མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཕྱེ་ལེབ་ཀྱི་གར་སྟབས།
 
 
སེམས་ཁམས་ལོ་ཐོ།
ཟིན་བྲིས་བརྡ་ཁྱབ།

༈ མི་ཞིག་གིས་ནུས་པ་ཆེན་པོ་མི་ཐོན་པ་དེ་

 ལ་སྐྱོན་ཅི་ཡང་མེད་དེ།   སྐྱོན་ཆེ་བ་ནི་རང་

 གིས་ནུས་པ་ཆུང་ངུ་ཙམ་ཡང་འདོན་མི་འདོད་

 པ་དེ་རེད།    ______< རྒྱ་གྲོལ། >

 

དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་བྲིས་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཆ་འཕྲིན།
མཛའ་འབྲེལ།
 
 
བདེན་ལུགས་སྐམ་པོའི་བྱེ་ཐང་མྱུལ་དུས
[ 2013-10-12 21:50:52 | By: lamaoji ]
 
      བདེན་ལུགས་སྐམ་པོའི་བྱེ་ཐང་མྱུལ་དུས།

 ཨ་དཀོན་རིན་པོ་ཆེ་སྐུ་གཤེགས་པར།

                    ཀླུ་ཆུ་ལྷ་མོ་སྐྱིད།

 མི་རིགས་ཤིག་གི་ཤ་དྲོད་ལ་འཐིམས་པའི་འོད་ཀྱི་གོང་བུ།

 གློ་བུར་དུ།

 ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་དམར་ཧྲེང་ཧྲེང་དུ་བཞུད་དུས།

 བརྩེ་བ་མིག་ཆུར་འདྲེས། ནོངས་འགྱོད་སྙིང་ལ་ཟུག

 ཞེ་སྡང་ཁྲག་ལྟར་གདུ།

           

 ཀྱི་ཧུད། ཡ་ང་བའི། ཞེ་མར་བའི།

 སྤྱི་ཚོགས་ཀྱི་འཁྲབ་སྟོན་རེ་རེས།

 བྱིས་པ་སྣབས་ལུག་དག་དགོད་མ་ཤེས་ལ།

 གཞོན་ནུ་འཁྱམ་པོ་དག་རྩེ་མ་ཤེས།

 ལག་རྟེན་བོར་བའི་རྒན་འཁོགས་རྣམས་ཀྱང་།

 ལུས་ཀྱི་ཤ་དྲོད་ཡལ་ཏེ་དྲན་མེད་དུ་བརྒྱལ།

             

 བལྟས་ཀྱིན་བལྟས་ཀྱིན། ཉན་བཞིན་ཉན་བཞིན།

 བསམ་གྱིན་བསམ་གྱིན།

 ཕོ་བ་གཏིང་ནས་གཟེར།

 ཨ་མའི་བྱམས་བརྩེ་ཁྲག་ལ་བརྫི་མཁན་ཚོས།

 ང་ཚོར་སྡུག་གི་མགོ་བོ་འཇོག་སའི་ཕྲག་པ་ཞིག་ཀྱང་གང་ནས་སྟེར།

                

 དྲག་ཏུ་འབར་བའི་སེམས་པ་ཐུར་དུ་མནན་ནས།

 བདེན་ལུགས་སྐམ་པོའི་བྱེ་ཐང་མྱུལ་དུས།

 རྐང་པ་རྡོ་ལ་འཐོགས་ཤིང་།

 སྨྲེ་ངག་ཐམས་ཅད་མགྲིན་པ་ནས་ལུས།

 རྣམ་ཤེས་ཁོ་ན།

 ད་གཟོད། ཡང་ཟོར་འཛོམས་པོས་གང་སར་བརྒྱུགས་འགྲོའང་།
 
 
 
ང་ལ་ཡིད་ཆེས་ཐེངས་གཅིག་བྱེད་རོགས།
[ 2012-8-16 13:45:00 | By: lamaoji ]
 
       ང་ལ་ཡིད་ཆེས་ཐེངས་གཅིག་བྱེད་རོགས།

རེ་སྒུག་གི་ཉི་མ་རེ་རེ།  ས་ལ་ལྷུང་བའི་སྐྲ་ལོ་འདིའི་གཏམ་རྒྱུད་དང་མཉམ་དུ།

ལོ་འཁོར་བཅུ་གསུམ་གྱི་དེ་རིང་།

རྣ་བས་བླགས་ཚད་དང་སེམས་ཀྱིས་མྱངས་ཚད།

འདི་ལྟ་བུའི་སྐྱོ་གར་གྱི་མཇུག་འབྲས་ཤིག་ཡིན་པ་སུས་ཀྱང་ཚོད་དཔག་བྱེད་དཀའ།

དེ་ནི། ལས་དབང་གིས་ཁྱེད་ལ་བཞག་པའི་དཀོན་མཆོག་གི་ནོར་འཁྲུལ་ཞིག་ལོས་ཡིན།

ཞེད་ས་འཇིགས་ས་དང་། ན་ས་སྡུག་ས་ཞིག་ཏུ་དཀོན་མཆོག་མི་བཞུགས་ནའང་།

ལུ་གུ་སྤྱང་གིས་འཛིན་པའི་གོ་རིམ་འདི་ཁྱེད་གཅིག་པུས་མྱོང་ག་ལ་དགོས། མྱོང་མི་དགོས་ལགས། འཇིག་རྟེན་གྱི་སྐྱེས་འགྲོ་སུ་དང་གང་གིས་ཤེས་ན།

ཁྱེད་ཉིད་ལ་གུ་ཡངས་གཏོང་ཁོ་ཐག་ཡིན།

དཀོན་མཆོག་སྐྱིལ་དྲུང་དུ་བཞུགས་ཀྱང་། གདོན་འདྲེས་སྔར་བཞིན་གས་སྲུབས་ནས་ཤོར།

ཆོས་ཀྱི་ཞིང་ས་དུས་ཚིགས་ཀྱི་འགྱུར་ལྡོག་ཁྲོད་དུ།

རླུང་གིས་འཁུར་བཞིན་པ།

མི་རིགས་ཤིག་གི་གསབ་ཏུ་མེད་པའི་ཉམས་ཉེས་ཡིན།

ཡ་ང་བའི་སྐྱོ་གར་རེ་རེ། གཉོམ་དུང་དུང་གི་ལང་ཚོའི་རྒྱབ་གཟུགས་ན།

སྡུག་བསྔལ་རུས་སུ་འཐིམས་མཁན་ཁྱེད་གཅིག་པུ་ག་ལ་ཡིན།

བློ་ཕམ་མི་དགོས།  བློ་ཅི་ལ་ཕམ།

ཁྱེད་ལ་ཡོད་པ་ང་ཡིན་ལ།

ང་ཡིས་སྒུག་བཞིན་པའང་ཁྱོད་ལོས་ཡིན།

རི་ཆུ་སྟོང་ཕྲག་གི་བར་ཐག་མི་དཔོག་ཀྱང་།

ནམ་མཁའི་ཞེང་ལ་ཕ་མཐའ་མེད་རུང་།

སེམས་ཀྱི་འབབ་ས་རྨ་རྒྱལ་སྦོམ་རའི་རྩེ་མོ་ཡིན་དགོས།

ང་ལ་སྒུག་རོགས། སེམས་ཀྱི་སྐྱོ་བ་ཐང་ལ་བཞག་སྟེ།

བདག་གི་བརྩེ་བས་འབར་བའི་བྲང་གཞུང་དམར་པོའི་རྡོག་སྒྲར་སྒུག

བདག་གིས་ཤུགས་ཀྱིས་ཁྱོད་ཉིད་ང་ཡི་བྲང་ལ་སྦྱར་ན་སྙམ།

ཕམ་མི་དགོས།

ན་ཟུག་ཡོད་ཚད་མར་ལ་གཡུགས་ཏེ་སྐྱིད་ཀྱི་རྟ་ཕོར་ཐེངས་གཅིག་བྲོབས།

ཤར་རའི་རྩེ་ནས་ཉི་གཞོན་འཕགས་པ།

འུ་གཉིས་འཕྲད་པའི་རྟེན་འབྲེལ་ཡིན།

གངས་སེང་དཀར་མོས་གཡུ་རལ་ངོམས་པ།

ཁྱོད་ལ་ལྡན་པའི་སྙིང་སྟོབས་ཡིན།

ཆུ་བོ་ཆེན་པོའི་ཟབ་ཚད་འདི།

མི་རིགས་ཤིག་གིས་ཁྱེད་ལ་མཇལ་བའི་ལང་ཚོའི་སྐྱིན་པ་ཡིན།

འཇིག་རྟེན་ན་བརྒལ་མི་ཐུབ་པའི་ལམ་པ་ཞིག་གང་ན་ཡོད།

ང་ལ་ཡིད་ཆེས་ཐེངས་གཅིག་བྱེད་རོགས་གནང་།

 
 
 
ངའི་ནུ་མོ་ད་དུང་སླེབས་རྒྱུ་མ་བྱུང་།
[ 2012-7-27 19:21:25 | By: lamaoji ]
 
 

            ངའི་ནུ་མོ་ད་དུང་སླེབས་རྒྱུ་མ་བྱུང་།                                                                 གོ་དགུ་ལོའི་དགུན་ཁར་ཁྱོད་ཀྱིས་ཕུགས་བསམ་གྱི་ལམ་ཁ་དེ་ནས་མེས་པོ་ཚོའི་བདེན་དོན་གླེང་བཞིན་        བུད་སོང་།  ནངས་མོ་དེར་ཉི་འོད་ས་གཞིར་འཕྲོས་ཀྱང་ནམ་ཟླ་ལྷག་ཏུ་འཁྱགས། ཁྱོད་ཀྱིས་གྲང་ཤུར་ཤུར་ གྱི་ངའི་ལག་པ་ནས་འཐམས་ཏེ།   སྐྱོ་སྐྱོ་གནང་མི་དགོས་ང་རང་རྒྱལ་ཁའི་ངང་ཕྱིར་ སླེབས་ཡོང་ཟེར།   རླངས་འཁོར་གྱི་སྒེའུ་ཁུང་དུ་ཁྱོད་ཀྱིས་འཛུམ་མདངས་ཁྱད་པར་ཅན་ཞིག་སྟོན་བཞིན།  ཨ་ཅེ།  ཕ་མ་

གཉིས་ལ་བདག་སྐྱོང་བཟང་བོ་བྱེད་རོགས་ཞེས་གྱེས་ཕྱག་ཡང་ཡང་བཏང་།   རང་དབང་གིས་ཁྱེད་

ཉིད་ས་མཐར་ཁྲིད།  ཕུགས་བསམ་གྱིས་ཁྱེད་ཉིད་ཕ་ཡུལ་ནས་མངགས་སོང་།  ཕ་མ་དང་མིང་

སྲིང་ཚོ་བསྐྱུར་ས་ན་གནས་ལུགས་ཀྱི་སྐད་ཆ་མེད་ན་མི་ཚེ་ཕྱེད་ཀ་ཕྱི་ནས་སྐྱེལ་ག་ལ་སྲིད།    ཤེས་རབ་ཀྱི་སྤྱན་གྱིས་ཁྱོད་ཀྱི་དཀའ་སྡུག་གི་གཏམ་རྒྱུད་ཀློག་ཐུབ་རྒྱུ་ན་ང་ཚོར་ཡང་འཆར་གཞི་དང་ བཀོད་སྒྲིག་ཅིག་ལོས་ཡོད་འདོད། ཁྱོད་ཀྱིས་ཞི་བདེ་ཕུག་རོན་དཀར་མོའི་སེམས་གཏམ་དེ་རུམ་སྟེ་ཆས་སོང་།  གོམ་པ་སྤོ་ཐེངས་གཅིག་ལ་ལོ་འཁོར་བཅུ་གཉིས་བཞུད་ཐ།ཕ་ཡུལ་གྱི་བར་སྣང་ཆང་རག་གི་དྲི་ མས་ཁེངས་ཤིང་།  སྦྲ་ནག་གི་ཁ་ཚུབ་ལས་ཉི་འོད་དང་སྐར་མ་བོར་སོང་།གྱེས་བྲལ་གྱིས་བསླུས་བའི་ ཁྱིམ་གཞིས་འདི།  ཁྱོད་སོང་ཉིན་ནས་དྲན་གདུང་སེམས་སུ་གདུ་བཞིན་རེ་སྒུག་འཚོ་བ་ནས་ལུས།   ཨ་མས་བརྩེ་བ་མཐའ་དག་ལྷ་མདུན་དུ་ཁྱེར་ཏེ་མཆོད་མེ་རེ་དང་སྤོས་རྐང་རེ་བྱས་ཏེ་ཁྱོད་ཀྱི་ལས་ དབང་དཀོན་མཆོག་ལ་བཅོལ།  ཨ་ཕས་སྐད་ཆ་ཡོད་ཚད་ཁོག་དུ་སྦས་ཏེ་སེམས་ཁྲལ་མང་བོ་སྔས་སུ་ མནན།  ཨ་མས་མིག་གིས་བལྟས་ནས་མིག་ཟུང་ཕྱི་ཐ།  ཨ་ཕས་སྙིང་གིས་སྒོམ་ནས་སྐྲ་ལོ་འགྱུར་ཐ།

ནུ་མོ།  མདུན་ཕྱོགས་ན་ཁྱིམ་གཞིས་འདིའི་ན་ཟུག་གི་སྐྱོ་སྐད་ལྷང་ལྷང་།ཐག་རིང་ན་རྨི་ལམ་དཀྲུགས་ པའི་གཏམ་རྒྱུད་ཇེ་མང་།  ཐམས་ཅད་ཀྱིས་མནན་ནས་འོངས་པས་སེམས་པའི་ཕྱི་ནང་འདང་རྒྱག་ལ་ལྷུང་། མིག་གིས་མཐོང་ཚད་སེམས་ཀྱིས་མ་བཟོད་པར། "ནུ་མོས་ཁ་པར་ཐོན་ཐ། ཁོ་མོ་བདེ་མོ་སྐྱིད་པོ་ རེད་"ཅེས་པའི་སྐད་བསྐུར་རྫུན་མ་ཞིག་དགའ་དྲག་དྲག་གི་ཚུལ་གྱིས་ཕ་མའི་སྙན་དུ་སྒྲོན།  ཨ་མ་དགའ་ནས་དྲན་གདུང་དབྱངས་སུ་གྱེར་སོང་།  ཨ་ཕ་དགའ་བཞིན་གསང་བ་ཁ་ནས་ཤོར།  སྣང་ཚུལ་འདི་ཕ་སེམས་བུ་ལ་ཐོགས་པའི་གཏམ་རྒྱུད་ཅིག་ལོས་ཡིན།  ཡིན་ནའང་། གསང་བ་དེས་ཨ་  ཅེ་ངའི་ལྷག་བསམ་ལ་རང་ལུས་དུམ་བུར་གཅོད་པའི་ན་ཟུག་བསླངས།  ཁྱོད་ཀྱིས་མཐོང་ཨེ་བྱུང་། 

ནུ་མོ།   ཁྱིམ་ཚང་འདིའི་བར་སྣང་དུ་ཉི་འོད་སྤྲིན་པས་བཀབས་འདུག   ཁྱོད་ཀྱི་དྲོད་ཁོལ་ལྡན་

པའི་ལག་ཟུང་གིས་དགུན་ཟླ་རིང་མོའི་གྲང་ངར་དེ་འཛིན་རོགས། རེ་སྒུག་གི་ལྷན་འཛོམས་ཀྱིས་

ཁྱིམ་ཚང་འདིར་སྤྲོ་སྐྱིད་ཀྱི་ཉི་མ་ཞིག་འཆར་བར་སྨོན།   ང་ཚོ་བར་ཐག་འདི་ནས་བརྩེ་འཛུམ་གྱིས་

འཕྲད་པར་ཤོག  མྱུར་བ་མྱུར་དུ།

 
 
 
ལྷོག་ལྷོག་ཏུ་གདུ་བའི་ཡིག་འབྲུ་ཁོལ་མ།
[ 2012-7-13 15:18:37 | By: lamaoji ]
 
 

         ལྷོག་ལྷོག་ཏུ་གདུ་བའི་ཡིག་འབྲུ་ཁོལ་མ།    

བྱམས་བུད་མེད་བྱ་དགའི་རྟགས་མ་བླངས་པའི་སེམས་ཀྱི་མྱོང་ཚོར།

ཁ་པར་གྱི་སྐུད་སྣེ་ན་སྐད་ཆ་སྙན་མོ་སྙན་མོ་ཞིག

རྣ་བའི་ཁ་སྒོ་བརྒྱུད་ནས་བདག་གི་སེམས་རྩར་ཐོན

ངས་དགའ་སྣང་ཡོད་ཚད་ཁོག་ཏུ་བཅུག་ནས་ཚོར་བ་མཐའ་དག་འཛུམ་གྱིས་བསུ་བཞིན

གནའ་མཁར་ཟི་ལིང་དུ་ཐོན་བྱུང

རི་གྲོང་ནས་འགྲོགས་ཡོང་བའི་སེམས་པ་དམར་པོ

གྲུ་ག་ཞིག་ན་གཉོམ་ཆུང་ངེར

ལུས་ཀྱི་མགོ་བོ་ཡང་འདེགས་པར་དཀའ

 

ངས་དུས་རྒྱུན་བྲོ་ཁ་བཞིན་རུམ་པའི་སྙན་ངག་གི་རྒྱལ་སྲས་ཚོགས  

གྲལ་མགོ་ན་འཛུམ་ལྷུང་ངེར    

ངའི་འཚོ་བ་འདིའི་རྨི་ལམ་གྱི་ཐག་སྣེར་འཁྱུད་པའི

ཞིབ་འཇུག་སློབ་མ   སློབ་ཆེན་སློབ་མ་དག་གྲལ་འདེབས་ན་འཇམ་ཅག་གེར

ཞིང་ཁ་ན་བྱིས་པ་ཚོའི་མིག་ཟུང་གི་བརྩེ་བ་འཐུ་བའི་ང་ཡི་བསམ་བློ

འཇིགས་སྣང་ཞིག་གིས་ཀུན་ནས་སྦྲིད་པར་གྱུར

དྲང་བདེན་དང་གནས་ལུགས་ཉི་འོད་ལྟར་བཞད་པའི་ཤ་དྲོད་དེའི་པང་ཁ་ན

གཟུགས་མེད་གྱི་བརྩེ་བ་ཞིག་གིས་ནམ་ཡང་ལག་གཡུག་བྱེད

ས་དེ་ནས་ངས་འབག་སྐུ་ལྟ་བུའི་ངོ་གདོང་ས་ལ་བཞག་སྟེ                                                              

སྙིང་སྟོབས་ཆེན་པོས་རེ་སྨོན་གྱི་དང་ཀ་ནས་བཟུང                                                སྐད་གདངས་མཐོན་པོས་ཡིད་ཆེས་དབྱངས་སུ་གྱེར

འདི་ནི   ངའི་མི་ཚེ་ལ་བསྐྱར་དུ་གསོན་ཤུགས་རྒྱས་པའི་འོད་ཀྱི་དྲོད་ཐིགས་ཡིན་ལ

འདི་ནི་   ངའི་བརྩོན་འགྲུས་ལ་འགྱུར་མེད་ཀྱི་དམ་ཚིག་སྣོན་པའི་ལྕགས་ཀྱི་མདུད་པ་ཡིན

ཉི་མ་དེར  ངས་རང་གི་སེམས་ཐོག་ནས་ནོར་འཁྲུལ་ཐམས་ཅད་བཟོ་བཅོས་བྱ་བཞིན

ཕྱི་གསལ་ནང་གསལ་གྱི་རང་ཉིད་ངོ་མ་ཞིག་བྱིས་པ་ཚོའི་མདུན་དུ་ཁྱེར་ཡོང

འདི་ནི་ངའི་སྨྱུག་རྩེ་ན་ལྷོག་ལྷོག་ཏུ་གདུ་བའི་སྙན་ངག་གི་ཡིག་འབྲུ་ཁོལ་མ་རེད་ཨང་། 
 
 
 
སྐད་ཆ་རྙིད་སོང་། སེམས་པ་ཤི་ཐ།
[ 2012-7-13 15:07:56 | By: lamaoji ]
 
 སྐད་ཆ་རྙིད་སོང་། སེམས་པ་ཤི་ཐ།

བག་ཆགས་ཀྱིས་རུས་པ་ཟ་བཞིན།

གོམས་སྲོལ་གྱིས་རྐང་པ་ནས་བསྡམས།

ང་གང་དུ་འགྲོ    འཁོར་བ་འདི་རུ།

དབུགས་ཀྱི་རྒྱུ་བའི་ལེན་སྟངས་དཀའ་འང་།

བདེན་རྫུན་གཉིས་ཀ་ཕྲག་ཏུ་འཇོག་དུས།

ང་ལ།   ཡང་བསྐྱར་གདམ་གསེས་ཤིག་ཡོད་དམ།

 

ཡིད་ཆེས་རུལ་ནས་བུད་ཐ།   མི་གཤིས་རླུང་གིས་ཁུར་སོང།

སྤོབས་པ་སྐྲག་ནས་འཁེངས་འདུག

ང་།   ད་དུང་མདུན་དུ་བསྐྱོད་དགོས་སམ།

ལམ་གྱི་རིང་ཐུང་བཅོས་མ་རེད།

སེམས་ཀྱིས་རེག་ཚད་འཁྱག་པར་སྣང།

སྐད་ཆ་རྙིད་སོང་།   སེམས་པ་ཤི་ཐ།

མནར་གཅོད་ཁྲི་ཕྲག་སྔས་སུ་བྱས་པའི་གོ་རིམ་ན།

རང་ཉིད་བོར་ནས་སྐྲ་ལོ་འཐོར་ཐ།

འཁོར་བ་འདི་ནས།     ངས་ད་དུང་ཅི་ཞིག་འཚོལ་ཆོག་གམ།

ལག་པ་ཕར་ལ་བསྲིངས་དུས།

ཡོད་ཚད་སྟོང་བ་རེད།   སྟོང་བ་རེད།

 
 
 
བཟོད་སྒོམ་གནང་རོགས།
[ 2012-1-1 13:18:15 | By: lamaoji ]
 

            བཟོད་སྒོམ་གནང་རོགས།

                        ལོ་ལྔར་སོན་པའི་བུ་མོར།

ཁྱོད་ལ་བཅངས་པའི་རེ་བ་རུམ་གང་གི་མཐུག་ཚད་ལས། 

ཁྱོད་ལ་འོད་མདངས་འཕྲོས་པའི་ཚེ་སྲོག་གི་ལུས་ཁམས་ཤིག་སྦྱིན་ན་འདོད།

ཆུང་ཆུང་གི་རྐང་རྗེས་མི་ཡུལ་ལ་བཞག་པའི་བརྒྱུད་རིམ་དེ །

ཨ་མ་ངས།  ལྷ་ཡུལ་གྱི་འཇའ་ཚོན་གདན་ལ་བཏིངས་ནས་ལམ་དུ་སྐྱེལ་བྱུང་།

འདི་ནི་ཁྱོད་རང་སྦྲུམ་པ་ནས་བདམས་པའི་གནས་ལུགས་ཤིག་གི་སྙིང་བོ་ཡིན་ལ།

འདི་ནི་ཁྱོད་རང་སྐྱེས་པ་ནས་བདག་ལ་གནང་སྲིད་པའི་འཁོར་བ་འདིའི་སྨོན་བྱང་རེད།

 

གཟི་བརྗིད་ཀྱི་ཆེད་དུ།

ཁྱོད་ཀྱིས་སྐད་ཆ་དག་པོ་བཤད་མི་ཤེས་པའི་སྔོན་ལ་ཀ་ཁ་དབྱངས་སུ་གྱེར་དུ་བཅུག་ལ།

གོམ་ཁ་བརྟན་པོ་མི་ཡོང་བའི་མཚམས་ནས་སློབ་ཆུང་གི་སྐས་ཐེམ་རྡོག་པས་གནོན་དུ་བཅུག

ཁྱད་དུ་འཕགས་པའི་ཤེས་རིག་གི་རྒྱན་ཆ་ཞིག་གིས།

ཁྱོད་ཀྱི་སྙིང་རྗེ་བའི་ལུས་ཁམས་གཡོགས་འདོད་ཀྱི་ཧམ་སེམས་འདིས།

བུ་མོ་ཁྱོད་ཀྱི་བྱིས་བློ་དང་རྩེད་ར་བཅོམས་ཤིང་།

རྨི་ལམ་དང་བདེ་སྐྱིད་འཕྲོག་སོང་།

 

ཐམས་ཅད་ལམ་དུ་ཆས་བྱུང་།

འགྲན་རྩོད་ཀྱི་ཞེ་སྡང་དྲག་པོ་མེ་རི་ལྟར།

འཚུབ་ཆ་དང་ན་སུན་གྱིས།

ཁྱོད་ཀྱི་དཀར་ལ་འཇམ་པའི་འགྲམ་པར་ཐལ་ལྕག་གཞུས་པ་གྲངས་མེད་ལ།

ཁྱོད་ཀྱི་མིག་ཟུང་ལས་མིག་ཆུ་བཞུར་པའང་འཛད་མཐའ་མེད།

ཨ་མའི་རེ་བ་ཡོད་ཚད་ཁྱོད་ཀྱི་གསོན་སྟངས་སུ་རྙེད་ཅིང་།

ཨ་མའི་དགའ་སྐྱོ་གཉིས་ཀ་ཁྱོད་ཀྱི་འཚོ་བ་ན་ཡོད།

འགྲམ་ལྕག་གཞུས་ཐེངས་རེ་ལ་ཨ་མའི་ལག་པ་འདར་ཞིང་།

མིག་ཆུ་ལྷུང་ཐེངས་རེ་ལ་ཨ་མའི་སྙིང་ལ་རལ་གྲིས་བསྣུན་འདྲའི་ན་ཟུག་སྐྱེས།

 

གཅེས་ཕྲུག་མ།  ཁྱོད་ཀྱིས་ང་ཨ་ཕ་ལ་དགའ།  ཨ་མ་མི་དགོས་ཟེར།

སུན་སྣང་དེ།  ཨ་མའི་བཙན་ཚུགས་ཀྱི་ཀུན་སྤྱོད་ལས་ཁྱོད་ལ་བཞག་པའི་ཚོར་བ་ལོས་ཡིན།

མི་གཞི་དྲང་མོ་ཞིག་གི་འཕེལ་རིམ་ནས།

ཤེས་བྱ་མང་པོ་ཞིག་དང་བསམ་བློ་ཡང་དག་ཅིག་འཛོམས་དགོས་པའི་ཆ་རྐྱེན་གྱིས།

ཁྱོད་ཀྱི་སྣང་ངོར། 

ཨ་མ་ནི་གདུག་རྩུབ་ཅན་ཞིག་གམ་སྙིང་རྗེ་དང་བྲལ་བ་ཞིག་ཏུ་འཆར་ཡོང་།

 

བཟོད་སྒོམ་གནང་རོགས།  གཅེས་ཕྲུག་མ།

ཨ་མ་དུས་ནམ་ཡང་ཁྱོད་ལ་དགའ་ཞིང་།

ཁྱོད་ཀྱི་ཆེད་དུ་འཇིག་རྟེན་རྒྱབ་ཏུ་འཁུར་བའི་སྙིང་སྟོབས་ཡོད།

 
 
 
ང་བུད་འགྲོ
[ 2011-12-22 12:05:51 | By: lamaoji ]
 

                    ང་བུད་འགྲོ

 

ཁུ་བྱུག་རྒྱ་རྫོང་འཐེན་ནས་འཕུར་སོང་།

དབྱར་གསུམ་མེ་ཏོག་ཇི་འདྲ་མཛེས་ཀྱང་།

སྟོན་གྱིས་ཐོན་འབབ་བསྡུས་ཏེ་རྒས་སོང་།

ལོ་ཟླས་གཏམ་རྒྱུད་རྒུམ་བཞིན་སླེབས་ཟིན།

 བདག་ལ། འདང་བརྩེ་རྣོན་པོའི་ཟུར་མིག་གི་མདའ་མོ་ཕོག་སྟེ་རྨས་ཟིན།

 ངས་ཀྱང་གཟེར་དྲག་པའི་ན་ཟུག་འདིའི་སྡུག་ཡུས་ཁུར་ནས་བུད་འགྲོ།

 གསང་བ་གོར་མོ་ཞིག་གི་སྣང་བརྙན་རུམ་པའི་ཉིན་མཚན་ཁྲོད།

 ངའི་དྭངས་གཙང་གི་སེམས་རྒྱུད་དམར་བོ་བརྩེ་དུང་གིས་བསྒྲོན།

 ཉིན་དེ་ནས་བཟུང་།  ངའི་རང་དབང་གི་མཁའ་དབྱིངས།

 ཁྱོད་ཀྱི་གཟུགས་བརྙན་གྱིས་བཀག་ལ།

 ངའི་འཚོ་བ་འདིའི་ཐང་གཤོང་ཡངས་པོ་མི་ཁས་གཙེས།

 མི་ཡུལ་གྱི་ཆོས་ཉིད་ལ་གནས་ལུགས་མེད་ཅིང་།

 ལས་དབང་གི་མཐའ་ན་བྲན་དུ་གྱུར་བའི་ང་ཚོ།

 བཙོན་མ་བཞིན།  དུད་འགྲོ་བཞིན།  སྒོ་ཁྱི་བཞིན།

 མི་སེམས་འདི་འགྲེལ་དཀའ་བའི་སྤྱི་འགྲོས་ཤིག་ཡིན་ནའང་།

ལྐོག་གྱུར་གྱི་འདས་དོན་ཞིག་ལ་ཕྱིར་མིག་བགྲད་ན།

སེམས་པ་འདི།  ངོ་མ་སྙི་འགྲོ།

གང་ལྟར།   ང་འགྲོ་དགོས་པས་།

མེ་ཏོག་ཡག་ཚད་ཅིག་དང་བརྩེ་འདང་མཐུག་ས་འདི། རུ།

ཡོད་ཚད་མཚམས་འཇོག  བདེ་བར་སྨོན།

ངའི་སྙིང་ཁོངས་ན་རྟག་བརྟན་དུ་འཚེར་བའི་སྐར་མ་འོད་ཆེན།

རྨི་ལམ་བཞིན་འཁྲང་བའི་བརྩེ་དྲོད་ཀྱི་ལྗོངས་ཤ་སྣུམ་པོ་དེ།

སྐྱིད་སྡུག་གང་གི་སྐབས་སུའང་།

ངའི་རྣམ་ཤེས་འཁོར་སའི་འཇིག་རྟེན་ཞིག

ང་།  བུད་འགྲོ།

 
 
 
སེམས་དང་རྒྱུ་འབྲས་ཀྱི་ལ་ཁ་ན།
[ 2011-12-20 12:30:42 | By: lamaoji ]
 

སེམས་དང་རྒྱུ་འབྲས་ཀྱི་ལ་ཁ་ན

                       

གནས་དེ་ན།  སྨུག་ལོང་ལོང་གི་དུད་སྤྲིན་སྟུག་པོ་བར་སྣང་ལ་ཁྱབ་སྟེ།

ཉི་འོད་དང་སྐར་མ་སྣོག་བཞིན།

ཤིང་ལོ་དང་ཡལ་ག་རུལ་ནས་ཡོད།

ངས་མི་ཁ་དང་དམོད་མོ་རྒྱབ་ཏུ་གཡུགས་ནས།

སྙིང་རུས་ཆེན་པོས།  མུན་ནག་ལ་མཆོད་མེ་སྒྲོན་ཞོར།

དཔེ་ཆ་དང་སྨྱུ་གུ་ཐང་ནས་བཙལ།

སེམས་སུ་བཞུགས་པའི་དཀོན་མཆོག་དེས།

བྱིས་པ་ཚོའང་གཞི་ནས་འགྲོ་ཤེས་སོང་།

 

ད་ལྟ།  ངའི་འཚོ་བ་འདིའི་སྒོ་དྲུང་དུ།

མིག་ཟུང་བརྒྱ་ཕྲག  ཀ་ཁའི་དབྱངས་རྟ་ཡིས་བཏིམས།

དབྱངས་རྟ་དེ་ངའི་ལོ་རྒྱུས་ཀྱི་རིན་ཐང་ཡིན་ལ།

སེམས་དང་རྒྱུ་འབྲས་ཀྱི་ལ་ཁ་ནས།

མི་ལུས་ཡང་དག་ཅིག་གི་དབུ་ཁྱུད་རྙེད།

 

བུ་དང་བུ་མོ་འདི་ཚོ།

ངས་ཀ་ཁའི་སྨྱུག་རིམ་ནས་བཙལ་བའི་ཡིག་ཚོགས་ཀྱི་རྒྱ་མཚོ་ཡིན།

རྒྱ་མཚོ་ལྟ་བུའི་འཚོ་བ། 

ངས་གསེར་མདོག་གི་མཆོད་རྐོང་རེ་རེ།

ལག་ཟུང་གིས་མཐོ་རུ་བཏེགས་ནས།

ཚེ་སྲོག་གྲངས་མེད།  འཇའ་ཚོན་གྱི་གུར་ཁང་ལ་སྐྱེལ་དུས།

ང་།  བྱིས་པ་འདི་ཚོའི་ལས་དབང་གི་ཐོད་པ་ན།

དཀོན་མཆོག་དཀྱིལ་དཀྲུང་དུ་སྡོད་པའི་གོ་རིམ་ཞིག་ཨེ་ཡིན་སྙམ།

 

དབྱར་དགུན་སྟོན་དཔྱིད།  ཉིན་མཚན་དུས་དྲུག

ངས།  ལམ་ཆེན་གྱི་བཞི་མདོ་ནས་གསེར་སྲང་རྒྱ་མར་འཇལ་བཞིན།

འཚར་ལོངས་འབྱུང་བཞིན་པའི་བྱིས་པ་དག

སེམས་དང་རྒྱུ་འབྲས་ཀྱི་ལ་ཁར་བཞག

 

དཀའ་སྡུག་ཁྲི་ཕྲག་སྔས་སུ་བྱས་པའི་གཡུལ་ས་རུ།

མཛེས་པའི་ལང་ཚོའི་བཀྲག་མདངས་ཤོར་སོང་།

སྐྲ་ལོ་ཐང་ལ་ལྷུང་བའི་གོ་རིམ་འདི།

ཨ་མས་བསྩལ་བའི་བྱམས་བརྩེ་ཡི་དྭངས་མ་ཨེ་ཡིན་ནམ།

 
 
 
ང་ལ་སེམས་ཡོད།
[ 2011-12-18 14:45:18 | By: lamaoji ]
 

      ང་ལ་སེམས་ཡོད།

 

ང་ལ་སེམས་ཡོད /  སེམས་པ་འདི /  

ཨ་མའི་བྲང་ཁོག་ན་གསོན་པའི་རྟག་བརྟན་གྱི་མཛེས་སྡུག་ཡིན /

སེམས་པ་འདི /  

བུ་ཆུང་གི་གོམ་ཁ་སྐྱོར་བའི་གནམ་འདེགས་ཀྱི་ཀ་བ་ཡིན /

ང་ལ་སེམས་ཡོད /  སེམས་པ་འདི /                          

སྦྲ་ནག་གི་ཁ་འཚེབ་ལས་གསེར་མདོག་གི་ཉི་མར་བལྟ་བའི་མིག་ཟུང་དེ་ཡིན /  

སེམས་པ་འདི /  

ཕ་ཡུལ་གྱི་དུར་ས་ན་གཏོར་བའི་ལོ་རྒྱུས་ཀྱི་ཟེགས་མ་འཐུ་བའི་གངས་རིའི་སྒྲོལ་མ་ཡིན /  

ང་ལ་སེམས་ཡོད /  སེམས་པ་འདི /  

མི་རབས་ཤིག་གི་སྐྱིད་སྡུག་ཁུར་བའི་ཁྲུང་ཁྲུང་གི་གཏམ་རྒྱུད་དེ་ཡིན /

སེམས་པ་འདི /  

ལོ་ཟླ་ཞིག་གི་བཞུད་སྟངས་འཚོལ་བའི་མི་བུ་དེའི་རྐང་རྗེས་ཡིན /                      

ང་ལ་སེམས་ཡོད /  སེམས་པ་འདི /  

ལ་རྒྱ་དང་གཟི་བརྗིད་ཀྱི་ཆེད་དུ་ལྡིང་ཞིང /

སེམས་པ་འདི /  

དྲང་བདེན་དང་གནས་ལུགས་ཀྱི་ཆེད་དུ་གསོན་ཡོད  / 

 

 
 
 
འོད་སྣང་གི་ཤུལ་དུ།
[ 2011-5-29 23:25:04 | By: lamaoji ]
 

འོད་སྣང་གི་ཤུལ་དུ

          ཀླུ་ཆུ་ལྷ་མོ་སྐྱིད།

 

བདག་གི་སེམས་ཀྱི་རྟེན་ས་ཡ

དཔྱིད་རླུང་གི་ལག་པས་ལང་ཚོ་འདིའི་སྤུ་ཉག་རེ་རེ་སྒུལ་བར་བྱེད་དུས།

བརྒྱུད་མྱོང་བའི་ལམ་ཕྲན།

འུ་གཉིས་ཀྱི་ཆེས་མཛེས་སྡུག་ལྡན་པའི་མི་ཡུལ་གྱི་ཕོ་བྲང་སྟེ།

གནས་འདི་ནས།  བདག་གི་ཡོད་ཚད་ཁྱོད་ལ་བཅོལ་ཞིང་།

ཁྱོད་ཀྱི་ཐམས་ཅད་ང་ལ་དབང་བའི་ཡིད་ཆེས་རྙེད།

 

ཀྱག་ཀྱོག་དང་ལྗན་ལྗིན་མང་བའི་ལམ་ཕྲན་འདིའི་སྟེང་ནས།

ལོ་ཟླ་དང་དུས་ཚོད་འཇའ་ཚོན་བཞིན་ཡལ།

འཚོ་སྟངས་འདིའི་རབ་རིབ་ཀྱི་རྨི་ལམ་ཁྲོད།

ཐོབ་འདོད་ཀྱི་བདེ་སྐྱིད།

དྲན་གདུང་གི་གཤོག་ཐོགས་ལ་འཇུས་ཏེ་མཁའ་དབྱིངས་སུ་འཕུར།

མོ་ལོ་ཉེར་དྲུག་གི་སྒེག་ཉམས།

ཚེ་སྲོག་ཆུང་ཆུང་ཞིག་གི་ངུ་སྐད་ལ་བརྗེས།

འདི་འང་།  ཁྱོད་ཀྱི་ཆེད་དུ།

 

ན་བུན་དང་འཚུབ་མའི་ཀློང་དུ།

བདག་གི་འཁྱར་འཁྱོར་གྱི་བསམ་པ་འཁར་བར་བརྟེན་ཞིང་།

ཉམས་ཉེས་ཀྱི་མིག་ཟུང་མཆི་མས་བརླན་བཞིན།

བར་ཐག་རིང་མོ་ཞིག་ལ་ཀུ་རིང་བཏབ་མོད།

བལྟས་བལྟས་ལ་ཁྱོད་ཀྱི་རྒྱབ་གཟུགས་མིག་མདུན་ནས་ཡལ་ཞིང་།

འཐམ་འཐམ་ལ་ཁྱོད་ཀྱི་དྲི་མ་སྣ་འོག་ནས་ཤོར།

 

བདག་གི་སེམས་ཀྱི་རྟེན་ས་ཡ

དོ་དགོང་།  ནམ་མཁའ་སྐར་ཚོགས་ཀྱིས་བཀང་ཞིང་།

ཟླ་འོད་ཁྲོན་པ་རུ་གསལ།

ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན་སྔོན་མོས་ཀྱང་འགྲམ་ཤ་ལག་པས་སྐྱོར་ཏེ་གླུ་དབྱངས་ལེན།

སྐབས་འདིར།  བདག་གི་སྨོན་ལམ་གྱི་བྲང་ཁ།

ཁྱོད་ཀྱི་འཇམ་རྩུབ་མི་མཉམ་པའི་བརྩེ་བའི་ཤ་དྲོད་དེས་བསྡམས་བཞིན།

གཉིད་ཡེ་ནས་མ་ཁུག

 

བདེ་སྐྱིད་ཀྱི་ཚོར་བས་ཡ་ང་བའི་ཁྲག་དྲི་དེ་སྣོམ་པས།

ལྷན་འཛོམས་ཀྱི་དགོད་སྒྲ།

ཁྱོད་ཀྱི་བཅོས་འཛུམ་ལས་ཤོར་བའི་བསླུ་བྲིད་ཀྱི་གཡུལ་ས་རུ་ལུས།

སྐྱོ་བའི་དབང་གིས།  ཁྲག་དང་མཆི་མ་མཉམ་དུ་བཞུར་མོད།

མཚན་གུང་གི་དུས་སུ།

ང་སླར་ཡང་མལ་ལས་ལངས་ཏེ།

ཁྱོད་ཀྱི་གདོང་ལ་ལག་པས་རེག་ཙམ་བྱས།

རྒྱུས་ལོན་དང་ཡིད་རྟོན་དབེན་པའི་ཁྱོད་ཀྱི་མིག་ཟུང་།

སྔར་བཞིན།  རྨི་ལམ་རྫུན་མ་ཞིག་གི་པང་ཁུག་ན།

འབྲུག་སྒྲ་ལས་བཙན་པའི་སྔུར་བ་འཐེན་བཞིན་ཇི་འདྲའི་བག་ཕེབས་ཨང་།

 

ཐམས་ཅད་མཇུག་མཐའི་སྨོན་འདུན་གྱི་ཁ་གཡང་དང་འགྲོགས་ནས་ཤོར་བྱུང་།

མཚམས་འདིར།  ང་ལ་དགོད་སྒྲ་མེད་ལ་མིག་ཆུའང་མེད།

ལོ་ཟླ་དང་མི་ཚེ།  འཚོ་བ་དང་རེ་བསྙེག

ལམ་པ་འདི་བདག་གི་རྐང་འོག་ན།

ཁྱོད་ཀྱི་བགྲོད་ཚུལ།

བདག་གི་རྣམ་ཤེས་ཀྱི་ལྕེབས་ཐག་ཡིན་སོང་།

སེམས་ཀྱི་རྟེན་ས་ཡ     

                                               

                           ༢༠༠༨ལོའི་ཟླ༣པའི་ཚེས་༢ཉིན།
 
 
 
གསུམ་པའི་བཅུ་དྲུག
[ 2011-5-24 13:42:12 | By: lamaoji ]
 

གསུམ་པའི་བཅུ་དྲུག                 

                     བཙས་མ་ཐག་གི་བུ་མོར་ཕུལ་བ།

                             ཀླུ་ཆུ་ལྷ་མོ་སྐྱིད།

 

ཧོར་ཟླ་གསུམ་པའི་ཚེས་བཅུ་དྲུག་སྟེ།

ཉིན་འདི་གར།  ཕ་ལོའི་སེམས་ཁུར་དང་སྨོན་འདུན་ཁྱེར་ནས།

མ་ལོའི་འཇིགས་སྐྲག་གི་ན་ཟུག་སྒུམ་གྱིན།

ཁྱེད་ཉིད་མི་ཡུལ་དུ་བལྟམས།

ཁྲི་འདུ་ལྷ་མོ།

འཇིག་རྟེན་ལ་མཛེས་སྡུག་སྣོན་པའི་ལྷ་ཡི་སྲས་མོ།

ཁྱེད་ནི་སྐྱིད་སྡུག་གི་མཐིང་དབྱིངས་ལ་སྙན་ངག་གི་རྒྱལ་སྲས་བསུ་བའི་དཀོན་མཆོག་སྟེ།

འགྲུལ་བཞུད་པའི་མིག་ཟུང་བར་སྣང་གི་སྐར་ཚོགས་བཞིན་བཀྲ་དུས།

ཁྱོད་ཀྱི་མདུན་དུ་ཁ་བཏགས་ཀྱི་མཆོད་པས་འཇིག་རྟེན་ཁེབས་ཤིང་།

བརྩེ་དུང་གི་འོ་ཞོས་བཀྲུས་པའི་སེམས་པ་གཉིས།

འཛུམ་ལྷང་ངེར་སྤྲོ་བའི་སྤུ་ལོང་གི་གཡོས་ཕྱོགས་ལས།

ཁྱོད་ཀྱི་ཆུང་ལ་འཇམ་པའི་ལུས་པོ་དེར་ཡང་ནས་ཡང་དུ་བྱིལ་བྱིལ་མཛད།

ཁྲི་འདུ་ལྷ་མོ།

བདེན་དོན་དང་གཏན་ཚིགས་ཀྱིས་སྙེགས་པའི་གངས་ཅན་བུ་མོ།

ཁྱེད་ནི་ཕ་ལོའི་ཆང་ཕོར་གྱི་ཁ་ན་ང་རྒྱལ་གྱིས་བཞུགས་པའི་མཛེས་སྡུག་གི་མེ་ཏོག་རྐང་ཅིག་སྟེ།

འཇིག་རྟེན་འདི་ན།  ཁྱོད་ལས་སྙིང་རྗེ་བ་ཞིག་གང་ན་ཡོད་།

ཕ་ལོའི་སེམས་འདུན་དང་རེ་སྒུག་ཁྱེར་ལ།

མ་ལོའི་ཁ་གཡང་དང་ཡིད་ཆེས་སྒུམ་གྱིན་དལ་མོར་ཕེབས་ཤོག་དང་།

 
 
 
དྲན་ཚུལ་གཞན་དག
[ 2011-5-19 20:18:42 | By: lamaoji ]
 

དྲན་ཚུལ་གཞན་དག  

                      ཀླུ་ཆུ་ལྷ་མོ་སྐྱིད།

 

 

སང་ཉིན་གྱི་ཆེད་དུ

འཚོ་བ་ཡི་ཕྱིར་དུ

སེམས་པ་འདི་ནམ་ཡང་རྟ་རྒོད་ཅིག་དང་འདྲ

བགྲོད་ལམ་གང་ཞིག་རྡོག་སྣེར་ལེན་དུས

བསམ་གཞིག་གི་སྒོ་ཁ་བཙན་རྫོང་བཞིན

སྐབས་འགར    དྲན་པ་འདི་མུན་ཁྲོད་ཀྱི་དུར་ས་དང་མཚུངས

 

ཐོབ་ཆོག་ཆོག་གི་མངའ་ཐང

སྤྱོད་ཆོག་ཆོག་གི་ལོངས་སྤྱོད་འདིའང

ལན་རེར   དྲན་ཤེས་ཀྱི་ལྟ་རྟོགས་ལྷ་སྒྲུང་བཞིན་འབར

 

སེམས་ཀྱིས   གནས་ལུགས་ཤིག་ཁུར་ཏེ

ས་སྒང་གི་ཆེས་མཐོ་ས་ནས་འགྲེང

སྤོབས་སེམས་དང་ཡིད་ཆེས་ཀྱི་མགྲོན་པོ

ཅེ་སྤྱང་གི་ཚང་སྒོ་ན་དམར་ཧྲེང་ཧྲེང་དུ་ལུས

 

རྨོངས་མུན་གྱི་སེམས་པ་སྐྱིད་སྡུག་གི་འཚོ་བས་སྐྱོམ་དུས

རང་ལའང་འབག་སྐུ་ལྟ་བུའི་གདོང་འབག་ཅིག་ཡོད་པར་ཐེ་ཚོམ་སྐྱེས་མོད

དགོས་མཁོ་གང་མང་ཞིག་གམ

འདུན་པ་ཤུགས་དྲག་ཅིག་གིས

ཆང་ཕོར་གྱི་ཁ་ན   འཇིག་རྟེན་ཀྱང་ར་བཟི་བར་གྱུར

 

 
 
 
ཐམས་ཅད་ལ་ཇི་ལྟར་འགྲེལ་བཤད་རྒྱག
[ 2011-5-16 12:21:12 | By: lamaoji ]
 

ཐམས་ཅདལ་ཇི་ལྟར་འགྲེལ་བཤད་རྒྱག                                                                                                                                                   

                          ཀླུ་ཆུ་ལྷ་མོ་སྐྱིད།

 

དུས་ཚོད་ཀྱི་རུམ་ཁ་ནས།

གང་ཞིག་གི་མིག་ཟུང་དང་ཁ་དོག་འཚོལ་དུས།

  ངས།  བྱེའུ་ཆུང་གི་འཕུར་སྟངས་བསམ་བཞིན།

  ངས།  ལྗང་མདོག་གི་རེ་བལྟོས་ལྡད་ཀྱིན།

  མི་ཡུལ་དུ་སླེབས་བྱུང་།

  དུག་རླངས་ཀྱི་རྔམས་ཁ་མཐུག་པའི་མི་ཚོགས་འདི་རུ།

  རོལ་དབྱངས་དང་མེ་ཏོག་སྣ་ཚོགས།

  དུར་ས་ན་རླུང་གིས་བསྐྱོད་པའི་ཚེ་སྲོག་དེའི་མགུལ་རྒྱན་དུ་གྱུར།

  སྨྲེང་སེམས་དང་ན་ཟུག་ཡོད་ཚད།

  འཚོལ་བསྙེགས་དང་བསམ་གཞིག་གྲངས་མེད།

  མཛེས་པའི་རྨི་ལམ།  སུ་ཞིག་གི་རྣམ་ཤེས་འཁོར་སའི་བུ་སྣོད་དེ་ཡིན།

 

  མོག་མོག་གི་ལོ་ཟླ་གཙང་བོ་དང་འདྲེས།

  སེམས་པ་འདིའི་ཐེག་ཚད་རླུང་གིས་བཅོམ།

  ཐག་རིང་གི་གླུ་སྒྲ།   ཁྲུང་ཁྲུང་གི་གཤོག་འགྱུར་ལ་རློམ།

  འོད་སྣང་དང་ཁ་དོག་འཚོ་བ་དེའི་དབུ་ཁྱུད་ལ་མཐོང་ཚེ།

  ངས།   ཐམས་ཅད་ལ་ཇི་ལྟར་འགྲེལ་བཤད་རྒྱག

  ལམ་ཁ་ན་བཤམས་པའི་ཆང་སྣོད།

  ལག་ཟུང་གིས་མཁའ་རུ་བཏེགས་ཏེ།

  གང་དེ་རང་གི་སྐྱབས་མགོན་ཡིན་པར་ཡིད་ཆེས་བཅངས་དུས།       

  ཨ།   སྤྱི་ཚོགས་འདིའི་སྒོ་ཁ་ན་ཡོད་པ།

མི་ལུས་ཀྱི་ཤ་ཁྲག་འཇིབས་མཁན་ཞིག

ཆུང་ཆུང་གི་ང་ལ།

བདེ་སྐྱིད་ཀྱི་མལ་ས་དྲོན་མོ་ཞིག་གང་དུ་ཡོད་དམ།

ཕྲག་དོག་དང་གནོག་སེམས། ཞེ་སྡང་དང་སྡུག་དམོད།

མི་ཡུལ་འདི།   དུག་སྦྲུལ་གྱི་ཚང་ཁ་ན་ཆགས་ཡོད་འདུག

 
 
 
སློབ་ཕྲུག་ཚོ། འདི་ལྟར་ང་དང་གྱེས་སོང་།
[ 2011-5-13 11:10:13 | By: lamaoji ]
 

སློབ་ཕྲུག་ཚོ།  འདི་ལྟར་ང་དང་གྱེས་སོང་།

                                                                                                        

                                                                                                       ཀླུ་ཆུ་ལྷ་མོ་སྐྱིད།

 

    ཉིན་མ་དེར།  ང་ཐོག་མར་བུད་པའི་ཁྲིད་སྟེགས་དེ་ནས།

ངས་ནར་མ་སོན་པའི་བྱིས་པ་སྐོར་ཅིག་ལག་མགོར་ཁྲིད་ཡོང་།

རླུང་བུ་ལྡང་ཕྱོགས་ཀྱིས།  མཚམས་རེར་ངའི་འཇིག་རྟེན་དགོད་སྒྲས་ཁེངས་ཤིང་།

ལན་རེར།  ངའི་ཡོད་ཚད་ན་ཟུག་གིས་འཁུམ།

སྐབས་དེར།  ངའི་སྐྱེད་ཚལ་ན།

མེ་ཏོག་གི་འདབ་མ་གསར་དུ་བཞད་ཅིང་།

གེ་སེར་གྱི་སོ་ཕྲེང་ལྷུག་ལྷུག་དགོད་ཕྱིར།

ངས་ཆག་འཇིག་མཐའ་དག་ཀ་ཁའི་གླུ་སྐད་ལ་བརྗེས་པའི་སེམས་རྟེན་ཡིན་པ་མཐོང་།

 

 

ཡིན་ཡང་།  སློབ་ཕྲུག་ཚོས་ད་ལྟ་ང་བསྐྱུར་ནས་བུད་སོང་།

སེམས་པ་དང་སེམས་པའི་བར་ནས།

ཕྱི་ནང་གི་མཚར་སྡུག་ཉི་འོད་དང་འགྲོགས་ཏེ་རྔུལ་ཆུར་བརྗེས།

འཁྲེང་ཞེན་དང་སེམས་ཚེགས་ཀྱི་བར་ན།

ཁོ་ཚོ།  ངའི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་བཞིན།

གཏམ་རྒྱུད་དེ་ཕ་མ་དང་བུ་ཕྲུག་གི་བརྩེ་འདང་རེད།

ལོ་ཟླ་དང་དུས་ཚོད་ཁོ་ཚོའི་ཆེད་དུ་སྐྱེལ་ཞིང་།

མི་ཚེ་དང་མེ་ཏོག་ཀྱང་ཁོ་ཚོའི་མདུན་དུ་གཏོར།

 

 

ཨེ།  ད་ལྟ།

ངའི་སློབ་ཕྲུག་ཚོ།

ང་དང་གྱེས་སོང་།

རྔུལ་ཁྲག་ལ་བརྗེས་པའི་སེམས་ཀྱི་ཁྲག་རྩ་རེ་རེར།

བཟོད་གླགས་བྲལ་བའི་ན་ཟུག་སྐྱེས་ཨང་།

ཅི་བྱ།  ཡོད་ཚད་འཕུར་སོང་བས་སེམས་པ་སྡོད་མ་ཚུགས།

 

༢༠༠༨ལོའི་ཟླ་༧པའི་ཚེས་༦ཉིན།  

 
 
 
ཨ་མ་ལགས།
[ 2011-5-11 0:30:51 | By: lamaoji ]
 

ཨ་མ་ལགས།

                                       ཀླུ་ཆུ་ལྷ་མོ་སྐྱིད།

 

སྙིང་ནས་བརྩེ་བའི་བྱམས་ལྡན་གྱི་ཨ་མ། ད་ལྟ་བུ་མོ་ཁྲི་འདུ་སྐྱེས་པ་དང་ང་རང་གཞི་ནས་འཇིག་རྟེན་གྱི་ཨ་མར་གྱུར། ཉི་མ་དེས་ངའི་ལུས་སེམས་ལ་བརྩེ་བ་ལྷག་མ་ཞིག་བསྣན་བྱུང་། དེ་ནི་མཚར་སྡུག་འོད་སྟོང་འབར་བའི་སྤྱན་ཞིག་རེད།

ངས་ཨ་མ་ཁྱེད་ཀྱི་སྣུམ་གནག་གི་སྐྲ་ལོ་དུས་ཚིགས་ཀྱི་རླུང་ཁ་ནས་ཇི་ལྟར་དཀར་པོར་གྱུར་བ་དང་།

མེ་ཏོག་བཞིན་མཛེས་པའི་བཞིན་རས་ལ་རྒས་གཉེར་གྱི་རི་མོ་ཇི་ལྟར་ཆགས་པ།   

ཐམས་ཅད།

ངའི་སེམས་ཁོང་གི་འཇིག་རྟེན་དུ་གསལ་ལེར་བབས།   བྱམས་ལྡན་གྱི་ཨ་མ།

ངས་ཁྱེད་ཀྱི་ཚེ་སྲོག་གི་འོད་མདངས་ལ་ཡང་བསྐྱར་གདོང་གཏོད་དུས།

ཁྱེད་ཀྱི་ཡིད་དབང་འཕྲོག་པའི་ལང་ཚོའི་སྤུ་ཉག་མཐའ་དག  བུ་མོ་ངའི།

གོམ་པ།  སྐད་ཆ།  བསམ་བློ།་་་་་་་་མང་པོ་མང་པོ་ཞིག་གིས།                                            

ཁྱེད་ཉིད་ཤ་ནས་རུས་པར་གཏུགས་ཟིན།   ཨ་མ།                                

ཁྱེད་ཀྱིས་ཅིའི་ཕྱིར་རང་ཉིད་ལ་གཅེས་སྤྲས་དོག་ཙམ་ཡང་མ་གནང་བ་ཡིན།

འཇིག་རྟེན་ན།  ཁྱེད་ལས་རླབས་ཆེ་ཞིང་སྙིང་སྟོབས་ཆེ་བ་ཞིག་གང་ན་ཡོད།

དཀོན་མཆོག་ངོ་མ་དེ།  ཁྱེད་ཀྱི་བྲང་གཞུང་གི་སྙིང་དམར་པོལོས་ཡིན།

ང་ཚོས།  དཀོན་མཆོག་གི་པང་ཁ་ནས་དེ་རིང་གི་བདེ་སྐྱིད་བཟུང་མོད།

བྱམས་ལྡན་གྱི་ཨ་མ།  ཁྱེད་ཀྱིས་ཁ་སང་གི་གཏམ་རྒྱུད་དེ་རིང་ཁུར་ཏེ།

རང་ཉིད་དབྱུག་པར་བརྟེན་ནས་འགྲོ་ཚུལ་།

དཀོན་མཆོག་གང་ཞིག་གིས་ལང་ཚོ་ལ་བརྗེས་པའི་བྱིན་རླབས་ཡིན།

ཨ་མ།

ད་ལྟ།  བུ་མོ་ངས།   ཁྱེད་ཀྱི་གཏན་ཚིགས་ཀྱི་ཞབས་རྗེས་རེ་རེ་ནས།

བཏུང་མི་ཚར་བའི་སྙན་ངག་གི་རྒྱ་མཚོ་རིག་ཐུབ།

ཁྱེད་ཀྱི་སྙན་ཞིང་འཇེབས་པའི་གླུ་སྐད་དང་སེམས་གཏམ་ལས།

འཚོ་བ་འདིའི་དཀའ་སྡུག་འཁུར་བའི་སྤོབས་པ་བཙལ་ཐུབ།

ངས་རང་གི་བུ་མོར་བཅངས་པའི་བརྩེ་བ་དེ་ནས།

ཨ་མ་ཁྱེད་ཀྱི་ལུས་ཕུང་གི་ཤ་དྲོད་རེག་ཐུབ་ལ།

ངས་རང་གི་བུ་མོར་བལྟ་བའི་སེམས་པ་དེ་ལས།

ཨ་མ་ཁྱེད་ཀྱི་བརྗོད་མི་ཚར་བའི་སྐད་ཆ་དེའི་ཁུངས་སྣེ་རྙེད།

ཨ་མ།  ངའི་བྱམས་ལྡན་གྱི་ཨ་མ་ལགས།

ཁྱེད་ཀྱིས་མི་ལོ་ལྔ་བཅུ་སྔས་མགོ་བྱེད་དུས།  ངས་ད་གཟོད།

ཁྱེད་ཀྱི་གསོན་སྟངས་ལ་བརྗོད་མི་ཚར་བའི་སྐད་ཆ་སྟོང་ཕྲག་འཚང་ཁ་བྱེད་བཞིན་པ་ཚོར་བྱུང་།

རྟོགས་སད་འདི།   འགྱང་ཟིན་ནམ།

ཨ་མ་་་་་་་་་་

 
 
འབྲེལ་ཡོད་ནང་དོན་ 17 ཡོད།<<<12>>>
 
   པར་གཞི་བཟོ་མཁན།:ཁ་ཁ།
 
Powered by Oblog.