མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
ངས་བཟོས་པའི་པར་དེབ་དང་པོ། 分享按钮
འབྲོང་ཕྲུག་གི་མཚན་མོ།
རྟོགས་བརྗོད་མདུན་ལེགས་མ།
[ 2018-6-5 16:08:18 | By: lhachen ]
 

རྟོགས་བརྗོད་མདུན་ལེགས་མ།

༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །འཇིག་རྟེན་མཐོ་རིས་བྱང་གྲོལ་ལྟ་བའི་མིག །སྲིད་ལམ་འཁྱམས་པས་དུབ་པའི་ངལ་གསོའི་གནས། །བདེ་ལེགས་རྩ་བ་དྲིན་ཅན་བླ་མ་དང༌། །རྗེ་བཙུན་མཁྱེན་པའི་གཏེར་གྱི་ཞབས་ལ་འདུད། །འབད་པ་ཆུང་ངུས་རླབས་ཆེན་ཚོགས་སྡུད་ལ། །དགེ་ལ་རྗེས་སུ་ཡི་རང་མཆོག་ཏུ་གསུངས། །ཁྱད་པར་རང་གིས་སྔོན་བྱས་དགེ་བ་ལ། །རློམ་སེམས་བྲལ་བས་དགའ་བ་ཆེར་བསྐྱེད་ན། སྔོན་བྱས་དགེ་བ་གོང་དུ་འཕེལ་ལོ་ཞེས། །རྒྱལ་བས་གསུངས་པའི་དོན་དེ་བསྒྲུབ་ཕྱིར་དང༌། །དགོས་པ་གཞན་ཡང་མང་དུ་མཐོང་བས་ན། །སེམས་ཁྱོད་དགའ་བ་འདི་ལྟར་བསྐྱེད་ན་ལེགས། །དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །བླང་དོར་གནས་ལ་ཀུན་ནས་འཐོམས་པའི་མུན། །ཡང་དག་ཐོས་པའི་སྒྲོན་མེས་མ་བསལ་བར། །ལམ་མི་ཤེས་ན་ཐར་པའི་གྲོང་མཆོག་ཏུ། །འཇུག་པར་འགྱུར་བ་སྨོས་ཀྱང་ཅི་ཞིག་དགོས། །དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང༌། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །ཚུལ་འདི་བསམ་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །ཁྱད་པར་ཚུ་རོལ་མཐོང་བས་དངོས་པོ་ཡི། །དེ་ཉིད་གཏན་ལ་འབེབས་པའི་སྒོ་གཅིག་པུ། །ཡང་དག་རིགས་པའི་གཞུང་གི་དཀའ་གནད་ལ། །འབད་པ་དུ་མས་ཡང་ནས་ཡང་དུ་སྦྱངས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །མདོ་སྔགས་གཞུང་ལ་ངལ་བ་མང་བྱས་ཀྱང༌། །ཟབ་དོན་ཉམས་སུ་ལེན་དང་སྨྲ་བ་ན། །གང་ཡང་མ་བསླབས་ཅི་ཡང་མི་ཤེས་པའི། །ལྟ་བའི་ཚུལ་ལས་རིང་དུ་མ་སོང་བར། །མཐོང་ནས་ལྷག་པར་ཀླུ་སྒྲུབ་གཞུང་ལུགས་ཀྱི། །ཟབ་མོ་འབྱེད་པའི་ཕྲ་བའི་རིགས་ལམ་ནས། །ཡང་དག་ལྟ་བ་འདྲེན་པའི་གནད་ཀུན་ལ། །ལེགས་པར་སྦྱངས་ཏེ་ཐེ་ཚོམ་ཆོད་པར་བྱས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ། །ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག །རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ། །ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས། །འཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ། །དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན། །དེ་ལས་གཞན་པའི་དབང་པོ་རྟུལ་པོ་གང༌། །ཤིན་ཏུ་ཕྲད་དཀའ་གོང་ན་མེད་པའི་ལམ། །འདི་འདྲ་ཡལ་བར་འདོར་བ་ཀྱེ་མའོ་མཚར། །དེ་ཉིད་ཕྱིར་ན་རྒྱལ་བའི་ཐེག་པ་མཆོག །སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །དངོས་གྲུབ་གཉིས་ཀྱི་གཏེར་གྱུར་ཟབ་མོ་དེར། །ཞུགས་ནས་འབད་པ་མང་པོས་རིང་དུ་སྦྱངས། །ཚུལ་འདི་བསམ་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱི་ཚུལ། །མི་ཤེས་དེ་ཡིས་རྣལ་འབྱོར་བླ་མེད་རྒྱུད། །རྒྱུད་སྡེ་ཀུན་གྱི་མཆོག་ཏུ་ཐག་བཅད་ཀྱང༌། །དམ་བཅའ་ཙམ་དུ་ཟད་པར་ལེགས་མཐོང་ནས། །གསང་བ་སྤྱི་རྒྱུད་ལེགས་པར་གྲུབ་པ་དང༌། །དཔུང་བཟང་གིས་ཞུས་བསམ་གཏན་ཕྱི་མ་སོགས། །བྱ་རྒྱུད་རིགས་གསུམ་སྤྱི་དང་བྱེ་བྲག་གི། རྒྱུད་སྡེ་རྣམས་ལ་རིང་དུ་འདྲིས་པར་བྱས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །རྒྱུད་སྡེ་གཉིས་པ་སྤྱོད་པའི་རྒྱུད་རྣམས་ཀྱི། །གཙོ་བོར་གྱུར་པ་རྣམ་སྣང་མངོན་བྱང་གི། རྒྱུད་ལ་སྦྱངས་པས་སྤྱོད་པའི་རྒྱུད་ཀྱི་ཕྱོགས། །གང་ཡིན་དེ་ཡང་ལེགས་པར་ངེས་པར་བྱས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྒྱུད་རྣམས་ཀྱི། །གཙོ་བོར་དཔལ་ལྡན་དེ་ཉིད་བསྡུས་པའི་རྒྱུད། །བཤད་རྒྱུད་རྡོ་རྗེ་རྩེ་མོ་ལ་སོགས་ལ། །སྦྱངས་པས་རྣལ་འབྱོར་རྒྱུད་ཀྱི་དགའ་སྟོན་མྱོང༌། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །བཞི་པ་རྣལ་འབྱོར་བླ་ན་མེད་པ་ལ། །འཕགས་ཡུལ་མཁས་པ་རྣམས་ལ་ཉི་ཟླ་ལྟར། །ཡོངས་སུ་གྲགས་པའི་ཕ་རྒྱུད་འདུས་པ་དང༌། །རྣལ་འབྱོར་མ་རྒྱུད་ཀྱཻ་རྡོར་བདེ་མཆོག་གི། རྩ་རྒྱུད་བཤད་པའི་རྒྱུད་ལ་སོགས་པ་དང༌། །མདོ་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི། །ཤིང་རྟའི་སྲོལ་འབྱེད་དུས་ཀྱི་འཁོར་ལོའི་རྒྱུད། །གསལ་བྱེད་དྲི་མ་མེད་པའི་འོད་ལ་སྦྱངས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །དང་པོར་རྒྱ་ཆེར་ཐོས་པ་མང་དུ་བཙལ་བའི་སྐབས་ཏེ་དང་པོའོ། །༈དེ་ནས་གདུལ་བྱའི་བློ་མུན་སེལ་བའི་མཆོག །འཇམ་པའི་དབྱངས་ལ་ཤུགས་དྲག་རྒྱུན་རིང་གི། དད་པ་བརྟན་པོས་གཞུང་ལུགས་གདམས་པ་རུ། །འཆར་ཕྱིར་གསོལ་བཏབ་རྒྱུ་ཚོགས་ཀུན་ལ་འབད། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །དེ་ལྟར་འབད་པས་ཀླུ་སྒྲུབ་ཐོགས་མེད་ལས། །རིམ་བཞིན་བརྒྱུད་པའི་བྱང་ཆུབ་ལམ་རིམ་ལ། །ཐུན་མོང་མིན་པའི་ངེས་པ་རྙེད་གྱུར་ནས། །ཟབ་མོའི་གཞུང་མཆོག་ཕར་ཕྱིན་གདམས་པར་ཤར། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ། །སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ། །མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ། །བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར། །འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །དངོས་སུ་འདི་རྩོམ་འདི་ནི་མ་འོངས་དུས། །འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །གསུང་གི་གནང་བ་སྩལ་བའང་ཚད་མར་བྱེད། །དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ། །མཐོང་ནས་ལྷག་པར་ཚུལ་དེར་དཔྱད་པ་ན། །ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན། །ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས། །རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི། །བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི། །ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས། །ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །དེ་ནས་བྱང་ས་མདོ་སྡེ་རྒྱན་གཉིས་པོ། །ལེགས་པར་སྦྱར་ཏེ་ཚུལ་བཞིན་རབ་འབད་པས། །མི་ཕམ་ཆོས་རྗེའི་གཞུང་དང་རྗེས་འབྲང་གི། གཞུང་ཀུན་ཉམས་སུ་ལེན་པའི་གདམས་པར་ཤར། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །ལྷག་པར་ཟབ་ཅིང་རྒྱ་ཆེའི་གསུང་རབ་ཚོགས། །བསྒྲིགས་པའི་གོ་རིམ་ཉིད་ལས་ལམ་གྱི་གནད། །ཀུན་ལ་ངེས་སྟེར་བསླབ་པ་ཀུན་བཏུས་ལ། །བརྟེན་ནས་མདོ་སྡེ་ཀུན་ལས་བཏུས་པ་སོགས། །ཀླུ་སྒྲུབ་ལུགས་ཀྱི་གཞུང་མཆོག་དུ་མའི་དོན། །ཉམས་སུ་ལེན་པའི་རིམ་པ་ལེགས་པར་མཐོང༌། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །དེ་ནས་བསམ་གཏན་ཕྱི་མ་རྣམ་སྣང་ནི། །མངོན་པར་བྱང་ཆུབ་སངས་རྒྱས་གསང་བ་ཡིས། །ལེགས་པར་བཤད་པའི་མན་ངག་ལ་བརྟེན་ནས། །ལམ་གྱི་གནད་ཀུན་ལེགས་པར་གདམས་པར་ཤར། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །དཔལ་ལྡན་དེ་ཉིད་བསྡུས་པའི་ལམ་གྱི་གནད། །ཏིང་འཛིན་གསུམ་གྱིས་བསྡུས་པར་མཐོང་བར་ནི། །ཅུང་ཟད་སླ་ཡང་ལམ་དེར་ཟབ་མོའི་དོན། །སྒོམ་ཚུལ་རྟོགས་པར་དཀའ་བ་པཎ་ཆེན་ནི། །སངས་རྒྱས་གསང་བས་རྩ་བཤད་ཆ་མཐུན་རྒྱུད། །རྣམ་གསུམ་སྦྱར་ཏེ་ཚུལ་བཞིན་བཤད་པ་དང༌། །རྒྱུད་སྡེ་གསུམ་གྱི་ཟབ་མོའི་ཉམས་ལེན་རྣམས། །སྒོམ་རིམ་ཇི་བཞིན་བཤད་པས་བློ་མུན་བསལ། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །ཐུབ་པའི་ལེགས་བཤད་ཀུན་གྱི་མཐར་ཐུག་པ། །དཔལ་ལྡན་རྣལ་འབྱོར་བླ་ན་མེད་པའི་རྒྱུད། །དེ་ཡི་ནང་ནས་ཤིན་ཏུ་ཆེས་ཟབ་པ། །དཔལ་ལྡན་གསང་བ་འདུས་པའི་རྒྱུད་རྒྱལ་ལ། །སྨྲ་བའི་དམ་པ་ཀླུ་སྒྲུབ་འདི་སྐད་གསུང༌། །རྩ་བའི་རྒྱུད་དུ་ལམ་གྱི་གནད་རྣམས་ནི། །མཐའ་དྲུག་ཚུལ་བཞིའི་རྒྱ་ཡིས་བཏབ་སྟེ་གནས། །དེ་ཕྱིར་བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བླ་མའི་མན་ངག་ལས་ནི་ཤེས་བྱར་གསུངས། །ཚུལ་དེ་གནད་དུ་བཟུང་ནས་མན་ངག་གི། མཐར་ཐུག་མདོར་བྱས་སྤྱོད་བསྡུས་རྣམ་གཞག་སོགས། །འདུས་པ་འཕགས་པའི་སྐོར་གྱི་ཕྲན་ཀུན་ལ། །རིང་དུ་འདྲིས་པར་བྱས་ཏེ་རྩ་བའི་རྒྱུད། །སྒྲོན་མེ་ལྟ་བུར་གསལ་བར་བྱེད་པ་ལ། །བརྟེན་ནས་བཤད་རྒྱུད་ཆེན་པོ་ལྔ་དང་ནི། །ལེགས་པར་སྦྱར་ལ་འབད་པ་ཆེན་པོས་སྦྱངས། །སྦྱངས་པས་འདུས་པའི་རིམ་གཉིས་སྤྱི་དང་ནི། །ཁྱད་པར་རྫོགས་པའི་རིམ་པའི་གནས་ཀུན་རྙེད། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །དེ་ཡི་མཐུ་ལས་བདེ་དགྱེས་དུས་འཁོར་སོགས། །རྒྱུད་སྡེ་མང་པོའི་གནད་དོན་གདམས་པར་ཤར། །དེ་དག་བདག་གིས་གཞན་དུ་བཤད་པས་ན། །འདིར་ནི་རྣམ་དཔྱོད་ཅན་ལ་སྒོ་ཙམ་ཞིག །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་སྐབས་ཏེ་གཉིས་པའོ། །༈དེ་ལྟར་གདམས་པའི་གཏེར་དུ་གྱུར་པ་ན། །ཐེག་ཆེན་གཉིས་ཀྱི་ཐུན་མོང་ལམ་དང་ནི། །ཐུན་མོང་མིན་པའི་ལམ་གྱི་རིམ་པ་གཉིས། །གནད་བསྡུས་ཚང་བའི་ལམ་ལ་འདྲིས་པར་སྦྱངས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །རྒྱལ་སྲས་སྨོན་ལམ་གདྒཱའི་ཀླུང་རྣམས་ནི། །དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར། །གསུངས་ཕྱིར་དགེ་རྩ་ཇི་སྙེད་བསགས་པ་ནི། །ཀུན་ཀྱང་ཐུབ་བསྟན་རྒྱས་པའི་ཆེད་དུ་བསྔོས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་པ་དང། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས་པའི་སྐབས་ཏེ་གསུམ་པའོ། །༈རང་གི་དགེ་བ་རྒྱ་ཆེར་སྤེལ་ཕྱིར་དང༌། །རྣམ་དཔྱོད་ལྡན་པའི་སྐལ་བཟང་མང་པོ་ལ། །འཇུག་སྒོ་མ་ནོར་ཚུལ་བཞིན་བསྟན་པའི་ཕྱིར། །རང་གི་རྟོགས་པ་བརྗོད་པ་འདི་བྱས་སོ། །དེ་ལས་ཐོབ་པའི་དགེ་བའི་ཚོགས་རྣམས་ཀྱི། །རིམ་པ་འདི་ཡིས་འགྲོ་བ་མ་ལུས་ཀུན། །ཐུབ་པའི་བརྟུལ་ཞུགས་བླ་ན་མེད་བཟུང་ནས། །རྒྱལ་བ་དགྱེས་པའི་ལམ་ལ་འཇུག་པར་ཤོག །སྡེ་སྣོད་གསུམ་དང་ཞེས་སོགས་བརྗོད།

 
 
ཀོས་ནན་རྫོང་གི་ཡིག་རིས་པར་ལེན་འགྲན་བསྡུར་སྐོར་གྱི་བརྡ་སྦྱོར།
[ 2017-9-29 15:16:43 | By: lhachen ]
 

ཀོས་ནན་རྫོང་གི་སྐབས་དང་པོའི་མི་རིགས་མཐུན་སྒྲིལ་རྟགས་མ་དང་ཚོགས་ཆེན་བཅུ་དགུ་བ་བསུ་བའི་ཡིག་རིས་པར་ལེན་འགྲན་བསྡུར་སྐོར་གྱི་བརྡ་སྦྱོར།

ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསུ་བ་དང་། མི་རིགས་མཐུན་སྒྲིལ་གསར་འཛུགས་སྔར་ལས་གཏིང་ཟབ་པར་སྤེལ་ནས། རྫོང་ཡོངས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་བྱས་པའི་འབུར་ཐོན་གྲུབ་འབྲས་དང་རང་རྫོང་གི་རིགས་སོ་སོའི་མི་དམངས་ཕན་ཚུན་མཉམ་འབྲེལ་དང་འབྲེལ་འདྲིས། མཉམ་འདྲེས་ཀྱི་རྣམ་པ་མངོན་པར་མཚོན་ཆེད། རྫོང་མི་རིགས་མཐུན་སྒྲིལ་གསར་འཛུགས་གཞུང་ལས་ཁང་དང་རྫོང་མི་རིགས་ཡིག་རིས་པར་ལེན་མཐུན་ཚོགས་གཉིས་ཀྱིས་མཉམ་དུ་རང་རྫོང་གི་སྐབས་དང་པོའི་མི་རིགས་མཐུན་སྒྲིལ་རྟགས་མ་དང་ཚོགས་ཆེན་བཅུ་དགུ་བ་བསུ་བའི་ཡིག་རིས་པར་ལེན་འགྲན་བསྡུར་སྤེལ་བར་ཐག་བཅད་པས། འབྲེལ་ཡོད་གནས་ཚུལ་བརྡ་སྦྱོར་བཏང་བ་གཤམ་ལྟར།

གཅིག འགྲན་བསྡུར་གྱི་བརྗོད་གཞི།

ཚོགས་ཆེན་བཅུ་དགུ་དགའ་བས་བསུ། མི་རིགས་བརྩེ་འདང་པིར་གྱིས་མངོན། འཕེལ་རྒྱས་གྲུབ་འབྲས་ཚོན་གྱིས་གླེང་། དུས་རབས་ཉམས་འགྱུར་བརྙན་གྱིས་སྤྲོ།

གཉིས། འགྲན་བསྡུར་གྱི་རེ་བ།

འགྲན་ཞུགས་བརྩམས་ཆོས་ལ་རྒྱ་བོད་ཡིག་གཟུགས་དང་མཛེས་རིས། འདྲ་པར་བཅས་རིགས་གསུམ་ཡོད་པ་དང་ཞིབ་ཕྲའི་བླང་བྱ་གཤམ་ལྟར།

1.མཛེས་རིས་བརྩམས་ཆོས། བརྩམས་ཆོས་ཀྱི་ཆེ་ཆུང་མཐོ་ཚད་ལི་སྨི75-30བར་དང་ཞེང་ཚད་ལི་སྨི55-40བར་ཡིན། མཐའ་རྒྱན་རང་གིས་སྤྲོད་མི་དགོས་པར་གཞུང་ནས་གཅིག་གྱུར་གྱིས་སྤྲོད་རྒྱུ།

2.ཡིག་གཟུགས་བརྩམས་ཆོས། བརྩམས་ཆོས་ཀྱི་ཆེ་ཆུང་ཤོག་བུ་ཁྲེ་ཙེ4ཅན་གྱི་ཤོན་ཤོག་ཐུར་དུ་དཔྱངས་རྒྱུ་ཡིན་དགོས། ཕལ་ཆེར་མཐོ་ཚད་སྨི1.35དང་ཞེང་ཚད་སྨི0.65ཡིན། བོད་རྒྱ་ཡིག་གཟུགས་གང་རུང་ཡིན་ཆོག མཐའ་རྒྱན་རང་གིས་སྤྲོས་མི་དགོས་པར་གཞུང་ནས་གཅིག་གྱུར་གྱིས་སྤྲོད་རྒྱུ།

3.འདྲ་པར་བརྩམས་ཆོས། ཚོན་ལྡན་དང་ཚོན་མེད་གང་རུང་གི་ཨང་ཀིའི་བརྩམས་ཆོས་ཡིན་དགོས། ཡིག་ཆའི་རྣམ་གཞགJPEGཡིན་དགོས་ལ། ཆེ་ཆུང4Mལས་ཆེ་དགོས། ཡིག་ཆའི་མིང་འདོགས་ཚུལ་ནི། བརྩམས་ཆོས་ཀྱི་མིང་།-པར་བའི་མིང་།-འབྲེལ་གཏུག་ཁ་པར། ལྟར་ཡིན།

མི་གཅིག་གིས་བརྩམས་ཆོས་རིགས་གཅིག་མང་ན2ལས་འགྲན་ཞུགས་བྱས་མི་ཆོག

བཞི། འགྲན་ཞུགས་ཁྱབ་ཁོངས།

རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་དམངས་ཡོངས།

ལྔ། འགྲན་ཞུགས་ཀྱི་བྱེད་སྟངས།

བརྩམས་ཆོས་བསྡུ་ཡུན་ནི་སྤྱི་ཟླ10པའི་ཚེས་9ཉིན་ནས་སྤྱི་ཟླ10པའི་ཚེས་11ཉིན་བར་ཡིན། པར་ལེན་བརྩམས་ཆོས་རྣམས་ནི་གློག་རྡུལ་ཡིག་ཆའི་ལམ་ནས་གློག་རྡུལ་ཡིག་སྒམ་78271354@qq.comནང་དུ་སྤྱི་ཟླ10པའི་ཚེས་11ཉིན་གྱི་སྔོན་ལ་བསྐུར་ཚར་བ་བྱེད་དགོས།

དྲུག བྱ་དགའི་རིམ་པ།

འགྲན་ཞུགས་ཀྱི་བརྩམས་ཆོས་དག་ལ་ཆེད་མཁས་མི་སྣ་གདན་ཞུའི་སྒོ་ནས་ཞིབ་དཔྱད་བྱས་ཏེ་ཨང་རིམ་དང་པོ་དང་གཉིས་པ། གསུམ་པ། ཕུལ་བྱུང་བཅས་བཞི་རུ་དགར་ཏེ་བྱ་དགའ་ཕུལ་རྒྱུ་ཡིན།

ཨང་དང་པོ། བོད་ཡིག་ཡིག་གཟུགས་དང་རྒྱའི་ཡིག་གཟུགས། མཛེས་རིས། པར་ལེན་བཅས་མི་སྣ་གཅིག་རེ་དང་། དངུལ་སྒོར་500རེ་དབུལ་རྒྱུ།

ཨང་གཉིས་པ། བརྩམས་ཆོས་སྣ་རེར་མི་གཉིས་རེ་བདམས་རྒྱུ། དངུལ་སྒོར300རེ་དབུལ་རྒྱུ་ཡིན།

ཨང་གསུམ་པ། བརྩམས་ཆོས་སྣ་རེ་རེར་མི་གསུམ་རེ་བདམས་རྒྱུ། དངུལ་སྒོར་200རེ་དབུལ་རྒྱུ་ཡིན།

རྟིང་སྐུལ་བྱ་དགའ། བརྩམས་ཆོས་སྣ་རེར་མི་གཉིས་རེ་བདམས་རྒྱུ་ཡིན། དངུལ་སྒོར་100རེ་དབུལ་རྒྱུ་ཡིན་ལ་བྱ་དགའ་ཐོབ་མཁན་གྱི་མི་སྣ་ཚང་མར་མཚན་སྙན་དཔང་ཡིག་སྤྲོད་རྒྱུ་ཡིན།

བདུན། མཉམ་འཇོག་བྱ་ཡུལ།

༡ བརྩམས་ཆོས་དག་རྩོམ་པ་པོ་རང་ཉིད་ཀྱི་གསར་རྩོམ་ཡིན་དགོས་ལ་མི་གཞན་གྱི་བརྩམས་ཆོས་གཡར་བའམ་རྐུ་བཤུས་བྱས་པའི་མཇུག་འབྲས་མི་རང་ཉིད་ཀྱིས་འགན་ཁུར་དགོས་ཤིང་། སྔོན་ཆད་རང་རྫོང་དུ་འགྲན་ཞུགས་ཟིན་པའི་བརྩམས་ཆོས་དག་ཐེངས་འདིའི་དཔྱད་འདེམས་ཀྱི་གྲས་སུ་ཚུད་མི་ཐུབ།

༢ པར་རིས་ལས་གཞན་ཡིག་གཟུགས་དང་མཛེས་རྩལ་བརྩམས་ཆོས་དག་བསྐུར་ཡུལ་ནི་རྫོང་སྲིད་འཛིན་ཕྱོགས་བསྡུས་ཞབས་ཞུའི་ཐོག་ཁང་ཆེན་མོའི་511གཞུང་ལས་ཁང་དུ་ཡིན།

འབྲེལ་གཏུགས་མི་སྣ། ནོར་བུ་འབུམ། ཁ་པར། 18946889998

མང་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་མང་རྫོང་མི་རིགས་ཡིག་རིས་པར་ལེན་མཐུན་ཚོགས་ཀྱིས་སྤེལ།

2017ལོའི་ཟླ10པའི་ཚེས28ཉིན།

 

 

 
 
《མང་ཆུ་》འདོན་ཐེངས་གཉིས་པ་འགྲེམ་སྤེལ་བྱས་པ།
[ 2016-8-27 15:13:27 | By: lhachen ]
 

《མང་ཆུ་》འདོན་ཐེངས་གཉིས་པ་འགྲེམ་སྤེལ་བྱས་པ།

 

མང་ཆུ་རྩོམ་རིག་དུས་དེབ་ནི།  མང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་འགན་བཞེས་ཤིང་། མང་རྫོང་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་དང་རྩོམ་སྒྲིག་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་རྩོམ་རིག་སྒྱུ་རྩལ་གྱི་ལོ་དེབ་ཅིག་ཡིན་ལ།  འདི་ནི་མང་རྫོང་གི་ལོ་རྒྱུས་སྟེང་གི་གཞུང་གཉེར་རྩོམ་རིག་སྒྱུ་རྩལ་དེབ་ཐོག་མ་ཡིན་པ་དང་། མང་རྫོང་གི་རྩོམ་པ་པོ་རྒན་དར་གཞོན་གསུམ་གཙོ་བྱས་བོད་ཁུལ་ཡོངས་སུ་ཁ་གཏད་དེ།  སྒྲུང་གཏམ་དང་སྙན་ངག  ལྷུག་རྩོམ།   དཔྱད་རྩོམ།  བསྒྱུར་རྩོམ་མ་ཟད།  ད་དུང་རི་མོ་དང་ཡིག་གཟུགས། པར་རིས་ལ་སོགས་སྒྱུ་རྩལ་སྣ་འདུས་ཀྱི་བརྩམས་ཆོས་འགོད་ཀྱིན་ཡོད་པ་དང་།  དེབ་ཀྱི་རྒྱུ་སྤུས་དང་རྩོམ་ཡོན་ལ་སོགས་རྒྱལ་ནང་གི་ཚད་ལྡན་དུས་དེབ་ཀྱི་ཚད་གཞིར་སླེབས་ཡོད་པས། འདོན་ཐེངས་དང་པོར་དེབ་གྲངས་བཞི་སྟོང་དཔར་ནས་བོད་ཁུལ་ཡོངས་སུ་བཀྲམ་པའི་རྗེས་སུ། བོད་ཀྱི་མཁས་པ་དང་དགེ་རྒན་ཆེན་མོ།  རྩོམ་པ་པོ་ལ་སོགས་ཆེད་ལས་སྣ་མང་གི་ཀློག་པ་པོས་དགའ་བསུ་ཆེན་པོ་ཐོབ།

མང་ཆུ་ལོ་དེབ་འདོན་ཐེངས་དང་པོར་མང་རྫོང་གི་རྩོམ་པ་པོའི་བརྩམས་ཆོས་ཁོ་ན་བསྡུས་པ་ཡིན་མོད།   དེས་ནི་མང་རྫོང་གི་རྩོམ་པ་པོ་སྐྱེད་སྲིང་གི་ནུས་པ་མ་གཏོགས།   ས་གནས་དང་ས་གནས་བར་དང་།   རྩོམ་པ་པོ་དང་རྩོམ་པ་པོའི་བར།  རིག་གནས་དང་རིག་གནས་བར་དུ་བསམ་བློ་བརྗེས་རེས་དང་ཉམས་མྱོང་བསྡུ་ལེན་གྱི་ནུས་པ་ཆེན་པོ་ཐོན་དཀའ་བས།   འདོན་ཐེངས་གཉིས་པར་ཆེད་དུ་མང་རྫོང་གི་རྩོམ་པ་པོ་གཙོས་སྤྱི་ཚོགས་སྟེང་དུའང་རྩོམ་བརྡ་བཏང་ནས་བོད་ཡུལ་ཡོངས་སུ་རྩོམ་བསྡུ་དང་འགྲེམ་སྤེལ་གྱི་ནུས་པ་བརྩོན་ལེན་བྱས་པ་ཡིན་ཏེ།   མང་ཆུ་ལོ་དེབ་ཀྱི་གློག་རྡུལ་ཡིག་སྒམ་དུ་ཁྱོན་བསྡོམས་རྩོམ་ཡིག་བརྒྱ་ལྷག་འབྱོར་བ་དང་།  དེ་དག་ལས་རྩོམ་པ་པོའི་བསམ་བློའི་ལྟ་བ་དང་རྩོམ་པའི་བྱང་ཆ།   བརྩམས་ཆོས་ཀྱི་བསམ་བློའི་ནང་དོན་ལ་སོགས་པར་བལྟས་ནས།   རྩོམ་པ་པོ་༣༣གྱིབརྩམས་ཆོསའདེམཔ་དང་དེའི་སྟེང་ལ་མང་རྫོང་གི་རྩོམ་པ་པོ་གྲགས་ཅན་རྒྱ་གྲོལ་དང་གངས་འཚོ།  ནག་པོ་ལ་སོགས་མི་༦དང་བུད་མེད་རྩོམ་པ་པོ་༤ལ་རྩོམ་སྐུལ་བྱས་ནས་ཁྱོན་བསྡོམས་རྩོམ་པ་པོ་༤༣གྱི་བརྩམས་ཆོས་བཀོད་ཡོད།  གཞན་ཡང་།  འདོན་ཐེངས་གཉིས་པ་ནས་རྩོམ་རིག་རྐྱང་བའི་རྣམ་པ་ནས་ཐོལ་རྒལ་གྱིས་ཡིག་གཟུགས་དང་རི་མོ།  པར་རིས་སོགས་སྒྱུ་རྩལ་སྣ་མང་ཅན་དུ་བསྒྱུར་ཡོད་པས།  ཐེངས་འདིའི་མང་ཆུ་རྩོམ་རིག་ལོ་དེབ་ཏུ།  རང་རྫོང་གི་བྲིས་པ་མིང་གྲགས་ཅན་དང་རི་མོ་བ་གྲགས་ཅན།  པར་བ་གྲགས་ཅན་༤ལ་བརྩམས་ཆོས་ཆེད་སྒྲིག་པར་ངོས་བཟོས་ཡོད་པ་སྟེ།  དེ་དག་གི་པར་བ་ཟི་ཁྲང་ཆིན་དང་ཚེ་བརྟན་དོན་གྲུབ།  བྲིས་པ་ལྕང་སྐྱེས་རྟ་མགྲིན་དང་རི་མོ་བ་ཀླུ་ཚང་བསོད་ནམས་འབུམ་བཅས་ཡིན་པ་དང་།  ཆེད་སྒྲིག་འདི་མུ་མཐུད་དུ་སྤེལ་ནས་མང་ཆུ་ནི་རྩོམ་རིག་བརྩམས་ཆོས་མ་ཟད།  ད་དུང་རི་མོ་དང་ཡིག་གཟུགས།  པར་རིས་སྒྱུ་རྩལ་འགོད་སའི་སྟེགས་བུ་ཆེན་པོ་ཞིག་ཏུ་བརྩོན་མུས་ཡོད།  གཞན་ཡང་།  མང་ཆུ་ལོ་དེབ་ལ་མང་རྫོང་ས་ཁུལ་གྱི་རྩོམ་པ་པོ་གདན་འདྲེན་ཞུས་ནས་རྩོམ་སྒྲིག་བྱ་བ་གཉེར་དུ་འཇུག་གིན་ཡོད་པ་སྟེ།  སྒྲུང་གཏམ་ལེ་ཚན་གྱི་རྩོམ་སྒྲིག་པར་དགེ་རྒན་སྟག་འབུམ་རྒྱལ་དང་།   ཚིགས་བཅད་སྙན་ངག་གི་རྩོམ་སྒྲིག་པར་དགེ་རྒན་སྒྲོམ་བརྟན།   རང་མོས་སྙན་ངག་གི་རྩོམ་སྒྲིག་པར་གངས་བུ་འབྲུག་ལྗང་།   ལྷུག་རྩོམ་སྙན་ངག་དང་ལྷུག་རྩོམ་གྱི་རྩོམ་སྒྲིག་པར་ལྡོང་ལུག་རྫི་དང་ཚེ་བྱམས་ཡག།   དཔྱད་རྩོམ་གྱི་རྩོམ་སྒྲིག་པར་ལོ་རྒྱུས་ཉམས་ཞིབ་པ་གངས་འཚོ་སོགས་གདན་འདྲེན་ཞུས་ཡོད།   

མདོར་ན། མང་ཆུ་ལོ་དེབ་ནི་རྩོམ་རིག་སྒྱུ་རྩལ་དེབ་ཅིག་ཡིན་པའི་ཆ་ནས།  ང་ཚོས་རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་ལ་ཤུགས་སྣོན་དང་རང་གཤིས་འབུར་ཐོན་བྱས་ཐོག  ཐོག་མཐའ་བར་གསུམ་དུ་སྲོལ་རྒྱུན་དང་དེང་རབས།   དུས་རབས་ཀྱི་སྙིང་སྟོབས་དང་མི་རིགས་ཀྱི་ཁྱད་ཆོས་དམ་པོར་སྦྲེལ་བ་བརྒྱུད།  འཆམ་མཐུན་དང་གཅིག་གྱུར་གྱི་དམིགས་ཚད་དུ་བསླེབས་པར་འབད་པ་རྒྱུན་འཁྱོངས་བྱས་པའི་དུས་མཚུངས་སུ།   རང་འགུལ་སྒོས་བོད་ཀྱི་ཕུལ་བྱུང་རྩོམ་རིག་སྲོལ་རྒྱུན་རྒྱུད་འཛིན་བྱེད་པ་དང་།   གཞན་རིགས་ཀྱི་ཁྱད་དུ་འཕགས་པའི་རྩོམ་རིག་གསར་རྩོམ་གྱི་བྱེད་ཐབས་ལ་སློབ་སྦྱོང་དང་མཐོང་ཆེན་བྱེད་པ།   དུས་དེབ་ཀྱི་གཞི་རྩའི་ཁྱད་ཆོས་བརྟན་བརླིང་གི་རང་བཞིན་རྒྱུན་འཁྱོངས་བྱེད་བྱས་ཏེ།   དུས་དང་རྣམ་པ་ཀུན་ཏུ་དུས་དེབ་ལ་ལེགས་བཅོས་དང་གསར་གཏོད་བྱེད་པའི་མོས་འདུན་མི་ཀློད་པའོ། །

 
 
མང་རྫོང་མི་རིགས་སློབ་འབྲིང་གིས་སྐབས་གཉིས་པའི་དཔེ་ཀློག་དུས་ཆེན་བསུས་པ།
[ 2016-4-25 7:36:11 | By: lhachen ]
 

མང་རྫོང་མི་རིགས་སློབ་འབྲིང་གིས་སྐབས་གཉིས་པའི་དཔེ་ཀློག་དུས་ཆེན་བསུས་པ།

ཟླ༤བའི་ཚེས༢༠ཉིན་ནས་ཚེས༢༥ཉིན་བར་མང་རྫོང་མི་རིགས་སློབ་འབྲིང་གིས་འཛམ་གླིང་དཔེ་ཀློག་ཉིན་མོ་བསུ་བ་དང་རང་སློབ་གྲྭའི་སྐབས་གཉིས་པའི་དཔེ་ཀློག་དུས་ཆེན་གྱི་བྱེད་སྒོ་སྤེལ་བ་རེད། ཐེངས་འདིའི་དཔེ་ཀློག་དུས་ཆེན་ནི་མང་རྫོང་མི་རིགས་སློབ་འབྲིང་གི་སློབ་ཨུ་དང་སློབ་སྟོན་ཁང་གིས་རྩ་འཛུགས་བྱས་ཤིང་།  བྱེད་སྒོའི་ནང་དོན་ལ་འཛིན་གྲྭ་སོ་སོའི་དཔེ་ཀློག་གི་བཟང་ངན་འབྱེད་པ་དང་སློབ་གྲོགས་སོ་སོའི་དཔེ་ཀློག་གི་མང་ཉུང་བསྡུར་བ།   ལག་བྲིས་ཚགས་པར་དང་དཔེ་ཀློག་མྱོང་ཟིན་འགྲན་པ།   ད་དུང་དགེ་སློབ་གཉིས་ཀྱིས་དཔེ་ཀློག་མྱོང་ཚོར་གཏམ་བཤད་དུ་སྤེལ་བ་བཅས་ཀྱིས་གྲུབ་པ་ཞིག་ཡིན་པས།   འགྲན་ཞུགས་པ་ཆེས་མང་ཞིང་འགྲན་པའི་རྣམ་གྲངས་ཆེས་ཆེ་བའི་བྱེད་སྒོ་ཞིག་ཀྱང་ཡིན་པ་རེད།

གཞན་ཡང་།     ཟླ༤བའི་ཚེས༢༥ཉིན་གྱི་ཕྱི་དྲོར་སློབ་གྲྭའི་ལུས་རྩལ་ར་བ་རུ་དགེ་སློབ་གཉིས་ཀྱི་དཔེ་ཀློག་མྱོང་ཚོར་གྱི་གཏམ་བཤད་འགྲན་བསྡུར་བྱས་ཤིང་།   ཐེངས་འདིའི་འགྲན་བསྡུར་ལ་རང་སློབ་གྲྭའི་ལོ་རིམ་སྡེ་ཁག་གསུམ་གྱི་དགེ་སློབ༣༥ཞུགས་ཡོད་ལ།    དཔྱད་འདེམ་དགེ་རྒན་དག་གིས་འགྲན་ཞུགས་པའི་གཏམ་བཤད་ཀྱི་བརྗོད་གཞིའི་ནང་དོན་དང་དལ་ལྷོད་རན་པའི་བརྩེ་དུང་གི་ཉམས་འགྱུར།    གསལ་དག་སྙན་གསུམ་གྱི་སྐད་གདངས།   གར་སྟེགས་ཀྱི་གཟི་ཉམས།   བློ་འཛིན་གྱི་ནུས་པ་ལ་སོགས་ཕྱོགས་ལྔ་ནས་དགེ་སློབ་གཉིས་ཀྱི་གཏམ་བཤད་ཀྱི་ནུས་པར་དཔྱད་འཇོག་གནང་།

སྤྱིར་ས་གཞི་ཡོངས་ལ་གསོན་ཤུགས་ཀྱི་དཔལ་འབར་བའི་སྤྱི་ཟླ་བཞི་བ་འདིའི་ནང་དུའཛམ་གླིང་རང་བཞིན་གྱི་ཉིན་མོ་གལ་ཆེན་ཁ་ཤས་ཤིག་ཡོད་ལ། དེ་དག་ལས་ཀྱང་གལ་ཆེ་ཞིང་དོན་སྙིང་ཧ་ཅང་ཆེ་བ་ཞིག་ཡོད་པ་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་རེད། འཛམ་གླིང་དཔེ་ཀློག་ཉིན་མོ་ནི་སྤྱི་ལོ༡༩༩༥ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ལུགས་གསར་ཀྱི་ཟླབའི་ཚེས༢༣ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཡིན་པ་གཏན་ཁེལ་དང་ཁྱབ་བསྒྲགས་བྱས་པ་ཡིན། དེ་བཞིན་དུ་མང་རྫོང་མི་རིགས་སློབ་འབྲིང་གི་དཔེ་ཀློག་དུས་ཆེན་ནི་སྤྱི་ལོ༢༠༡༥ལོར་གསར་དུ་སྤེལ་བ་ཞིག་ཡིན་པ་དང་།    ད་ལོ་ནི་སྐབས་གཉིས་པ་ཡིན་པས་དུས་ཆེན་གྱི་དམིགས་ཡུལ་དང་གཙོ་སྙིང་།   སྒྲིག་གཞི་སོགས་གང་ཐད་ནས་སྔར་ལོ་དང་མི་འདྲ་བའི་ཁྱད་ཆོས་འབུན་དུ་ཐོན་ནས་དགེ་སློབ་ཡོངས་ཀྱི་གདེང་འཇོག་ཚད་མཐོན་པོ་ཐོབ།

དཔེ་ཀློག་གིས་ང་ཚོའི་མིག་རྒྱ་རྒྱང་དུ་བསྐྱེད་ཐུབ་པར་མ་ཟད།    ང་ཚོའི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་ལ།  རྨོངས་པའི་མུན་པ་སེལ་ཏེ་ཤེས་རབ་ཀྱི་སྒྲོན་མེ་འདེགས་པར་བྱེད་ཅིང་།  ཕུགས་བསམ་མངོན་འགྱུར་ཡོང་བའི་རེ་བའི་མེ་ལྕེ་སྦར་ཐུབ་ངེས་ཡིན།

གལ་ཏེ་ཁྱེད་ནི་དཔེ་དེབ་ལ་བལྟ་རྒྱུར་དགའ་བའི་མི་ཞིག་ཡིན་ན་རྒྱུན་པར་དཔེ་ཀློག་གྱིས་དང། དཔེ་ཀློག་གིས་ང་ཚོའི་མི་ཚེར་བསྒྱུར་བཀོད་བྱེད་ནུས་ཤིང་།   ང་ཚོས་འཇིག་རྟེན་ལ་བསྒྱུར་བཀོད་བྱེད་ཐུབ་པ་ཡིན།

མེ་གླིང་ལྷོ་མའི་སྙན་ངག་པ་བྷོར་ཧུ་ཟི་ཡིས། ངའི་འཆར་སྣང་ཁྲོད་ཀྱི་ལྷ་ཡུལ་ནི་དཔེ་མཛོད་ཁང་ཞིག་དང་འདྲ་ཞེས་གསུངས་མྱོང་། དཔེ་མཛོད་ཁང་དེ་ལྟ་བུའི་ནང་གི་དགེ་རྒན་དག་གི་དཔེ་ཀློག་གོམས་གཤིས་ལ་ཡི་རངས་དང་བཀུར་བསྟིས་འཇོག་དགོས།

རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན། ། དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །   ང་ཚོས་ལག་བྲིས་ཚགས་པར་ནས་མགོ་བརྩམས་ཏེ་རང་ཉིད་ཀྱི་དཔེ་ཀློག་གོམས་གཤིས་བསྐྱངས་ཡོད།

འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི། ། ཐོག་མ་ཉིད་ནས་ཤིན་ཏུ་འབད་པར་རིགས།།  ངའི་དཔེ་ཀློག་གི་གོམས་སྲོལ་གྱིས་ཁྱོད་ལའང་དཔེ་ཀློག་གི་གོམས་གཤིས་ཆགས་པར་སྐུལ་མ་གཏོང་གིན་ཡོད།

བོད་ཡིག་ལ་སྒྲ་གཟུགས་དོན་གསུམ་གྱི་འདུས་མ་སྟེ། གཟུགས་མིག་ལ་མཛེས་པ་དང་། སྒྲ་རྣ་བར་སྙན་པ། དོན་ཡིད་ལ་འབྱོར་བའི་ཡོན་ཏན་གསུམ་དང་ལྡན།   འདི་ལྟ་བུའི་བོད་ཡིག་གི་བརྩམས་ཆོས་མི་བཀླགས་པའི་ཚད་མེད་ཀྱི་བརྩམས་ཆོས་ཡིན་ལ།   ང་ཚོས་ཀྱང་ཁྱོད་ཅག་དཔེ་ཀློག་ལ་སྐུལ་བཞིན་ཡོད།

རིག་པ་སྨྲ་བ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། རོ་དང་མཚུངས་པའི་ལུས་པོ་འདི།། ག་དུས་ཤི་ཡང་མི་འགྱོད་དེ།། གསེར་དང་མཚུངས་པའི་རྣམ་དཔྱོད་དག། མཉམ་དུ་ཤི་ན་ཤིན་ཏུ་ཕངས།། ཞེས་གསུངས་པ་ནང་བཞིན།    དཔེ་ཀློག་གི་གོམས་གཤིས་ལྡན་པའི་སློབ་མ་གཟེངས་སུ་བསྟོད་འོས།

དཔེ་དེབ་ཁྲི་ཕྲག་ཀློག་པ་ན། སྨྱུག་རྩེ་ལྷ་ཡིས་བསྒྱུར་དང་མཚུངས།། ཞེས་གསུང་བ་ནང་བཞིན།   དཔེ་ཀློག་མི་བྱེད་པའི་མི་དེ་ནི་མདུན་ལམ་མེད་པའི་མི་ཡིན་ཞིང་།    དཔེ་ཀློག་མི་བྱེད་པའི་མི་རིགས་ནི་མདུན་ལམ་མེད་པའི་མི་རིགས་ཡིན་པ་རེད་དེ།    དེ་བས།   དཔེ་ཀློག་གཙོ་བོར་འཇོག་པའི་མི་རིགས་ནི་ངེས་པར་དུ་ཤེས་རིག་འབར་བའི་མི་རིགས་ཤིག་ཡིན་སྲིད་ལ།  དཔེ་ཀློག་གཙོ་བོར་འཇོག་པའི་སྤྱི་ཚོགས་ནི་ངེས་པར་ཡིད་ཆེས་ཀྱིས་ཁེངས་པའི་སྤྱི་ཚོགས་ཤིག་ཡིན་སྲིད་པ་དང་།   དེ་བཞིན་དུ་དཔེ་ཀློག་གཙོ་བོར་འཇོག་པའི་སློབ་གྲྭ་ནི་ངེས་པར་དུ་བདེ་ཐང་དང་གསོན་ཤུགས་ཀྱིས་ཁེངས་པའི་སློབ་གྲྭ་ཞིག་ཡིན་སྲིད་པ་གོར་མ་ཆག་གོ །

 
 
མང་རྫོང་གི་གཟའ་ཉི་མའི་ཁ་བརྡ་དང་ལྕང་སྐྱེས་རྟ་མགྲིན་གྱི་ཡིག་གཟུགས་འགྲེམ་སྟོན།
[ 2016-4-16 17:43:42 | By: lhachen ]
 



༄༅། །མང་རྫོང་གི་གཟའ་ཉི་མའི་ཁ་བརྡ་ཐེངས་བཅུ་བ་དང་གཞོན་སྐྱེས་བྲིས་པ་ལྕང་སྐྱེས་རྟ་མགྲིན་གྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་དང་དཔྱད་གླེང་ཚོགས་འདུ་བསྡུས་པ།

མང་རྫོང་གི་གཞོན་སྐྱེས་བྲིས་པ་ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་གྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་དེ་ཟླ༤པའི་ཚེས༡༥ཉིན་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པ་རུ་སྤེལ་བ་དང་། ཐེངས་འདིའི་ཡིག་གཟུགས་འགྲེམ་སྟོན་ནི་ཡིག་མཁན་ལྕང་སྐྱེས་རྟ་མགྲིན་གྱི་མི་སྒེར་གྱི་ཡིག་གཟུགས་འགྲེམ་ཐེངས་བཞི་བ་ཡིན་ཞིང་། ཁོང་གིས་མི་ལོ་མང་པོའི་རིང་ལ་བྱ་བའི་ཞོར་དང་ཁོམ་གསེང་གི་བར་སྐབས་བཙལ་ནས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་ཏེ། མཁས་དབང་སྨོན་ལམ་མཆོག་གི་ཕྱག་རྒྱུན་ཡིག་གཟུགས་ལས་དབུ་ཅན་གྱི་སྐོར་དང་།   བཀའ་བརྒྱུད་བྲབ་བྲིས་དང་ནང་བྲིས་ནོར་བུ་མ།  སྡེར་ནང་ས་བྲིས།   དབུ་མེད་ཀྱི་རིགས་ལས་ཚུགས་ཆེན་ཚུགས་ཐུང་།  འཁྱུག་བྲིས།   འབྲི་ཚ།  རི་མོའི་ཡིག་གཟུགས་ལ་སོགས་ཁྱོན་བསྡོམས་ཡིག་གཟུགས་བརྩམས་ཆོས་བརྒྱ་ལྷག་ཡོད་པ་དང་། འགྲེམ་སྟོན་སྟེང་དུ་མཐོ་འབྲིང་གསུམ་པའི་དགེ་སློབ་གཙོས་མང་རྫོང་མི་རིགས་སློབ་འབྲིང་དང་མང་རྫོང་མཁར་གྲོང་སློབ་ཆུང་དང་པོ།   མང་རྫོང་མཁར་གྲོང་སློབ་ཆུང་གཉིས་པའི་དགེ་རྒན་དང་སློབ་མ།   ཁྱིམ་བདག་མང་པོ་ཞུགས་ཡོད་པ་རེད།




ཡིག་གཟུགས་འགྲེམ་སྟོན་གྱི་སྟ་གོན།








ཡིག་གཟུགས་འགྲེམ་སྟོན་གྱི་ཡུལ་དངོས།


ཡིག་གཟུགས་སྒྱུ་རྩལ་གྱི་སློབ་སྟོན།


ཡིག་གཟུགས་སྒྱུ་རྩལ་གྱི་འབྲི་སྟོན།









ཕྱོགས་ཡོངས་ཀྱི་མགྲོན་པོའི་ཤིས་ཚིག




གཞོན་སྐྱེས་བྲིས་པ་ལྕང་སྐྱེས་རྟ་མགྲིན་གྱི་ཡིག་གཟུགས་བརྩམས་ཆོས་དཔྱད་གླེང་ཚོགས་འདུ་དེ་ཕྱི་དྲོ་ཆུ་ཚོད་བཞི་བའི་སྟེང་དུ་མང་རྫོང་མགྲོན་ཁང་དུ་བསྡུས་པ་དང་།   དཔྱད་གླེང་ཚོགས་འདུར་རྩོམ་པ་པོ་སྟག་འབུམ་རྒྱལ་དང་རྨེ་རུ་སོན་གསར།  སྒྲོམ་བརྟན།  འབྲོང་ཕྲུག.  ལྡོང་ལུག་རྫི། བྱ་གཞུང་དབང་ཆེན་ཚེ་རིང་། བྲིས་པ་ཟུར་གཙང་གཡང་འབུམ་དང་འབའ་མེ་སོན། བུན་ཕྲེང་ཚེ་རིང་ སྙིང་འབུམ་ཚེ་རིང་། གནམ་སྐྱབས་རྒྱལ་སོགས་མང་རྫོང་དང་འབའ་རྫོང་གི་རྩོམ་པ་པོ་དང་བྲིས་པ་ཉི་ཤུ་ལྷག་ཞུགས་པ་རེད།

ཚོགས་ཐོག་ཏུ་ཚོགས་མི་ཡོངས་ཀྱིས་ཐེངས་འདིའི་ཡིག་གཟུགས་འགྲེམ་སྟོན་གཟབ་རྒྱས་ངང་བསྡུས་ཤིང་རྒྱལ་ཁའི་ངང་འགྲུབ་པར་རྟེན་འབྲེལ་ཞུགས་པ་དང་།    ལྕང་སྐྱེས་རྟ་མགྲིན་གྱིས་རང་གི་ནར་སོན་གྱི་ལོ་ཟླ་དང་སློབ་གཉེར་གྱི་བརྒྱུད་རིམ་ཁྲོད་ནས་ཡིག་གཟུགས་ཀྱི་འབྲི་སྦྱོང་དང་ཁྲིད་སྟོན།  དེ་ནས་འགྲེམ་སྟོན་དང་གྲུབ་འབྲས་སྐོར་ནས་ཁ་བརྡ་བྱས་ལ ཡིག་མཁན་ཟུར་གཙང་གཡང་འབུམ་གྱིས་བོད་ཀྱི་ཡིག་གཟུགས་དར་འཕེལ་ལོ་རྒྱུས་དང་མཛེས་དཔྱོད་རིན་ཐང་ རིག་གནས་གོ་ཐང་ཐད་ནས་རང་གི་མྱོང་བ་དང་དྲན་སྟངས་ལྷུག་པོར་བརྗོད་པ་སྟེ།    དེ་ལ་ཐིག་རིས་ཀྱི་ཁྱད་ཆོས་དང་བཟོ་ལྟའི་ཐོན་ཉམས།   སྤྱི་ཁོག་གི་རྣམ་གཞག  གཤིས་ཀའི་སྣང་བརྙན་བཅས་ཚང་དགོས་པར་མ་ཟད།   ཡང་ཡང་མྱངས་པའི་ཚེགས་དང་ཀུན་ཏུ་བརྟག་པའི་བློ།   རང་མཐོང་ཡིན་ཀྱང་ཚོད་དགོས་པ་ལ་སོགས་འབྲི་སྦྱོང་དང་འབྲི་བཞེངས།  གསར་གཏོད་ཀྱི་ཉམས་མྱོང་དང་རེ་བ་བཏོན་པ་རེད།

གཞན་ཡང་ཚོགས་ཐོག་ཏུ།   འབའ་རྫོང་ནས་ཡོང་བའི་བྲིས་པ་འབའ་མེ་སོན་དང་གནམ་སྐྱབས་རྒྱལ།    མང་རྫོང་བྱ་མདོ་ནས་ཡོང་བའི་བྲིས་པ་བུན་ཕྲེང་ཚེ་རིང་།  མང་རྫོང་མགོ་མང་ནས་ཡོང་བའི་དགེ་རྒན་དབང་ཆེན་ཚེ་རིང་སོགས་ཀྱིས་རང་མོས་བགྲོ་གླེང་གི་རྣམ་པས་བོད་ཀྱི་ཡིག་གཟུགས་དེ་ཚོང་ར་ཅན་དུ་བསྒྱུར་རྒྱུ་དང་མང་ཚོགས་ཅན་དུ་ཁྱབ་བརྡལ་གཏོང་བའི་ལྟ་ཚུལ་བཏོན་པར་མ་ཟད།   བོད་ཀྱི་དེང་རབས་སློབ་གསོ་དང་སྐད་ཡིག་སློབ་ཁྲིད་སྐོར་ནས་ཐུན་མིན་གྱི་བསམ་ཚུལ་སྣ་མང་བཏོན་ནས་བགྲོ་གླེང་གི་རྣམ་པ་རྒྱ་ཆེན་དང་བགྲོ་གླེང་གི་ནང་དོན་ཁྱབ་ཆེན་དུ་བཏང་བ་རེད།

མཇུག་མཐར།  ཚོགས་མི་ཡོངས་ཀྱིས་མང་རྫོང་གི་གཟའ་ཉི་མའི་ཁ་བརྡའི་ཁ་གཏད་ས་དེ་མང་རྫོང་ཁོ་ན་ཙམ་ཞིག་གིས་མི་ཆོག་པར།  རྫོང་དང་རྫོང་གི་བར་ལྟ་བུའི་ས་གནས་སོ་སོར་རིག་གནས་བགྲོ་གླེང་གི་འབྲེལ་ལམ་འཛུགས་པའི་རེ་བ་དང་ཡིད་ཆེས་ཀྱིས་བརྟས་སོ། །

ཚོགས་ཞུགས་པས་རྟེན་འབྲེལ་ཁ་བཏགས་འབུལ་བ།



ཚོགས་ཞུགས་པ་གང་བསོད་ཀྱིས་མིང་རྟགས་འགོད་པ།



ལྕང་སྐྱེས་རྟ་མགྲིན་གྱིས་ཁ་བརྡ་བྱེད་པ།



ཟུར་གཙང་གཡང་འབུམ་གྱིས་བསམ་ཚུལ་གླེང་བ།



འབའ་མེ་སོན་གྱིས་ལྟ་ཚུལ་བགྲོ་གླེང་བྱེད་པ།





རང་མོས་བགྲོ་གླེང་གི་ཟུར་ཞིག

ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་ནམ་ཁ་བ་ལྕང་སྐྱེས་ནི་སྤྱི་ལོ༡༩༧༢ལོའི་ཟླ༡པའི་ཚེས་༦ཉིན་ལ་བ་ཡན་ཁོ་ཚེ་སྡེ་བར་སྐྱེས་ཤིང་། སྔ་རྗེས་སུ་མང་ར་དཀྱིལ་སྙིང་སློབ་གྲྭ་དང་མང་རྫོང་བོད་ཡིག་སློབ་འབྲིང་། མཚོ་ལྷོ་ཁུལ་བོད་ཡིག་སློབ་འབྲིང་། མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་སོགས་སུ་འགྲིམ་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་སྣ་ཚོགས་ལ་སློབ་གཉེར་བྱས་པ་མ་ཟད།  ཆུང་དུས་ནས་ལྷན་སྐྱེས་ཀྱི་ཡིག་གཟུགས་དགའ་མོས་ཡོད་པའི་སྟེང་ལ་དགེ་རྒན་ཆེན་མོ་སྐལ་བཟང་བློ་གྲོས་ལ་སོགས་བསྟེན་ནས་ཚུགས་ཆེན་དང་འབྲུ་ཚ། འཁྱུག་བྲིས་སོགས་ལ་གསན་སྦྱོང་གནང་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་སྔར་ལས་ལྷག་པར་ངེས་ཤེས་ཟབ་མོ་ཐོབ།

སློབ་ཆེན་མཐར་ཕྱིན་རྗེས་མང་རྫོང་བོད་ཡིག་སློབ་འབྲིང་དུ་ལས་བགོས་བྱས་ཤིང་། བོད་ཡིག་སློབ་ཁྲིད་ཀྱི་ཞོར་དུ་གཞུང་སྒེར་དུས་དེབ་དང་ཚགས་པར་སྟེང་ཡིག་གཟུགས་བརྩམས་ཆོས་སྣ་མང་བཀོད་པ་དང་། ཐེངས་དུ་མར་ཁུལ་རྫོང་རིམ་པའི་ཡིག་གཟུགས་འགྲན་བསྡུར་ལས་གཟེངས་བསྟོད་དང་བྱ་དགའ་མང་པོ་བླངས་མྱོང་།

སྤྱི་ལོ་༢༠༡༢ལོར་ལོ་ངོ་གཉིས་རིང་ལ་མི་བུ་རང་སྒེར་གྱིས་མ་དངུལ་བཏང་ནས་སྣ་ཁ་མང་ལ།སྒྱུ་རྩལ་གྱི་རིན་ཐང་བླ་ན་མཐོ་བའི་བྲིས་གཟུགས་བརྒྱད་ཅུར་ཉེ་བ་ཞིག་མང་རྫོང་ས་ཆའི་ཆུང་འབྲིང་སློབ་གྲྭར་འགྲེམ་སྟོན་བྱས་ཏེ་ཡུལ་དངོས་ནས་དགེ་སློབ་ཀུན་གྱིས་དགའ་བསུ་ཐོབ་པར་མ་ཟད།འབྲེལ་ཡོད་མགོ་ཁྲིད་ཀྱིས་ཀྱང་གདེང་འཇོག་ཚད་མཐོར་གནང་། ལོ་དེའི་ཟླ༦པར སྔ་རྗེས་སུ་ཨ་མདོ་བརྙན་འཕྲིན་ཁང་གི་༼ཁ་བའི་ཞབས་རྗེས་།༽ལེ་ཚན་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་༣༧༥ཐད་གཏོང་ཁང་ལེ་་ཚན་དུ་ཞུགས་ནས་བོད་ཀྱི་ཆུང་འབྲིང་སློབ་གྲྭའི་ཡིག་གཟུགས་གནས་བབས་དང་འབྲེལ་བའི་རྒྱུན་ཤེས་སྐོར་ཁ་བརྡ་བྱས་མྱོང་བ་ཡིན།

༢༠༡༢ལོའི་ཟླ་༢པའི་ཚེས་༡༩ཉིན་ལ་མཚོ་སྔོན་མི་རིགས་སློབ་ཆེན་དུ་རང་གིས་ལོ་གཅིག་རིང་ལ་གསར་རྩོམ་གནང་བའི་ཡིག་གཟུགས་སྣ་འདུས་ཤོག་དྲིལ་རིང་མོ་རྨིད་༡༢༠ཡོད་པ་ཞིག་ལེགས་འགྲུབ་བྱུང་ནས་འགྲེམ་སྟོན་བྱས་པ་དང་། བརྩམས་ཆོས་དེ་སྔ་རྗེས་སུ༢༠༡༣ལོའི་མང་རྫོང་ས་གནས་ཀྱི་བོད་ཀྱི་ལོ་སར་སྤྲོ་ཚོགས་ཆེན་མོདང་༢༠༡༤ལོའི་མང་རྫོང་གཙགས་དྲུབ་རིག་གནས་དུས་ཆེན།  ༢༠༡༥ལོའི་བདུན་གཅིག་དུས་ཆེན་སོགས་ཀྱི་སྟེང་འགྲེམ་སྟོན་བྱས་པ་དང་ཨང་དང་པོའི་བྱ་དགའ་ཐོབ།

༢༠༡༥ལོའི་ཟླ༧པའི་ནང་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་༼ཐོན་མིའི་ཡིག་རྒྱུན༽ཡིག་གཟུགས་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་གཙང་བྲིས་དང་སྙེ་བྲིས། གཞུང་བྲིས། བཀའ་བརྒྱུད་བྲབ་བྲིས། ནང་བྲིས་ནོར་བུ་མ། སྡེར་ནང་ས་བྲིས་སོགས་ཡིག་རྒྱུན་མི་འདྲ་བ་བརྒྱད་ཀྱི་མན་ངག་ཁུངས་དང་བཅས་པ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་སྦྱངས་ཤིང་སྟེང་སྦྱངས་ནས་མཐར་ཕྱིན་དཔང་ཡིག་ཀྱང་བླངས་ཡོད། ད་སྐབས་མཚོ་ལྷོ་སྐབས་གཉིས་པའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་མི་དང་མང་རྫོང་གི་མང་ཆུདུས་དེབ་ཀྱི་རྩོམ་སྒྲིག་ཨུ་ཡོན།བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་མཁན་ཆོ་ལོ་འཐོབ་པའི་མི་སྣ།མང་རྫོང་བོད་ཡིག་སློབ་འབྲིང་གི་ཡིག་གཟུགས་མཛུབ་སྟོན་དགེ་རྒན་བཅས་ཡིན།







 
 
དགེ་རྒན་སྟག་འབུམ་རྒྱལ་གྱི་གསར་རྩོམ་བརྒྱུད་རིམ་ལ་ལྟ་བ།
[ 2016-3-27 8:00:21 | By: lhachen ]
 

༄༅། །མང་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་སྟག་འབུམ་རྒྱལ་གྱི་གསར་རྩོམ་བརྒྱུད་རིམ་ལ་ལྟ་བ་ཞེས་པའི་རྩོམ་རིག་སློབ་གསོའི་བྱ་འགུལ་སྤེལ་བ། 

 

      ༢༠༡༦ལོའི་ཟླ༣པའི་ཚེས༢༥ཉིན་གྱི་དགོང་མོ།     མང་རྫོང་མི་རིགས་སློབ་འབྲིང་གིས་རྩོམ་རིག་སློབ་གསོའི་བྱ་འགུལ༼དགེ་རྒན་སྟག་འབུམ་རྒྱལ་གྱི་གསར་རྩོམ་བརྒྱུད་རིམ་ལ་ལྟ་བ༽ཞེས་པ་དེ་སློབ་གྲྭའི་ཚོམས་ཆེན་དུ་གཟབ་རྒྱས་ངང་སྤེལ་བ་རེད།    བྱ་འགུལ་འདི་ནི་མང་རྫོང་མི་རིགས་སློབ་འབྲིང་སློབ་སྟོན་ཁང་གི་རྒྱབ་སྐྱོར་དང་ཐོན་ཨུའི་རྩ་འཛུགས་འོག་ཏུ།   ཞིང་སྡེ་གཞོན་ནུ་ཕོ་བྲང་གིས་གཙོ་སྒྲུབ་མཛད་ནས་སྤེལ་བ་ཞིག་ཡིན་པ་དང་།   ཚོགས་ཐོག་ཏུ་མང་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་དགྲ་འདུལ་རྒྱལ་དང་སློབ་གཙོ་གཞོན་པ་བཀྲ་ཤིས་ཚེ་བརྟན།   སློབ་སྟོན་ཀྲུའུ་རིན་བསོད་ནམས་དབང་རྒྱལ་སོགས་སློབ་གྲྭའི་འགོ་ཁྲིད་དང་།   དེང་རབས་བོད་ཀྱི་ན་གཞོན་རྩོམ་པ་པོ་རྨེ་རུ་སོན་གསར་དང་སྒྲོམ་བརྟན།   གངས་བུ་འབྲུག་ལྗང་།  འབྲོང་ཕྲུག   ལྡོང་ལུག་རྫི།    བྲིས་པ་ཟུར་གཙང་གཡང་འབུམ་སོགས་མང་རྫོང་མི་རིགས་སློབ་འབྲིང་གི་སྐད་ཡིག་དགེ་རྒན་དང་སློབ་ཕྲུག་དྲུག་བརྒྱར་ཉེ་བ་ཞིག་ཚོགས་པ་རེད།

          ཚོགས་ཐོག་ཏུ།  སློབ་གཙོ་དགྲ་འདུལ་རྒྱལ་གྱིས་སྤྱིར་སྐད་ཡིག་ཁྲིད་སྦྱོང་གི་ཐབས་ལམ་ལེགས་ཤོས་དེ་ནི་འབྲི་ཀློག་གཉིས་ཀྱི་སྟེང་ན་ཡོད་པ་དང་།  འབྲི་ཀློག་གཉིས་ཀྱང་སློབ་ཁྲིད་དང་སློབ་དེབ་ཁོ་ན་ཙམ་མ་ཡིན་པར།   སྔོན་བྱོན་མཁས་པ་དང་དེང་རབས་རྩོམ་པ་པོའི་བརྩམས་ཆོས་ལྟ་ཀློག་གི་གོ་རིམ་དེ་ཡིན་པས།   མང་རྫོང་མི་རིགས་སློབ་འབྲིང་གིས་ཆེད་དུ་དེང་རབས་བོད་ཀྱི་རྩོམ་སྟེགས་སུ་གོ་གནས་གལ་ཆེན་བཟུང་ཡོད་པའི་དགེ་རྒན་སྟག་འབུམ་རྒྱལ་ནར་སོན་གྱི་ལོ་ཟླ་དང་སློབ་གཉེར་གྱི་བརྒྱུད་རིམ།   གསར་རྩོམ་གྱི་མྱོང་བ་བཅས་ལ་རྒྱུས་ལོན་དང་མཉམ་རོལ་བྱེད་པའི་བྱ་འགུལ་འདི་འདྲ་ཞིག་སྤེལ་བའི་དམིགས་ཡུལ་བསྟན་པ་དང་།   ཁོང་གིས་ད་དུང་དགེ་རྒན་སྟག་འབུམ་རྒྱལ་ནི་མང་རྫོང་མི་རིགས་སློབ་འབྲིང་མ་ཟད།  བོད་ཁུལ་ཡོངས་ན་སྙན་གྲགས་ཧ་ཅང་ཆེ་བའི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པ་དང་།   དགེ་རྒན་སྟག་འབུམ་རྒྱལ་ནི་མང་རྫོང་ནས་སྐྱེས་ཤིང་མང་རྫོང་ལས་འཚར་ལོངས་བྱུང་བ་དང་།   མང་རྫོང་ནས་སློབ་གསོ་མྱང་ཞིང་ཕྱིར་མང་རྫོང་ནས་སློབ་གསོ་སྤེལ་མཁན་ཞིག་ཡིན་པའི་ཆ་ནས།   བྱ་འགུལ་འདི་ནི་མང་རྫོང་མི་དམངས་ཀྱིས་དགེ་རྒན་སྟག་འབུམ་རྒྱལ་ལ་ཡི་རང་དང་བཀུར་བསྟི་བྱེད་སྟངས་ཤིག་ཀྱང་ཡིན་ཞེས་གསུང་བ་རེད།


དེ་བས།  བྱ་འགུལ་འདིའི་མགོ་མཇུག་བར་གསུམ་དུ་སློབ་གྲྭའི་འགོ་ཁྲིད་དག་གིས་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པ་མ་ཟད།   དགེ་སློབ་ཡོངས་རང་འགུལ་གྱིས་ཟབ་ཞུགས་དང་དགའ་བསུ་ཚད་མེད་ཐོབ་པ་རེད།   བྱ་འགུལ་འདི་ནི་དགེ་རྒན་སྟག་འབུམ་རྒྱལ་གྱི་གཏམ་བཤད་ཁོ་ན་ཙམ་མ་ཡིན་པར། ན་གཞོན་སློབ་གསོ་བ་རྨེ་རུ་སོན་གསར་དང་སྙན་ངག་པ་འབྲོང་ཕྲུག་སོགས་ཀྱིས་ཁོང་གི་བརྩམས་ཆོས་དང་འབྲེལ་ནས་དཔྱད་གཏམ་སྤེལ་བ་དང་།   ལོ་རིམ་དགུ་བའི་འཛིན་གྲྭ་བཞི་བ་གཙོ་བྱས་སློབ་ཕྲུག་ཚོས་ཁོང་གི་བརྩམས་ཆོས་གྱེར་འདོན་དང་འཁྲབ་སྟོན་བྱས་པ་རེད།  གཞན་ཡང་བྱ་འགུལ་གྱི་བར་གསེང་ནས་གཞོན་སྐྱེས་བྲིས་པ་ཟུར་གཙང་གཡང་འབུམ་གྱིས་ཡིག་གཟུགས་ཀྱི་ལེགས་སྐྱེས་ཕུལ་བ་དང་།   བོད་ཡིག་དགེ་རྒན་དག་གིས་རྟེན་འབྲེལ་གྱི་ཁ་བཏགས་ཕུལ་བ་ལྟ་བུས་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ལ།   རྣམ་པ་མི་འདྲ་བའི་སྒོ་ནས་བརྩམས་ཆོས་ལ་རོལ་མྱོང་བྱེད་པའི་གོ་སྐབས་འདྲ་མིན་བྱིན་པས།   ཐེངས་འདིའི་བྱ་འགུལ་ནི་གཟབ་རྒྱས་ངང་འཚོགས་ཤིང་རྒྱལ་ཁའི་ངང་འགྲུབ་པར་མཐུན་རྐྱེན་གང་ལེགས་སྐྲུན་པ་རེད།

དགེ་རྒན་སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ཁྲོད་ཀྱི་བརྗོད་བྱ་ཕལ་ཆེ་བ་ནི།  རོང་འབྲོག་ཁུལ་དུ་འཚོ་གནས་ལ་རོལ་བཞིན་པའི་མི་སེར་དཀྱུས་མའི་ལས་དབང་དང་རྒྱུན་གཏན་གྱི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་མཚོན་པ་གཙོ་བོར་བྱས་ཡོད་པས།   ཁོང་ནི་བོད་ཀྱི་ཞིང་གྲོང་གི་རྩོམ་པ་པོའི་ཚབ་མཚོན་མི་སྣ་རེད་ཅེས་བརྗོད་ན་ཆོག་སྟེ།  དེ་ནི་ཁོ་རང་ཉིད་ཀྱི་འཚོ་བ་ཡིན་པ་དང་ཁོ་རང་ཉིད་ཆེས་ཆ་རྒྱུས་ཡོད་པའི་འཚོ་བ་ཡིན་ལ།   འཚོ་བ་དེ་དག་བརྩམས་ཆོས་ཀྱི་ནང་དུ་དྲངས་པས།  དངོས་ཡོད་དང་འཆར་ཡན་གྱིས་ཕྱུག་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་རེ་རེ་བརྩམས་གྲུབ་བྱུང་བ་རེད།  དེ་བཞིན་དུ་དགེ་རྒན་སྟག་འབུམ་རྒྱལ་ནི་ བོད་ཀྱི་སྒྲུང་གཏམ་རྩོམ་པ་པོའི་ཁྲོད་ནས་བརྩམས་སྒྲུང་གི་ཁ་གྲངས་ཆེས་མང་བའི་རྩོམ་པ་པོའི་གྲས་ཤིག་ཡིན་ལ། ཁོའི་བརྩམས་ཆོས་མང་པོ་ཞིག་མི་གཤིས་དང་ཚུལ་མིན་མི་གཤིས་བར་གྱི་འགལ་འདུ་དང་། ཕུགས་བསམ་དང་དངོས་ཡོད་བར་གྱི་འགལ་འདུ་སོགས་མཚོན་པ་ལྷུར་དུ་བླངས་ཡོད་པས།  དེ་ལས་ཁོས་མི་གཤིས་གསོ་སྐྱོང་དང་མི་རྣམས་ལ་བསམ་གཞིག་གི་བར་སྣང་ཞིག་བཞེངས་སྐྲུན་བྱེད་པར་སྨྱུག་ཁ་བཀོལ་བཞིན་ཡོད་པ་ཤེས་ཐུབ་ལ།  ཁོའི་བརྩམས་སྒྲུང་མང་དག་ཅིག་ལ་མི་རྣམས་ཀྱི་ཡིད་ཀྱི་དྭངས་བ་འདྲེན་ཐུབ་པ་དང་ཡིད་སེམས་འགུལ་བར་བྱེད་པའི་ཁྱད་ཆོས་ལྡན་ཡོད་པས།  ང་ཚོ་ཀློག་མཁན་ལ་མཛེས་རྟོག་གི་སྤྲོ་བ་ལྷུར་དུ་ལེན་པའི་སྒྱུ་རྩལ་གྱི་འཇིག་རྟེན་ཞིག་མཁོ་འདོན་གནང་ཡོད་པ་རེད།  འདི་དག་ཚང་མ་ཡང་མང་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་ཁོང་ལ་ཆེད་དུ་གསར་རྩོམ་གྱི་ཉམས་མྱོང་གླེང་སའི་སྟེགས་བུ་འདི་འདྲ་ཞིག་བསྐྲུན་པའི་དམིགས་ཡུལ་དང་དགོས་པ་རེད།  མགོ་རྩོམ་པའི་ཞབས་བྲོ། ༼ང་ཚོ་ཕ་ཡུལ་འདི་ཡི་རེ་བ་ཡིན།༽ གཞས་ཚིག སྟག་འབུམ་རྒྱལ།བན་ཤུལ་གདུགས་དཀར་རྒྱལ་དང་བྱ་གཞུང་སྙིང་མོ་སྐྱིད་གཉིས་ཀྱིས་མདོ་འཛིན་བྱེད་བཞིན་པ།སློབ་ཕྲུག་ལྷ་བྱམས་རྒྱལ་གྱིས་དགེ་རྒན་སྟག་འབུམ་རྒྱལ་གྱི་གཞས་ཚིག༼སྐྱིད་འཚོ་བའི་ཉི་མ་གཞུག་ན་ཡོད༽དབྱངས་སུ་གྱེར་བ།སློབ་གཙོ་དགྲ་འདུལ་རྒྱལ་གྱིས་བྱ་འགུལ་འདིའི་དགོས་པ་དང་ཉིང་དགོས་བཤད་པ།སློབ་ཕྲུག་ཟོན་མཚོ་སྐྱིད་ཀྱིས་དགེ་རྒན་སྟག་འབུམ་རྒྱལ་གྱི་སྙན་ངག༼མཐའ་ཡས་པའི་རྩྭ་ཐང་།  མཛེས་སྡུག་གི་ཕ་ཡུལ༽གྱེར་འདོན་བྱེད་པ།དགེ་རྒན་སྟག་འབུམ་རྒྱལ་གྱི་མི་ཚེའི་གཏམ་རྒྱུད་དང་གསར་རྩོམ་གྱི་བརྒྱུད་རིམ་གླེང་བ།གཞོན་སྐྱེས་བྲིས་པ་ཟུར་གཙང་གཡང་འབུམ་གྱིས་ཡིག་གཟུགས་ལེགས་སྐྱེས་འབུལ་བ།སྐད་ཡིག་དགེ་རྒན་དག་གིས་རྟེན་འབྲེལ་ཁ་བཏགས་འབུལ་བ།སློབ་ཕྲུག་ཀུན་བཟང་རྡོ་རྗེ་ཡིས་དགེ་རྒན་སྟག་འབུམ་རྒྱལ་གྱི་སྙན་ངག༼བུ་ཆུང་ལགས། ཁྱོད་རང་དགའ་མ་དྲག༽གྱེར་འདོན་བྱེད་པ།    

རྨེ་རུ་སོན་གསར་གྱིས༼གསོན་པོའི་སྙིང་བོ་མ་བཙལ་ན།། ཤི་བོའི་རྣམ་ཐར་སྟོང་བ་ཡིན།།༽ཞེས་པའི་གཏམ་བཤད་སྤེལ་བ།       

 སློབ་ཕྲུག་ཚེ་རིང་སྐྱིད་ཀྱིས་དགེ་རྒན་སྟག་འབུམ་རྒྱལ་གྱི་ལྷུག་རྩོམ་སྙན་ངག༼སྲོད་དུས་ཀྱི་སེམས་པ༽གྱེར་འདོན་བྱེད་པ།གསུམ་བཞི་འཛིན་གྲྭའི་སློབ་ཕྲུག་ཚོས་དགེ་རྒན་སྟག་འབུམ་རྒྱལ་གྱི་སྒྲུང་ཐུང༼མི་ཚེ༽འཁྲབ་སྟོན་བྱེད་པ།སློབ་ཕྲུག་བསོད་ནམས་སྒྲོལ་མས་་དགེ་རྒན་སྟག་འབུམ་རྒྱལ་གྱི་ལྷུག་རྩོམ་སྙན་ངག༼དཔྱིད་མགོའི་ཆར་བ༽གྱེར་འདོན་བྱེད་པ།སློབ་ཕྲུག་ཚེ་བརྟན་སྒྲོལ་མས་་དགེ་རྒན་སྟག་འབུམ་རྒྱལ་གྱི་གཞས་ཚིག༼ལྷ་འཛམ་གླིང་སྐྱིད་པའི་སྨོན་ལམ་འདེབས༽དབྱངས་སུ་གྱེར་བ།སྐད་ཡིག་དགེ་རྒན་འབྲུག་ལྗང་དང་འབྲོང་ཕྲུག   ལྡོང་ལུག་རྫི།  བྱ་གཞུང་སྙིང་མོ་སྐྱིད་གསུམ་པོས་རྒྱལ་འབུམ་ཐར་གྱིས་ཆེད་དུ་དགེ་རྒན་སྟག་འབུམ་རྒྱལ་བྲིས་པའི་ལྷུག་རྩོམ་སྙན་ངག༼མཐིང་མདོག་གི་རྨི་ལམ༽གྱེར་འདོན་བྱེད་པ།སློབ་གཙོ་བཀྲ་ཤིས་ཚེ་བརྟན་གྱིས་ཐེངས་འདིའི་བྱ་འགུལ་ལ་སྤྱི་སྡོམ་བྱེད་པཐེངས་འདིའི་བྱ་འགུལ་གྱི་བརྙན་ལེན་པ་གངས་བསོད།


མང་རྫོང་གི་གཟའ་ཉི་མ་ཚང་གི་ཚོགས་མིའི་མཉམ་པར།


 

 
 
༄༅།།མང་རྫོང་མི་རིགས་སློབ་འབྲིང་གིས༼ཐོན་མིའི་ཕྱག་རྒྱུན༽བོད་ཀྱི་ཡིག་གཟུགས་གསོ་
[ 2016-3-23 10:48:35 | By: lhachen ]
 

༄༅།།མང་རྫོང་མི་རིགས་སློབ་འབྲིང་གིས༼ཐོན་མིའི་ཕྱག་རྒྱུན༽བོད་ཀྱི་ཡིག་གཟུགས་གསོ་སྐྱོང་འཛིན་གྲྭའི་སློབ་ཚུགས་མཛད་སྒོ་སྤེལ་བ།

ཟླ༣པའི་ཚེས༢༢ཉིན།  མང་རྫོང་མི་རིགས་སློབ་འབྲིང་ཞིང་སྡེ་གཞོན་ནུ་ཕོ་བྲང་དུ༼ཐོན་མིའི་ཕྱག་རྒྱུན༽བོད་ཀྱི་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭའི་སློབ་ཚུགས་མཛད་སྒོ་སྤེལ་བ་རེད།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་མང་རྫོང་མི་རིགས་སློབ་འབྲིང་གི་སློབ་ཨུ་དང་སློབ་སྟོན་ཁང་གི་རྒྱབ་སྐྱོར་དང་རྩ་འཛུགས་འོག   ཞིང་སྡེ་གཞོན་ནུ་ཕོ་བྲང་གི་ཡིག་གཟུགས་དགའ་ཕྱོགས་སྐྱེད་སྲིང་འཛིན་གྲྭའི་རྨང་གཞིའི་སྟེང་གཙོ་སྒྲུབ་བྱས་པ་ཡིན་ལ།   ཡིག་གཟུགས་གསོ་སྦྱོང་དགེ་རྒན་ཏུ་ཆེད་དུ་གཞོན་སྐྱེས་བྲིས་པ་ཟུར་གཙང་གཡང་འབུམ་གདན་འདྲེན་ཞུས་ཡོད།

སློབ་ཚུགས་མཛད་སྒོའི་སྟེང་མང་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་དགྲ་འདུལ་རྒྱལ་དང་བཀྲ་ཤིས་ཚེ་བརྟན།  སློབ་སྟོན་ཁང་གི་འགོ་བ་བསོད་ནམས་དབང་རྒྱལ།  ཞིང་སྡེ་གཞོན་ནུ་ཕོ་བྲང་གི་འགོ་བ་ཚེ་རིང་སྐྱིད་སོགས་གཙོ་བྱས་ཏེ།   བོད་ཡིག་དགེ་རྒན་དང་ཡིག་གཟུགས་དགའ་ཕྱོགས་འཛིན་གྲྭའི་སློབ་ཕྲུག་ལ་སོགས་མི་སྣ་བརྒྱ་ལྷག་ཞུགས་ཡོད་པ་དང་།    སློབ་གཙོ་དགྲ་འདུལ་རྒྱལ་གྱིས་ཡིག་གཟུགས་འཛིན་གྲྭ་འདི་འདྲ་ཞིག་སྒྲུབ་པའི་དགོས་པ་དང་དམིགས་ཡུལ།  ཉིང་དགོས་ལ་སོགས་པ་ངོ་སྤྲོད་ཀྱི་ཚུལ་གྱིས་ཤིས་ཚིག་ཕུལ་བ་དང་།   གཞོན་སྐྱེས་བྲིས་པ་ཟུར་གཙང་གཡང་འབུམ་གྱིས་ཐེངས་འདིའི་གསབ་སྦྱོང་འཛིན་གྲྭ་སྒྲུབ་པའི་ཀུན་སློང་དང་འཆར་གཞི།  གྲ་སྒྲིག་ལ་སོགས་པའི་ཕྱོགས་ནས་གཏམ་བཤད་གལ་ཆེན་གནང་བ་རེད།   གཞན་ཡང་རེབ་འདིའི་མཛད་སྒོའི་སྟེང་དུ་ལྷ་ཁང་བློ་བཟང་རྡོ་རྗེ་དང་རྒྱ་ཡེ་བཀྲ་བྷོ།   མཚོ་སྐྱེས་དོན་གྲུབ་ཚེ་རིང་།  སྡེར་ནང་ས་བྲིས་ཀྱི་རྒྱུད་འཛིན་པ་ངག་དབང་རྒྱ་མཚོ་སོགས་དེང་རབས་བོད་ཀྱི་ཡིག་གཟུགས་མཁས་པ་དང་དགེ་རྒན་ཆེན་མོ་དག་གིས་ཆེད་དུ་ཤིས་ཚིག་བསྐུར་པས།  ཡིག་གཟུགས་གསོ་སྦྱོང་འཛིན་གྲྭ་འདི་ནི་ང་ཚོ་མང་རྫོང་མི་རིགས་སློབ་འབྲིང་གཅིག་པུ་མ་ཡིན་པར།  བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་དཔོན་ཆེན་པོ་དང་ཡིག་གཟུགས་མཁས་པ་མང་པོས་ཡིད་ཆེས་དང་གདེང་འཇོག  ཐུགས་ཁུར་དང་རྒྱབ་སྐྱོར་གྱི་ལྷག་བསམ་མངོན་པར་མཚོན་པ་རེད།

མཇུག་མཐར།   སློབ་གཙོ་བཀྲ་ཤིས་ཚེ་བརྟན་གྱིས་ཡིག་གཟུགས་འཛིན་གྲྭ་འདི་ལྟ་བུ་ཞིག་སྒྲུབ་པ་ནས་འགྲུབ་པའི་བར་དུ་དོན་ཆུང་སྣང་མེད་དུ་འཇོག་མི་རུང་བའི་གལ་ཆེན་གཙིག་ཆེན་ཞིག་གི་ལྟ་སྟངས་བཟུང་བར་མ་ཟད།    ཐེངས་འདིའི་ཡིག་གཟུགས་གསོ་སྦྱོང་འཛིན་གྲྭ་གཙོ་སྒྲུབ་བྱེད་མཁན་ནམ་འདིའི་ཕྱོགས་སུ་ནུས་ཤུགས་བླ་མེད་འདོན་མཁན་གྱི་སློབ་ཨུ་དང་སློབ་སྟོན་ཁང་།  ཞིང་སྡེའི་གཞོན་ནུ་ཕོ་བྲང་ལ་སོགས་དགེ་སློབ་ཡོངས་ལ་གཅིག་མཐུན་གྱི་རེ་འདུན་ཞིག་ཡོད་པ་ནི་གཟབ་རྒྱས་ངང་འཚོགས་ནས་དོན་སྨྲིན་ངང་འགྲུབ་རྒྱུ་དེ་རེད།

འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱིས་མདོ་འཛིན་བྱེད་ཀྱིན་པ།


སློབ་གཙོ་དགྲ་འདུལ་རྒྱལ་གྱིས་འཛིན་གྲྭ་སྒྲུབ་པའི་དགོས་པ་དང་ཉིང་དགོས་སོགས་བཤད་པ།


རྩོམ་པ་པོ་སྟག་འབུམ་རྒྱལ་གྱིས་དགེ་སློབ་ཡོངས་ཀྱི་ཚབ་ཏུ་བཏགས་འབུལ་གྱིན་པ།


བྲིས་པ་ཟུར་གཙང་གཡང་འབུམ་གྱིས་འཛིན་གྲྭ་སྒྲུབ་སྟངས་ངོ་སྤྲོད་བྱེད་པ།


ལྷ་ཁང་བློ་བཟང་ལྷ་ཁང་བློ་བཟང་རྡོ་རྗེ་ཡི་ཤིས་ཚིག


སྡེར་ནང་ས་བྲིས་པ་ངག་དབང་རྒྱ་མཚོའི་ཤིས་ཚིག


མཚོ་སྐྱེས་དོན་གྲུབ་ཚེ་རིང་གི་ཤིས་ཚིག


སློབ་གཙོ་བཀྲ་ཤིས་ཚེ་བརྟན་གྱིས་སྤྱི་སྡོམ་བྱེད་པ།


ཁ་བ་དཀར་བོའི་ཁྲོད་ཀྱི་དགེ་སློབ་མཉམ་འཛོམས།


བོད་ཀྱི་ཡིག་མཁན་གྱི་གཅེས་ནོར་བཞི།


འཛིན་གྲྭ་འདིའི་སློབ་ཁྲིད་ནང་དོན༼བྲིས་རྒྱུན་སོར་མོའི་འདུ་བྱེད།༽

ཟུར་གཙང་གཡང་འབུམ་ངོ་སྤྲོད་མདོར་བསྡུས།

ཟུར་གཙང་གཡང་འབུམ། བོད་ལུགས་གསོ་རིག་རབ་འབྱམས་པ། མཚོ་སྔོན་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི།

༡༩༨༠ལོར་མདོ་སྨད་གཅན་ཚ་རྫོང་གི་སྣང་རའི་གྲོང་བརྒྱད་ཀྱི་སྡེར་གཏོགས་པའི་ཤིང་སྒར་གྲོང་ཚོའི་ཟུར་གཙང་ཚོ་བ་རུ་སྐྱེས།  ཆུང་དུས་ནས་ས་དེ་གའི་སློབ་ཆུང་དང་སློབ་འབྲིང་འགྲིམ་པའི་སྐལ་བ་ཐོབ། སྔ་ཕྱིར་ཀོས་ནན་རྫོང་བོད་ཡིག་སློབ་འབྲིང་དང་མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་།  བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་སོགས་སུ་འགྲིམས་ནས་གསོ་རིག་གཙོས་པའི་རིག་གནས་ཆེ་ཆུང་ལ་སྦྱངས་པ་ལྷོད་མེད་བྱས།

༡༩༩༥ལོ་ནས་བཟུང་དབུས་གཙང་ཕྱོགས་ཀྱི་ཡིག་མཁན་དྲུང་ཡིག་རྣམ་རྒྱལ་ལགས་དང་། ཕྲིན་དགའ་ལགས། ཆོས་འཕེལ་ལགས།   རྡོ་སྦིས་གྲགས་པ་སོགས་ཀྱིས་ཕྱག་བྲིས་གནང་བའི་༼བོད་ཡིག་གི་ཡིག་གཟུགས་དཔེ་གཞི་༽ཞེས་པ་དང་༼བོད་ཡིག་གི་དཔེ་གཟུགས་༽སོགས་ཚད་ལྡན་གྱི་བྲིས་རྒྱུན་ལ་སྦྱངས་པ་ནན་ཆེར་བྱས་ཤིང་།  ལྷག་པར་གཙང་བཀྲིས་ལྷུན་པོར་བཞུགས་པའི་༸དགེ་མིང་འཛིན་པ་ལྷ་ཁང་བློ་བཟང་རྡོ་རྗེ་དང་རྨེ་རུ་དགོན་བསྟན་འགྱུར་དཔར་ཁང་དུ་བཞུགས་པའི་༸སྙེ་མོ་བ་བཀྲ་ཤིས་དོན་གྲུབ། ནོར་བུ་གླིང་ཁའི་འགྱུར་མེད་ཚུལ་ཁྲིམས་སོགས་ཀྱི་དྲུང་དུ་སྨྱུ་གུ་བཟོ་ལུགས་ནས་བརྩམས་ཏེ་ཀ་ཁ་དང་ཟློས་ཧྲལ། ཚུགས། འཁྱུགས། སྙེ་བྲིས། ལན་ཝར་སོགས་ལ་མཐོང་བརྒྱུད་ཕྱག་ལེན་བཞིན་ལོ་མང་སྦྱངས་པས་གྲུབ་འབྲས་ཆེན་པོ་ཐོབ།

སྔ་གཞུག་ཏུ་༼བོད་ཡིག་འབྲི་ཚུལ་བློ་གསར་མིག་འབྱེད་༽དང་༼བོད་ཀྱི་ཡིག་གཟུགས་སྤྱི་རྣམ་༽༼བཀྲས་ལྷུན་དགོན་གྱི་བྲིས་རྒྱུན་བློ་བཟང་དགྱེས་པའི་མཆོད་སྤྲིན་༽སོགས་དཔར་བསྐྲུན་འགྲེམས་སྤེལ་བྱས་དང་བྱེད་མུས་སུ་མཆིས།

 
 
བུད་མེད་དུས་ཆེན་ལ་འབྲོག་མོ་བློ་འབབ་ཅིག་མཐོང་ཚུལ།
[ 2016-3-8 7:51:22 | By: lhachen ]
 
 

 

1 ཡབ་ཆེན་དུས་ཆེན་ལ་མེས་པོ་དྲན་པའི་ཚིག་རྐང་བཅུ་བཞི་མ། །

རྟ་མཆོག་གི་རྨིག་སྒྲས་དཀྲོག་པའི།

གནའ་བོའི་རི་གྲོང་།  དེ་རིང་ཁ་ཁུ་སིམ་མེར།

བདག་གི་སེམས་ལ་འཇགས་ཐབས་བྲལ་བའི།

མཚོ་སྔོན་པོ་ལྟ་བུའི་རླབས་སྒྲ་ཅི་ཡང་གཏོར་མ་བྱུང་།

ངའི་མེས་པོའི་རལ་བ་སྟུག་པོས་བཞེངས་པའི།

ལོ་རྒྱུས་ཀྱི་ཡིག་ཚང་ཁྲོད་ན་མ་གཏོགས།

དེ་རིང་།   ངས་ལྷིང་འཇགས་ཀྱི་རྩྭ་ཐང་ལས།

ལྷོག་ལྷོག་འཕྱོ་བའི་སྙིང་གསོན་པོ་ཞིག་མཐོང་ཐབས་མི་འདུག

དུས་འདིར།  ཁུ་སིམ་གྱི་མཚན་མོ་ཆར་བས་དཀྲོག་པའམ།

ཁུ་སིམ་གྱི་གངས་རི་རླུང་གིས་དཀྲོག་པའམ།

བདག་གི་སེམས་པ་སྙན་ངག་གིས་དཀྲོག་པ་ལྟ་བུའི།

བྲག་ཅ་དེ་ཀ་མད་སུམ་ཅུའི་མཆེ་བར་ནས་མཆེད་བྱུང་།

ངའི་ཀ་མད་སུམ་བཅུས་འཚོས་ཤིང་གསོན་པའི།

མེས་པོ་ལགས།  ངས་ཚོད་ཚོད་ལ་ཁྱེད་རང་དྲན་བྱུང་།

2 མ་ཡུམ་དུས་ཆེན་ལ་ཆུང་མ་འདོད་པའི་ཚིག་རྐང་བཅུ་བཞི་མ།

དུས་ཚོད་ཀྱི་གཙང་བོའི་བཞུར་འགྲོས།

འུ་གཉིས་ཀྱི་ན་ཚོད་ཇི་བཞིན་བཀག་ཀྱང་མི་ཁོགས།

བརྩེ་འདང་གི་མེ་ཏོག་དམར་བོ།

དགུན་ཁར་ཡལ་ཀྱང་དབྱར་ཁར་བཞད་ཡོང་།

ཀྭ་ཡེ།  ཆུང་མ།

ཁྱེད་ནི་དུས་ཚོད་ཀྱི་གཙང་བོའི་གཞུང་གི

རྒྱང་བཞུད་ཀྱི་ཀོ་གྲུ་ཞིག་ཡིན་པའི་དབང་དུ་བཏང་ན།

ང་ནི་ཁྱེད་ཀྱི་མི་ཚེའི་འགྲུལ་བཞུད་ལམ་གྱི།

ལས་བསྐོས་ཀྱི་མགྲོན་པོ་ལམ་ཐུག་ཅིག་སྟེ།

ཁྱེད་ཀྱི་ཉོ་འོད་འོག་ནས་གྲང་མི་སྲིད་ལ།

ཁྱེད་ཀྱི་ཁ་བའི་ནང་ནས་འཁྱག་ཀྱང་མི་སྲིད་དོ།

ཡང་ན།  བུ་ཆུང་གངས་དགའ་རིག་གྲོལ་གྱི་འཛུམ་ཆུང་ནང་ན།

གཟུགས། སྒྲ དྲི། རོ། རེག་བྱ་གང་རུང་གི་དོད་དུ།

ཉི་མ་ཡིན་ལ་ཟླ་བ་ཡིན་ལ་སྐར་མ་ཡང་ཡིན་པའི་ཁྱེད།

3 དགེ་རྒན་དུས་ཆེན་ལ་རང་ཉིད་གླེང་བའི་ཚིག་རྐང་བཅུ་བཞི་མ།

བུད་མེད་ཅིག་གི་སེམས་པ་ཡིན་ལ།

བུ་ཆུང་ཞིག་གི་མིག་ཟུང་ཡང་ཡིན་པའི་ན་ཚོད་འདིར།

བུ་ཆུང་ལས་ལྷག་པའི་བུ་ཆུང་གང་མང་ཞིག

བུ་མོ་གང་མང་ཞིག  ངའི་དུས་གསུམ་ལ་དཔྱངས་ཡོད།

མར་མེ་བཞིན་སྦར་ནས་བཞུ་ཟིན་པ་དེ་མིན་ལ།

ས་སྨྱུག་ལྟར་བྲིས་ནས་ཟད་ཀྱང་མེད་པའི་བདག

བདག་གི་མི་ལོ་ག་ཚོད་ཀྱི་བདེ་སྡུག་དཔར་སའི་དཔྲལ་ངོས་ན།

ཟ་ཡིག་ལྟ་བུའི་ལོ་རྒྱུས་ཀྱི་ཡིག་ཚང་དེ་དཔར་ཡོད།

དེ་རིང་།  གློ་བུར་དུ་ཆང་ལས་དྭངས་དུས།

མིག་མཐའ་ན་བཞུ་མི་ཐུབ་པའི་གཤེར་ཁུ་གཞན་ཞིག་ཡོད་པ་དེ་ནི།

བཞད་མ་ཐག་པའི་མེ་ཏོག་རྐང་གཅིག་གམ།

མེ་ཏོག་རྐང་གཅིག་ལ་ཆགས་པའི་སྦྲང་མ་ཁྱུ་གཅིག

དེ་དག་གི་ཉིན་མཚན་གཉིས་ཀ  དེ་དག་གི་དུས་གསུམ།

དེ་དག་གི་བྱིས་བློའི་ཆུ་མིག་དྭངས་མོ།  ངའི་མིག་ཆུ།

4 བུད་མེད་དུས་ཆེན་ལ་འབྲོག་མོ་བློ་འབབ་ཅིག་མཐོང་ཚུལ།

ཟ་ཁང་དེ་ཟ་ཁང་ཆུང་ཆུང་ཞིག་རེད།

ཝུ་ཆང་དམ་བུ་རེ་འགའ་ལས་ཤོང་དཀའ་བའི་ཅོག་ཙེ་འདིའི་མཐའ་ན།

སྙན་ངག་པ་དང་བུ་མོ་གསུམ་ཡོད།

སྙན་ངག་པའི་ཤོར་སྒོར་གྱིས་དྲུད་ཡོང་བའི།

རྒྱ་མོའམ་བོད་མོ། སོག་མོ་སུ་དང་གང་ཡིན་རུང་།

འབྲོག་སྐད་བཤད་ཤེས་པའི་ཁོ་མོ་དང་བསྡུར་ཐབས་མི་འདུག

ཁོ་མོས་མགོ་བོ་སྒུར་ནས་འོ་ཇ་དལ་འཐུང་བྱེད་ཚུལ་དང་།

སྙན་ངག་པས་ཝུ་ཆང་ཤེད་ཀྱིས་འཐུང་ཚུལ་བསྡུར་ཐབས་མི་འདུག

དེ་གཉིས་ཀྱི་བར་ན་འབྲེལ་བའམ་གསང་བ་ཅི་ཞིག་ཡོད་ཚུལ་ཀྱང་།

སྙན་ངག་འདིས་ཁྱེད་ལ་བདེན་དཔང་བྱེད་ཐབས་མི་འདུག

ཟ་ཁང་དེ་ཟ་ཁང་ཆུང་ཆུང་ཞིག་རེད།

བུ་མོ་དེ་འབྲོག་མོ་བློ་འབབ་ཅིགརེད།

སྙན་ངག་པ་ཝུ་ཆང་གི་སྔ་རོལ་དུ་བཟི་ཚུལ་འདི་ཡང་།

འབྲོག་སྐད་བཤད་ཤེས་པའི་སྙན་ངག་གཞན་ཞིག་ལོས་ཡིན་བསམ་བྱུང་།

       

——གངས་རྒྱན་མེ་ཏོག་སྟེང་འགོད་ཡོད།

 
 
སློབ་གྲྭ་ཆེ་འབྲིང་གཉིས་ཀྱི༢༠༡༥ལོའི་དགེ་རྒན་གསོ་སྦྱོང་བྱ་བའི་མཉམ་འབྲེལ།
[ 2016-1-17 11:43:55 | By: lhachen ]
 
 

༄༅།། མཚོ་སྔོན་དགེ་ཐོན་ཆེན་མི་རིགས་དགེ་འོས་སློབ་གླིང་དང་མང་རྫོང་མི་རིགས་སློབ་འབྲིང་གིས༢༠༡༥ལོའི་དགེ་རྒན་གསོ་སྦྱོང་བྱ་བའི་སྤྱི་བསྡོམས་ཚོགས་འདུ་བསྡུས་པ།

༢༠༡༥ལོའི་ཟླ་བཞི་བའི་ནང་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་མི་རིགས་སློབ་འབྲིང་གིས་རང་སློབ་གྲྭའི་དགེ་རྒན་དག་གི་སློབ་གསོའི་ཉམས་མྱོང་བསྡུ་ལེན་དང་སློབ་ཁྲིད་རྒྱུ་སྤུས་མཐོར་འདེགས།    ཤེས་བྱའི་མ་ལག་ཁ་གསབ་བཅས་སུ་དམིགས་ཏེ།  མཚོ་སྔོན་དགེ་ཐོན་ཆེན་མི་རིགས་དགེ་འོས་སློབ་གླིང་གི་རོགས་སྐྱོར་འོག་ཏུ་སློབ་གྲྭ་གཉིས་ཀྱིས་ལོ་ངོ་གཅིག་རིང་ལ་མཉམ་འབྲེལ་སྒྲིག་གཞི་བཙུགས་ནས།  རྩིས་རིག་དང་དངོས་ལུགས།  རྗས་འགྱུར།  ཆབ་སྲིད།  ལོ་རྒྱུས།   དབྱིན་ཡིག་བཅས་ཀྱི་དགེ་རྒན་གསོ་སྦྱོང་བྱ་བའི་བྱེད་སྒོ་སྤེལ་མགོ་ཚུགས་པ་རེད།  

 

རེབ་འདིའི་བྱེད་སྒོའི་ནང་དོན་ལ་ལྟ་སྦྱོང་དང་གསོ་སྦྱོང་གཉིས་སུ་དགར་ཡོད་པ་སྟེ།   ཟླ་ལྔ་བ་དང་དྲུག་པ་གཉིས་ཀྱི་ནང་དུ་སྔ་རྗེས་སུ་མི་རིགས་དགེ་འོས་སློབ་གླིང་གི་རྩིས་དངོས་རྫས་གསུམ་གྱི་ཆེད་ལས་དགེ་རྒན༢༦ལྷག་ངེད་སློབ་གྲྭར་ཡོང་ནས་སློབ་ཁྲིད་ཀྱི་ལྟ་སྦྱོང་བྱེད་སྒོ་སྤེལ་བ་དང་།  ལྟ་སྦྱོང་བྱེད་སྒོ་དེ་གཉིས་ཀྱི་ཁྲོད་དུ་ཁྱོན་བསྡོམས་ངེད་སློབ་གྲྭའི་རྩིས་དངོས་རྫས་གསུམ་གྱི་སློབ་ཐུན༢༠ལྷག་ལ་ཉན་པ་དང་།  སློབ་ཁྲིད་ལ་ཉན་རྗེས།   ཚན་ཆུང་བགོས་ཏེ་བཞུགས་མོལ་འཚོགས་འདུ་བསྡུས་ནས་སློབ་གྲྭ་གཉིས་ཀྱི་དགེ་རྒན་ཕན་ཚུན་བར་ལ་ཉམས་མྱོང་བརྗེ་རེས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་པ་རེད།

གསོ་སྦྱོང་བྱེད་སྒོ་ནི་ཁྱོན་བསྡོམས་ཐེངས་དགུ་ལ་སྤེལ་བ་སྟེ།  ཟླ༥བ་ནས༡༢བར་དུ་རྩིས་རིག་དང་དབྱིན་ཡིོག   དངོས་ལུགས།   རྫས་འགྱུར།   ཆབ་སྲིད།  ལོ་རྒྱུས་བཅས་བསླབ་བྱ་དྲུག་གཙོ་བོར་བཟུང་བ་ཡིན་ལ།   དེ་ལ་ཡང་སྔ་རྗེས་སུ་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན༢༤ཡིས་གཟའ་ཉི་མ་དང་ཟླ་བའི་དུས་ཚོད་བེད་སྤྱད་ནས་ངེད་སློབ་གྲྭའི་དགེ་རྒན་དག་ལ་གསོ་སྦྱོང་འཛིན་གྲྭ་སྒྲུབ་ཏུ་ཡོང་བ་མ་ཟད།   ཆེད་ལས་སློབ་ཁྲིད་དང་རྒྱུགས་གཞི་དབྱེ་ཞིབ།  ཆེད་དོན་གཏམ་གླེང་བཅས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས།  ནན་ཏན་གྱི་སློབ་སྟོན་དང་མཛུབ་ཁྲིད་ཀྱིས་སློབ་གསོ་སློབ་ཁྲིད་སྟེང་ཕྲད་པའི་གནད་དོན་དང་དོགས་གཞི་སེལ་ཅིང་།    རང་རང་གི་ལྟ་ཚུལ་དང་ཐག་གཅོད་ཐབས་ལམ་བསྟན་ནས་ཆེད་ལས་ཤེས་བྱ་དང་སློབ་ཁྲིད་ནུས་པ་མཐོར་འདེགས་རྒྱ་ཆེར་བཏང་བ་རེད།

གཞན་ཡང་གསོ་སྦྱོང་བྱེད་སྒོ་འདི་དང་འདི་ལྟ་བུ་ཐེངས་མང་སྤེལ་བ་དང་།  དགེ་རྒན་རྣམ་པས་སློབ་གསོ་སློབ་ཁྲིད་ཀྱི་ཁ་ཕྱོགས་དང་ཐབས་ལམ་ལ་ཤུགས་སྣོན་བྱས་པའི་དབང་གིས།  ད་ལོའི་འབྲིང་རྒྱུགས་སུ་རྩིས་རིག་དང་རྫས་འགྱུར་གྱིས་ཁུལ་ཡོངས་ཀྱི་ཨང་དང་པོ་བླངས་པ་དང་།  དངོས་ལུགས་ཀྱིས་ཁུལ་ཡོངས་ཀྱི་ཨང་གཉིས་པ་བླངས་པ་ལྟ་བུའི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་རེད། 

སློབ་གཙོ་དགྲ་འདུལ་རྒྱལ་གྱིས་སྐད་གཉིས་སློབ་གསོ་དང་འབྲེལ་ནས་ཐེངས་འདིའི་དགེ་རྒན་གསོ་སྦྱོང་བྱ་བའི་བརྒྱུད་རིམ་དང་གྲུབ་འབྲས་སྐོར་གྱི་སྙན་ཞུ་ཕུལ་བ།

སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་དགེ་རྒན་གསོ་སྦྱོང་གི་དགོས་པ་དང་ཉིང་དགོས།  དེ་དང་འབྲེལ་ནས་ལོ་རྗེས་མའི་གསོ་སྦྱོང་བྱ་བའི་འཆར་གཞི་དང་གྲོས་གཞི་བཏོན་པ།

དངོས་ལུགས་དགེ་རྒན་གྱི་འཐུས་ཚབ་པས་གསོ་སྦྱོང་ལ་ཞུགས་པའི་མྱོང་ཚོར་གླེང་བ།

རྩིས་རིག་དགེ་རྒན་གྱི་འཐུས་ཚབ་པས་གསོ་སྦྱོང་ལ་ཞུགས་པའི་མྱོང་ཚོར་གླེང་བ།

རྫས་འགྱུར་དགེ་རྒན་གྱི་འཐུས་ཚབ་པས་གསོ་སྦྱོང་ལ་ཞུགས་པའི་མྱོང་ཚོར་གླེང་བ།

ཆབ་སྲིད་དགེ་རྒན་གྱི་འཐུས་ཚབ་པས་གསོ་སྦྱོང་ལ་ཞུགས་པའི་མྱོང་ཚོར་གླེང་བ།

ལོ་རྒྱུས་དགེ་རྒན་གྱི་འཐུས་ཚབ་པས་གསོ་སྦྱོང་ལ་ཞུགས་པའི་མྱོང་ཚོར་གླེང་བ།

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་གཞི་རིམ་བྱ་བའི་རྟོག་དཔྱོད་ཁྲོད་ཀྱི་གནད་དོན་ལས་འབྲེལ་ཡོད་སློབ་གསོ་གླེང་བ་དང་ལྟ་ཚུལ་བགྲོ་བ།

སློབ་དཔོན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་མིའི་རིགས་ལྔ་ཡི་སྟེང་ནས་དགེ་རྒན་གྱི་ཀུན་སྤྱོད་སློབ་གསོ་གླེང་བ།

༡༡ མང་རྫོང་མི་རིགས་སློབ་འབྲིང་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་ལ་དྲིན་གཟོའི་དར་སྐྱེས་འབུལ་བ།

༡༢ མང་རྫོང་མི་དམངས་ཀྱིས་ཕུལ་བའི་རིག་གནས་སྒྱུ་རྩལ་གྱི་ལེགས་སྐྱེས་གྱ་ནོམ་པོ།

༡༣ མཉམ་འབྲེལ་ནི་སློབ་གསོ་གོང་སྤེལ་གྱི་ཐེམ་སྐས་དང་ཉམས་མྱོང་བརྗེ་རེས་ཀྱི་ཟམ་པ་ལྟ་བུའོ།

༡༤ ཚོགས་འདུའི་དྲན་རྟེན་མཉམ་པར།




 
 
མང་རྫོང་ཡུལ་གྱི་སྙན་ངག་འདུ་ཚོགས༼ལང་ཚོའི་རྦབ་ཆུ༽ཐེངས་བདུན་པ།
[ 2016-1-7 20:29:46 | By: lhachen ]
 
 

༄༅།།མང་རྫོང་ཡུལ་དུ་སྙན་ངག་འདུ་ཚོགས༼ལང་ཚོའི་རྦབ་ཆུ༽ཐེངས་བདུན་པ་དེ་

གསེར་གྱི་སྙེ་མ་གསོལ་མགྲོན་ཁང་ཆེན་མོར་ཚོགས་པ།

དེ་ཡང་། སྙན་ངག་གི་གཡང་འགུག་ཐབས་སླ་ཤོས་གཉིས་ཏེ།ཁྱེད་རང་སྙན་ངག་དང་མཉམ་དུ་གནས་པར་བྱེད་པ། ཁྱེད་རང་སྙན་ངག་པ་དང་ཉེ་རུ་བཅར་བར་བྱེད་པ་དམིགས་ཡུལ་ཡིན་ཞིང་། མང་རྫོང་ཡུལ་གྱི་སྨྱུག་ཐོགས་པ་དག་འཆར་ཅན་གྱི་བཟའ་བཏུང་ལ་སྤྱོད་པའི་དུས་མཉམ་ལ།མཁའ་རླུང་ནང་བཞིན་སྙན་ངག་འབྱིན་རྔུབ། ཁ་ཟས་ནང་བཞིན་སྙན་ངག་རོལ་མྱོང་། ཁ་བརྡ་ནང་བཞིན་སྙན་ངག་གྱེར་གླེང་།བརྩེ་བ་ནང་བཞིན་སྙན་ངག་འཚོལ་སྙེག འདོད་དགའ་ནང་བཞིན་སྙན་ངག་ལོངས་སྤྱོད་སོགས་ཀྱི་ལས་ལ་འཇུག་པར་བྱ་བ་ཐབས་ཤེས་ཡིན་པའི་སྙན་ངག་འདུ་ཚོགས༼ལང་ཚོའི་རྦབ་ཆུ༽ཐེངས་བདུན་པ་དེ་མང་རྫོང་གི་གཟའ་ཉི་མའི་ཁ་བརྡ་ཐེངས་བརྒྱད་པའི་སྟེང་གཟབ་རྒྱས་ངང་ཚོགས་པ་རེད།

ཐེངས་འདིའི་སྙན་ངག་གི་འདུ་ཚོགས་ནི་མང་རྫོང་གི་སྨྱུག་ཐོགས་པ་འབྲོང་ཕྲུག་དང་འབྲུག་ལྗང་། ལུག་རྫི་གསུམ་གྱིས་རྩ་འཛུགས་བྱས་པ་སྟེ། བྱམས་བརྩེ་ཤེས་རིག་གླིང་གི་སློབ་གཙོ་རུ་སྔུན་བློ་བཟང་ཆོས་འཕེལ་ཆོས་ཀྱི་ཉི་མ་དང་ཕན་བདེ་རླངས་འཁོར་ཞིག་གསོ་ཁང་གི་སྦྱིན་བདག་ཕག་མོ་ཐར་གཉིས་ཀྱི་མཐུན་རྐྱེན་འོག་བསྡུས་པ་ཡིན་ལ། འདུ་ཚོགས་སྟེང་དེང་རབས་བོད་ཀྱི་སྒྲུང་གཏམ་པ་གྲགས་ཅན་སྟག་འབུམ་རྒྱལ་དངམཐོ་སྒང་གི་ནོར་ནགདངཕྱེ་མ་ལེབ་དཀར་བོའིརྩོམ་པ་པོ་མཁའ་འགྲོ་རྒྱལ། ཨ་མའི་ནུ་རིནསོགས་ཀྱི་རྩོམ་པ་པོ་ཀླུ་ཚང་སྨྱུག་གསར། གཞི་རིམ་སློབ་གསོ་ལེགས་པར་བཅོས་ཐབསཀྱི་རྩོམ་པ་པོ་རྨེ་རུ་སོན་གསར། བོད་ཀྱི་དགོན་སྡེ་གྲགས་ཅནསོགས་ཀྱི་རྩོམ་པ་པོ་སྒྲོམ་བརྟན། ཡིག་གཟུགས་པ་ཟུར་གཙང་གཡང་འབུམ། བོད་ཀྱི་རབ་བཏགས་རི་མོའི་དེབཀླུ་འབུམ་མི་རྒོདཀྱི་རྩོམ་པ་པོ་ཀླུ་ཚང་བསོད་ནམས་འབུམ། སྟོན་ནམ་རིང་མོའི་རྨི་ལམགྱི་རྩོམ་པ་པོ་བདའ་ཚང་སྙེམས་གྲོལ། བསམ་གཞིག་གི་སྙིང་སྟོབསཀྱིརྩོམ་པ་པོ་རམ་ཕྲུག དམྱལ་བཡི་རྩོམ་པ་པོ་བྲག་སྲས་པོ། བཞད་འཕྱི་བའི་མེ་ཏོགསོགས་ཀྱི་རྩོམ་པ་པོ་འབྲོང་ཕྲུག མེས་པོའི་གཏམ་རྒྱུདཀྱི་རྩོམ་པ་པོ་ཨོ་རྒྱན་ཚེ་རིང་སོགས་རྩོམ་པ་པོ་དང་སྙན་ངག་པ་སུམ་བཅུ་ལྷག་ལྷན་དུ་འདུ་འཛོམས་བྱུང་བ་རེད།

ཚོགས་སྟེང་དུ་ཚོགས་ཞུགས་པ་རེ་རེས་ལོ་འདིའི་རིང་གི་གསར་རྩོམ་བརྒྱུད་རིམ་ངོ་སྤྲོད་དང་བརྩམས་ཆོས་གྱེར་འདོན། སྙན་ངག་གི་བསམ་ཚུལ་བགྲོ་གླེང་དང་གསར་རྩོམ་གྱི་ཉམས་མྱོང་བརྗེ་རེས། མ་འོངས་པའི་གསར་རྩོམ་ཁ་ཕྱོགས་དང་འཆར་གཞི་ལ་སོགས་གླེང་གཞི་ཡིན་པའི་གཏམ་གླེང་གང་མང་བྱས་པ་སྟེ། ཐོག་མར་ཨ་ལགས་རུ་སྔུན་བློ་བཟང་ཆོས་འཕེལ་ཆོས་ཀྱི་ཉི་མས་མང་རྫོང་ཡུལ་དུ་འདི་ལྟ་བུའི་སྙན་ངག་གི་འདུ་ཚོགས་ཞིག་ཚོགས་པར་སེམས་གཏིང་་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག འདི་ལྟ་བུའི་སྙན་ངག་འདུ་ཚོགས་དང་སྙན་ངག་བགྲོ་གླེང་གི་གལ་ཆེན་རང་བཞིན་ལ་ཡི་རང་དང་རྒྱབ་སྐྱོར་གྱི་ལྷག་བསམ་བསྟན་པ་རེད། དེ་ནས་སློབ་གསོའི་ཆེད་རྩོམ་པ་འབྲི་པ་པོ་རྨེ་རུ་སོན་གསར་དང་ཡིག་གཟུགས་སྒྱུ་རྩལ་པ་ཟུར་གཙང་གཡང་འབུམ་གཉིས་ཀྱིས་སོ་སོའི་ལེགས་སྐྱེས་ཕུལ་བ་དང་བརྩམས་ཆོས་གྱེར་འདོན་བྱས་ཏེ་འདུ་ཚོགས་ཀྱི་དབུ་ཡོངས་སུ་ཕྱེས་ཤིང་། རིམ་བཞིན་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་དང་མཁའ་འགྲོ་རྒྱལ། ཀླུ་ཚང་སྨྱུག་གསར་། སྤྲང་བཙུན་སོགས་ཀྱིས་སྙན་ངག་སྐོར་གྱི་གཏམ་བཤད་གལ་ཆེན་གནང་བ་མ་ཟད། གྲྭ་བཙུན་སྙན་ངག་པ་བདའ་ཚང་སྙེམས་གྲོལ་དང་ཟླ་དོན། དཀར་མོ་ཡེ་ཤེས། བྲག་སྲས་པོ། རམ་ཕྲུག ཕྱིང་རྫ་བསྟན་འཛིན། ཀླུ་བསམ་འཚོ་སོགས་ཀྱིས་རང་རང་གི་གསར་རྩོམ་གྱི་ཉམས་མྱོང་དང་སྙན་ངག་གི་ལྟ་བ་གླེང་ལ། སྙན་ངག་པ་སྒྲོམ་བརྟན་དང་འབྲུག་ལྗང་། འབྲོང་ཕྲུག ལྡོང་ལུག་རྫི། བན་ཤུལ་བསམ་འགྲུབ་རྒྱལ། གངས་སྲས་ཟླ་བ། མང་གཞོན་སོགས་ཀྱིས་སོ་སོའི་གསར་རྩོམ་གྱེར་འདོན་བྱས་ཏེ། སྙན་ངག་གི་འདུ་ཚོགས༼ལང་ཚོའི་རྦབ་ཆུ༽ཐེངས་བདུན་པའི་སྤྱིའི་ཇུས་འགོད་པའི་དགོངས་དོན་དང་དམིགས་ཡུལ་ཡོངས་སུ་འགྲུབ་པར་བྱས།

གཞན་ཡང་། འདུ་ཚོགས་ཀྱི་བར་གསེང་དུ་དེང་རབས་སྙན་ངག་གི་ངོས་འཛིན་དང་། རང་མོས་སྙན་ངག་དང་བཅད་གསར་སྙན་ངག་གི་དར་འཕེལ། སྲོལ་རྒྱུན་སྙན་ངག་གི་གནས་བབ་ལ་སོགས་པའི་དོགས་སློང་དང་དགག་གཞག་གི་གླེང་གཞི་སྣ་ཚོགས་བྱུང་ཞིང་། གླེང་གཞི་དེ་དག་གིས་ལྟ་བ་སྣ་མང་འབྱུང་གིན་པའི་མང་རྫོང་རྩོམ་རིག་གི་དར་རྒྱས་ཀྱི་རྟགས་མཚན་ཞིག་མངོན་པར་མཚོན་ལ། དེས་ནི་སྙན་ངག་པ་དང་སྙན་ངག་པ་ཉེ་བར་བཅར་བ། སྙན་ངག་དང་སྙན་ངག་ཉེ་རུ་བཅར་བ། སྙན་ངག་པ་དང་སྙན་ངག་ཉེ་རུ་བཅར་བའི་སྙན་ངག་གི་འདུ་ཚོགས་འདིའི་དམིགས་ཡུལ་དང་ཉེ་རུ་བཅར་བ་རེད།

མདོར་ན། ཐེངས་འདིའི་འདུ་ཚོགས་སུ་ང་ཚོས་ཅིའི་ཕྱིར་སྙན་ངག་འབྲི་བ་དང་ང་ཚོས་ཇི་ལྟར་སྙན་ངག་འབྲི་བ། ང་ཚོས་སྙན་ངག་ལ་གོ་བ་ཅི་འདྲ་ལེན་པ། སྙན་ངག་གིས་ང་ཚོར་ཅི་ཞིག་སྦྱིན་པ་ལ་སོགས་པ་འཁྲིག་ཆ་དོད་པའི་བགྲོ་གླེང་དང་གྱེར་འདོན་གྱི་རྣམ་པ་རྒྱ་ཆེར་བྱུང་བ་མ་ཟད། བོད་ཀྱི་སྲོལ་རྒྱུན་གྱི་དམངས་གླུ་དང་དེང་རབས་གླུ་གཞས་ལ་སོགས་པས་འདུ་ཚོགས་འདི་ནི་སྙན་ངག་བགྲོ་གླེང་གི་རྣམ་པ་ནས་སྙན་ངག་དུས་སྟོན་གྱི་རྣམ་པར་བསྒྱུར་ཞིང་། འདུ་ཚོགས་ཀྱི་གཟབ་ནན་གྱི་རྣམ་པ་དེ་རང་དབང་གི་རྣམ་པར་བསྒྱུར་ནས། སྙན་ངག་པ་དང་སྙན་ངག་པའི་བར་ལ་བརྩམས་ཆོས་མ་ཟད། སེམས་ཀྱི་བར་ཐག་ཀྱང་ཉེ་རུ་བསྟུངས་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བྱུང་ངོ་།།

རྩ་འཛུགས་པ། འབྲོང་ཕྲུག འབྲུག་ལྗང་། ལུག་རྫི།

མདོ་འཛིན་པ། འབྲུག་ལྗང་།

མཐུན་རྐྱེན་སྦྱོར་མཁན། ཨ་ལགས་རུ་སྔུན། བྱམས་བརྩེ་ཤེས་རིག་གླིང་གི་སློབ་གཙོ།

ཕག་མོ་ཐར། ཕན་བདེ་རླངས་འཁོར་ཞིག་གསོ་ཁང་གི་སྦྱིན་བདག

ཚོགས་གནས། གསེར་གྱི་སྙེ་མ་གསོལ་མགྲོན་ཁང་ཆེན་མོ།

པར་ལེན་པ། གངས་སྲས་ཟླ་བ། ཨོ་རྒྱན་ཚེ་རིང་།

གསར་འགོད་པ། འབྲོང་ཕྲུག



༡ གངས་བུ་འབྲུག་ལྗང་གིས་མདོ་འཛིན་བྱེད་པ།
༢ ཨ་ལགས་རུ་སྔུན་གྱི་གསུང་བཤད་གནང་བ།


༣ རྩོམ་པ་པོ་སྟག་འབུམ་རྒྱལ་གྱིས་མིང་རྟགས་འགོད་པ།


༤ བདའ་ཚང་སྙེམས་གྲོལ་གྱིས་མིང་རྟགས་འགོད་པ།


༥ ཀླུ་ཚང་བསོད་ནམས་འབུམ་གྱིས་མིང་རྟགས་འགོད་པ།


༦ མང་གཞོན་གྱིས་མིང་རྟགས་འགོད་པ།


༧ འབྲོང་ཕྲུག་གིས་མིང་རྟགས་འགོད་པ།


༨ རྨེ་རུ་སོན་གསར་གྱིས་གསར་རྩོམ་གྱི་བརྒྱུད་རིམ་གླེང་བ།


༩ མཁའ་འགྲོ་རྒྱལ་གྱིས་གསར་རྩོམ་གྱི་ཉམས་མྱོང་གླེང་བ།


༡༠ཀླུ་ཚང་སྨྱུག་གསར་གྱིས་དེང་རབས་བོད་ཀྱི་སྙན་ངག་གི་གནས་བབ་གླེང་བ།


༡༡༠ བྲག་སྲས་པོས་རང་གི་རྩོམ་འབྲིའི་བརྒྱུད་རིམ་གླེང་བ།


༡༢ ཟླ་དོན་གྱིས་སྙན་ངག་གླེང་བ།


༡༣ སྤྲང་བཙུན་གྱིས་སྲོལ་རྒྱུན་སྙན་ངག་གི་གནས་བབ་གླེང་བ།


༡༤ བློ་བཟང་བསྟན་འཛིན་གྱིས་སྙན་ངག་གླེང་བ།


༡༦ རམ་ཕྲུག་གིས་སྙན་ངག་གླེང་བ།


༡༧ དཀར་མོ་འཛམ་དབྱངས་ཡེ་ཤེས་ཀྱི་སྙན་ངག་གླེང་བ།


༡༨ སྒྲོམ་བརྟན་གྱིས་སྙན་ངག༼སྐད་ཡིག སྐད་ཡིག༽ཅེས་པ་གྱེར་འདོན་བྱེད་པ།


༡༩ཀླུ་བསམ་འཚོས་རྩོམ་རིག་དུས་དེབ་གཉེར་གྱི་ཉམས་མྱོང་གླེང་བ།


༢༠ ལྡོང་ལུག་རྫིས་སྙན་ངག༼ངོ་གདོང༽གྱེར་བ།


༢༡ ཟུར་གཙང་གཡང་འབུམ་གྱིས་ཚངས་མགུར་དབྱངས་སུ་གྱེར་བ།


༢༢ གངས་སྲས་ཟླ་བས་གླུ་དབྱངས་ལེན་བཞིན་པ།


༢༣ཨོ་རྒྱན་ཚེ་རིང་གིས་སྙན་མོ་གླུ་ཡིས་སྙན་ངག་དུས་སྟོན་བསུ་བ།


༢༤ གཡང་དྲུང་དོན་གྲུབ་གྱིས་དམངས་གླུ་ངག་ལ་གྱེར་བ།


༢༥ སྦྱིན་བདག་ཕག་མོ་ཐར་གྱིས་དམངས་གླུ་ངག་ལ་གྱེར་བ།


༢༦ ཚོགས་ཞུགས་པ་ཡོངས་ཀྱི་དྲན་རྟེན་མཉམ་པར།

 

 
 
འབྲེལ་ཡོད་ནང་དོན་ 253 ཡོད།<<<12345678910>>>
 
ཟིན་བྲིས་བརྡ་ཁྱབ།

རྩོམ་པ་པོའི་ཡིག་ཚགས།
     འབྲོང་ཕྲུག
་ལྷ་ཆེན་རྒྱལ།
      དྲ་ཚིགས་ཉུལ་བ།
     སྒྲུང་གཏམ་ཀློག་པ།
     སྙན་ངག་འབྲི་བ།
     ཆང་འཐུང་བ།

      QQ;870148273

འབྲོང་ཕྲུག་གི་མི་ཚེ་བཞུད་ལམ།

 པར་མཛོད།    གླུ་མཛོད།།

 

དཔྱད་བརྗོད་གསར་བ།
ཟིན་བྲིས་གསར་བ།
སྐད་གསར་བཞག
མཛའ་འབྲེལ།
ཆ་འཕྲིན།
བཟོ་མཁན། ལྡོང་བླ།
Powered by Oblog.