེམས་མེ་ཏོག་ཚལ་ན་ལྷམ་མེར་མངོན། །

ཤེས་བརྩོན་ཟུང་འབྲེལ་རླབས་ཀྱི་བྱིན་ཆེན་དེས། །

རང་སྲིད་རྒྱལ་ཐབས་ལེན་པའི་མཐུ་དཔུང་སྐྱེད། །

 

ཁམས་ཀྱི་མཛེས་ལྗོངས་མི་ཉག་རྒྱལ་ཁམས་ཀྱི། །

རིགས་ཞེན་སྤྲི་དཀར་ཟ་བའི་སློབ་གྲོགས་ཁྱེད། །

སྣ་ཚོགས་གཞུང་ལ་བརྩོན་པའི་སྟོབས་བསྐྱེད་དེ། །

ཡུལ་འདིའི་རི་ལུང་གསལ་བའི་དཔལ་འབར་མཛོད། །

 

འབྱུང་འགྱུར་འཚོ་བའི་ཁ་དོག་འོད་ཀྱིས་འཚེར། །

སྐྱེ་མཆེད་གཟུགས་ཀྱི་རྣམ་པ་ལྷག་པར་མཛེས། །

སྲིད་འབྱོར་རིག་པའི་མངའ་ཐང་ཀུན་ཏུ་རྒྱས། །

ཁྱོད་ཀྱི་སྐྱེས་སྐར་བཀྲ་ཤིས་གཡང་འཛོམས་ཡིན། །

ཞེས་པ་འདི་ཡང་ཁམས་མི་ཉག་གི་བུ་མོ་ཆུང་ཆུང་ཞིག་གི་སྐྱེས་སྐར་ལ་རོལ་དུས་ཤར་མར་སྤེལ། 

 

 

nachan | རྩོམ་ཡོངས་ཀློག་པ།(1971) | ལན་སློག(23)
༢༠༡༢ ལོ་ཚེས་པར་ཕུལ་བ།
2012-1-1 8:45:03

༢༠༡༢ ལོ་ཚེས་པར་ཕུལ་བ།

༼མེ་ལྕེ་བཞིན་མཆེད་པའི་ལོ་ཞིག་འདས་སོང་།༽

 

རི་ལྗོངས་སྨུག་པོ་འདི་དགུན་གྱི་ཙག་གིས་འདར་འདུག །

ཐོ་རངས་སྐར་ཆེན་གྱི་འཛུམ་དཀར་དགོང་ལ་ཡལ་ཐལ། །

ཉི་འོད་འཁྱག་པོ་དེས་ང་རང་མལ་ལས་བསླངས་པས། །

ཕྱི་ལོ་གསར་ཚེས་ཀྱི་འཁོར་བའི་གནས་སྟངས་གླེང་ཡོང་། །

 

མི་ལོ་གྲངས་མེད་ཀྱི་ངན་ངོན་འཚོ་བའི་ངོགས་ནས། །

རྣམ་རིག་གྲུང་བོ་དག་གངས་ཀྱི་སུལ་ལ་བསྐུངས་ཡོད། །

སྐུ་བཞིའི་རྒྱལ་ཐབས་དེ་རྩོད་པའི་ཞེ་དཔུང་ཉམས་ཏེ། །

ལུས་བདེ་སེམས་སྐྱིད་ཀྱི་གནས་ཚང་སྙེག་འདོད་བྱུང་སོང་། །

 

མཛེས་སྡུག་ལྷ་ས་མཆོག་མི་རིགས་མང་བོས་བསྐོར་ཡོད། །

བརྗིད་ཆགས་པོ་ཏ་ལ་ངུ་ཤུམ་དབྱངས་ཀྱིས་བྲེལ་འདུག །

མངའ་དབུས་ཁམས་གསུམ་གྱི་མགྲོན་པོ་ཕྱི་དལ་མེད་པར།།

བཙན་པོའི་ཕ་ཁྱིམ་འདིར་རྒྱང་མཇལ་བྱེད་པར་འཚང་འོང་། །

 

རིན་བྲལ་གཏེར་ཁ་ཡིས་བཏེགས་པའི་ཡངས་པའི་ས་ཆེན། །

རེ་བཞག་ཕུགས་མེད་ཀྱིས་ཕྱི་ནང་མེད་པར་བསྔོགས་པས། །

འབྱུང་བཞིའི་མཛེས་སྡུག་གི་རི་ལུང་གདུང་བས་མནར་ཏེ།།

རང་བྱུང་འཇིགས་ཟིལ་གྱི་རྔམ་ཁ་སླེབ་ཀྱིན་ཡོད་འདྲ། །

 

འཁོར་བའི་ཕུན་ཚོགས་ཀྱིས་བསླུས་པའི་སྐྱེ་དགུའི་ཚོགས་འདི།།

བྱམས་དང་བརྩེ་བ་འདིར་རྒྱང་ནས་རྒྱང་དུ་བཀྱེད་སྟབས། །

མྱ་ངན་གདུང་འབོད་ཀྱིས་སྲིད་པའི་རྒྱལ་ཁམས་ཀུན་ཏུ། །

ཉིན་དང་མཚན་མཐུད་ཀྱིས་གནམ་ས་རལ་བར་བྱས་ཡོད། །

 

     ཅེས་པ་འདི་མྱི་ཆེན་གྱིས་མི་ཉག་དར་རྩེ་མདོ་རུ་བྲིས།

nachan | རྩོམ་ཡོངས་ཀློག་པ།(1530) | ལན་སློག(15)
སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན།
2011-12-22 21:17:24

སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན

ནང་པ་སངས་རྒྱས་པའི་སེམས་ཁམས་རིག་པ་གཞིར་བཞག་བྱས་ན། རང་རེའི་དཀའ་རྙོག་མང་ཆེབ་ནི། ང་ཚོས་འཁྲུལ་ཤེས་ཀྱིས་དངོས་པོ་ཐམས་ཅད་རྟག་པ་བདེན་གྲུབ་ཏུ་བཟུང་སྟེ་ཆགས་ཞེན་ཤུགས་ཆེ་དང༌། འདོད་རྔམས་དྲག་པོ་བྱས་པ་ལས་བྱུང་བ་ཡིན། རང་རེས་ཆགས་ཞེན་དང༌། འདོད་རྔམས་ཀྱི་བསྒྲུབ་བྱ་དོན་ལ་འཁྱོལ་བའི་ཆེད་དུ། དགྲ་གཤེད་དང་འགྲན་སེམས་ཀྱི་གནས་སྟངས་འཛིན་པ་དེ་ནུས་ལྡན་གྱི་བྱ་ཐབས་ངོ་མ་ཡིན་པ་ལྟ་བུས་བསམ་བློའི་འཆར་སྒོ་བྱ་སྤྱོད་ཐོག་བདེབླག་ཏུ་བསྒྱུར་ཏེ་འཁྲུག་རྩོད་འཕེལ་རྒྱས་གཏོང་བ་དེ་མངོན་གསལ་ཅན་གྱི་ནུས་ཤུགས་དངོསཐོག་བྱུང་བ་ཞིག་རེད། བསམ་སྤྱོད་ཀྱི་རིམ་པ་འདི་དག་ནི། གདོད་མ་ཉིད་ནས་འགྲོ་བ་མིའི་སེམས་སུ་ཡོད་བཞིན་པ་དེ་ལྟར་ཡང༌། དེང་རབས་ཀྱི་གནས་སྟངས་ཐོག་དེ་དག་ལག་ལེན་བསྟར་ཕྱོགས་ཀྱི་ནུས་ཤུགས་སྔར་ལས་ཆེ་བར་གྱུར་ཡོད། རང་རེས་འདོད་ཆགས་དང༌། ཞེ་སྡང༌། གཏི་མུག་ཅེས་པའི་དུག་རིགས་འདི་དག་བཀག་སྡོམ་དང༌། ཚོད་འཛིན་ཇི་ལྟར་བྱེད་ཐུབ་བམ། གང་ལགས་ཤེ་ན། འཛམ་གླིང་འདི་ནང་གི་དཀའ་རྙོག་རེ་རེའི་རྒྱབ་ཏུ་དུག་རིགས་འདི་དག་ཅི་རིགས་ཤིག་ཡོད་པར་སྣང༌།

            ཁོ་བོ་རང་ཉིད་ནང་པ་སངས་རྒྱས་པའི་ཐེག་པ་ཆེན་པོའི་ཆོས་ལུགས་ནང་འཚར་ལོངས་བྱས་པ་ཞིག་ཡིན་པའི་ཆ་ནས་བྱམས་པ་དང༌། སྙིང་རྗེ་ནི་འཛམ་གླིང་ཞི་བདེ་དང་ཡ་རབས་སྤྱོད་བཟང་གི་རྒྱུ་དང་སྤུན་ལྟ་བུ་ཡིན་པར་བསམ། སྔོན་ལ་ངོས་ཀྱིས་སྙིང་རྗེ་ཞེས་པའི་གོ་དོན་གསལ་ཙམ་ཞིག་བརྗོད་རྒྱུར། སྐྱེ་བོ་གང་ཞིག་གིས་ཤིན་ཏུ་དབུལ་ཞིང་ཕོངས་པའི་མི་ཞིག་ལ་ཡ་ང་བ་དང༌། སྙིང་རྗེ་སྐྱེ་བའི་སྐབས་སུ། གང་གིས་དབུལ་ཕོངས་དེ་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་འདོན་གྱི་ཡོད་ཅིང༌། དེ་ནི་སྙིང་རྗེ་སྐྱེ་ཡུལ་ཕོ་མོ་གང་ཡང་རུང་བ་དེ་དབུལ་ཕོངས་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་ཡིན། དེ་བས་ན་སྐྱེ་བོ་དེའི་སྙིང་རྗེ་དེ་ནི་གཞན་ཕན་སེམས་ཁུར་གྱི་གཞི་རྩར་བརྟེན་པ་ཞིག་ཡིན། ཕྱོགས་གཞན་ཞིག་གི་ཆ་ནས། རང་གི་ཆུང་མའམ། ཁྱོ་བོ། བུ་ཕྲུག ཡང་ན་ཉེ་བའི་མཛའ་གྲོགས་བཅས་ལ་བརྩེ་སེམས་སྐྱེ་བ་ནི་ཆགས་ཞེན་གྱི་གཞི་ལས་བྱུང་བ་ཡིན། གང་གི་ཆགས་ཞེན་དེ་ལ་འགྱུར་བ་འགྲོ་སྐབས་སུ་དེའི་བྱམས་སེམས་ལའང་འགྱུར་བ་འགྲོ་བ་མ་ཟད། བྱམས་སེམས་དེ་ཉམས་བརླག་ཏུ་འགྲོ་བའང་ཡོད་སྲིད། འདི་ནི་བརྩེ་སེམས་ངོ་མ་མ་ཡིན། བརྩེ་སེམས་ངོ་མ་ནི་ཆགས་ཞེན་གྱི་གཞི་ལས་བྱུང་བ་མ་ཡིན་པར། གཞན་ཕན་གྱི་སེམས་སྐྱེད་འབའ་ཞིག་ལ་བརྟེན་ནས་བྱུང་བ་ཡིན། སྐབས་དོན་འདིའི་ཐད་ལ། འགྲོ་བ་སེམས་ཅན་མཐའ་དག་ཇི་ཙམ་སྡུག་བསྔལ་གྱིས་མནར་བཞིན་ཡོད་པ་དེ་ཙམ་དུ་རང་གིས་གཞན་ལ་ཕན་པ་སྒྲུབ་པའི་སེམས་འཁུར་བསྐྱེད་པ་ཡིན་ན། རང་ཉིད་ཀྱི་སྙིང་རྗེ་ཉམས་མེད་པར་རྒྱུན་གནས་ཐུབ་པ་ཡིན།

            འདི་ལྟ་བུའི་སྙིང་རྗེ་ཞིག་རང་རེའི་རྒྱུད་ལ་སྐྱེད་འཕེལ་ཡོང་ཐབས་སུ་འབད་བརྩོན་བྱས་ཏེ་ཚད་ཡོད་ཀྱི་སྙིང་རྗེ་དེ་ཚད་མེད་ཀྱི་སྙིང་རྗེ་ཞིག་ཏུ་ཡར་རྒྱས་ངེས་པར་གཏོངདགོས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཉེ་རིང་བྲལ་ཞིང༌། བཅོས་མ་མིན་པ། ཚད་མེད་པའི་སྙིང་རྗེ་སྐྱེས་པ་དེས་རང་གི་ཉེ་གྲོགས་སམ། ནང་མིར་འཛིན་པའི་སྤྱིར་བཏང་གི་བརྩེ་སེམས་དེ་རིགས་མ་ཡིན་པའི་ཁྱད་ཆོས་གསལ་བར་མངོན་ཐུབ། སྤྱིར་བཏང་གི་བརྩེ་སེམས་དེ་རིགས་ནི་མ་རིག་པ་དང༌། འདོད་སྲེད་ཆགས་ཞེན་འདི་དག་གི་ལྷད་ཞུགས་པ་ཞིག་ཡིན། རང་རེས་བརྩེ་སེམས་ཇི་ལྟ་བུ་ཞིག་སྐྱེད་དགོས་ཟེར་ན། རང་ལ་གནོད་འཚེ་བྱེད་མཁན་གྱི་དགྲ་བོ་ལའང་བྱམས་པ་དང་བརྩེ་བའི་སེམས་སྐྱེད་པ་དེ་འདྲ་ཞིག་དགོས།

            སྙིང་རྗེ་སྐྱེ་བའི་རྒྱུ་མཚན་ནི། རང་རེ་སྐྱེ་འགྲོ་མ་ལུས་པ་བདེ་བ་འདོད་ཅིང༌། སྡུག་བསྔལ་མི་འདོད་པ་གཅིག་མཚུངས་སུ་ཡོད་པ་དེ་ཡིན། བདེ་བ་འདོད་པའི་བློ་སྐྱེད་དུ་འཇུག་མཁན་ང་ཞེས་རྟག་པར་འཛིན་པའི་ཤེས་པ་དེ་ཡིན། དངོས་དོན་ཐོག་སེམས་ཅན་ཐམས་ཅད་འདོད་ཚུལ་འདྲ་མཚུངས་ཀྱི་ཐོག་ནས་སྐྱེ་བ་བླངས་པ་ཤ་སྟག་ཡིན་པས། དེ་དག་ཚང་མའི་རེ་འདོད་ཡོངས་སུ་བསྐོང་བའི་ཐོབ་ཐང་ཡང་འདྲ་མཉམ་ཞིག་ངེས་པར་དུ་དགོས་པ་ཡིན། ངོས་རང་དང༌། གྲངས་ལས་འདས་པའི་སེམས་ཅན་གྱི་ཁྱད་པར་བསྡུར་ན། ང་མི་གཅིག་ཡིན་པ་དང༌། གཞན་དག་མང་པོ་ཡིན་པའི་རྒྱུ་མཚན་གྱི་ཆ་ནས་སྐྱེ་འགྲོ་གཞན་རྣམས་རང་ཉིད་ལས་གལ་གནད་ཆེ་བར་བསམ་གྱི་ཡོད། དེ་མ་ཚད། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཐོག་ནས་སེམས་ཅན་ཐམས་ཅད་རང་གི་སྙིང་ནས་བརྩེ་བའི་མ་ལྟ་བུར་བལྟ་དགོས་པ་དང༌། དེ་དག་ཚང་མར་བརྩེ་སེམས་ལྡན་པའི་སྒོ་ནས་དྲིན་གཟོ་བྱ་དགོས་པའི་སློབ་སྟོན་ བྱེད་སྲོལ་ཡོད། ནང་པ་སངས་རྒྱས་པའི་ལྟ་བ་གཞིར་བཞག་བྱས་ན། རང་རེ་ཚང་མས་གྲངས་ལས་འདས་པའི་སྐྱེ་བ་ཡང་ནས་ཡང་དུ་བླངས་དང་ལེན་རྒྱུ་མ་ཟད། སེམས་ཅན་རེ་རེས་ཀྱང་རང་གི་ཕ་མ་བྱས་དང་བྱེད་སྲིད་པ་དེ་ལྟར་ཡིན། འབྲེལ་ལམ་འདིའི་ཐོག་ནས་འཇིག་རྟེན་ཁམས་ཀྱི་སྐྱེ་འགྲོ་ཚང་མས་ཁྱིམ་ཚང་གཅིག་གི་ནང་མི་ལྟ་བུའི་འབྲེལ་བ་མཉམ་དུ་སྤྱོད་བཞིན་ཡོད།

            ཆོས་ལ་ཡིད་ཆེས་མིན་ལ་མ་ལྟོས་པར། བྱམས་བརྩེ་དང་སྙིང་རྗེ་བྱུང་བར་དགའ་ཚོར་མི་བྱེད་མཁན་སུ་ཡང་མེད། རང་རེ་སྐྱེས་མ་ཐག་པ་ནས་ཕ་མའི་བྱམས་སྐྱོང་འོག་ཏུ་གནས་ཡོད་པ་དང༌། དེ་རྗེས་མི་ཚེའི་རིང་ན་བ་དང༌། རྒ་བའི་སྡུག་བསྔལ་མྱོང་སྐབས་སུའང་གཞན་གྱི་བཀའ་དྲིན་ལ་བརྟེན་དགོས་པ་ཡིན། ང་ཚོའི་མི་ཚེའི་ཐོག་མཐའ་བར་གསུམ་དུ་གཞན་གྱི་དྲིན་ལ་བརྟེན་དགོས་པ་ཡིན། དེ་བས་ན་མི་ཚེའི་བར་མར་གཞན་ལ་བྱམས་བརྩེའི་བྱ་བ་མི་སྒྲུབ་པ་གང་ཡིན་ནམ།

            འགྲོ་བ་མི་ཚང་མར་དགའ་ཉེའི་འདུ་ཤེས་འཛིན་པའི་སེམས་བཟང་པོ་ཞིག་སྐྱེ་བར་བྱེད་པ་ལ། ང་ཚོས་རྒྱུན་གཏན་ཉམས་ལེན་བྱེད་པའི་ཆོས་དད་རྣམ་དག་ཅིག་དགོས་པའི་ཁྱབ་པ་མེད། སེམས་བཟང་པོ་བྱེད་པ་འདི་ནི་ཆོས་ལ་ཡིད་ཆེས་བྱེད་མཁན་ཙམ་མ་ཡིན་པར། མི་རིགས་དང༌། ཆོས་ལུགས། སྲིད་དོན་ལ་སོགས་པར་མ་ལྟོས་པའི་སྐྱེ་བོ་ཚང་མའི་དོན་དུ་དགོས་པ་ཡིན། སེམས་བཟང་པོ་འདི་བཞིན། རང་ཉིད་སེམས་ཅན་གཞན་ལས་ཁྱད་པར་འཕགས་པའི་འགྲོ་བ་མིའི་ཁྱིམ་ཚང་གི་ནང་མི་ཞིག་ཡིན་པའི་སེམས་ཁུར་འཛིན་མཁན་སྐྱེ་བོ་ཕོ་མོ་གང་རུང་དང༌། ཕུགས་རྒྱང་རིང་ཞིང༌། རྒྱ་ཆེ་བའི་དངོས་པོ་ཀུན་གྱི་རང་བཞིན་ཤེས་རྟོགས་ཐུབ་མཁན་སྐྱེ་བོ་སུ་རུང་གི་ཆེད་དུའང་དགོས་པ་ཡིན། སེམས་བཟང་པོ་བྱེད་པ་འདི་ནི་ང་ཚོས་ངེས་པར་དུ་ལག་ལེན་དངོས་བསྟར་དང་འབྲེལ་བའི་ཡར་རྒྱས་གཏོང་དགོས་པ་ཞིག་ཡིན་རུང༌། རང་རེས་དེ་ལས་ལྡོག་སྟེ་ཕལ་ཆེར་དོ་སྣང་མི་བྱེད་པ་དང༌། ལྷག་པར་ལོ་ཚད་དར་མའི་རིང་དེར་རང་ཉིད་བདེ་ཐང་དུ་རློམ་པའི་འདུ་ཤེས་འཁྲུལ་པ་ཉམས་སུ་མྱོང་བའི་ཚེ་སེམས་བཟང་པོ་བྱེད་པ་འདི་སྣང་མེད་ལིང་བསྐྱུར་དུ་འཇོག་པ་ཡིན།

            སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང༌། སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་པའི་དངོས་ཡོད་གནས་ཚུལ་དེ་ལ་ཕུགས་ཡུན་རིང་པོའི་ཆ་ནས་གནད་འགག་དང་ལྡན་པར་བརྩི་བ་དང༌། གྲངས་ལས་འདས་པའི་སེམས་ཅན་གཞན་དག་དང་བསྡུར་ན། རང་ཉིད་ཉེ་འབྲེལ་ལྟོས་ཕྱོགས་དང་བཅས་པ་དེ་གལ་གནད་ཆེན་པོ་མིན་པ་རང་རེའི་སེམས་སུ་བཅངས་པ་ཡིན་ན། རང་ཉིད་སྒེར་གྱི་འདོད་ཡོན་ལོངས་སྤྱོད་རྣམས་གཞན་དག་དང་མཉམ་སྤྱོད་བྱེད་པ་དེ་ནི་དོན་དང་ལྡན་པ་ཞིག་ཡིན་ངེས་ཐག་གཅོད་བྱེད་ཐུབ། འདི་ལྟ་བུའི་ལྟ་ཚུལ་ཐོག་བློ་སྦྱོང་ཐུབ་པ་ཡིན་ན། གཞན་ལ་བྱམས་བརྩེ་དང༌། གུས་བཀུར་བྱེད་པའི་འདུ་ཤེས་ངོ་མ་དང་ལྡན་པའི་སྙིང་རྗེའི་བསམ་པ་བཅོས་མ་མིན་པ་ཞིག་འབྱུང་སྲིད་པ་ཡིན། རང་ཉིད་བདེ་ཐབས་འབའ་ཞིག་དོན་གཉེར་བྱེད་པའི་བསམ་བློ་མཚམས་འཇོག་ཐུབ་ཚེ་གཞན་ལ་བརྩེ་ཞིང་ཕན་པ་སྒྲུབ་པའི་བྱ་བ་ཁྱད་འཕགས་ཡོངས་སུ་གྲུབ་པའི་ཐོག་ནས། རང་གི་བདེ་སྐྱིད་རང་ཤུགས་སུ་འབྱུང་བ་ཡིན།

            ཉིན་རེ་ཉིན་རེའི་མི་ཚེའི་ཐོག་ལ་ཕན་ཐོགས་ཆེ་ཤོས་ཆོས་ཀྱི་བསམ་བློ་ཡར་རྒྱས་བཏང་བའི་གྲུབ་འབྲས་གཞན་ཞིག་ཡོད་པ་དེ་ནི་སེམས་པ་ཞི་འཇམ་བཟོ་བ་དང༌། བློ་བག་ཕེབས་པོར་འཇོག་པ་དེ་ཡིན། རང་རེའི་མི་ཚེ་ནི་བར་མཚམས་མེད་པར་འཕོ་འགྱུར་འགྲོ་བ་དང༌། དཀའ་ངལ་མང་པོ་འདུ་བ་ཞིག་ཡིན་པས་སེམས་པ་ཞི་ཞིང་དྭངས་བར་གནས་པའི་སྐབས་སུ་དཀའ་རྙོག་མཐའ་དག་བདེ་བླག་ངང་ནས་སེལ་ཐུབ། འོན་ཀྱང་རང་རེས་དེ་ལས་ལྡོག་སྟེ་ཞེ་འཁོན་སྡང་འཛིན་དང༌། རང་གཅེས་འཛིན། ཕྲག་དོག ཁོང་ཁྲོ་བཅས་ཀྱི་དབང་དུ་སོང་བའི་སེམས་རྒོད་དེ་གཅུན་མ་ཐུབ་པའི་གནས་སྐབས་སུ། རང་རེའི་ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་དེ་ཉམས་བརླག་ཏུ་འགྲོ་བ་མ་ཟད། རང་རེའི་བློ་མིག་ལྡོང་ཞིང༌། སེམས་འཁྲུག་བློ་རྒོད་ཀྱི་གནས་སྐབས་སུ་གྱུར་སྐབས་དམག་འཐབ་བྱེད་པ་དང་བཅས་པའི་གནས་ཚུལ་གང་ཡང་འབྱུང་སྲིད་པ་ཡིན། དེར་བརྟེན་སྙིང་རྗེ་དང༌། ཤེས་རབ་ཀྱི་ཉམས་ལེན་རྒྱུད་ཐོག་ཏུ་འགེལ་བ་དེ་ནི་ཚང་མར་ཕན་རླབས་ཆེ་ཞིང༌། ལྷག་པར་དུ་རྒྱལ་སྲིད་འཛིན་སྐྱོང་གི་འགན་ཁུར་ལྡན་པ། འཛམ་གླིང་ཞི་བདེ་འཛུགས་སྐྲུན་གྱི་ནུས་ཤུགས་དང་གོ་སྐབས་ལག་ཏུ་འཛིན་མཁན་རྣམས་ལ་ཕན་རླབས་ཤིན་ཏུ་ཆེ་བ་ཞིག་ཡིན།། 

 

nachan | རྩོམ་ཡོངས་ཀློག་པ།(1336) | ལན་སློག(18)
ང་ཚོས་དགོན་སྡེའི་རིག་གནས་ཅི་ལྟར་སྦྱོང་དགོས།
2011-12-22 10:31:37

ང་ཚོས་དགོན་སྡེའི་རིག་གནས་ཅི་ལྟར་སྦྱོང་དགོས།

ང་ཚོ་གྲྭ་བཙུན་ཚང་མ་གནས་སྡོད་བྱེད་ས་འདིར་དགོན་པ་ཞེས་འབོད་ཀྱིན་ཡོད་ལ། སྔོན་ཆད་དགོན་པ་ཞེས་པ་ནི་གྲོང་ལས་རྒྱང་བཀྱེད་དེ་ཡོད་པའི་ཆོས་ཀྱི་བྱེད་སྒོ་སྤེལ་ས་ཞིག་ལ་ངོས་བཟུང་འདུག དེང་སང་མི་ཇེ་མང་དང་ས་ཇེ་ཆུང་དུ་སོང་བའམ་དུས་འགྱུར་གྱི་དགོས་དབང་གིས་དེ་འདྲའི་གནས་འགོལ་བོ་ཞིག་ག་ལ་ཡོད་དེ་རྙེད་ཐུབ་མེད་དོ། ། དེ་ཕྱིར་དགོན་པ་ནི་དབེན་པའི་དོན་ཡིན་ལ་དབེན་ཚུལ་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དབེན་སྟངས་ཡོད་པ་ནང་བཞིན་ང་ཚོ་གྲྭ་བཙུན་རང་སྟེང་ནས་དགོན་དོན་འཁྱོངས་དགོས་ལ།དེ་ཡང་སློབ་སྦྱོང་བྱ་དགོས་པའི་གདམས་དོན་འདིར་ཐུག་འདུག རྒྱུ་མཚན་ནི་ང་ཚོ་དགོན་པར་འོང་དོན་གཙོ་བོ་ཟ་གཉིད་བྱེད་རྒྱུ་ག་ལ་ཡིན། དེས་ན་སློབ་སྦྱོང་ཡག་པོ་ཞིག་བྱ་དགོས་པ་འདི་ག་རང་རེད་དོ། སློབ་སྦྱོང་བྱེད་ཚུལ་ཐད་ལ་ཡང་བོད་ཀྱི་དམ་པ་གོང་མ་དག་གིས་རི་རྩིག་རྩིག་དང་མཚོ་སྐྱིལ་སྐྱིལ་བྱས་ཡོད་པས་ཀུན་གྱིས་རང་རང་ས་ནས་གཟིགས་དགོས་ཚོད་དུ་གདའ།

འདིར་གདམས་དོན་ང་ཚོ་གྲྭ་བཙུན་ཚོར་འོས་སུ་མཐོང་བའི་ལེགས་བཤད་ཅིག་དྲངས་ན། རྒྱ་གར་བ་གན་ངྷིས། སང་ཉིན་འཆི་རྒྱུ་ཡིན་པ་ལྟར་འཚོ་བ་རོལ། གཏན་དུ་འཚོ་དགོས་པ་ནང་ཞིན་སློབ་གཉེར་གྱིས། ཞེས་བཤད་འདུག་པའི་སྐད་ཆ་འདིའི་སྟེང་བསམ་བློ་བཏང་ཡོང་དུས།དངོས་གནས་འདང་རྒྱག་རྒྱུ་ཞིག་འདུག ཁོང་གིས་སྐད་ཆ་འདི་འཛམ་གླིང་ས་སྒང་རིལ་མོའི་སྟེང་གི་མི་ཚོགས་ལ་གདམས་པ་ཡིན་ལས་ཆེ་ཡང་། གཙོ་བོ་མི་ཆོས་དོན་དུ་གཉེར་མཁན་དག་ལ་ཅི་ཆ་མོད། ང་ཚོ་སྟོན་པ་སངས་རྒྱས་པའི་རྗེས་འཇུག་གམ་ཆོས་ལུགས་མི་སྣ་ཡོངས་ནས་བསླབ་དོན་འདི་གདམས་པའི་མཐིལ་དུ་བཟུང་ནས་ནང་བསྟན་ཆོས་ལུགས་གཙོ་བོར་གྱུར་བའི་རིག་གནས་སྣ་ཚོགས་པར་སྦྱོང་བ་ཤ་ཐང་ཐང་གིས་འབད་རྒྱུ་ནི་གནད་ཀྱི་དོན་པོ་ཡིན་ནོ། །

དེས་ན་ཤ་ཐང་ཐང་གིས་ཡུལ་གང་ཞིག་ལ་ཚུལ་ཇི་ལྟར་འབད་དགོས་པ་རེད་ཅེ་ན། དགོན་སྡེ་ཞིག་ལ་མཚོན་ན་སངས་རྒྱས་ཆོས་ལུགས་གཞི་རྐང་དུ་བཞག་སྟེ་རིག་གནས་མཐའ་དག་ལ་བརྩོན་པ་ཡང་དག་གིས་འགྲུས་པར་བྱ་རྒྱུ་ནི་བཤད་མ་དགོས་པ་ཞིག་རེད། འོན་ཀྱང་སངས་རྒྱས་ཆོས་ལུགས་ལའང་ཆོས་ལུགས་ཀྱི་འདུ་ཤེས་དང་རིག་གནས་ཀྱི་འདུ་ཤེས་ཉིས་ཆར་ནས་བལྟས་ཏེ་སྦྱོང་དགོས་འདུག དེ་མིན་ཆོས་ལུགས་ཀྱི་འདུ་ཤེས་རིག་པའི་གཏིང་མཐར་ཟུག་ཆེས་ན་འགལ་རྐྱེན་ནམ་དོགས་སློང་དཔྱོད་འཇུག་གི་བློ་རྩལ་འདོན་མི་ཐུབ་པའི་སྣང་བ་སླེབས་ཡོང་ལ། བསྟན་དོན་དེ་གནས་ལུགས་ཡང་དག་ཡིན་མིན་གྱི་བརྡར་ཤ་གཅོད་དུས་ཉམས་མྱོང་དང་རིགས་ཚུལ་གྱི་དབང་ཚད་གཙོ་བོར་བྱེད་པ་ལས་གསུང་རབ་ཀྱི་དབང་ཚད་དང་དད་པ་གཙོ་བོར་བཟུང་ན་ཡར་སྐྱེད་ལ་དེ་འདྲའི་ནུས་མི་ཐོན་པ་འདྲ། ཕྱོགས་གཞན་ཞིག་ནས་བསམ་བློ་ཞིག་བཏང་ན། གདན་ས་ཁག་གི་ཡིག་ཆ་སོ་སོ་ལ་མཚོན་ནའང་ལུང་མི་མཐུན་པའི་རིགས་གང་མང་ཞིག་གོང་བསྒྲིགས་ཏེ་རྟོག་ཞིབ་དཔྱོད་འཇུག་གི་རིན་ཐང་སུ་ཆེ་ལྟ་སྐབས་ངེས་པར་དུ་རང་གི་ཡིག་ཆའི་དབང་ཚད་གཙོ་བོར་མི་འཇོག་པར་མྱོང་སྟོབས་དང་རིགས་ཚུལ་གྱིས་ཚད་མར་སྒྲུབ་དགོས་པ་ཡིན་ལ། དེ་ལྟར་རིག་གནས་ཤིག་གི་སྣང་ཚུལ་གྱི་སྟེང་ནས་ཐོས་བསམ་སློབ་གཉེར་གྱི་གང་ལེགས་མཛད་ན་ཆོས་ལུགས་རྣལ་མའི་འདུ་ཤེས་ནི་ངང་ངམ་ཤུགས་ཀྱིས་འཁྲུངས་འོང་བ་ཞིག་ཡིན་པ་ནི་ཆོས་ཉིད་ཡིན།

གཞན་གསར་རྙིང་རིས་མེད་ཀྱི་གདན་ས་མང་ཆེ་བས་གྲྭ་ས་གཞན་གྱི་ཡིག་ཆ་དང་རིག་གནས་གཞན་པར་ལྟ་རྟོག་བགྱིས་ན་ཡག་པོ་མི་རྩི་བར་འདུག་པས་དེ་ནི་གཏན་ནས་མི་འོས་པར་མཐོང་སོང་། འོན་ཀྱང་རང་གི་ཡིག་ཆ་ཞིབ་གསལ་ཞིག་མ་ངེས་པར་རང་སྣང་གང་དྲན་གྱིས་ཡིག་ཆ་སྣ་ཚོགས་བཀླགས་ན་ལས་དང་བོ་བ་ཞིག་ལ་མཚོན་ན་ཕན་ལས་གྱོང་ཆེ་བར་མཐོང་ལ་གདན་ས་ཆེ་ཁག་བླ་གྲྭ་རྒན་པ་ཚོས་དགོངས་པ་བཞེས་སྟངས་ཀྱང་འདི་ཡིན་ན་ཐང་། ད་དུང་དཔེ་མང་ཀློག་པ་ཤེས་རབ་འཆལ་བའི་རྒྱུ་ཟེར་བའི་བཤད་སྲོལ་ཞིག་ཡོད་པ་དེའང་འདི་ལྟ་བུའི་ཅི་ཡང་མི་སློབ་པའི་བྱིས་བློའི་ཁྲོད་འབྱམས་པའི་གཟུ་ལུམ་པ་དག་ལ་སྨྲས་པར་གདོན་མི་ཟའོ། ། 

དེ་མིན་རང་ལུགས་གཏད་སོ་ཡོད་པའམ་རང་གི་སྦྱང་གཞིའི་གཞུང་དག་མཐིལ་ལུང་རིགས་མྱོང་གསུམ་གྱི་སྒོ་ནས་ཞུན་ཐུར་ཆོད་པ་དག་ལ་ནི་རང་སེམས་ཐོས་ནོར་གྱི་མཛོད་དུ་སྒྲུབ་དགོས་པ་དམ་པ་གོང་མ་དག་གི་སྤྱི་འགྲོས་སུ་སྣང་ལ། ཁྱད་པར་དུ་དེང་སྐབས་རིས་མེད་གདན་ས་ཁག་གི་གྲྭ་ཚང་སོ་སོའི་དགེ་བཤེས་དང་མཁན་པོ་དག་གིས་མདོ་སྔགས་ཀྱི་གཞུང་རྒྱ་ཆེན་པོ་དག་མཐར་ཕྱིན་ཀྱང་རང་གི་མཚམས་སྦྱོར་ཙམ་ཡང་ཡིག་ཐོག་ཏུ་འབྲི་འགོད་བྱ་མ་ཤེས་ན་དངོས་གནས་ཡི་མུག་པ་ཞིག་རེད། སྔོན་ཆད་ཀྱི་དགེ་བཤེས་དང་མཁན་པོ་དག་གི་ཁྲོད་ན་དེ་འདྲ་ཡོད་ལ་དེ་ནི་སྔོན་གྱི་དུས་རབས་ཏེ།དུས་རབས་ཉེར་གཅིག་པའི་མི་རབས་གསར་བའི་ཁྲོད་དུ་ཚོང་ལས་དེ་འདྲ་འཁོར་སྐྱོད་བྱེད་ས་ཡོད་མདོག་ཁ་བོ་མ་རེད་དོ། །

རྒྱུ་མཚན་དེ་དག་གི་ཕྱིར་ན་གསར་རྙིང་རིས་མེད་ཀྱི་གདན་ས་ཁག་གི་དགེ་བཤེས་དང་མཁན་པོ་རྣམ་པ་ཚོས་དབུ་བསྐུལ་ཏེ་ངེས་པར་དུ་རིག་གནས་སྣ་ཚོགས་པར་འབད་དགོས་ལ། ཁྱད་པར་དུ་དགེ་ཕྲུག་ཡ་རབས་ཚོར་རིག་གནས་སྣ་ཚོགས་པར་སྦྱོང་བའི་གོ་སྐབས་སྟེར་དགོས་པ་ནི་དུས་རབས་ཀྱིས་སྤྲད་པའི་ལས་གཞི་རླབས་ཆེན་ཞིག་ཏུ་མཐོང་ལ། དེ་ནི་ནང་བསྟན་རིག་གནས་འདི་སྲུང་བྱེད་ཀྱི་ལྕགས་རི་ལྟ་བུ་ཞིག་མ་ཡིན་པའི་ངེས་པའང་མི་འདུག་སྙམ་མོ། ། 

རིག་གནས་སྣ་ཚོགས་ཞེས་པ་འདི་ཡང་བོད་ཀྱི་བརྡ་སྤྲོད་སུམ་རྟགས་དང་སྙན་ངག་ཙམ་ནི་གཏན་ནས་མ་ཡིན་ཏེ། ཕྱི་ནང་ཐུན་མོང་གིས་སྤྱོད་པའི་རིག་གནས་གསར་རྙིང་མཐའ་དག་ལ་གོ་དགོས་པ་ཡིན། འོན་ཀྱང་བསྐྱར་དུ་བཤད་དགོས་པ་ཞིག་ལ་རང་གི་ཆོས་ལུགས་རིག་གནས་ཀྱི་སྦྱངས་པ་སྔོན་སོང་གི་སྒོ་ནས་མ་གཏོགས་གང་དྲན་གྱི་སྒོ་ནས་གྲྭ་བཙུན་བྱིས་པ་དག་གིས་རིག་གནས་སྣ་མང་ལ་ལྟ་ཀློག་བྱས་ན་ཆེས་འཇིགས་སུ་རུང་བའི་གཡང་ས་ལྟ་བུའི་ལོག་ལམ་དུ་མི་འགྲོ་བའི་ངེས་པའང་མེད་དོ། །

དེང་གི་སློབ་སྦྱོང་བྱེད་ཐབས་མ་འགྲིག་པའི་རྐྱེན་ནམ་གང་ལྟར་ང་ཚོ་གདན་ས་ཁག་གི་དགེ་བཤེས་དང་མཁན་པོ་ཟེར་བ་མང་ཆེ་བས་ཁྲི་ཐོག་ནས་བཤད་དུས་འཚོ་བ་བྱ་འཚོལ་བྱེའུ་འཚོལ་ཟེར་གྱིན་འཁོར་བའི་ཕུན་ཚོགས་ལ་སྙིང་བོ་མེད་ཚུལ་དང་ཆོག་ཤེས་དགོས་ཚུལ་སོགས་བྲག་ཐོག་ནས་རྦབ་ཆུ་འཕྱོ་བ་ནང་བཞིན་འཆད་ཀྱང་དོན་གྱི་འགག་ལ་ཐུག་ཡོང་དུས་དཔལ་འབྱོར་གྱི་མཛེས་མ་དེས་འདོད་ཆུང་ཆོག་ཤེས་ཀྱི་ཕོ་སར་དེ་ཡོངས་སུ་བཟི་བར་བྱས་ཤིང་ཉོན་མོངས་པར་བྱས་པ་གྲངས་ཀྱིས་ཟིན་ཚོད་མི་འདུག བསྟན་དོན་ལག་ལེན་དུ་འཁེལ་རྒྱུ་འདི་ནི་སྙིགས་མའི་རང་མཚང་ཕྱོགས་སུ་བརྡོལ་བའི་དུས་འདིར་ཧ་ཅང་གིས་སྒྲུབ་དཀའ་བ་ཞིག་རེད་མོད་དེ། འོན་ཀྱང་ང་ཚོ་ན་གཞོན་དག་གིས་ཁ་མིག་ཡར་ལྟ་བྱེད་སའི་གོང་རིམ་རྒན་པ་ཡོན་ཚད་མཐོན་པོ་ཅན་རྣམས་ཀྱིས་ལག་ལེན་དུ་མི་འཁེལ་ན། ཆོས་ལུགས་རིག་གནས་ཀྱི་རྩི་མར་སྣུམ་པོ་ཞིག་སེམས་རྩ་ཡོད་མེད་ཙམ་གྱི་གྲྭ་བཙུན་འོག་མ་དག་གིས་ནི་སྒྲུབ་ཁག་པོ་ཡིན་ཏེ། གྲྭ་བས་ཆུང་འཐུང་ན་ཁྱིམ་པ་ལྟ་ཅི་སྨྲས་ཞེས་པའི་བརྡ་སྤྲོད་ཁྲིད་སྐབས་ཀྱི་དཔེར་བརྗོད་ཅིག་ཡོད་པ་ནང་བཞིན་རེད་དོ། ། 

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་འདི་འདྲ་ཞིག་གསུངས་ཡོད་དེ། ཉིན་མོའི་དུས་ཀྱི་གཙང་མའི་འགྲིག་ལམ་དེ་མཚན་མོའི་མལ་ནང་ནས་རིམ་གྱིས་བཤིག་སྟེ། བྲམ་ཟེ་གདོལ་བར་སོང་བ་དང་། གདོལ་བ་བྲམ་ཟེར་གྱུར་བ་གྲངས་ཀྱིས་མི་ལོངས། ཞེས་པ་འདི་སྐབས་འདིར་དྲངས་ན་འོས་སུ་ཆེ་བར་མཐོང་སྟེ། མདོ་སྔགས་གཞུང་ལུགས་སྨྲ་བ་ལ་ཆགས་ཐོགས་མེད་པའི་དགེ་བཤེས་དང་མཁན་པོ་དག་ཉིན་མོའི་གསེར་ཁྲི་མཐོན་པོའི་སྟེང་ནས་ཡོངས་སུ་བབས་ཏེ་མཚན་མོའི་དཔལ་འབྱོར་གྱི་མལ་ནང་ན་གང་ཅིར་འགྱུར་གྱིན་ཡོད་དོ། ། འདི་དག་མཐར་གཏུགས་ན་སློབ་སྦྱོང་བྱེད་མ་ཤེས་པའམ་ལག་ལེན་གནད་འཁེལ་དུ་མ་སོང་བའི་མཇུག་འབྲས་ཤིན་ཏུ་སྐྱོ་བོ་ཞིག་ཏུ་མཐོང་ངོ་། 

ཞེས་ཚེ་ཕྱེད་ཐོས་པར་གཟད་པའི་རྟོག་གེ་བ་སྒང་བ་བོད་ཀྱི་མྱི་ཆེན་གྱིས་རྒྱ་ནག་གི་གྲོང་ཁྱེར་པདྨ་ཅན་དུ་བྲིས།

nachan | རྩོམ་ཡོངས་ཀློག་པ།(1361) | ལན་སློག(16)
བརྩེ་བར་ཕུལ་བའི་སྙན་ངག་གསོན་པོ།
2011-12-10 10:13:54

བརྩེ་བར་ཕུལ་བའི་སྙན་ངག་གསོན་པོ།

89.12.10 ལ་ཕུལ་བ།

ཁྱེད་ཀྱི་རེ་བཞག་གངས་དཀར་ལྗོངས་ལས་བཀྱེས། །

ཁྱེད་ཀྱི་མངའ་ཐང་གནམ་སའི་མཐོངས་ལས་བརྒལ། །

ཁྱེད་ཀྱི་སྣང་སེམས་ཞི་བདེའི་འོད་ཀྱིས་བརྐྱངས། །

ཁྱེད་ཀྱི་མཛད་བཟང་སྐྱེ་རྒུའི་ཁམས་དང་སྙོམས།།

 

དེ་ཕྱིར་ཁྱེད་ནི་གངས་ཅན་དབུགས་དབྱུང་གི །

འཚོ་བའི་བདེན་ལུགས་རྩོད་པའི་གླུ་སྐད་ཅིག །

ཡངས་པའི་ས་ཆེན་འགུལ་བའི་དྲན་པའི་ཕུག །

བྱམས་བརྩེ་ཟླ་འོད་དཀར་བོ་འཁྱིལ་ནས་ཡོད།།

 

ལུང་རིགས་མེ་སྟག་འགྱུ་བའི་ཆོས་ཚོགས་ཀྱི། །

གྲོང་རྡལ་གང་དག་འཁོར་བའི་ཟུར་མིག་སྟེ། །

སྲིད་འབྱོར་རིག་པས་བརྡར་བ་མང་དྲགས་པས།།

ཕྱི་ཕྱག་ཐུབ་པར་བགྱིས་པ་གྲངས་མི་ཟིན། །

 

རིགས་ཞེན་གཉུག་མ་སེམས་ཀྱི་གུར་ཁང་ལས། །

ཞེ་མཚལ་འཕྱུར་བའི་རླབས་ཀྱིས་རྩེན་པའི་ཁྱུ། །

མི་བསྲུན་གདུག་པའི་མཚོན་ལ་ལྷུང་བའི་ཟིལ། །

དམྱལ་བའི་མེ་མདག་ལས་ཀྱང་ཐུ་བར་སྐད། །

 

སྐྱིད་སྣང་ལོ་ཟླས་བརླགས་པའི་འགྲོ་ཚོགས་ཀྱི། །

སེམས་ཁ་ལྷོ་སྤྲིན་འཕུར་བའི་གདངས་ལ་རྩེན། །

རང་དབང་བགས་ཀྱིས་ཟོས་པའི་ཉི་འོག་གི །

སྲིད་པའི་གྲོང་ཚོམ་ཐུགས་ཀྱི་ཟེ་བར་ཟུངས། །

 

མ་མཐོང་གྲོགས་ཚོགས་སྐྱོང་བའི་ཉིན་ཞག་ཕྲེང་། །

སྐྲ་དཀར་གཉེར་མས་འདེད་པའི་ཚུལ་མཐོང་ན།།

སྣང་བ་ཐོལ་གྱིས་མཆེད་འདྲའི་ཀུན་རྟོག་གི །

རླབས་གཤོག་མཛེས་པོ་རྒྱང་རིང་ལྷོ་མཐར་ཟུག །

 

བརྩེ་བ་གཏིང་མཐའ་དཔོག་དཀའི་རྒྱ་མཚོ་ཞིག།

གངས་ཀྱི་སུལ་ལ་འཁྱིལ་བའི་སྨོན་འདུན་གྱིས། །

ཁྱེད་སར་སྤྲིངས་པའི་སྙན་ངག་གསོན་པོ་འདི། །

མྱི་ཆེན་སྨྱོན་པས་ཞེ་སེམས་རྨང་ནས་ཕུལ། །

 

ཁྲིན་ཏུའུ།

nachan | རྩོམ་ཡོངས་ཀློག་པ།(1918) | ལན་སློག(22)
དེང་གི་སྙན་ངག་འདི་ཚོར་རྐང་མེད་ཀི
2011-12-8 22:01:51

དེང་གི་སྙན་ངག་འདི་ཚོར་རྐང་མེད་ཀི

༼གྲྭ་བཙུན་ཚོས་སྙན་འབྲི་མི་ཤེས་ཞེས་པར་འཕྲོས་པ།༽

 

ང་ཚོའི་ན་གཞོན་རྩོམ་རིག་ལ་དུངས་པ་ཡོད་མཁན་མང་ཆེ་བ་ཞིག་གི་འདང་རྒྱག་སྲོལ་ཞིག་ནི།བོད་དར་སྙན་ངག་གི་མགོ་དེ་མེ་ལོང་མ་ནས་བརྩིས་ཏེ་དཔྱད་སྟངས་འདི་འོང་བ་རེད་སྙམ་པ་དྲན་བྱུང་། རྒྱུ་མཚན་གང་གིས་ཤེས་ཞེ་ན།ང་ཚོའི་བཙན་པོ་གོང་མ་རིམ་བྱོན་གྱི་དུས་དང་བོད་སིལ་བུའི་སྐབས་སོགས་སུ་སྙན་ངག་གི་ཚབ་མཚོན་མང་གླུ་དང་མགུར་གླུ།ལ་གཞས་སོགས་མི་ཆོས་ཀྱི་འཚོ་བ་མཚོན་པའི་སྙན་ངག་གང་མང་ཞིག་ཡོད་པ་སྨྲ་མ་དགོས་མོད།འོན་ཀྱང་གཞུང་ལུགས་རང་བཞིན་གྱི་སྙན་ངག་རྩོམ་གཞུང་ཞིག་ཕལ་ཆེར་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་མེ་ལོང་མ་བསྒྱུར་བ་ནས་དབུ་བརྙེས་པ་ལྟ་བུ་ཞིག་ཆགས་ཡོད་ལ། དེ་དུས་ཀྱི་སྙན་ངག་གི་འབྲི་སྟངས་ཡང་མང་ཆེ་བ་རྒྱ་གར་རང་སྲོལ་གྱི་དཔེ་མཚོན་དང་མཛེས་དཔྱོད་ལྟ་བུ་སོགས་ཀྱིས་མཚོན་ཏེ་མངོན་བརྗོད་དང་ཚིག་རྒྱན་གྱིས་སྤྲས་ཅི་ཐུབ་དང་སྤུད་གང་ཐུབ་བྱས་ནས་མང་ཁྲོད་འཚོ་བའི་དགོས་མཁོར་མ་དམིགས་པར་མ་ཟད། འཇིག་རྟེན་གྱི་འཚོ་བའི་རྨང་སྲོལ་དང་གཞི་རྐང་ལས་རིང་དུ་གྱེས་ཏེ་ཆོས་གླུ་དང་བསྟོད་གླུ་སོགས་ཚོར་བས་དབུལ་བའི་སྣང་བ་སྐྱིད་པའི་མགུར་གླུ་རྐྱང་རྐྱང་དུ་མཐོང་བས་ཚིག་རྒྱན་གྱི་རོལ་རྩེད་ཙམ་ཞིག་ཏུ་མཐོང་བར་སྣང་།མེ་ལོང་མ་དར་མགོ་ཚུགས་པ་ནས་བཟུང་སྟེ་སྙན་ངག་ཟེར་བ་འདི་ནི་མཁན་སློབ་གྲྭ་བཙུན་ཚོའི་ཆོས་གྲྭའི་སྒོ་ཐེམ་གཡས་གཡོན་དང་མི་དྲག་སྐུ་དྲག་དག་གི་ཕོ་བྲང་གི་ཁོར་ཡུག་ཁོ་ནར་སྦྱོང་རྒྱུ་ཞིག་དང་འབྲི་རྒྱུ་ཞིག་ལས་མང་ཚོགས་ཀྱི་ཁྲོད་ནས་ལོངས་སྤྱོད་རྒྱུ་ཞིག་མིན་པའི་ཚད་དུ་བཞག་པའམ་དེ་ལྟ་བུ་ཞིག་ཏུ་གྱུར་བའི་སྟབས་ཀྱིས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་སྣང་ཚུལ་ལས་ཡོངས་སུ་བརྒལ་ཏེ།དགོན་པའི་རྒྱབ་རི་དང་འདུ་ཁང་གི་གསེར་ཏོག་མཐོན་པོས་ནམ་མཁའ་ཕིགས་ཚུལ་ནས་བྱ་བྱེའུ་འབའ་འབུས་ཆོས་གླུ་བླངས་ཏེ་འཁོར་བར་ཕྱི་ཕྱག་བགྱིས་ཚུལ།ཚངས་སྲས་བུ་མོ་ལྷོ་མཐའི་མཚོ་ངོགས་ནས་པི་ཝང་དཀྲོལ་ཏེ་རང་གི་ཁབ་ཏུ་བྱོན་ཚུལ་དང་རང་ཉིད་ཆེས་དགའ་སའི་བླ་སྐྱ་དཔོན་གསུམ་ལ་མཚན་བཟང་དཔེ་བྱད་སྣ་ཚོགས་ཀྱིས་སྤྲས་ཡོད་ཚུལ་སོགས་ལབ་སྟེ། གནམ་འོག་གི་སྐྱིད་སྡུག་བསྣོལ་མར་འཐབ་པའི་འབངས་མི་ཚོགས་ཀྱི་འཚོ་བའི་བདེ་སྡུག་གི་རོ་བཅུད་ཕུན་སུམ་ཚོགས་པའི་སྐད་ཆ་གཅིག་ཀྱང་ཕལ་ཆེར་བརྗོད་མེད་པར་ཟད་ལ།ད་དུང་གྲོང་སྐད་དང་ཡུལ་སྐད་སོགས་ཀྱིས་སྙན་ངག་གི་མཛེས་པར་གྱོང་སྟེར་ཚུལ་སོགས་ལབ་ནས་རང་གི་རང་གི་མྱི་སྐད་རྣལ་མའི་ཚིག་གྲུབ་ཀྱི་བརྡ་ཆད་ཙམ་ཡང་སྐྱོན་དུ་བལྟས་ཏེ་མངོན་པར་བརྗོད་པའི་ཚིག་ཡིན་ཟེར་ནས་རྒྱ་གར་འཚོ་བའི་ཁྲོད་ཀྱི་བཙོ་སྦྱངས་ལས་སྨིན་པའི་རིག་བྱེད་གཏམ་རྒྱུད་དག་གི་ཐ་སྙད་སྐམ་པོ་དག་སྤུངས་ཏེ་ཆོས་དང་སྲིད་གང་ལའང་མི་ཕན་པའི་སྟོང་གླུ་རྐྱང་རྐྱང་གི་གར་འཁྲབས་པས།སྙན་ངག་ཟེར་ན་འབངས་མི་སེར་ཁྲོད་ནས་མི་གོ་ཞིང་གོང་བླ་དཔོན་སྐུ་དྲག་ཚོའི་ཁྲོད་ནས་ངེས་པར་དུ་གོ་བ་སྣ་ཚོགས་ལེན་རྒྱུ་ཡོད་པའི་རོལ་རྩེད་མོད་པོ་ཞིག་སྟེ། སྤྱི་ལོའི་དུས་རབས་བཅུ་གསུམ་པ་ནས་དུས་རབས་ཉི་ཤུ་བའི་བར་དུ་བྱུང་བའི་བོད་སྤྱི་ཚོགས་འཚོ་བའི་གདུང་སེམས་ཀྱི་འགན་འཁྲི་མི་ལྡན་ཞིང་རིས་ལྟ་ཕྱོགས་འཛིན་གྱི་རང་སྡེ་གཡོ་ཇུས་ཀྱིས་འཕྲོག་རྩོད་ལ་འབད་པའི་བོད་ཀྱི་སྙན་ངག་པའི་དཔུང་སྡེ་ལས་མཆེད་པའི་སྙན་ངག་གི་མཛེས་པ་དང་དགེ་མཚན།ཡང་ན་འཇོན་ཐང་དང་ཚོར་བ་ཡིན་སྐད་དུ་མཐོང་། རྒྱུ་མཚན་དེ་དག་གི་དབང་གིས་སྙན་ངག་ནི་དངོས་ཡོད་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་བདེན་ལུགས་དང་སེམས་སྒྲ།ཡང་ན་འཁོར་བའི་བདེ་སྡུག་ལས་སྨིན་པའི་བརྩེ་ཞིང་གདུང་བའི་གཉུག་གཤིས་ཀྱི་བང་རིམ་རེ་རེ་ལས་འཁྲུངས་དགོས་ཟེར་བའི་རྣམ་དཔྱོད་ཡོད་མདོག་གི་ང་རྒྱལ་ཅན་འདི་དག་གི་བློ་ངོར་གནའ་རབས་ཀྱི་སྟོང་གླུ་དང་ཆོས་གླུ་ལེན་མཁན་དག་མི་འཚམ་པའམ་མ་བབས་པའི་རྐྱེན་གྱིས།གསར་བུ་སྣང་མཐོ་དེ་དག་གིས།འཇིག་རྟེན་གྱི་འཁོར་བར་ཕྱི་ཕྱག་གི་གཟན་སྣེ་དགོང་ནས་གཡུགས་ཤིང་སྤྱི་ཚོགས་འཚོ་བའི་འགན་འཁྲི་ཐེད་ལ་བོར་བའི་གྲྭ་བཙུན་དག་ལ་ནི།འཁོར་བའི་མཚོ་ངོགས་ལས་འབུས་པའི་མཛེས་སྡུག་གི་སྙན་ངག་དང་དུངས་བརྗོད་ཀྱི་བརྩེ་བ་གསོན་པོ་ཞིག་་་་་་ཡང་ན་ཚོར་རྟོག་གི་མི་སྐད་སྣུམ་པོ་ཞིག་ཡོང་ཐུབ་མེད་ཟེར་གྱིན་ཡོད་པ་འདྲ།

འོ་ན་འཁོར་བའི་བདེ་སྡུག་དང་འཇིག་རྟེན་སྣང་བ་མིག་གིས་མཐོང་བ་དང་ལྕེ་ལ་འགུགས་པ།གཡོ་ཟོལ་གྱིས་རོལ་བ་དང་བཙན་གྱིས་མྱོང་བ་དག་ལ་ནི་དེ་བས་ཀྱང་རླབས་ཆེ་བའི་སྙན་ངག་གི་མཛེས་ཚོར་དང་རྟོགས་པ་འཁྲུངས་མི་ཐུབ་ཅེས་སྐད་གཟེངས་མཐོན་པོས་བཤད་ན་འདོད་སོང་། ངས་ནི་དཔེ་མཚོན་ཙམ་ཞིག་དྲངས་ན་བོད་ཀྱི་མི་ཕོ་ཤེས་རབ་ཅན་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དང་མི་ལ་བཞད་པའི་རྡོ་རྗེ།འཇམ་མགོན་ཙོང་ཁ་བ་དང་རྗེ་འཇིགས་གླིང་བ།ཀུན་མཁྱེན་བོ་དོང་བ་སོགས་མཁྱེན་དཔྱོད་ཀྱི་བརྩེ་བ་མི་རིགས་ལ་ཟུག་པ་འདི་དག་གིས་སྙན་ངག་འབྲི་ལ་འདི་དག་གིས་མྱི་དོན་འཁྱོངས་ཡོད་ཅེས་ཡང་མགྲིན་པའི་གཟེངས་གནམ་སའི་ཧྲག་བར་ལས་བསྟོད་དེ་བཤད་ན་འདོད་སོང་།

འཚོ་གནས་ཀྱི་བདེན་དོན་རྣོ་དབལ་གྱི་རལ་གྲིའི་སོ་ཁར་ལྷུང་ན།དོན་དམ་ཚོར་རྟོག་གི་བརྩེ་བ་གསོན་པོ་ཞིག་གིས་ལྡེག་དགོས་པས།རང་གི་སྤྱི་ཚོགས་ཀྱི་དགའ་སྐྱོ་འདྲེས་མའི་འཚོ་བར་འཐིམ་པའི་གཉུག་གཤིས་ཀྱི་མཛེས་པ་སུ་ལ་ཡོད་ན་དེ་དག་གིས་ནི་སྙན་ངག་འབྲི་ལ་དེ་དག་གིས་ནི་མྱི་དོན་འཁྱོངས། བོད་ཀྱི་སྤྱི་སྲོལ་རྣལ་མའི་བླ་སྲོག་ཀྱང་དེ་དག་གིས་སྲུང་ཐུབ་ཅེས་སྒང་བ་བོད་ཀྱི་མྱི་ཆེན་ཟེར་བའི་རྟོག་གེ་བ་མགོ་མཁྲེགས་དེས་རྒྱ་ནག་གི་གྲོང་ཁྱེར་པདྨ་ཅན་དུ་ཡི་གེར་ཕབ།

 

nachan | རྩོམ་ཡོངས་ཀློག་པ།(1551) | ལན་སློག(19)
ང་ཚོས་ལམ་ཁ་གང་ཞིག་འཚོལ་གྱིན་ཡོད།
2011-12-5 19:48:15

ང་ཚོས་ལམ་ཁ་གང་ཞིག་འཚོལ་གྱིན་ཡོད།

ང་ཚོས་ཞིབ་ཏུ་བསམ་བློ་བཏང་ཡོང་དུས་ཆོས་ལུགས་ཀྱིས་ལམ་ཁ་གཙོ་བོ་གང་འདྲ་ཞིག་འདེམ་གྱིན་ཡོད་པ་དང་། སྲིད་ལུགས་ཀྱིས་ལམ་ཁ་གཙོ་བོ་གང་འདྲ་ཞིག་འདེམ་གྱིན་ཡོད་པ་གཉིས་ཀྱི་སྟེང་ནས་ཆོས་སྲིད་ཟུང་འབྲེལ་ཞེས་པ་འདི་ཡང་རོབ་ཙམ་གོ་ཐུབ།

ཐོག་མར་ཆོས་ཟེར་བ་འདི་ནི་མིའི་རིགས་ཀྱིས་མཚོན་པའི་དབུགས་ལྡན་ཡོད་དོ་ཅོག་གི་ཆེད་དུ་རང་ཉིད་གཅིག་པུ་བེད་སྤྱོད་གཏོང་རུང་རུང་ཡིན་པ་དང་། རང་གཅིག་པུའི་ཆེད་དུ་སེམས་ཅན་གཞན་སུ་ཡང་གཏན་ནས་བེད་སྤྱོད་གཏོང་མི་ཆོག་པའི་ལམ་ལུགས་ཤིག་གི་འོག་འཛུལ་དགོས་པ་ཞིག་རེད་འདུག ཞིབ་གསལ་གྱིས་བཤད་ན་སེམས་ཅན་གང་མང་གི་བདེ་སྡུག་གི་ཆེད་དུ་རང་ཉིད་གཅིག་པུའི་བདེ་སྐྱིད་ཐེད་ལ་བོར་ཏེ་ཤ་ཟད་རུས་ཐུག་གིས་གཞན་ལ་ཕན་བདེ་སྒྲུབ་དགོས་པ་དང་། རང་ཉིད་གཅིག་པུའི་ཆེད་དུ་སེམས་ཅན་གཞན་གྱིས་དཀའ་ངལ་ཏིལ་འབྲུ་ཙམ་ཡང་བེད་སྤྱོད་བྱེད་མི་ཆོག་པ་སོགས་ཀྱི་བཀའ་དགོངས་ལས་འདའ་མི་ཆོག་པ་ལྟ་བུ་ཞིག་ལ་ངོས་བཟུང་འདུག

སྲིད་ཟེར་བ་འདི་ནི་རང་ཉིད་གཅིག་པུའི་བདེ་སྡུག་གི་ཆེད་དུ་སེམས་ཅན་མང་བོ་འདུལ་སྦྱོང་བྱས་ཏེ་རང་སྲིད་དགྲ་འདུལ་གཉེན་སྐྱོང་གིས་སྐྱེལ་དགོས་པ་ཞིག་སྟེ། སེམས་ཅན་ཡོད་དོ་ཅོག་གི་དབང་ཤུགས་དང་མངའ་ཐང་རང་ལ་ཐོབ་པའི་སྒོ་ནས་མི་ཚེ་ལོངས་སྤྱོད་བྱེད་དགོས་པའི་སྐྱིད་དགའ་ལོངས་སྤྱོད་ཀྱིས་འཁོར་བ་ཞིག་ལ་ངོས་བཟུང་ཡོད་པ་མ་ཡིན་ནམ།

དེས་ན་ང་ཚོས་ནམ་རྒྱུན་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁམས་ཤིག་ལོངས་སུ་སྤྱོད་རྒྱུ་མཚམས་བཞག་སྟེ་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁོངས་ཤིག་ཏུ་འཚོལ་བ་རོལ་ན་མི་འོས་སམ། ཟུང་འབྲེལ་དང་གཉིས་ལྡན་གཉིས་ལ་གོ་བ་སོ་སོར་ལེན་རྒྱུ་ཡོད་པ་ཚང་མས་ཤེས་གསལ་ལྟར་དང་། ཆོས་ཡོད་པ་ཙམ་གྱིས་སྲིད་དང་ཟུང་འབྲེལ་དུ་འགྲོ་དགོས་དོན་མི་འདུག་སྟེ། རང་རེ་དང་འདབས་འབྲེལ་བའི་མི་རིགས་དང་རྒྱལ་ཁབ་དག་གིས་ཀྱང་ཆོས་ལུགས་རིག་གནས་ཀྱིས་མཚོན་པའི་རིག་གནས་སྣ་ཚོགས་པའི་འཚོ་བ་ལོངས་སུ་སྤྱོད་ཀྱིན་ཡོད་མོད། ཁོ་ཚོས་ཟུང་དུ་སྦྲེལ་ཡོད་མེད་ང་ཚོས་ཤེས་གསལ་ཡིན་པ་རེད།

ཆོས་ལུགས་ཀྱི་བསམ་བློའི་ཁྲོད་རིགས་ཀྱི་འདུ་ཤེས་རྩ་བ་ཉིད་ནས་དོར་དགོས་ཤིང་གཙོ་བོ་རིག་གཞུང་ཞིག་གི་དགོས་མཁོའི་ཁྲོད་ནུར་གྱིན་ཡོད་པ་ལྟ་བུའི་འདུ་ཤེས་སབ་སིབ་ཅིག་རེད། སྲིད་དོན་བསམ་བློ་ནི་དེ་ལྟ་བུ་ཞིག་གཏན་ནས་མ་ཡིན་པར་ངེས་པར་དུ་རིགས་ཀྱི་འདུ་ཤེས་མཐོར་འདེགས་དང་སད་རྟོགས་འོང་ཆེད་རིགས་ཀྱི་མངའ་ཁོང་རྒྱ་བསྐྱེད་པ་དང་སྲ་བརྟན་དུ་གཏོང་བ་སོགས་ཉོན་མོངས་དུག་ལྔའི་འཁོར་ལོ་ཅི་དགར་སྐོར་གྱིན་ཡོད་དོ།

བླ་མ་བརྩེ་བའི་བདག་ཉིད་གང་དེས་ཆོས་ལུགས་ཀྱིས་མིའི་རིགས་ཀྱིས་མཚོན་པའི་དབུགསལྡན་ཡོད་དོ་ཅོག་ལ་བྱམས་བརྩེ་བསྐྲུན་ཏེ་ཞབས་འདེགས་ཞུ་དགོས་པ་ལས་ཡོད་ཚད་ཆོས་ལུགས་དབང་བསྒྱུར་དགོས་པ་ཞིག་གཏན་ནས་གསུང་གིན་མེད་དོ། དེས་ན་འུ་ཚོས་ཆོས་སྲིད་ཀྱི་གོ་བ་རྣལ་མ་ཞིག་ལོན་གྱིན་མེད་དོ། །དཔེར་ན་དཔལ་འབྱོར་བ་ཞིག་གིས་ནང་ཆོས་ཉམས་ལེན་གྱི་སྐོར་རང་གི་ཆེད་ལས་དང་ཟུང་འབྲེལ་བྱས་ན་མཇུག་འབྲས་ཅི་འབྱུང་བློས་དཔོག་དཀའ་བ་ཞིག་མ་ཡིན་ནམ། དེ་ཕྱིར་འུ་ཚོས་རང་བདེ་ཐབས་ཀྱིས་སྐྱོང་དགོས་པས་ཡོད་ཚད་ཆེད་ལས་སུ་བསྒྲུབས་ན་ཉོག་དྲ་མང་བོ་སླེབས་ངེས་པ་ཡིན་ནོ།

ཞེས་སྒང་བ་བོད་ཀྱི་མྱི་ཆེན་གྱིས་མདང་གི་གཏམ་གླེང་ཞིག་གི་རྐྱེན་བྱས་ཏེ་རྒྱ་ནག་གི་གྲོང་ཁྱེར་པདྨ་ཅན་དུ་ཤར་མར་སྤེལ།

 

 

nachan | རྩོམ་ཡོངས་ཀློག་པ།(1488) | ལན་སློག(15)
འབྲེལ་ཡོད་ནང་དོན་ 49 ཡོད།<<<12345>>>
 
Powered by Oblog.