མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
མཁའ་འགྲོའི་གཞས་ར།

ཟིན་བདག་བརྡ་ཁྱབ།


དངོས་མིང་།     ཁང་དཀོན་མཆོག
པིར་མིང་།      རྣོ་ཟུར།
ཕ་ཡུལ།       རྔ་བ་རྫོང་།
སྐད་འཕྲིན།     gognqiu13

          164902426


ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
སེམས་ཀྱི་དྲན་པ་འཕྱོ་བའི་བར་སྟོང་གི་ལོ་མ།
2019-1-7 14:27:57

སེམས་ཀྱི་དྲན་པ་འཕྱོ་བའི་བར་སྟོང་གི་ལོ་མ།

 

ལོ་རྒྱུས་ཆུ་བོ་བཞུར་བའི་ཁུག་མདོ་ན།།

དྲན་པ་སྐྱོགས་སུ་བཅུས་པའི་སྙིང་སྡུག་མ།།

ལས་ཀྱི་ཤོག་ལྷེ་སྣུམ་གྱིས་ཟོས་པ་བཞིན།།

སེམས་ཀྱི་བཙན་རྫོང་འདི་ནས་ཕེབས་བཞིན་འདུག།

 

ལོ་ཟླ་བཙན་གྱིས་བལྡད་དེ་ཕྱིན་ནའང་།།

བརྩེ་བའི་སྤྲིན་དཀར་ལྟ་བུའི་སྙིང་སྡུག་མ།།

མཚན་མོ་རྨི་ལམ་ཉིན་མོ་ཟ་འཐུང་བར།།

གོམ་པའི་འདེགས་འཇོག་སྒྲ་དེ་སྙན་སེང་སེང་།།

 

གནམ་རྒན་མ་ལ་ལེ་བརྡ་ཐེངས་མང་བྱས།།

འོན་ཀྱང་གནམ་རྒན་མ་ལ་ལན་པ་མེད།།

ལས་དབང་དམར་པོར་ཕྲག་དོག་ཐེངས་མང་བྱས།།

ལས་ལ་ཡོད་ཚད་བཅོལ་ནས་རྒུད་འདི་བྱུང་།།

 

བརྩེ་དུངས་དག་མ་སེམས་ནས་འབུལ་བ་ལས།།

རྫ་ནི་རྫུན་ནེར་གཡོ་སྒྱུ་བྱས་ན་བྲིན།།

རང་ཉིད་དུང་ས་སུ་ཡིན་གང་ཡིན་རུང་།།

དུས་དང་ནམ་རྩས་ཟོས་ཀྱང་དྲན་གདུང་གཟེར།།

 

དཔྱིད་ཀྱི་མེ་ཏོག་ང་ལ་ཡག་སྣང་སྐྱེ།།

དེ་ནི་སྔོན་གྱི་ཤིང་ཁང་དམར་པོ་རེད།།

ད་བར་དཔྱིད་ལ་ཚིག་པ་གཏིང་ནས་ཟ།།

དེ་ནི་ཁ་ཁ་བྱས་པའི་ལོ་འདི་རེད།།

 

སྔོན་མར་དྲན་ན་ཁ་པར་བཏང་ཆོག་མོད།།

ད་བར་དྲན་ཡང་ཁ་པར་གཏོང་དབང་མེད།།

སྔོན་མར་དྲན་ཡང་སྐད་ཆ་ཉན་ན་ཆོག།

ད་བར་ང་ལ་ཁ་བརྡའི་དབང་ཆ་མེད།།

 

འདང་རེ་རྒྱབ་ན་ཁྱོད་རང་སྐྱིད་ན་ཆོག།

འདང་རེ་རྒྱབ་ན་ཁྱོད་རང་སྡུག་དགོས་འདོད།།

ཉི་མ་རེ་ལ་བསམ་པ་མི་གཅིག་པས།།

དགའ་སྐྱོ་ཆགས་སྡང་ཁྲོད་ན་ང་རང་ཡོད།།

 

ཁྱོད་ཀྱི་ལོ་རྒྱུས་མང་པོར་ཉན་ན་བསམ།།

ད་བར་དེ་ལ་སེམས་ནས་སུན་གི་འདུག།

ཁྱོད་ལ་འཕྲིན་ཡིག་མང་པོ་བྲིས་ན་འདོད།།

དཔེ་སྐྲུན་ཁང་ནས་དཔར་དབང་ལེན་ན་བསམ།།

 

འོན་ཀྱང་དེ་ལ་སྙིང་བོ་ཅི་ཞིག་ཡོད།།

འོན་ཀྱང་དེ་ལ་རྒྱུ་འབྲས་ཅི་ཞིག་ཡོད།།

འོན་ཀྱང་རང་གི་མདུན་ལམ་སྙེག་འདོད་མོད།།

འོན་ཀྱང་ཁེར་རྐྱང་མི་ལ་སྡང་བཞིན་འདུག།

 

གསར་བུ་དེ་ཡིས་ང་ལ་ཐུབ་ཚོད་བྱས།།

ཁྱོད་ཀྱིས་ཁོ་ལ་ཁྲམ་ཁ་དབྱེན་སྦྱོར་བྱས།།

དེ་ནི་ང་ལ་མཚོན་ན་སྡུག་གི་ཐོག།

བཙན་གྱིས་ཁལ་ཅིག་བཀལ་བ་དང་མཚུངས་སོ།།

 

འུ་གཉིས་ཐོག་མར་དམ་བཅའ་བཞག་མྱོང་ཡོད།།

དེ་ནི་འདང་ཆེན་གྲོགས་ཤིག་སྒྲིག་འདང་བྱས།།

འུ་གཉིས་ཐོག་མར་ཕན་ཚུན་བརྩི་བཀུར་གྱི།།

བྱ་བ་ལམ་འགྲོ་ཡོང་བར་སྐུལ་མ་བྱས།།

 

ང་ལ་ཆུང་མ་ཡོད་ཀྱང་འུ་གཉིས་ཀྱི།།

ཁྱོད་ལ་ཁྱོ་ག་ཡོད་རུང་འུ་གཉིས་ཀྱི།།

གྲོགས་པོའི་འབྲེལ་བ་ནམ་ཡང་མི་གཏོང་ཞེས།།

དམ་ཚིག་ཡོད་པ་ཁྱོད་ཀྱིས་བརྗེད་སོང་ངམ།།

 

དེ་རིང་འདི་ལས་འབྲི་ན་མི་འདོད་གི།

སེམས་ཀྱི་ན་གཟེར་འཕར་ནས་ཡོང་གི་འདུག།

ད་བར་ང་ནི་ཁྲིན་འདུ་སྨན་ཁང་ལས།།

སྨན་མང་བླངས་ནས་རྩམ་པ་ཟ་ཟ་བཞིན།།

kanggongqiu | རྩོམ་ཡོངས་ཀློག་པ།(192) | ལན་སློག(0)
ལེགས་བཤད་ཚན་བཤུས་འགའ།
2019-1-7 14:24:16

ཤིང་གི་བསྟན་བཅོས།

                                       རྩོམ་པ་པོ།    གུང་ཐང་བསྟན་པའི་སྒྲོན་མེ།

 

དཔག་བསམ་ཤིང་ལ་བརྟེན་བྱས་ན།།

དགོས་འདོད་ཐམས་ཅད་ཆར་དུ་བསྙིལ།།

དེ་བཞིན་བཤེས་གཉེན་དམ་པ་ལ།།

བསྟེན་ན་ལེགས་ཚོགས་ལྷུན་གྱིས་གྲུབ།།

 

ཚེར་མ་ཟུག་པའི་ལན་དུ་སླར།།

ཁུ་ཚུར་བརྡེག་པ་བཞད་གད་རྒྱུ།།

གནོད་བྱེད་ལ་ཡང་སླར་ཁྲོ་བ།།

རང་ཉིད་ཉམས་པསི་རྒྱུ་རུ་ཟད།།

 

རྒྱུ་དུས་བརྩོན་པ་མ་བཏང་ན།།

འབྲས་དུས་ཡོན་ཏན་ཐམས་ཅད་སྐྱེ།།

རྩ་བ་རླན་དང་མ་བྲལ་ན།།

རྩེ་མོར་ལོ་འབྲས་སྨིན་པར་འགྱུར།།

 

མཁས་པ་ཡོན་ཏན་ཀུན་ལྡན་དེ།།

རློབ་སེམས་མེད་པར་ཞི་ཞིང་དུལ།།

སྙེ་མའི་ཁུར་གྱིས་ལྗིད་པ་ཡིས།།

ལྗོན་ཤིང་རྩེ་མོ་དུད་དེ་གནས།།

 

ལྷན་སྐྱེས་ཡོན་ཏན་མེད་གྱུར་ན།།

ཕྱི་ཚུལ་བཅོས་པས་ཅི་ལ་ཕན།།

ཡལ་འདབ་མེད་པའི་ཤིང་སྐམ་དེར།།

ཅོད་པན་བཏགས་ཀྱང་ག་ལ་མཛེས།།

 

སློབ་སྦྱོང་དུས་ན་གཡེལ་བ་དེས།།

མཁས་འདོད་རེ་བ་འབྲས་མེད་ཡིན།།

མེ་ཏོག་སད་ཀྱིས་ཁྱེར་བ་ཡི།།

ཤིང་ལ་འབྲས་བུའི་རེ་བ་མེད།།

 

བློ་གྲོས་རྩལ་དང་མི་ལྡན་ན།།

གོ་ས་མཐོ་ཡང་ཁྲེལ་བའི་གཞི།།

ཤིང་ལས་བྱས་པའི་སེང་གེ་དེ།།

འཇིགས་འཇིགས་འདྲ་ཡང་སྙིང་བོ་མེད།།

 

ཀླད་ཆུང་རང་བཞིན་ངན་པ་ལ།།

ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས།།

རྩ་བ་དུག་ཏུ་གནས་པ་ཡི།།

མེ་ཏོག་མཛེས་ཀྱང་སུ་ལ་མཁོ།།

 

ཤིང་བལ་རླུང་གིས་བདས་པ་དེ།།

རི་རྩེར་མི་སྡོད་གཤོང་དུ་ཆགས།།

བློ་ཆུང་ཕྱོགས་མཐར་འཁྱམས་འཁྱམས་ནས།།

མཐའ་མར་རྒུད་པའི་གནས་སུ་ལྷུང་།།

 

མ་རབས་སྐྱེ་བོ་གཉིས་འགྲོགས་ན།།

ཕུགས་སུ་རང་གཞན་གཉིས་ཀ་འཕུང་།།

གཙུབ་ཤིང་ཟུང་དུ་བརྡར་བ་ཡིས།།

མཇུག་ཏུ་གཉིས་ཀ་སྲེག་པར་བྱེད།།

 

འབྲས་ལྡན་ཤིང་གཉིས་སྦྱར་བ་ལས།།

འབྲས་བུ་ཕུང་གསུམ་འབྱུང་བ་ལྟར།།

བློ་དང་ལྡན་པ་གཉིས་རོགས་ན།།

སྔོན་མེད་ལེགས་པའི་བློ་གྲོས་སྐྱེ།།

 

ཤིང་ལ་ཐོག་མར་ཐིག་འདེབས་ཀྱི།།

དྲས་ཤིང་གཏུབས་ནས་བསྒྱུར་དུ་མེད།།

བྱ་བའི་ཐོག་མར་བསམ་དགོས་ཀྱི།།

རྗེས་ནས་འགྱོད་བརྡལ་བླུན་པོའི་རྟགས།།

 

ཤིང་ལ་ལན་གཅིག་སྦྲུལ་གནས་དེ།།

ཕྱིས་ཀྱང་མཐོང་ཚེ་འཇིགས་པ་ལྟར།།

རྐུ་དང་རྫུན་ལ་གཅིག་ཞུགས་པའི།།

མི་དེར་རྟག་ཏུ་དོགས་པ་སྐྱེ།།

 

སྐྱེས་བུ་རྣམ་འབྱེད་གཞོན་ནུའི་མགུལ་རྒྱན།

 

རྩོམ་པ་པོ།  ས་སྐྱ་པཎྟི་ཏ་ཀུན་དགའ་རྒྱལ་མཚན།

 

དང་པོ།  སྤྱིར་བསྟན་པ།

 

ཀུན་ལ་སྙོམས་པ་དམ་པ་སྟེ།།

རང་དོན་སྒྲུབ་པ་ཕལ་བ་ཡིན།།

མཁས་པའི་བྱ་བ་དགག་བྱ་སྟེ།།

ཤེས་བཞིན་སྤོང་བ་དོན་མེད་ཡིན།།

 

བཟང་ལ་ལན་ཡོད་བཟང་པོ་སྟེ།།

དྲིན་གཟོ་མེད་པ་ངན་པ་ཡིན།།

རྟོག་དཔྱོད་ལྡན་པ་སྤྱང་པོ་སྟེ།།

གཏམ་འཆོལ་སྨྲ་བ་གླེན་པ་ཡིན།།

 

ཁོང་དུ་སྦེད་པ་ཟབ་མོ་སྟེ།།

ཁ་རུ་འདོན་པ་ཀླད་མེད་ཡིན།།

ལེགས་ཉེས་ཤེས་པ་ཡངས་མོ་སྟེ།།

རང་ཉིད་འཆིང་བ་དོག་མོ་ཡིན།།

 

རང་བཞིན་བརླིང་ལ་ཤེས་རྒྱ་ཆེ།།

ཉེ་རིང་མེད་པར་འཁོར་འདབ་སྐྱོང་།།

རྟག་ཏུ་གཞན་ལ་སེམས་བརྩེ་བ།།

དེ་ནི་སྐྱེས་བུ་ཆེན་པོ་ཡིན།།

དྲང་བོ་མི་སྨྲ་འཛུམ་གྱིས་བསུ།།

སྨྲ་ན་ངག་འཇམ་ཕིགས་པར་སྨྲ།།

རྟག་ཏུ་གཞན་གྱི་ཉམས་ཚོད་ལེན།།

དེ་དག་སྐྱེས་བུ་གཡོ་ཅན་ཡིན།།

 

བྱས་པ་ཤེས་ཤིང་དྲིན་དུ་གཟོ།།

ཕ་མ་ལ་གུས་རང་བཞིན་དྲང་།།

གཞན་ལ་མི་འཚེ་རང་ཚུགས་ཐུབ།།

དེ་དག་སྐྱེས་བུ་བཟང་པོ་ཡིན།།

 

ཕན་བཏགས་ལན་དུ་གནོད་པ་སྐྱེལ།།

བྱས་པ་ཆུད་གཟོན་དམན་ལ་སྡང་།།

རང་བཞིན་ངན་པ་ཕག་ལྟ་བུ།།

དེ་དག་སྐྱེས་བུ་ངན་པ་ཡིན།།

 

བྱ་བ་མང་ལ་སྤྱོད་པ་དམན།།

རང་བཞིན་དམན་ལ་སྤྱོད་པ་རྩིང་།།

དགེ་ལ་དམན་ཞིང་སྡིག་ལ་རྔམ།།

དེ་དག་སྐྱེས་བུ་ཁྱི་ནག་ཡིན།།

 

གང་གི་བྱ་བ་རྩོམ་པ་ན།།

ཕྱིས་འབྱུང་སྐྱོན་དང་ཡོན་ཏན་ཅི།།

ལེགས་པར་གཏན་ལ་ཕབ་ནས་འཇུག།

དེ་དག་སྐྱེས་བུ་ཞིབ་མོ་ཡིན།།

 

བྱ་བ་མི་མཁས་སྤྱོད་པ་རྩིང་།།

ཤེས་རིག་མི་གསལ་ཆང་ལ་དགའ།།

སང་གི་བྱ་བ་གནངས་སུ་སྐྱེལ།།

ཞིབ་ཚགས་མེད་པ་གླ་བ་ཡིན།།

 

བློ་གསལ་སྐྱེས་བུ་གཞན་ལ་ཕན།།

བསིལ་དྲོད་སྨན་གྱིས་ཚ་གྲང་སེལ།།

བློ་ངན་སྐྱེ་བོས་གཞན་ལ་གནོད།།

སྡོང་རུལ་སྐམ་པོ་འཚིགས་པའི་རྒྱུ།།

 

གཉིས་པ།  བླང་བྱ་བསྟན་པ།

 

བློ་གྲོས་གསལ་ཤིང་ཐབས་ལ་མཁས།།

གཞན་ལ་གང་ཕན་འོད་ཟེར་འགྱེད།།

ཉི་མ་ལྟ་བུའི་སྐྱེས་བུ་དེ།།

བཏང་སྙོམས་མ་བཞག་དང་དུ་བླང་།།

 

དབྱེན་དང་ཕྲ་མས་མི་འགུལ་ཞིང་།།

ངོ་བསྟོད་རླུང་གིས་མི་བསྐྱོད་པའི།།

ལྷུན་པོ་ལྟ་བུའི་སྐྱེས་བུ་དེ།།

བཏང་སྙོམས་མ་བཞག་དང་དུ་བླང་།།

 

ཕན་ཡོད་འབྲས་བུའི་ཁུར་དང་ལྡན།།

ཚ་གདུང་སེལ་བའི་བསིལ་གྲིབ་ཅན།།

ལྗོན་ཤིང་ལྟ་བུའི་སྐྱེས་བུ་དེ།།

བཏང་སྙོམས་མ་བཞག་དང་དུ་བླང་།།

 

ཉེས་སྤྱོད་འཇོམས་པའི་མཆེ་སྡེར་ཅན།།

བག་ཡོད་གཡུ་ཡི་རལ་བ་ལྡན།།

སེང་གེ་ལྟ་བུའི་སྐྱེས་བུ་དེ།།

བཏང་སྙོམས་མ་བཞག་དང་དུ་བླང་།།

 

གསུམ་པ། སྤང་བྱ་བསྟན་པ།

 

རང་བཞིན་མི་བཟང་རྩུབ་འགྱུར་ཆེ།།

རྟག་ཏུ་གནོད་སེམས་འབའ་ཞིག་འཆང་།།

སྐབས་སུ་བབ་ན་རྡུལ་དུ་རློག།

བཙན་དུག་ལྟ་བུའི་སྐྱེས་བུ་སྤང་།།

 

ཕྱི་ནང་མི་ཤེས་ཀུན་ལ་རྒོལ།།

བཟའ་བཏུང་ཙམ་གྱི་འཁྲིས་སར་སྣང་།།

གཙང་བཙོག་མེད་པའི་བརྟུལ་ཞུགས་འཛིན།།

ཁྱི་རྒན་ལྟ་བུའི་སྐྱེས་བུ་སྤང་།།

 

ལས་སུ་སྡིག་སྤྱོད་གཞན་ལས་བརྐུ།།

སེམས་ངན་སྤྱོད་ངན་རང་བཞིན་ངན།།

རྣམ་ཐར་ངན་པ་གཞན་ལ་འགོ།

རིམས་ནད་ལྟ་བུའི་སྐྱེས་བུ་སྤང་།།

 

དོན་དག་བཟའ་བཏུང་འབའ་ཞིག་ཉིད།།

གང་ལ་བརྟེན་པ་དེ་ལ་གནོད།།

སྤྱོད་པ་མི་གཟབ་འགྲོ་ལ་དགའ།།

ཁྱི་ཤིག་ལྟ་བུའི་སྐྱེས་བུ་སྤང་།།

 

 

 

 

 

 

 

བསླབ་བྱ་ནོར་བུའི་ཕྲེང་བ།

 

རྩོམ་པ་པོ།  ཞང་སྟོན་བསྟན་པ་རྒྱ་མཚོ།

 

ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་།།

མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན།།

སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་།།

རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།།

གཞན་དོན་རེམ་པ་ཡ་རབས་ཡིན་མོད་ཀྱང་།།

རང་སྡུག་རང་གིས་ཉོས་ན་སྡུག་གྱོང་ཡིན།།

གཞན་ལ་ཁྱད་གསོད་མེད་ན་བཟང་མོད་ཀྱང་།།

བཟང་ངན་གང་བྱས་ཁྱད་མེད་གླེན་པ་ཡིན།།

ནོར་ལ་ཆགས་ཞེན་མེད་ན་བཟང་མོད་ཀྱང་།།

གཅིག་བཟུང་གཉིས་ཤོར་བྱས་ན་སྟོང་ཟད་ཡིན།།

ཀུན་ལས་ཁྱད་འཕགས་ཚད་མར་འཁུར་ན་ཡང་།།

ང་རྒྱལ་ཆེ་ན་རང་གཞན་ཕུང་བྱེད་ཡིན།།

རང་ཉིད་དགེ་བའི་བཤེས་གཉེན་ཡིན་ན་ཡང་།།

ཁྱད་གསོད་མང་ན་དགྲ་བོའི་གཡབ་མོ་ཡིན།།

འོག་མ་བྱམས་པས་བསྐྱངས་ན་བཟང་མོད་ཀྱང་།།

འཁོར་ངན་བསྐྱངས་ན་ཁ་མཆུའི་སྣ་འདྲེན་ཡིན།།

གཞན་གྱི་ཚོགས་དཔོན་བཀུར་བར་འོས་མོད་ཀྱང་།།

ཆེ་ཆུང་ཁྱད་མེད་ལུགས་སྲོལ་ཉམས་བྱེད་ཡིན།།

རང་དང་མཉམ་པ་བཀུར་སྟི་བྱེད་དགོས་ཀྱང་།།

ཧ་ཅང་མཛེས་མཛེས་མང་ན་སྤྲེའུ་ཡིན།།

 

སྙིང་གཏམ་ལགས་པས་ད་དུང་གསན་མཛོད་ལ།།

མངོན་ཤེས་མེད་ཕྱིར་གྲོགས་དང་འགྲོགས་པ་དཀའ།།

གཅིག་ལ་ཡིད་མི་ཆེས་ན་འདྲེ་དང་འདྲ།།

ཀུན་ལ་བློ་གཏད་བྱས་ན་རང་ཉིད་ཕུང་།།

འགྲོགས་ལུགས་དགྲ་ལ་ཚོལ་དང་ཟབ་པ་ཡིན།།

གཅེས་པའི་བུ་དང་སྙིང་གི་དགྲ་ལ་གྲོགས།།

སྙིང་གཏམ་སྔོན་དུ་མ་བཤད་རེ་ཞིག་གསང་།།

ཧ་ཅང་དགའ་བའི་དུས་དང་ཁྲོ་བའི་དུས།།

སེམས་ལ་གང་ཡོད་ཁ་ལ་འཆོར་ཉེན་ཡོད།།

དེ་ཕྱིར་སྔོན་དུ་དྲན་ཤེས་བསྟེན་བྱས་ནས།།

ཁ་འདོན་གྲེ་བར་བསྐྱིལ་དང་བཙུན་པ་ཡིན།།

སྐྱོན་མཚང་ངན་པ་ཁ་ཤས་གསང་ན་ཡང་།།

འོང་ལོ་རྗེས་ནས་བུད་ན་ངོ་རེ་ཚ།།

དེ་ཕྱིར་ལུས་ངག་བྱ་བྱེད་ཀུན་གྱི་སྟེང་།།

མཚང་ངན་ཕྱི་ལ་མི་འཆོར་མཁས་པ་ཡིན།།

རང་མཚང་རང་གིས་བྲུས་ན་འཕྲོད་པ་ཡིན།།

རང་དཔེ་གཞན་ལ་སྦྱར་ན་ཤིན་ཏུ་འཕྲོད།།

གཞན་དཔེ་རང་ལ་སྦྱར་ན་ལྷག་ཏུ་འཕྲོད།།

དེ་ཕྱིར་དཔྱད་ནས་བསམ་བློ་གཏོང་བ་གཅེས།།

གཞན་སྐྱོན་ལྐོག་ནས་གླེང་བ་མི་ངན་ཡིན།།

ཤེས་བཞིན་དྲང་བོར་མི་བཤད་བསམ་ངན་ཡིན།།

འོན་ཀྱང་སྐྱོན་མཚང་བཤད་ན་ཤེས་མཁན་དཀོན།།

དེ་ཕྱིར་གཞན་སྐྱོན་གློད་ནས་བཞག་ན་བདེ།།

བློ་གཏད་མི་ལ་གང་ཡག་བཤད་མི་དགོས།།

གང་ཞིམ་གང་བཟང་དེ་ལ་སྟེར་མི་དགོས།།

གལ་ལ་ཐུག་དུས་སྐྱིད་སྡུག་ཅི་བྱུང་ཡང་།།

བསླུ་མེད་སྙིང་ནས་བསྐྱངས་ན་ངོ་མཚར་ཆེ།།

སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་།།

མི་རིགས་མི་གཅིག་མོག་མོག་རྟ་སྤུ་འདྲ།།

བསམ་པ་མི་འདྲ་བལ་བོའི་རས་ཁྲ་འདྲ།།

དེ་ཕྱིར་སྔོན་དུ་ཁ་ཚོད་མ་བླངས་པར།།

འཕྲད་པ་དག་ཏུ་སྙིང་གཏམ་འཆད་པ་མཚང་།།

རང་བཞིན་བཟང་དང་མདོ་མེད་ནོར་ས་ཡོད།།

ཤ་ཚ་ཅན་དང་བསམ་ངན་ནོར་ས་ཡོད།།

དང་པོར་བཟང་ཡང་ཕྱིས་ནས་ངན་པ་ཡོད།།

དེ་ཕྱིར་མ་བརྟག་བློ་གཏད་བྱེད་པ་མཚང་།།

ཆང་འཐུང་གླུ་ལེན་ཤོ་དང་མིག་མངས་རྩེ།།

གོ་ཚད་མཐོང་ཚད་ཀུན་གྱི་ལད་མོ་བྱེད།།

སྣང་བ་གང་དྲན་སྨྱོན་པ་ལྟ་བུ་ཡི།།

ཤ་མི་ཚ་ལ་ཕུགས་ནོར་བཅོལ་བ་མཚང་།།

ཁྱི་ལ་ཤ་རློན་བཅོལ་བ་ལྟ་བུ་ཡི།།

ཤ་མི་ཚ་ལ་ཕུགས་ནོར་བཅོལ་བ་མཚང་།།

ཅི་ཙམ་འབད་ཀྱང་ཕན་ངོ་མི་ཤེས་པའི།།

ཁྲེལ་གཞུང་མེད་པ་གྲོགས་པོར་བསྟེན་པ་མཚང་།།

ནོར་དང་ལུག་ལ་སྐད་ཆ་བཤད་པ་བཞིན།།

མི་ཉན་པ་ལ་ཁ་ཏ་བྱེད་པ་མཚང་།།

སྔ་ཕྱི་གང་ཡང་འདང་རྒྱག་མེད་པ་ཡི།།

མི་ཤེས་པ་ལ་གྲོས་ཕུགས་འདྲི་བ་མཚང་།།

མཚང་དུ་ཤེས་ཀྱང་ད་དུང་མི་དོར་ན།།

རང་ཉིད་སྨྱོན་པ་ཡིན་པར་ཤེས་བར་བྱ།།

 

སྙིང་གཏམ་ལགས་པས་ད་དུང་གསན་མཛོད་ལ།།

རྣམ་རྟོག་ཅན་ལ་འདྲེ་དགུ་འཁོར་བས་ན།།

དོགས་པ་རང་གིས་བསུས་ན་བདུད་རིགས་དགའ།།

ཕུང་བྱེད་གྲོགས་སུ་བསྒྱུར་བའི་ཐབས་ཤེས་ན།།

དགའ་རབ་དབང་ཕྱུག་གིས་ཀྱང་ཐུབ་པ་དཀའ།།

ཁ་ངན་ཁ་ལ་ཟོར་བ་ཐོགས་པ་དེ།།

དགྲ་བོའི་དམག་སྣ་འདྲེན་པའི་གཡབ་མོ་ཡིན།།

དུག་གི་ཁ་རླངས་སྤྲོ་བའི་དུག་སྦྲུལ་འདྲ།།

དེ་ཕྱིར་ཁ་ལ་ཚོད་ཅིག་ཡོད་པར་མཛོད།།

གང་དྲན་ལག་ཏུ་ལེན་པའི་བྱ་མང་དེ།།

ཕུང་བྱེད་སྣ་དགུ་འདྲེན་པའི་ཕོ་ཉ་ཡིན།།

ལུས་སེམས་གཉིས་ཀ་འབྲད་པའི་སག་བརྡར་ཡིན།།

དེ་ཕྱིར་བྱེད་རྒྱུ་མ་མང་ལྷོད་ལ་སྡོད།།

སེམས་ལ་དྲན་རྒྱུ་མང་པའི་བློ་མང་དེ།།

འདུན་མ་གཅིག་ལ་མི་ཞོག་དཀྲུག་ཤིང་ཡིན།།

ཉིན་པར་སེམས་འཁྲུག་མཚན་མོ་གཉིད་མི་ཡོང་།།

དེ་ཕྱིར་བློ་སྣ་མང་བོ་རྦད་ཀྱིས་ཆོད།།

ནང་གི་རང་སེམས་དགྲ་རུ་མ་ལྡང་ན།།

ཕྱི་ཡི་འདྲེ་གདོན་སུས་ཀྱང་ཐུབ་པ་དཀའ།།

དོན་མེད་དོགས་པ་ཟ་བ་ཆོ་འཕྲུལ་ཡིན།།

རྣམ་རྟོག་སྡུག་འདྲེའི་ཕུང་ཁྲོལ་ལགས་པས་སྤོང་།།

 

སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་།།

གང་འཇམ་གང་ལེགས་བཤད་ཚད་བསམ་དཀར་མིན།།

ཁ་འཇམ་ཁོང་རྩུབ་ཕྱོགས་ལ་གཟབ་པར་འཚལ།།

སྐྱོན་མཚང་བྲུས་ནས་བཤད་པ་བསམ་དཀར་རྟགས།།

རང་གི་ཁོང་ཁྲོའི་ཕྱོགས་སུ་གཟབ་པར་འཚལ།།

ངས་ཐུབ་ངས་ཤེས་ཟེར་ལ་བློ་གཏད་མེད།།

བསླུ་བྲིད་མགོ་སྐོར་ཕྱོགས་ལ་གཟབ་པར་འཚལ།།

འདིར་བྱོན་འདིར་བཞུགས་ཟེར་བ་བཀུར་སྟི་མིན།།

རང་མཉམ་གྲལ་མཉམ་ཕྱོགས་ལ་གཟབ་པར་འཚལ།།

གང་བཟང་གང་ཆེ་སྟེར་བ་ཕན་སེམས་མིན།།

ཁ་ལན་སྐྱིན་པའི་ཕྱོགས་ལ་གཟབ་པར་འཚལ།།

ཉམ་ཐག་སྐད་ངན་འདོན་ཀྱང་ངེས་པ་མེད།།

འགོང་པོ་ལག་ཟེད་ཕྱོགས་ལ་གཟབ་པར་འཚལ།།

མཐོ་ལ་ཕྲག་དོག་མ་བྱེད་སྤྱི་བོས་བཀུར།།

དམན་ལ་ཁྱད་གསོད་མ་བྱེད་བྱམས་པས་སྐྱོངས།།

མཉམ་ལ་གྲལ་རྩོད་མ་བྱེད་མཉམ་པར་འགྲོགས།།

བསླབ་བྱ་བཤད་ན་སུས་ཀྱང་ཤེས་མོད་ཀྱང་།།

དགོས་དོན་ལག་ལེན་བྱེད་པ་ཉིན་སྐར་ཙམ།།

གཞན་ལ་གཡོ་སྒྱུས་མགོ་སྐོར་ཐུབ་ན་ཡང་།།

ཉིན་གཅིག་ལེ་ལན་རང་ལ་འཁོར་ནས་ཡོང་།།

སྐྲག་རྒྱུ་མེད་པ་དཔའ་པོ་ལོས་ཀྱང་ཡིན།།

ཚམ་ཚོམ་མེད་པ་ཕྱེ་ལེབ་མེ་ལྕེབ་འདྲ།།

གཞན་དོན་དཔྱད་ན་གསལ་བོ་ཡིན་ན་ཡང་།།

མར་མེ་རང་རྩར་གསལ་བ་ཤིན་ཏུ་དཀའ།།

རང་དོན་འཁྱུག་པ་མེད་ན་ཤེས་མཁས་པ་ཡིན།།

ལེགས་ཉེས་དཔྱད་ནས་ཤེས་ན་མཁས་པ་ཡིན།།

ཕན་པར་སྨྲ་བ་བླ་མ་ཡིན་ཡང་དཀོན།།

དེ་ལ་ཉན་པ་བུ་ཚ་ཡིན་ཡང་དཀོན།།

ཚིག་གི་བཟང་ངན་ཙམ་གྱི་ཕན་ཐོགས་མེད།།

ཡུན་དུ་དཔྱད་ན་ཤིན་ཏུ་ཕན་པར་ཡོད།།

ཆུང་ངུའི་དུས་ནས་ཚུལ་བཞིན་བསྟེན་པའི་བུ།།

ཕ་རྒན་སྙིང་གི་གཏམ་འདི་སེམས་ལ་ཆོངས།།

ཕྱིན་ཆད་འདིའང་རྣ་བས་ཚོར་རྒྱུ་མེད།།

ཡོད་རུང་སྙིང་གཏམ་ཡིན་མིན་ཤེས་བ་དཀའ།།

ཆ་རྒྱུས་ཡོད་མེད་གང་དུ་བསྡད་ཀྱང་རུང་།།

གཏམ་འདི་སྙིང་ལ་ཆོངས་ཤིག་ཕ་ཡི་བུ།།

༼༧   ༡༽

 

 

 

དགེ་ལྡན་ལེགས་བཤད།

 

རྩོམ་པ་པོ།   པཎ་ཆེན་བསོད་ནམས་གྲགས་པ།

 

མཁས་པ་ཡོན་ཏན་ཀུན་ལྡན་པས།།

གང་དུ་ཕྱིན་པ་དེ་རུ་བྲིན།།

རྟ་ཕོ་བཟང་དང་རྒྱན་བཟང་པོ།།

ཚོང་འདུས་དག་ཏུ་བྲིན་ཞེས་གྲགས།།

 

བླུན་པོ་ཉེས་པ་ཀུན་ལྡན་པས།།

གང་དུ་ཕྱིན་པ་དེ་ནས་ལྡོག།

བོང་ཤ་ཡིན་པར་ངོ་ཤེས་ན།།

སུས་ཀྱང་ཉོ་བ་མེད་ལ་ལྟོས།།

 

མཁས་པ་མང་དུ་འདུས་པ་ན།།

བློ་གྲོས་བསྡུར་བས་ལེགས་ལ་སྦྱོར།།

གླང་བོ་ལ་སོགས་སྲོག་ཆགས་བཞི།།

འཛོམས་ནས་བསླབ་ཁྲིམས་བཅས་ལ་ལྟོས།།

 

བླུན་པོ་དོན་གྱི་གལ་ཐུག་ན།།

ཅུང་ཟད་ཙམ་ལ་སྐྲག་པ་སྐྱེས།།

མི་ལ་ཟགས་སུ་འཁྲུལ་བ་ཡིས།།

སྟག་གི་སྙིང་སྲིད་གས་ལ་ལྟོས།།

 

བླུན་པོས་བྱ་བ་གང་བརྩམས་ཀྱང་།།

ཕྱིས་སུ་འཚེངས་པ་གཅིག་ཀྱང་མེད།།

ཁྱེ་འུ་མེ་སྐྱེས་ཕ་ཡིས་ནི།།

བུད་མེད་ལྟོ་བ་མཉེས་ལ་ལྟོས།།

མཁས་པས་ས་ཆེན་གང་གྱུར་ཀྱང་།།

ཉུང་བ་བཞིན་དུ་གདུང་བ་སྐྱེ།།

རྒྱ་མཚོ་ནོར་བུས་གང་ན་ཡང་།།

ཚོང་མགྲོན་ཚིམ་པ་མེད་ལ་ལྟོས།།

 

བླུན་པོས་རྟོག་དཔྱོད་མི་གཏོང་བར།།

དགྲ་ལ་རྩོད་པ་བླུན་རྟགས་ཏེ།།

མར་མེའི་འོད་ལ་འཐབ་པ་ཡི།།

ཕྱེ་མ་ལེབ་ཀྱི་ངང་ཚུལ་ལྟོས།།

 

མཁས་པས་དགྲ་ལ་མིག་བསྲིངས་པས།།

ཐ་མར་དགྲ་བོ་དབང་དུ་བསྡུས།།

དཀའ་ཐུབ་ཅན་གྱི་བཟོད་པ་ཡིས།།

རྒྱལ་པོ་དབང་དུ་བསྡུས་ལ་ལྟོས།།

 

མཁས་པས་ཡོན་ཏན་ཁོང་དུ་སྦེད།།

དེ་ལ་སྐྱེ་བོ་མང་དུ་འཁོར།།

རྒྱ་མཚོའི་ནང་གི་ནོར་བུ་ལ།།

དེད་དཔོན་མང་པོ་འཁོར་ལ་ལྟོས།།

 

བླུན་པོ་འཁོན་ནམ་མ་འཁོན་ཡང་།།

ལེགས་པར་བཏུད་ན་རེངས་པ་སྟེ།།

ཁྱི་ལུད་ཕུང་བོ་བཞུར་བ་ན།།

དྲི་ངན་འབའ་ཞིག་བྱུང་ལ་ལྟོས།།

 

བླུན་པོ་ཁེངས་ཤིང་སྨྲ་བ་མང་།།

དེ་ཡིས་བློ་ཆུང་མཚོན་པ་སྟེ།།

འུར་སྒྲ་འབྱིན་པའི་ཆུ་ཕྲན་གྱི།།

གཏིང་དཔག་ཤིན་ཏུ་སླ་ལ་ལྟོས།།

 

མཁས་པ་སྔར་འདྲིས་མ་གཏོགས་པ།།

གློ་བུར་ཕྲད་ལ་ཡིད་མི་རྟོན།།

རི་དྭགས་མི་དང་མ་འདྲིས་པས།།

མཐོང་མ་ཐག་ཏུ་བྲོས་ལ་ལྟོས།།

 

བླུན་པོ་གནོད་ཚིག་ཁ་རུ་འབྱིན།།

དེ་ཉིད་དགྲ་ཡིས་གཞོམ་པར་ནུས།།

ཁྱི་རྣམས་རྟག་ཏུ་ཟུག་པ་ཡང་།།

སྤྱང་ཀིས་སྐྲག་པར་གྱུར་ལ་ལྟོས།།

 

བླུན་པོས་སྐྱིད་འདོད་ལེ་ལོས་འདའ།།

མ་བསླབ་ཡོན་ཏན་ཅི་ལ་འབྱུང་།།

ཚོང་དང་ཞིང་ལས་མ་ནུས་པའི།།

ཁྱིམ་པ་ཕལ་ཆེར་དབུལ་ལ་ལྟོས།།   ༼༨    ༡༽

 

ས་སྐྱ་ལེགས་བཤད།

རྩོམ་པ་པོ།  ས་སྐྱ་པཎྟི་ཏ་ཀུན་དགའ་རྒྱལ་མཚན།

 

སྐྱེ་བོ་ཡོན་ཏན་ཡོད་མེད་པའི།།

བླང་དོར་བློ་གྲོས་ལྡན་པ་མཁས།།

རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས།།

ཁབ་ལེན་རྡོ་ཡིས་ལེན་པར་ཤེས།།

 

ལེགས་བཤད་མཁས་པའི་བློ་གྲོས་ཀྱིས།།

གོ་ཡི་བླུན་པོས་དེ་ལྟ་མིན།།

ཉི་མའི་འོད་ཟེར་ཤར་བ་ན།།

འབྱུང་བོའི་བྱ་རྣམས་ལོང་བར་འགྱུར།།

 

བློ་ཆུང་གྲོས་ཉེས་འཁྲུགས་པའི་ཚེ།།

བློ་ལྡན་ཐབས་ཀྱིས་བདེ་བར་གསོ།།

ཆུ་ཀླུང་རྙོག་པས་ཆུད་གཟན་པ།།

ཆུ་དྭངས་ནོར་བུས་དྭངས་པར་བྱེད།།

 

ཤེས་རབ་ལྡན་པ་མགོ་བསྐོར་ཡང་།།

བྱ་བའི་ཆ་ལ་རྨོངས་མི་འགྱུར།།

སྲོག་ཆགས་གྲོག་མ་མིག་མེད་ཀྱང་།།

མིག་ལྡན་གཞན་ལས་ལྷག་པར་མགྱོགས།།

 

མཁས་པ་ཡོན་ཏན་དཔག་མེད་ཀྱང་།།

གཞན་གྱི་ཡོན་ཏན་ཆུང་ངུའང་ལེན།།

དེ་ལྟར་རྒྱུན་དུ་སྤྱད་པ་ཡིས།།

མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ།།

 

མཁས་པ་སློབ་པའི་དུས་ན་སྡུག།

བདེ་བར་སྡོད་ལ་མཁས་མི་སྲིད།།

བདེ་བ་ཆུང་ལ་ཆགས་པ་དེས།།

ཆེན་པོའི་བདེ་བ་ཐོབ་མི་སྲིད།།

 

དམ་པའི་ཡོན་ཏན་སྦས་གྱུར་ཀྱང་།།

འཇིག་རྟེན་ཀུན་ལ་ཁྱད་པར་གསལ།།

སྣ་མའི་མེ་ཏོག་ལེགས་བཀབ་ཀྱང་།།

དྲི་ཞིམ་ཀུན་ཏུ་ཁྱབ་པར་འགྱུར།།

 

ཕན་དང་མི་ཕན་མི་དཔྱོད་ཅིང་།།

བློ་དང་ཐོས་པ་མི་བསྒྲུབ་པར།།

ལྟོ་འགྲངས་འབའ་ཞིག་དོན་གཉེར་བ།།

སྤུ་མེད་པ་ཡི་ཕག་པ་ཡིན།།

 

བླུན་པོས་ཡོན་ཏན་ཁར་འབྱིན་ཏེ།།

མཁས་པའི་ཡོན་ཏན་ཁོང་དུ་སྦེད།།

སོག་མ་ཆུ་ཡི་སྟེང་དུ་འཕྱོ།།

ནོར་བུ་སྟེང་དུ་བཞག་ཀྱང་འབྱིང་།།

 

དམ་པ་དུལ་བས་རང་གཞན་སྐྱོང་།།

ངན་པ་རེངས་པས་རང་གཞན་སྡུག།

འབྲས་ལྡན་ཤིང་གིས་རང་གཞན་སྲུང་།།

ཤིང་སྐམ་རེངས་པས་རང་གཞན་སྲེག།

 

གཡོ་ཅན་བཟང་པོའི་ཚུལ་བཟུང་ན།།

ཕྱི་ནས་དོན་ལ་བསླུ་བ་ཡོད།།

རི་དྭགས་རྔ་མ་བསྟན་ནས་ནི།།

ཁྲེལ་འདས་བོང་བུའི་ཤ་དག་འཚོང་།།

 

མང་པོ་གཅིག་ཏུ་བློ་མཐུན་ན།།

ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ།།

སྲོག་ཆགས་གྲོག་མའི་ཚོགས་འདུས་པས།།

སེང་གེའི་ཕྲུ་གུ་བསད་ཅེས་གྲགས།།

 

བདག་ཉིད་དཔོན་དུ་བརྐོས་གྱུར་ན།།

དེ་ཡི་བྱ་བ་ཤེས་པ་དཀོན།།

གཞན་ལ་ལྟ་བའི་མིག་ཡོད་ཀྱང་།།

རང་གཞན་བལྟ་ན་མེ་ལོང་དགོས།།

 

རང་གིས་ངན་སྤྱོད་མ་བྱས་ན།།

བརྒྱ་བྱིན་གྱིས་ཀྱང་སྨད་མི་ནུས།།

ཆུ་མིག་རང་ཉིད་མ་བསྐམས་ན།།

ས་ཡིས་མནན་པས་ག་ལ་ཐུབ།།

 

བློ་ལྡན་བྱ་བ་ཅུང་ཟད་ཀྱང་།།

རྒྱུན་དུ་གྲོས་ཀྱིས་བསྒྲུབ་པར་བྱ།།

གྲུབ་པར་གྱུར་ན་ལྟ་ཅི་སྨོས།།

མ་གྲུབ་ན་ཡང་མཛེས་པའི་རྒྱུ།།

 

རང་ལ་དགོས་པའི་བསྟན་བཅོས་རྣམས།།

ཉི་མ་རེ་ལ་ཚིག་རེ་ཟུངས།།

གྲོག་མཁར་དང་ནི་སྦྲང་རྩི་ལྟར།།

རིང་བོར་མི་ཐོགས་མཁས་པར་འགྱུར།།

 

ཤེས་རབ་བརྒྱ་བ།

 

རྩོམ་པ་པོ།  འཕགས་པ་ཀླུ་སྒྲུབ།

 

ཡི་གེ་ཉུང་ལ་དོན་མང་བ།།

གཏན་ཚིགས་སྣ་ཚོགས་རྣམས་ཀྱིས་བརྒྱན།།

འདི་ནི་ཚིགས་སུ་བཅད་པ་བརྒྱ།།

ཤེས་རབ་བརྒྱ་པ་ཞེས་བྱའོ།།

 

ཤེས་རབ་ཀྱིས་ནི་ལུས་བསྲུངས་ལ།།

དགྲ་ཡི་ཚོགས་ཀྱང་ཅི་བྱར་ཡོད།།

ལག་ན་གདུགས་དང་བཅས་པ་ལ།།

ཆར་གྱི་རྒྱུན་གྱིས་རྫི་བ་མེད།།

 

ཤེས་རབ་རྩལ་དང་བྲལ་བ་ན།།

གཞན་གྱི་བྲན་བྱེད་ཁོ་ནར་ཟད།།

གླང་ཆེན་རི་བརྩེགས་ལྟ་བུ་ཡི།།

ལུས་དང་ལྡན་པ་སྣང་བ་བཞིན།།

 

ཤེས་རབ་མིག་ཕྱེ་རྣམས་ལ་ནི།།

རྒུད་པ་རྣམ་པར་འཇིག་འགྱུར་ཏེ།།

ལག་ན་མར་མེ་ཐོགས་པ་ཡི།།

མདུན་ན་མུན་པ་མེད་པ་བཞིན།།

 

ཡ་རབས་རྣམས་ཀྱི་སྤྱོད་པ་ལ།།

སྐྱེ་བོ་ངན་པས་གནོད་མི་འགྱུར།།

རིན་ཆེན་སྒྲོན་མ་འབར་བའི་ཚེ།།

འཐོར་རླུང་ཚོགས་ཀྱིས་མི་སོད་དོ།།

 

མཁས་རྣམས་རྣ་བར་མི་སྙན་ཡང་།།

ཕན་ཚིག་སྨན་བཞིན་བསྟེན་པར་གྱིས།།

རེ་ཞིག་ཅིག་ན་དེ་དག་ཀྱང་།།

ཡང་དག་བདུད་རྩི་ལྟ་བུར་འགྱུར།།

 

གར་སྐྱེས་སུ་ནི་ཟད་ཅེས་ཏེ།།

རང་གི་བརྩོན་པ་དོར་མི་བྱ།།

འབད་པ་མེད་པར་ཏིལ་དག་ལས།།

ཏིལ་མར་ཐོབ་པར་འགྱུར་མ་ཡིན།།

 

གང་ཞིག་གཏོང་ཕོད་བློ་ལྡན་དཔའ།།

ཚིག་བདེན་གཙང་ལ་བྱས་པ་གཟོ།།

དེ་ལ་རྟག་ཏུ་དཔལ་གྲོགས་རྣམས།།

གྲིབ་མ་བཞིན་དུ་རྗེས་སུ་འབྲང་།།

 

སྐྱེས་བུ་མཁས་པ་གཅིག་རྐྱ་ཡང་།།

འདོད་པའི་དོན་མཆོག་གྲུབ་པར་འགྱུར།།

རི་དྭགས་རྒྱལ་པོ་གཅིག་པུ་ཡིས།།

གླང་ཆེན་དྲེགས་ཁྱུའི་ཀླད་པ་འགེམས།།

 

གང་ལ་བཟོད་པའི་རང་བཞིན་ཆུ།།

ཁྲོ་བོའི་མེ་ནི་ཞི་བྱེད་པ།།

གདུལ་བྱའི་ཐབས་ཀྱི་མཆོག་ཡོད་པ།།

དེ་ལ་དགྲ་རྣམས་ག་ལ་སྡང་།།

 

གང་ཞིག་གཞན་དག་བརླག་བྱ་ཞེས།།

ཁྲོས་པའི་མེ་ཡིས་རང་རྒྱུད་སྲེག།

ཡོན་ཏན་ལྷུར་ལེན་མི་བྱེད་པ།།

དེ་དག་ནམ་ནམ་ཞར་ཞར་ཕུང་།།

 

སྦྲུལ་ལ་འོ་མ་བླུད་པ་ནི།།

དུག་འཕེལ་འགྱུར་བ་ཁོ་ནར་ཟད།།

ངན་པ་རྣམས་ལ་གདམས་པ་ཡང་།།

ཚིག་པ་ཟ་འགྱུར་ཞི་མི་འགྱུར།།

༼ ༨   ༢༽

 

 

 

བཤེས་སྤྲིང་ས་རྩ་འགྲེལ།

 

རྩོམ་པ་པོ། འཕགས་པ་ཀླུ་སྒྲུབ།

 

རྒྱན་པོ་འགྱེད་དང་འདུས་ལ་ལྟ་བ་དང་།།

ལེ་ལོ་སྡིག་པའི་གྲོགས་ལ་བསྟེན་པ་དང་།།

ཆང་དང་མཚན་མོ་རྒྱུ་བ་ངན་སོང་བ།།

གྲགས་པ་ཉམས་པར་འགྱུར་བ་དེ་དྲུག་སྤོང་།།

 

རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང་།།

གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ།།

སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར།།

འཕྲོག་པའི་ཆོམ་རྐུན་ལགས་པར་མཁྱེན་པར་མཛོད།།

 

འཇིག་རྟེན་མཁྱེན་པ་རྙེད་དང་མི་རྙེད་པ།།

བདེ་དང་མི་བདེ་སྙན་དང་མི་སྙན་དང་།།

བསྟོད་སྨད་ཅེས་བྱ་འཇིག་རྟེན་ཆོས་བརྒྱད་པོ།།

བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད།།

 

སེར་སྣ་གཡོ་སྒྱུ་ཆགས་དང་སྙོམ་ལས་དང་།།

མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང་།།

རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང་།།

དབང་ཐང་ཆེ་བས་རྒྱགས་ལ་དགྲ་བཞིན་གཟིགས།།

 

མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ།།

སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ།།

མ་སྨིན་མ་སྨིན་པར་སྣང་སྨིན་ལ་འདྲ།།

སྨིན་པར་སྣང་ཞེས་བགྱི་བ་འདྲར་རྟོགས་མཛོད།།

༼  ༨   ༢  

kanggongqiu | རྩོམ་ཡོངས་ཀློག་པ།(74) | ལན་སློག(0)
བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་སྙན་ངག
2017-5-11 17:36:58

ཡིག་གཟུགས།

             

བློའི་ཡུལ་དུ་བྱ་རུང་པ་མང་པོ་ཞིག

ཤོག་བུ་མཐའ་གཅིག་གི་ངོས་སུ་ཕབ་དུས

ཁྱོད་རང་དགོད་ལ་ངུ་བའི་མཚམས་སུ་གཏུགས

སྐབས་དེར་ཁྱོད་ཀྱིས་གནམ་མཐའི་སྤྲིན་པར་བལྟས་ཏེ

རི་མོ་ཞིག་བྲིས    དེ་ནི་སྐྱོ་བ་ཞིག་གི་ན་བུན་རེད

གདུང་བ་ཞིག་གི་གཞས་ཆུང་རེད

ང་ལ་བཤད་པའི་གསང་གཏམ་རེད

 

 

ངས་རི་བོ་དང་ཆུ་བོ

བ་མ་དང་རྫ་མ

ཡོད་ཚད་ཀྱི་རེའུ་མིག་ཅིག་ལས་ཏེ

ཤར་ཤར་འབྲི་དུས   ཁྱེད་ཀྱི་ཧ་གོ་ཡོད

དེ་ནི་ཡི་གེའི་གཟུགས་དེར་བསྐུར་བའི་སྐད་ཆ་ཡིན

 

 

དེ་རིང་ནམ་ཡང་སེམས་ཀྱི་ཡོད་ཚད་གླེང་སའི་ཁྱོད

གངས་རི་ཞིག་གི་དབུ་རྩེ་ནས་ལང་ཚོ་འཕྱར་དུས

ང་ནི་ཁྱོད་ཀྱིས་གསོས་བའི་ཁྱེའུ་དེ་ཡིན

དེ་བས་ཁྱོད་ལ་སྙན་ངག་གིས་ཡང་བསྐྱར་སེམས་གཏམ་ཞིག་བསྙད

བཀྲ་ཤིས་བདེ་ལེགས

kanggongqiu | རྩོམ་ཡོངས་ཀློག་པ།(263) | ལན་སློག(0)
མེ་གླིང་ལྷོ་མ་ནས་ཕ་ཡུལ་དྲན།
2016-5-16 18:04:29

 

 

 མེ་གླིང་ལྷོ་མ་ནས་ཕ་ཡུལ་དྲན།

 

ལོ་མའི་ངོས་སུ་ཟིལ་བ་ཞིག་ཁུར་བ་དེའི་ནང་དུ

གཅེར་བུར་བུད་པའི་སེམས་ཀྱི་ལྷ་མོ་ཞིག་གིས

མཚན་སྒོ་ནས་ཁུ་བ་ཁམ་ནག་དྲུད་དེ

སྒོ་དྲུང་ནས་རོལ་དབྱངས་དཀྲོལ

རི་སྒང་ནས་གླིང་བུ་བུས

 

འཆར་སྣང་མང་པོ་རླུང་ཁར་བསྐུར་བའི་ཐ་སྙད་དག་གིས

མེ་གླིང་ལྷོ་མ་ནས་ཕ་ཡུལ་དྲན་དུ་བཅུག

 

གཡའ་ཆུའི་རྩེ་རུ་ཆགས་པའི་མེ་ཏོག་དེའི་ཁ་གད་ནས་ལོ་ཟླ་ག་ཚོད་ཙམ་ལ

སྙན་ངག་ལྟ་བུའི་དྲན་པ་རབ་རིབ་ཏུ་སྐུང་ནས་ཡིབ

ད་དུང་ནུ་ཐུམ་འོག་ཏུ་བཙུར་བའི་དུང་གི་རི་བོ་གཉིས་ཀྱིས་ང་རང་བོས་བ་ཐེངས་གཅིག་མིན་ན

ངས་ཀྱང་སྡོམ་རྒྱ་གཏོར་བའི་སྙིང་སྟོབས་དེའང་འདི་ནས་འགོ་བརྩམས་ག་ལ་ཕོད

 

ཐ་མག་གི་འཚིག་འཕྲོ་དེ་ལས་ལྷ་ཡུལ་གྱི་རྟོགས་པ་མྱོང་དུས

མེ་ཏོག་གི་སྒྲོམ་བུ་དག་སྙིང་ལ་སིམ་པའི་གཏམ་རྒྱུད་དུ་བླུག་ནས་དབྱངས་སུ་མི་གྱེར་ག་མེད་བྱུང

མཆི་མ་དང་བཅས་ཏེ་འཇིག་རྟེན་དཀར་ངོགས་འདི་ལས་ཡིད་རེ་མི་ཆད་ཡང་ག་མེད་བྱུང་འགྲོ

འཁོར་བའི་དབྱིངས་སུ་ལག་པ་བརྐྱངས་ཟིན་པའི་འདབ་ཆགས་ང

འཕུར་འཕུར་པའི་རྗེས་ན་ཐོབ་བྱ་ཅི་ཡང་མེད་པར་ཕྱིར་དུ་ལོག་དགོས་པའི་སྐབས

ཡོད་ཚད་བོར་ཟིན་པའི་ངོ་བོ་ཞིག་ལས་ཅི་ཡང་མ་ཡིན་ནོ

 

དུས་ཚོད་འདིར་མེ་གླིང་ལྷོ་མ་ནས་ཕ་ཡུལ་དྲན་བྱུང

མལ་ཐུལ་འོག་གི་འཇིག་རྟེན་ནི་རབ་རིབ་མག་མོག་གིས་བཟུང་བའི་ལོ་ཟླ་དེ

ཕྱིར་དྲན་ཟ་ཟིས་བསླངས་པའི་དྲན་འཕྲུལ་གྱི་སོ་ཁ་ཞིག་ཏུ་གྲུབ

 

ངས་བདག་མེད་ཀྱི་ཆང་ཁ་འདི་ནས་རང་ཉིད་བཤམས་སྟོན་བྱེད་དུས

ཁྱོད་ནི་རས་གཞིའི་ངོས་སུ་ཤར་བའི་རྟོགས་བརྗོད་ཀྱི་གྲིབ་མ་ནག་པོ་ཞིག་ཡིན

གངས་ལ་ཉི་འོད་བཏང་བའི་ཞོགས་པ་འདི་ནི

རྟེན་འབྲེལ་གྱི་ཁ་བཏགས་ཤིག་ཏུ་རྫུས་པའི་གཏམ་རྒྱུད་རིང་དྲགས་སོང་བའམ

ཡང་ན་ལོ་མར་ནག་ཐིག་བབས་པའི་སྟོན་ལྗོངས་ཀྱི་དུས་ཚུགས་ཤིག་ཡིན

kanggongqiu | རྩོམ་ཡོངས་ཀློག་པ།(485) | ལན་སློག(1)
རྣོ་ཟུར་གྱི་གསར་རྩོམ་གཉིས།
2016-1-6 11:55:57

         

        རྣོ་ཟུར་གྱི་གསར་རྩོམ་གཉིས།


           A  ངོས་གཉིས།

 

ཁ་དོག་གི་ཟུར་རེ་རེ་ནས་མངོན་ཆུང་གིས་འོང་བའི
རྡོ་བརྩིགས་ཀྱི་གསེང་རེ་རེ་ནས་རྡུལ་ཆི་ལེར་འོང་བའི
སྨུག་པོ་འདྲ་བའི     ནག་པོ་འདྲ་བའི
ཡོལ་བ་ཆེན་པོ་དེས་གཙུབ་བརྡར་བར་ན
སྙིང་ཆུང་ལག་ཏུ་བཟུང་བའི་སྨན་ཤར་ཅི་ཙམ་ཡོད

སྨེང་ཤིག་ཤིག   གཟབ་ནན་ནན
ཁེས་ཉག་ཏུ་བྲིས་པའི་རི་མོའང་སྨུག་པ་འཐུག་པོ་ཞིག་ཡིན་ན
སུ་ལ་རྨི་ལམ་ཁྲོད་ཀྱི་ཐེ་ཚོམ་དེ་སངས་འགྲོ
གང་ལ་ཡིད་རྟོན་རུང་བའི་གསང་གཏམ་དེ་ལབ་འགྲོ

ཕྱི་ལ་འཁྱམས་པའི་ཁ་དོག་དེ་ཅི་ཞིག་ཡིན
ནང་དུ་སྐོང་བའི་མདོག་དེ་སུ་ཡིས་ཤེས
ངས་དེ་ལྟར་བསམ་བཞིན   སྙན་ངག་གི་བརླ་བརྡུང
དབྱི་བཙགས    འཕོང་མགོ་ཕྱེས
ང་ལ་ཐ་མག་གི་དུ་བ་ལས་སེམས་གཏམ་བསྙད་ཡུལ་མེད་དོན་ཅི་རེད
                            ༢༠༡༦-༡-༦ཉིན།

 

            ཁྱོད་དྲན།


        --------------གྲོགས་པོ་གཉིས་ལ་བྲིས་པ།

ཕ་ཡུལ་ལ་ཁ་བ་ཆེན་པོ་ཞིག་བབས་འདུག
ཕ་ཡུལ་དང་བྲལ་བའི་ཁྱོད  གང་ན་ཡོད
ཁྱོད་ཡོད་ས་དེར     ཁ་བ་འབབ་ཀི་ཡོད་དམ
ཡང་ན་བཙག་ལྡང་གི་ཡོད
དགུན་གཞུང་འདིར་གྲང་བ་ལ
ད་ལོ་དེ་ལས་ལྡོག་དེ་ཧ་ཅང་འཁྱག

རྡོ་ར་འཁྱག་པོ    ཉལ་ཐུལ་སྲབ་བུ
ལུས་ཁམས་དུད་པོ    སེམས་ངལ་ལྕི་མོ

ཁྱོད་ལ་ནམ་ཡང་འབོད་སྤྱད་ཀྱི་ཐག་པ་དེ་ནག་པོ་ཡིན་ནམ
ཁྱོད་ལ་ནམ་ཡང་དབང་པའི་འཚོ་བ་དེ་དམར་པོ་ཡིན་ནམ
ཁྱོད་ལ་རྟག་ཏུ་དོད་པའི་འཛུམ་ཆུང་དེ་གློ་ཁ་ཡིན་ནམ
ཁ་བ་ཆེན་པོ་འདུག་གམ     ཕ་ཡུལ་དྲན་དུས་ཁྱོད་དྲན་པ་ནི
སྙན་ངག་འབྲི་དུས་ཐ་སྙད་སྤྱོད་པ་བཞིན་ལག་སྣེ་རུ་དྲིལ་ཡོང
སྙན་ངག་པ      ན་བུན་ལགས  
སྙན་ངག་པ      སྨྱུ་གུ་ལགས
                     ༢༠༡༦-༡-༦ཉིན


 

 

kanggongqiu | རྩོམ་ཡོངས་ཀློག་པ།(476) | ལན་སློག(2)
དེ་རིང་ངས་རི་མོ་ཞིག་བྲིས།
2015-12-14 11:11:43

 

དེ་རིང་ངས་རི་མོ་ཞིག་བྲིས་ཡོད།

 

རི་མོ་དེ་སྐྱ་བྲིས་ཤིག་ཡིན

ཚོན་སྣ་གཅིག་ལས་མེད་པའི་སྐྱ་བྲིས་ཤིག་ཡིན

ཤ་དང་རུས་པ་འབུར་ཚུགས་སུ་དོད་པའི

མིག་དང་མཆུ་ཏོ་ཚུགས་སུ་གསལ་པའི

བྲང་དང་ནུ་མ་འབུར་གཟུགས་སུ་གསལ་པའི

སྐྱ་བྲིས་ཆུང་ཆུང་ཞིག་ཡིན

 

རི་མོ་དེ་མི་ཞིག་ཡིན་ནམ     ཡང་ན་ཁྱི་ཞིག་ཡིན་ནམ

ག་ལེར་བལྟས་ཏེ་ཁྱི་འདོགས་བྱེད་ཀྱི་ལྕགས་ཐག་ཅིག་སྒྲིག

ག་ལེར་བལྟས་ཏེ་མི་འདུལ་བྱེད་ཀྱི་དཔེ་ཆ་ཞིག་བླུས

ངས་ལྕགས་ཐག་དང་དཔེ་ཆ་གཉིས་ལག་ཏུ་བཟུང་ནས

ཅི་ཞིག་འབྲི་དགོས་པ་མ་ཤེས་བར་ཐ་མག་འཐེན

 

ཡང་ན་ཁྱི་དེ་འདོགས     སྲ་ཐག་ཐག་ཅིག་འདོགས

ཡང་ན་མི་དེ་འདུལ     གཡུང་ལྷེམ་ལྷེམ་ཅིག་འདུལ

ག་ལེར་པིར་སྨྱུག་ས་རུ་བཞག་དུས     ཉི་མ་བུད་སོང

ཁ་རྩང་འགྲོ་ས་དེར  

 

                    ༢༠༡༥ལོའི་ཟླ་༡༡ཚེས་༢༢ཉིན་རྒྱ་ནག་ཁྲིན་འདུ་ནས་བྲིས།

 

 

 

kanggongqiu | རྩོམ་ཡོངས་ཀློག་པ།(282) | ལན་སློག(0)
འབྲེལ་ཡོད་ནང་དོན་ 130 ཡོད།<<<12345678910>>>
 
Powered by Oblog.