མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
     
   
     
 
[མགོར་འཇོག] མཚོ་སྔོན་བོད་ཡིག་ཟིན་བྲིས་ཚང་ལ་ཐ་ཚིག་བསྒྲགས་པ།
[ 2011-3-22 15:24:45 | By: jose ]
 

སྔོན་དང་པོའི་དུས་ན། མི་རྣམས་རང་བྱུང་སྤྱི་སྙོམས་ཀྱིས་འཚོ་བར་བྱེད། དེ་ལ་རང་བྱུང་གི་སྤྱི་ཚོགས་ཞེས་རྗེས་རབས་དག་གིས་འབོད། རང་བྱུང་གི་སྤྱི་ཚོགས་སུ་མི་རྣམས་རང་དབང་དང་འདྲ་མཉམ་ཡིན་པར་མཁས་པས་གསུངས། ཡིན་ན་ཡང་། རང་བྱུང་གི་སྤྱི་ཚོགས་ནི་དེ་འདྲའི་བདེ་འཇགས་ཀྱི་སྤྱི་ཚོགས་ཤིག་མིན་ཚོད་འདུག དེ་བས། མི་རྣམས་ཀྱིས་བདེ་འཇགས་ཀྱི་སྤྱི་ཚོགས་ཤིག་ལ་སྨོན་ཞིང་རེ། ནམ་ཞིག་ན། ཁོ་རང་ཚོས་རང་གི་རང་དབང་དང་འདྲ་མཉམ་དེ་ཁྲིམས་ལ་བཅོལ། སྐབས་དེ་ནས་བཟུང་། འགྲོ་བ་མིའི་སྤྱི་ཚོགས་སུ་ཁྲིམས་ཞེས་པའི་ཁག་ཐེག་ཅིག་བྱུང་། རིམ་གྱིས། འགྲོ་བ་མིའི་རིགས་དེ་འཕེལ་རྒྱས་སུ་ཕྱིན། ད་ལྟ། རང་བྱུང་གི་སྤྱི་ཚོགས་དང་ཁྲིམས་ལུགས་ཀྱི་སྤྱི་ཚོགས་ཞེས་འབོད། དེ་བཞིན་དུ། མི་ལའང་རང་བྱུང་གི་མི་དང་སྤྱི་ཚོགས་ཀྱི་མི་ཞེས་འབོད། རང་བྱུང་གི་མི་དང་སྤྱི་ཚོགས་ཀྱི་མི་ཞེས་པའི་སྤྱི་ཚོགས་ཀྱི་མི་དེ་ལ་ངོས་འཛིན་སྟངས་རིགས་གཉིས་འདུག་མོད།འདིར་ཁྲིམས་ལུགས་ཀྱི་མི་ལ་ཟེར་བ་ཡིན། ཁྲིམས་ལུགས་ནི་མང་ཚོགས་ཀྱིས་བཟོས་ཤིང་མང་ཚོགས་ལ་ཞབས་འདེགས་བསྒྲུབས་པར་བྱེད། དེ་བས། ནམ་ཞིག་ཁྲིམས་ལུགས་ཀྱིས་དམངས་ཀྱི་ཁེ་ཕན་ལ་གཏོར་བརླག་བཏང་ན། དམངས་ཀྱིས་ཁྲིམས་ལ་རྒོལ་ཡང་ཆོག ཁྲིམས་ལ་ཡང་ཁྲིམས་འཛུགས་མཁན་དང་། ཁྲིམས་འཛིན་མཁན། ཁྲིམས་ལག་བསྟར་བྱེད་མཁན་དུ་བགོས། འདི་ནི་དམངས་གཙོའི་སྤྱི་ཚོགས་ཀྱི་ཁྱད་རྟགས་གཙོ་བོ་རེད། ཁོ་ཚོའི་སུ་ཞིག་གིས་མི་སྒེར་གྱི་ཁེ་ཕན་ཆེད་དུ་དམངས་ཀྱི་ཁེ་ཕན་ལ་གཏོར་བརླགས་བཏང་ན། དམངས་ཀྱིས་དེ་དག་གི་མགོ་རྟིང་སློག་ཆོག དེ་གང་གིས་ཟེར་ན། ཁྲིམས་ནི་དམངས་ཀྱི་ཆེད་དུའོ།

དམངས་གཙོའི་སྤྱི་ཚོགས་མ་བྱུང་བའི་བར་བརྒལ་དེར། སྒེར་གཅོད་སྤྱི་ཚོགས་བྱུང་། དེ་ནི་མིའི་རིགས་ཀྱི་བློ་རིག་གི་གོ་རྟོགས་ཤིན་ཏུ་དམའ་བས་ཡིན་པའམ། གང་ལྟར། མུན་ནག་གི་ཆ་ཞིག་གིས། སྒེར་གཅོད་པ་དག་གིས་གང་ཅི་འདོད་དུ་མི་སྒེར་གྱི་ཁེ་ཕན་ཆེད་དུ་དམངས་ཀྱི་ཁེ་ཕན་ལ་རྡོག་རོལ་བཏང་། ཁོ་རང་ཚོའི་སེམས་སུ། ཁྲིམས་ནི་རྒྱལ་བོའམ་རྗེ་བོ་གང་རུང་གི་ཆེད་དུ་བཟོས་པ་ཡིན་ཞིང་། དེས་ཕྱིར་དེ་དག་ལ་ཞབས་འདེགས་ཞུ་དགོས་པར་འདོད། དམངས་ནི་དཀོན་མཆོག་གིས་ཁོ་རང་ཚོར་ལག་ཆར་གནངས་པ་ཡིན་པར་བསྒྲགས། ཤིན་ཏུ་ནས་ཀྱང་འཇིགས་སུ་རུང་བའི་སྤྱི་ཚོགས་སྒྲིག་སྲོལ་དེ་ལ། ད་ལྟ་ང་ཚོས་སྒྲ་ཡངས་འཇུག་གིས་སྒེར་གཅོད་སྤྱི་ཚོགས་ཞེས་འབོད། མི་རྣམས་ཤེས་རིག་གི་སྤྱི་ཚོགས་སུ་ཕྱིན་པ་དང་མཉམ་དུ། ཁོ་རང་ཚོས་སྒེར་གཅོད་ལ་མཐའ་གཅིག་ཏུ་རྒོལ་བ་བརྩམས། ཡིན་ན་ཡང་། ད་ལྟ་ད་དུང་སྒེར་གཅོད་ཀྱི་མཇུག་ཡོངས་སུ་མ་རྫོགས། དེ་ནི་སྒེར་གཅོད་སྤྱི་ཚོགས་མིའི་རིགས་ཀྱི་སྤྱི་ཚོགས་སུ་གནས་དགོས་པའི་རྒྱུ་མཚན་མ་ཡིན་པར། དུས་ཚོད་ཀྱི་རིང་ཐུང་ཙམ་གྱིས་སོ།

འོ། སྒེར་གཅོད་སྲིད་གཞུང་གང་དེས། སྤྱི་ཚོགས་ཀྱི་འདུ་བྱེད་ལ་ཁྲིམས་ལུགས་ཀྱིས་འདུལ་སྦྱོང་བྱེད་པ་ཁོ་ན་མ་ཡིན་པར། རིག་གཞུང་སྒེར་གཅོད་སོགས་ཕྱོགས་གང་ལ་ཡང་སྒེར་གཅོད་ཀྱི་མེ་དཔུང་སྒྲོན་པར་བྱེད་པས། མི་རྣམས་ཟིང་ཟིང་བོར་གནས་པར་བྱེད། སྒེར་གཅོད་པ་གང་དེས་ཐབས་དང་ནུས་པ་ཅི་ཡོད་ཀྱིས་མི་རྣམས་ཀྱི་རང་དབང་ལ་རྡོག་བརྫིས་གཏོང་། ཡིན་ན་ཡང་། དེ་རིང་བདག་གིས་འདི་དག་རེ་རེ་བཞིན་ངོ་སྤྲོད་པར་བྱེད་འདོད་པ་ཙམ་མ་ཡིན་པར། ང་ཚོའི་གནས་ཚུལ་དངོསཤིག་ལ་རྐང་བཙུགས་ཏེ། ང་ཚོར་ལྟ་ཚུལ་ཞིག་བགྲོ་ལྒིང་བ་ཙམ་ཡིན་ནོ།

ནམ་ཞིག་ལ། སྒེར་གཅོད་པ་གང་དེས། རང་སྒེར་ཁོ་ནའི་སྒེར་གཅོད་དེར་ཉེན་ཁ་ཚ་བོ་ཡོད་པ་ཤེས་ཤིང་། རང་གི་ལག་འོག་གི་འབྲེལ་ཡོད་སྐོར་ཞིག་ལ་སྒེར་གཅོད་ཀྱི་རང་དབང་ཆ་སྤྲད། དེ་ཚོ་དགའ་སྤྲོ་སྐྱེས་ཤིང་། དམངས་ཀྱི་ཁེ་ཕན་ལ་བསམ་གཞིག་ཁྱོན་ནས་མི་གཏོང་བར། བསམ་བཞིན་དང་བསམ་བཞིན་མ་ཡིན་པར། སྒེར་གཅོད་ཀྱི་རྒྱ་ཡངས་པོར་བསྐྱེད། གཅིག་ཏུ་ན། ཁོ་ཚོས་སྒེར་གཅོད་དེ་དམངས་ཀྱི་ཁེ་ཕན་ལ་གནོད་ཀྱིན་ཡོད་མེད་ཆ་མ་ངེས་ཀྱང་། སེམས་ནས་དམངས་ལ་གནོད་འདོད་མེད་ཀྱང་སྲིད། ཡིན་ན་ཡང་། ཁོ་ཚོས་གནོད་མ་འདོད་པ་ཙམ་གྱིས་གནོད་མི་འགྲོ་བ་ཞིག་རྦད་དེ་མ་ཡིན། སྐབས་དེར། སྒེར་གཅོད་པ་དེ་དགའ་སྤྲོ་ཚད་མེད་སྐྱེས་ཤིང་། ཐེངས་འདིའི་བྱེད་ཐབས་ནི་འགྲིག་པོ་འདུག་ཨང་སྙམ། སྒེར་གཅོད་ཀྱི་ཚ་གཅུན་ཇི་ལྟར་དྲག་ན། ཤེས་ཡོན་ཅན་གྱི་མེ་སྟག་དེ་ལྟར་མཆེད་པས། ཁོ་ཚོའི་སྒེར་གཅོད་དེ་ལམ་ལྷུང་འབྱུང་བ་ནི་སྲིད་མཐའ་ཙམ་མོ།

བར་སྐབས་འདིར། དེ་རིང་གི་གནས་ཚུལ་དངོས་མ་ཞིག་རྣམ་པ་ཚོར་ཞུ་འདོད་དེ། གྲོགས་པོ་ཞིག་དང་མཉམ་དུ་ཁེའུ་ཁེའུ་ལ་ཁ་བརྡ་བྱས་ཤིང་། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ཀྱི་སྐོར་བཤད་ཡིན། ངས་ཁོ་ལ། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ཚང་དུ་ད་ལྟ་ཞིབ་བཤེར་མི་དགོས་པ་ཨེ་རེད་ཅེས་དྲིས་པར། ཁོས་དགོས་ནི་རེད། ཡིན་ན་ཡང་མགྱོགས་པོ་འདུག་ཟེར། གོམས་ལོབས་སུ་འགྲོ་བཞིན་པའི་རྣམ་པར་བལྟས་ན། ཕལ་ཆེར་འཁང་ར་ཆེན་པོ་མེད་ཚོད་རེད། དེའི་སྔོན་ཏག་ཏག་ལ་ངས་བསམ་བཞིན་དུ་ཚོད་ལྟ་ཞིག་བྱས་པར། ཞིབ་བཤེར་ཞེས་པའི་ཚ་གཅུན་དྲག་པའི་ཡིག་འབྲུ་གཉིས་མཐོང་མ་སོང་བས། ཨ་ཙི་སྙམ་པ་ཞིག་བྱུང་། གྲོགས་པོ་དང་ལབ་བྱས་ཚར་རྗེས། སྐད་ཆ་ཞིག་ངེས་པར་དུ་བཤད་དགོས་པ་ཤེས་སོང་།

སྐུ་ཞབས་ཁཱ་ཁཱ་ལགས་ནས། བོད་ཡིག་ཟིན་བྲིས་སུ་ཞིབ་བཤེར་ཞེས་པའི་སྒེར་གཅོད་ཁྲིམས་ལུགས་ཤིག་བཟོས་རྗེས། མགོ་བོ་དགྱེ་དགྱེ་ཡིས་སོང་ཤུལ་ནས། ཁཱ་ཁཱའི་རྗེས་འཇུག་པ་དག་གིས་ང་རྒྱལ་ཁ་བོས་ཁྲིམས་ལུགས་དེ་ཉིད་ལག་བསྟར་བྱེད་ཀྱིན་འདུག ཡིན་ན་ཡང་། ཅི་ནས་ཀྱང་བསམ་གཞིག་མི་ཁེལ་བ་ཞིག་ལ། ཟིན་བྲིས་པ་ཚོ་རེ་རེ་བཞིན་སྒེར་གཅོད་ཁྲིམས་ལུགས་དེ་ལ་གོམས་པར་འགྱུར་བཞིན་འདུག འདི་ནི་ཁོ་རང་ཚོའི་སྣང་ངོ་རུ་བོད་ཡིག་བཀོལ་སའི་གནས་ཙམ་རྙེད་སོང་བས་ཡིན་ནམ། ཡང་ན། ཁོ་ཚོའི་རྒྱུད་དུ་མ་གཞི་ནས་འགྲོ་བ་མི་ལ་ཡོད་འོས་པའི་རང་དབང་དང་འདྲ་མཉམ་གྱི་ཕྲ་ཕུང་མེད་སོང་བས་ཡིན་ནམ། བོད་འདི་དངོས་གནས་སྙིང་རྗེ་བོ་རེ་འདུག་ཨང་། ཡ་མཚན། སྐབས་དེར་དམར་བོ་དང་སྒེར་གཅོད། ལྟ་ལོག་སོགས་ཀྱི་ཚིག་མཚོན་ཅི་འདོད་དུ་འཕེན་པར་བྱེད་པའི་བྱེས་བྲོས་དེ་ཚོར་གྲགས་འགུལ་ཅི་ཡང་མི་འདུག་པར་བལྟས་ན། ངེས་པ་དོན་གྱི་དམར་བོ་དེ་སུ་ཞིག་ཡིན་ནམ་སྙམ་པ་རེ་འཆར་ཡང་། རྩོམ་ཡིག་གཅིག་གི་འགྲོ་སོང་དང་བསྡུར་ན་དེ་དག་རིན་ཐང་མི་འདུག་པས་བསྐྱུར་འཇོག

གྲོགས་པོ་དང་བགྲོ་བྱས་རྗེས། རང་ཉིད་ཀྱང་སྒེར་གཅོད་པ་སུ་ཞིག་གི་ལག་ཆར་གྱུར་ཡོད་པ་གསལ་བོར་རྟོགས་ཤིང་། དེ་མ་ཐག ཟིན་བྲིས་པ་དག་ལ་འདི་ལྟར་གསལ་འདེབས་མི་བྱེད་ཐུ་མེད་གྱུར། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ཀྱིས་མ་ལག་གསར་བརྗེ་བྱས་པའི་དེ་རིང་གི་དུས་འདིར། དྲ་འཇུག་པ་མང་པོ་ཞིག་གི་སྣང་ངོར་སྤྲོ་བ་ཞིག་རྒྱས་ཡོད་ཚོད་འདུག ཡིན་ན་ཡང་། སྤྲོ་བ་དེ་ནི་ཁོ་ཚང་གི་ཕྱིའི་སྒྲོམ་གཞི་ཁོ་ན་ཡིན་པ་ལས། ནང་གི་རྙོག་དྲ་དེ་ད་དུང་ཁི་སིམ་པོ་རེད་ཨང་། ང་རང་འཇིགས་ཤིང་སྔངས་པ་ཞིག་ལ། འདི་ཚང་གིས་ཟིན་བྲིས་ཁྱུ་མཆོག་ཅེས་པའི་མིང་བྱང་བརྗིད་པོ་ཞིག་ང་ལྟ་བུ་དག་གི་སྟེང་དུ་མི་ཐེག་བཞིན་ཏུ་བཀེལ་ཞིང་། སྒེར་གཅོད་ལག་ཆ་སྟེ། ཞིབ་བཤེར་ཞེས་པ་ཡང་མི་དགོས་པའི་ཚད་ཅིག་བཟོས་རྗེས། མང་ཚོགས་ཀྱི་མགོ་བོ་གཅོག་པར་རྩོམ། ཡིན་ན་ཡང་། ན་ནིང་གི་སྐད་ཡིག་ལས་འགུལ་ལྟ་བུ་ཞིག་མ་བྱུང་ཚེ། ངེས་དོན་གྱི་སྒེར་གཅོད་ཅི་ཡིན་མི་མཐོང་བའི་དྲ་འཇུག་པ་དག་གིས་ད་དུང་བསྟོད་མཐེབ་ཅི་འདོད་དུ་བསྒྲེངས་པ་འདི་ཞེ་རེ་སྨྲེང་ཨང་། གནས་ལུགས་ཇི་ལྟར་བཤད་ན་ཆོག་གི་མོད། གནས་སྐབས་ཀྱི་གནས་ལུགས་ཙམ་པོ་བ་འདི་ཉིད། མ་འོངས་པའི་སྒེར་གཅོད་སྒོ་བཀག་ཏུ་མི་འགྱུར་བའི་ངེས་པ་རྦད་དེ་མེད་ན། ཁོ་བོས་འདི་ནས་དམངསཞིབ་བཤེར་དགོས་པའི་ཟིན་བྲིས་པ་དགཡོངས་ཀྱི་ཚབ་བྱས་ན། སྒེར་གཅོད་ཚོགས་པ་སྟེ། མཚོ་སྔོན་བོད་ཡིག་ཟིན་བྲིས་ཚང་ལ་ཐ་ཚིག་བསྒྲགས་པ་ཡིན།

མ་གཞི་མི་ཞེས་པ་ནི་ལག་ཆ་ཞིག་རྦད་དེ་མ་ཡིན་པར། དམིགས་ཡུལ་ཞིག་ཡིན་དུ་ངེས་པས། ཁོ་བོ་ནི་ཁྱོད་ཚང་གི་སྒེར་གཅོད་ཁྲིམས་ལུགས་འདིར་དངངས་ཤིང་ཞེད་ཀྱིན་ཡོད། འུ་ཚོས་ཁ་ནས་རང་དབང་དང་དམངས་གཙོ། འདྲ་མཉམ་སོགས་ཅི་འདོད་དུ་་ཐབས་བྱེད་པ་ལས། སྦྱོར་བའི་སྟེང་ནས་ཀྱང་མངོན་པར་བྱས་ན་ཨེ་ཆོག་གམ། ཁྱོད་ཚོ་ནི་སྲིད་གཞུང་གང་གི་ཚོགས་པ་ཞིག་ཡིན་པར་ཁག་འགེལ་མི་བྱེད་དེ། ཁྱོད་ཚོས་འདི་ལྟར་སྐད་ཡིག་གི་ལས་དབང་ལ་སེམས་ཁུར་དང་ཞབས་འདེགས་ཞུ་རྒྱུ་ཡིན་ཚེ། ཁྱོད་ཚོ་ཁྱོན་ནས་ནོར་འདུག་ལགས། ལྡོག་སྟེ་ཁྱོད་ཚོས་སྒྲུབ་ཀྱིན་པ་ནི་སྒེར་གཅོད་ཀྱི་མངོན་སྟངས་གཞན་ཞིག་རེད། འུ་ཚོར་རྨོངས་པ་མཐུག་པས་ཆབ་སྲིད་ཀྱི་སྒེར་གཅོད་ཁོ་ན་ལས་ཅི་ཡང་མ་མཐོང་བ་མ་གཏོགས། ད་ལྟ་བོད་སྐད་ཡིག་ཀྱང་སྒེར་གཅོད་ལག་ཆ་ཞིག་ཏུ་འགྱུར་བཞིན་འདུག སྤྱིར་སྐད་ཡིག་ནི་མ་གཞི་ནས་ལག་ཆ་ཞིག་རེད་པས་འགྱུར་དུ་ཆུགས་མོད། ཁྱོད་ཚོས་སྒེར་གཅོད་ཀྱི་ཕྱི་ཤུན་རྫོབ་པོ་དེ་འུ་ཚོའི་ཟིན་བྲིས་པ་ཉམ་ཐག་ཚོའི་སྟེང་དུ་མི་འགེལ་བ་ཤིན་ཏུ་བཀའ་དྲིན་ཆེ། ཁྱོད་ཚོའི་དམིགས་ཡུལ་དེ་བོད་འདི་ཉིད་མ་འོངས་པར་རྦད་དེ་སྒེར་གཅོད་ཀྱི་འོག་ཏུ་འཇིག་པར་རྩོམ་པ་ཡིན་ན། ཁྱོད་ཚོའི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་ལྟས་ཞེ་དྲག་བཟང་བོ་འདུག གལ་ཏེ་དེ་ལྟར་ནི་མིན་པར། རང་གི་སྐད་ཡིག་ལ་འཕག་འཚག་གི་བར་སྟོང་ཨེན་ཙམ་ཨེ་ལོན་ལ་རེ་བ་ཡིན་ན། རྣམ་པ་ཚོས་ཐུགས་བསམ་ཡང་ཡང་བཞེས་རྒྱུ་གལ་ཆེན་པོ་འདུག འུ་ཚོ་མི་རེ་རེའི་ལངས་ཕྱོགས་དང་སྒྲུབ་སྟངས་ཅི་ནས་མི་འདྲ་བས། ཟིན་བྲིས་པ་རེ་གཉིས་ཀྱིས་ཁ་གསལ་དྲགས་པ་སོགས་ཀྱི་ཟིན་ཐོ་མི་སྤེལ་བའི་ངེས་པ་རྦད་དེ་མི་འདུག་མོད། ཟིན་བྲིས་ཀྱི་ལས་ཀར་འཇུས་ཟིན་པ་ཞིག་ཡིན་ན། དེ་ལ་དོ་དམ་ངེས་པར་དུ་བྱེད་ནུས་དགོས་པས། ཁྱོད་ཚོས་དུས་ལྟར་དེ་དག་གི་ཟིན་ཐོ་བསུབས་ཀྱང་ལེ་འདའ་མི་བྱེད་དེ། དེ་ནི་མ་གཞི་ནས་ང་ཚོའི་ལས་དབང་ཡིན་པས་སོ། ཡིན་ན་ཡང་། ཁྱོད་ཚོས་འདི་ལྟར་དབུགས་གཏོང་ལེན་ཡང་བྱེད་དཀའ་བའི་གནས་སུ་བསྐྱལ་ན། ནམ་ནམ་ཞ་ཞར་དུ་འུ་ཚོའི་ལས་དོན་ཡག་པོ་མི་འཁྱོངས་པ་བདེན་པར་གྲུབ་པས། རྣམ་པ་ཚོ་ལོ་རྒྱུས་ཀྱི་ཉེས་ཅན་ཏུ་མི་འགྱུར་བའི་རེ་བ་ཤིན་ཏུ་ལྕི།

ནམ་ཞིག ཁྱོད་རང་ཚོས་ཟིན་བྲིས་པ་ཡོངས་ལ་འདྲ་མཉམ་གྱི་གོ་སྐབས་ཤིག་སྦྱིན་ཚེ། འུ་ཚོས་རང་གི་སྐད་ཡིག་གི་ལས་དབང་དང་མང་ཚོགས་ཀྱི་བདེ་སྡུག་སོགས་གཞིར་བཞག་གིས་འབད་འབུངས་བླ་ལྷག་གིས་བྱེད་དུ། ཁྱོད་ཚོས་ད་དུང་འདི་ལྟར་དུ་སྒེར་གཅོད་ཀྱི་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་ཚེ། ཁོ་བོ་ནི་ཟིན་བྲིས་ཁྱུ་མཆོག་ལ་མོས་པ་མེད་པ་ཕར་ཞོག ཟིན་བྲིས་འདི་ཉིད་ལས་གཏན་དུ་འབུད་རྩིས་ཡིན་པས། རྣམ་པ་ཚོས་དུས་ལྟར་བདག་གི་ཟིན་བྲིས་བསུབ་པར་འཚལ།

བྱེས་བྲོས།  ཐ་སྙད་འདི་ཉིད་ཁོ་བོས་བསམ་བཞིན་དུ་བཀོལ་བ་ཡིན། ཉེ་སྔོན་བྱེས་བྲོས་པ་མང་པོ་ཞིག་གིས་བོད་གཞིས་ལུས་ཞེས་འབྲི་ཞིང་ལྒིང་གིན་འདུག བལྟས་ཤིང་བལྟས་ན་དགོད་བྲོ་བའི་ཐ་སྙད་འདི་ཉིད་ཁོ་ཚོས་ཇི་ལྟར་རྙེད་པ་ཁོ་བོས་མ་ཤེས་མོད། རང་གི་ཕ་ས་ཕ་ཡུལ་བསྐྱུར་ནས་བྲོས་སོང་བའི་མི་ཞིག་གིས། རང་ས་མ་མོའི་བྲང་མགོ་འདྲ་བོ་སྲུང་ནས་བསྡད་ཡོད་པ་དག་ལ་ལུས་ཞེས་པའི་མིང་ཡིག་དེ་སྤྱོད་རྒྱུ་ཡིད་ལ་ཇི་ལྟར་དྲན་པ་ཁོ་བོ་དག་གིས་མི་ཤེས་ཨང་། ང་ཚོ་ཡང་ཁྱོད་ཚོ་བཞིན་དུ་བྲོས་འགྲོ་རྒྱུ་དེ་དེ་འདྲའི་དཀའ་ལས་སྐུ་ཚེགས་ཅན་ཞིག་མ་རེད་མོད། དེ་ལས་ཐབས་རྡུགས་ཤིག་མེད་པར་མཐོང་བས་དཀའ་སྡུག་གང་ཡང་གདོང་གིས་བསུ་གི་ཡིན།

 

 

 
རྩོམ་ཡོངས་ཀློག་པ།(1148) | ལན་སློག(22)
 
འབྲེལ་ཡོད་ནང་དོན་ 22 ཡོད།<<<123>>>
 
RE:མཚོ་སྔོན་བོད་ཡིག་ཟིན་བྲིས་ཚང་ལ་ཐ་ཚིག་བསྒྲགས་པ།
[ 2011-3-22 15:59:43 | By: jancuo ]
 
འདི་ལྟར་སྔོན་ལ་བུད་པ་དགའ་བསུ་ཡོད།
 
 
 
RE:མཚོ་སྔོན་བོད་ཡིག་ཟིན་བྲིས་ཚང་ལ་ཐ་ཚིག་བསྒྲགས་པ།
[ 2011-3-22 16:41:36 | By: smzhjc ]
 
༼རང་གི་ཕ་ས་ཕ་ཡུལ་བསྐྱུར་ནས་བྲོས་སོང་བའི་མི་ཞིག་གིས། རང་ས་མ་མོའི་བྲང་མགོ་འདྲ་བོ་སྲུང་ནས་བསྡད་ཡོད་པ་དག་ལ་ལུས་ཞེས་པའི་མིང་ཡིག་དེ་སྤྱོད་རྒྱུ་ཡིད་ལ་ཇི་ལྟར་དྲན་པ་ཁོ་བོ་དག་གིས་མི་ཤེས་ཨང་། ང་ཚོ་ཡང་ཁྱོད་ཚོ་བཞིན་དུ་བྲོས་འགྲོ་རྒྱུ་དེ་དེ་འདྲའི་དཀའ་ལས་སྐུ་ཚེགས་ཅན་ཞིག་མ་རེད་མོད། དེ་ལས་ཐབས་རྡུགས་ཤིག་མེད་པར་མཐོང་བས་དཀའ་སྡུག་གང་ཡང་གདོང་གིས་བསུ་གི་ཡིན། ༽གྲོགས་པོ་དགའ་བོ་གོང་གི་སྐད་ཆ་འདི་དག་དང་དོན་གྱིས་ཕྱུག་པའི་རྩོམ་ཡིག་འདི་ལ་བདག་གིས་རྒྱབ་སྐྱོར་ཡོད།  ས་དམར་གྲགས་པའམ་དཀྱུས་མ་ཡིས།
 
 
 
RE:མཚོ་སྔོན་བོད་ཡིག་ཟིན་བྲིས་ཚང་ལ་ཐ་ཚིག་བསྒྲགས་པ།
[ 2011-3-22 18:02:44 | By: ganglin ]
 
གྲོགས་པོ་ཞོགས་ལྗང་གིས་སྐད་ཆ་དྲང་མོ་བཤད་པའི་བློ་སྤོབས་དང་མཚོ་སྔོན་པོ་ཟིན་བྲིས་དོ་དམ་པས་རྩོམ་ཡིག་དྲ་ཐོག་ཏུ་བཏང་བའི་སེམས་དཀྱེལ་གཉིས་ལ་རང་རང་གི་ཁྱད་ཆོས་རེ་ཡོད་པས།  རེ་བའི་མེ་ཁ་གསོ་ཚུལ་འདི་ཡང་འཕེལ་རྒྱས་ཤིག་གི་དན་རྟགས་སུ་ངོས་འཛིན་གྱིན་དགའ་ནས་ཡོད། །                              --རེ་རྐང་གླིང་གིས།
 
 
 
RE:མཚོ་སྔོན་བོད་ཡིག་ཟིན་བྲིས་ཚང་ལ་ཐ་ཚིག་བསྒྲགས་པ།
[ 2011-3-22 19:24:19 | By: smdj ]
 
ཞོགས་ལྗང་ལགས་ཀྱི་ཕྱག་རྩོམ་འདི་དེ་འདྲ་བདེན་པར་མི་འདོད། མཚོ་སྔོན་བོད་ཡིག་ཟིན་ཁུག་བཟང་གི  དེ་ལ་ཅང་དམན་པའི་ལས་ཀ་ནི་ཡག་པོ་མིན་པ་འདྲ། ཁྱུ་མཆོག་གི་མིང་དེ་ཁྱུ་མཆོག་གཞན་ཞིག་ཏུ་སྒྱུར་བསམ་པ་ཡིན་ན། ངས་ཅང་མི་ཤེས། གང་ལྟར་བོད་ཡིག་ཟིན་བྲིས་འདི་ལ་སྒེར་དབང་རིང་ལུགས་ཟེར་བ་སོགས་སྤྱི་ཚིག་རྐྱང་བ་རེས་ཞྭ་མོ་གཡོགས་པ་ནི་འབྲེལ་བ་ཅང་མེད་པ་འདྲ། དེ་ནི་སྤྱི་ཚོགས་རིགས་པའི་ཐ་སྙད་མ་ལག་གི་འཁོར་སྐྱོད་དུ་བསྒྲིག་ཆོག  སྒྲིག་གཞི་དང་འགྲིག་ལམ་གྱི་མ་ལག་ཅིག་མེད་ཚེ་རང་མཚང་རོགས་མཚང་མཉམ་དུ་ལུད་རྒྱུ་རེད། དེ་ཡང་ལྗང་བུ་ལགས་ཀྱིས༼གུས་པས་བཤད་ཟིན་པའམ་འཆད་འགྱུར་དང་བརྗོད་ཀྱིན་པའི་ཡོད་ཚད། རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤེས་རིག་གི་ཉི་མའི་མདུན་དུ། དངོས་གནས་སྒྲོན་མེ་ཆུང་ཆུང་ཞིག་དང་གཉིས་སུ་མ་མཆིས་་་༽ཞེས་པ་བཞིན། ཐོག་མར་རང་རེས་ཤེས་དགོས་པ་ཡང་དེ་ཙམ་མ་ཡིན་ནམ། ཟིན་བྲིས་པ་རེ་རེ་བཞིན་མཁས་བླུན། གོ་རྟོགས། ཀུན་སྤྱོད་ཀྱི་བཟང་ངན་སོགས་ཅི་རིགས་ཡོད་པས། དེ་ལ་དྲ་བདག་གིས་གཙང་ཕྱགས་ཀྱི་ལས་རེས་མ་བྱས་ན་ག་ལ་ཆོག ། རྡོ་རང་སྐྱེད་ནས་སྐད་ཅིག་བཞག་པ་ཡིན་ལགས།
གཤམ་དུ་joseལགས་ཀྱི་ལན་སློག་པ་ནི་:དོན་དག་མང་པོ་ཞིག་གི་ཐད་དུ་ཁྱོད་དང་འུ་གཉིས་ཀྱི་བསམ་གཞིག་གཏོང་ཕྱོགས་ཁྱོན་ནས་འདྲ་གི་མི་འདུག  དེ་ཡང་། གསར་བུ་དང་རྒད་པོའི་ཁྱད་པར་ཡིན་ནམ། གང་ལྟར་ཁྱོད་ཀྱིས་ཧ་མ་གོ་བ་དེ་བཞིན་དུ་ངས་ཀྱང་ཧ་གོ་མ་སོང་། ཡིན་ན་ཡང་། ཉིད་ལ་མི་བཤད་ཐུ་མེད་ཅིག་ཡོད་པ་ནི། གཙང་ཕྱགས་བྱེད་སྟངས་དེ་འདྲ་ཞིག་རྦད་དེ་མ་རེད་པས། ཁོམ་སྐབས་ཡོད་ན་ངས་རང་གྲོལ་སྨྱུག་གསར་དྲ་བུ་རུ་བྲིས་པའི་ཆུ་ཁུང་ལས་འཛུལ་དགོས་སམ་ཞེས་པ་དེར་གཟིགས་རོགས། ད་དུང་གོ་བརྡ་མི་འཕྲོད་ན། ང་ལ་ཡང་བཤད་རྒྱུ་གཞན་མི་འདུག་པས་རང་རང་གི་དོན་ལ་འབད། དྲང་མོར་བཤད་ན། འཇིག་ཉེན་ནམ་ཡོང་གི་དུས་སུ་སྐད་རྒྱག་པ་ནི་དཔའ་བོ་མ་རེད། གཅིག་བཏང་ན། ཁྱོད་ཀྱིས་ངས་གོང་ནས་བཤད་པའི་རང་དབང་དང་འདྲ་མཉམ་སོགས་ཀྱི་རྒྱབ་ལྗོངས་རྟོགས་ཀྱིན་མི་འདུག་པ་འདྲ། གང་ལྟར། རིག་གནས་གང་ཞིག་གི་རྒྱབ་ལྗོངས་མ་རྟོགས་ན། དེང་སྐབས་མང་པོ་ཞིག་གིས་དཔྱོད་ཤེས་དང་བློ་འབྱེད་ཅི་འདོད་དུ་བཀོལ་བ་བཞིན་རེད་པས། དེ་ལ་ཚིག་གཅིག་གཉིས་ཤིག་གིས་གོ་བརྡ་འཕྲོད་ཐབས་ག་ལ་ཡོད།    གང་ལྟར། ཉིད་ཕེབས་ནས་བསམ་ཚུལ་བཤད་པར་དགའ་སོང་།
 
 
 
RE:མཚོ་སྔོན་བོད་ཡིག་ཟིན་བྲིས་ཚང་ལ་ཐ་ཚིག་བསྒྲགས་པ།
[ 2011-3-22 19:58:06 | By: Jose(མགྲོན་པོ།) ]
 
ཞོར་ནས་བཤད་རྒྱུ་ཞིག་ལ། ངའི་གློག་ཀླད་ནས་ཧི་གཟུགས་ཀྱི་བརྩེགས་འདོགས་གཏག་ཐབས་མི་འདུག་པས། དུས་རྒྱུན་པན་གཟུགས་ཧི་གཟུགས་སུ་བསྒྱུར་དེ་ལན་འདེབས་རྒྱུ་ཡང་དཀའ་ཁག་རེད་ལ། བསྒྱུར་ཚར་དུས་ཐ་སྙད་ལ་ལ་ཞིག་ལ་འགྱུར་སྐྱོན་བྱུང་འདུག་པས། གོང་གི་རྣམ་པ་ཚོས་བཟོད་གསོལ་གནང་རོགས། ________ཞོགས་ལྗང་གིས།
 
 
 
RE:མཚོ་སྔོན་བོད་ཡིག་ཟིན་བྲིས་ཚང་ལ་ཐ་ཚིག་བསྒྲགས་པ།
[ 2011-3-22 22:21:46 | By: gethong ]
 
གྲོགས་ཀྱི་བསམ་ཚུལ་དག་ལ་བལྟས་ཟིན། བསམ་འཆར་ནི་རང་དབང་དང་འབྲེལ་ནོར་འཆུག་དང་འགྲིག་གི་སྐད་ཆ་བཤད་ཁག་པོ་རེད།གུས་པར་མཚོན་ན་དེང་སང་མཚོ་སྔོན་ཚང་དུ་ཟིན་བྲིས་སྤེལ་ཐུབ་ཀྱིན་མི་འདུག དྲ་རྒྱ་དོ་དམ་པ་ལ་འབྲེལ་བ་བྱེད་སྟངས་ཤིག་ཀྱང་མི་རྙེད་ཀི། བར་སྟོང་རྫོགས་སོང་བ་ཡིན་ནམ་རྒྱུ་རྐྱེན་མི་ཤེས་པས་དྲ་རྒྱ་དོ་དམ་པས་གཟིགས་ན་ལམ་སྟོན་ཞིག་གནང་རོགས་ཞུ། ཨ་རིག་དགེ་མཐོང་གིས། གཞིས་ལུས་ཞེས་པའི་དོན་དེས་ཁྱེད་ལ་ཕོག་ཐུག་ཆེན་པོ་བཟོས་ཡོད་པ་འདྲ། གཞིས་ལུས་ལས་རྗེས་ལུས་མིན་པས་ཁོང་ཁྲོ་མ་ཟ་རོགས། ཀུ་རེ།
 
 
 
RE:མཚོ་སྔོན་བོད་ཡིག་ཟིན་བྲིས་ཚང་ལ་ཐ་ཚིག་བསྒྲགས་པ།
[ 2011-3-22 22:52:30 | By: མེ་དཔུང་།(མགྲོན་པོ།) ]
 
སྐད་ཆ་དམར་རྗེན་པ་ཞིག་བཤད་ཡོད་འདུག  རང་གིས་བཤད་པ་ཇི་བཞིན་ང་ནི་དངོས་གནས་མཁོ་སོད་པ་ཞིག་རེད།ལ་ལས་ཤེས་གསལ་ལྟར་ངས་ཀྱང་《ཟིན་ཐོ་གཤེར་མིན་ལ་སྒུག་དགོས་པ་ནི་སྡུག་བསྔལ་ཞིག》ཅེས་པའི་སྐད་ཆ་ཐུང་ངུ་ཞིག་བཞག་མྱོང་།འོན་ཀྱང་ད་དུང་ཁ་མལ་ན་མགོ་བཏུམས་ནས་བསྐྱུར་ཡོད།མི་བདེན་བསམས་ན་བདག་གི་ཟིན་བྲིས་སུ་བལྟས་པས་ཤེས་འོངས།སྤྱིར་དོ་དམ་པའི་བཤད་པ་ལྟར་སྐད་དང་འདྲ་པར་འདྲ་མིན་འཇོག་མཁན་ཡང་ཡོད་ངེས་ནའང་།དེ་ལྟ་བུ་དེའི་ཚེ་ཐག་རིང་སྲིད་དམ། གཞན་ད་དུང་བཤེར་ཟིན་པའི་ཟིན་བྲིས་ལ་བཟོ་བཅོས་ཕྲན་ཙམ་བརྒྱབ་པས་སླར་ཡང་སྒུག་དགོས།སྒུག་སྒུག་རྗེས་ཟིན་བྲིས་གསར་བ་དག་ཐོན་ནའང་དེ་ལ་ཐོན་རྒྱུ་མི་འདུག  དེ་ནི་བདག་གི《གླུ་སྐད་སྐྱ་བོ་བཀླགས་པ།ཁག་གཉིས་པ།》ཞེས་མཚོན་ཐུབ།ཁྱུ་མཆོག་ཅེས་པའི་ཟིན་བྲིས་པ་མང་དག་ཅིག་གིས་ཚུལ་དེ་ཤེས་ནའང་།རང་ལ་ནི་གནས་སྐབས་ཀྱི་ལྕགས་ཕོར་ཆུང་ཆུང་དེ་ཐོབ་ཟིན་པ་སེམས་གནག་ནས་ཅི་ཡང་སྨྲ་མ་ཕོད།ཡིན་ཡང་ཁྱོད་ཁོ་ན་འདི་ལྟར་གྲགས་འོངས་པ་ནི་ཅི་ཞིག  ང་སེམས་གཏིང་ནས་ཅུང་སྨྲེང་གི་འདུག  སྤུན་ཟླ།
 
 
 
RE:མཚོ་སྔོན་བོད་ཡིག་ཟིན་བྲིས་ཚང་ལ་ཐ་ཚིག་བསྒྲགས་པ།
[ 2011-3-22 22:57:57 | By: maihong ]
 
གཤམ་དུ་མེ་དཔུང་།(མགྲོན་པོ།)2011-3-22 22:52:30་ལགས་ཀྱི་སྤེལ་པའི་དཔྱད་བརྗོད།:སྐད་ཆ་དམར་རྗེན་པ་ཞིག་བཤད་ཡོད་འདུག  རང་གིས་བཤད་པ་ཇི་བཞིན་ང་ནི་དངོས་གནས་མཁོ་སོད་པ་ཞིག་རེད།ལ་ལས་ཤེས་གསལ་ལྟར་ངས་ཀྱང་《ཟིན་ཐོ་གཤེར་མིན་ལ་སྒུག་དགོས་པ་ནི་སྡུག་བསྔལ་ཞིག》ཅེས་པའི་སྐད་ཆ་ཐུང་ངུ་ཞིག་བཞག་མྱོང་།འོན་ཀྱང་ད་དུང་ཁ་མལ་ན་མགོ་བཏུམས་ནས་བསྐྱུར་ཡོད།མི་བདེན་བསམས་ན་བདག་གི་ཟིན་བྲིས་སུ་བལྟས་པས་ཤེས་འོངས།སྤྱིར་དོ་དམ་པས་བཤད་པ་ལྟར་སྐད་དང་འདྲ་པར་འདྲ་མིན་འཇོག་མཁན་ཡང་ཡོད་ངེས་ནའང་།དེ་ལྟ་བུ་དེའི་ཚེ་ཐག་རིང་སྲིད་དམ། གཞན་ད་དུང་བཤེར་ཟིན་པའི་ཟིན་བྲིས་ལ་བཟོ་བཅོས་ཕྲན་ཙམ་བརྒྱབ་པས་སླར་ཡང་སྒུག་དགོས།སྒུག་སྒུག་རྗེས་ཟིན་བྲིས་གསར་བ་དག་ཐོན་ནའང་དེ་ལ་ཐོན་རྒྱུ་མི་འདུག  དེ་ནི་བདག་གི《གླུ་སྐད་སྐྱ་བོ་བཀླགས་པ།ཁག་གཉིས་པ།》ཞེས་པ་ལྟ་བུས་མཚོན་ཐུབ།ཁྱུ་མཆོག་ཅེས་པའི་ཟིན་བྲིས་པ་མང་དག་ཅིག་གིས་ཚུལ་དེ་ཤེས་ནའང་།རང་ལ་ནི་གནས་སྐབས་ཀྱི་ལྕགས་ཕོར་ཆུང་ཆུང་དེ་ཐོབ་ཟིན་པ་སེམས་ལ་རྣག་ནས་ཅི་ཡང་སྨྲ་མ་ཕོད།ཡིན་ཡང་ཁྱོད་ཁོ་ན་འདི་ལྟར་གྲགས་འོངས་པ་ནི་ཅི་ཞིག  ང་སེམས་གཏིང་ནས་ཅུང་སྨྲེང་གི་འདུག  སྤུན་ཟླ།
 
 
 
RE:མཚོ་སྔོན་བོད་ཡིག་ཟིན་བྲིས་ཚང་ལ་ཐ་ཚིག་བསྒྲགས་པ།
[ 2011-3-22 23:30:08 | By: chenchab(མགྲོན་པོ།) ]
 
ཨོ་རེད་་་དེ་ཡང་ཏན་ཏན་བསམ་གཞིག་བྱེད་ས་ཞིག་འདུག་ཁོ་བོས་ཉེ་སྔོན་ཞིག་ལ་་ཁ་དམངས་གཙོ་ལ་ཕྱོགས་ཤི་སེམས་ཀྱིས་གསོད་ཀི་་ཡང་དེ་འདྲ་བ་ཞིག་རེད།ཡིན་ཡང་དེ་ནི་དེང་དུས་ཀྱི་མཚོ་སྔིན་པོའི་ཟིན་བྲིས་ནས་མཐོང་རེ་སྐན་་་་སྤྱན་ཆབ་ཀྱིས།
 
 
 
RE:མཚོ་སྔོན་བོད་ཡིག་ཟིན་བྲིས་ཚང་ལ་ཐ་ཚིག་བསྒྲགས་པ།
[ 2011-3-22 23:46:50 | By: benbajia ]
 
གྲོགས་པོས་དྲང་གཏམ་བཤད་པར་ཤིན་ཏུ་དགའ། འུ་ཅག་གིས་་་གཟུ་བོར་གནས་པ་་་དག་གིས་སྐད་ཆ་འདི་འདྲ་ཞེ་ལ་ཤར་ཀྱང་ངག་ནས་བརྗོད་པར་ནམ་ཡང་མི་སྤོབས། དེ་ནི་སྒམ་ཚུགས་ཀྱི་མངོན་སྟངས་ཤིག་གམ་ཡང་ན་ཁྱེད་ཀྱིས་བཤད་པ་བཞིན་རང་དབང་འདྲ་མཉམ་གྱི་ཕྲ་ཕུང་མེད་སོང་བ་གང་ཡིན་ཅི་ཆ། གང་ལྟར་དྲང་མོ་དྲང་རྐྱང་དག་སྔུན་དུ་འཕངས་ནས་སྤྱང་བོ་སྒམ་པོ་དག་རྗེས་ནས་འོང་དགོས་པ་འདི་བོད་མི་ཚོའི་ཁྱད་ཆོས་ངོ་མཚར་བ་ཞིག་ཡིན་པར་ཁོ་བོས་དེ་སྔ་བརྗོད་མྱོང་། ཟིན་བྲིས་མཁན་པོ་དང་རྐང་འཛིན་པ་སོགས་ཀྱི་བདག་སྒྲ་དེ་དག་ནི་དོ་དོམ་པས་འདོགས་སྤྲོ་བ་དང་བཏགས་ཟིན་པ་དེ་དག་གིས་ཀྱང་ཅི་ཞིག་ཡིན་མདོག་གིས་མགོ་བོ་ཅོག་ཅོག་བྱེད་ཀྱིན་འདུག་པ་དེའང་དགོད་རེ་བྲོ། ཡིན་ནའང་ཁྱེད་རང་ཟིན་བྲིས་ནས་འབུད་རྒྱུ་ཡིན་ཚུལ་བཤད་པ་དེ་ལ་བསམ་རྒྱུ་གཞན་ཡང་ཡོད་དེ། རེ་ཞིག་འུ་ཅག་གིས་ལམ་འདི་འདྲ་དེད་ནས་འདི་ལྟར་འགྲོ་རྒྱུ་ལས་ཐབས་ལམ་གཞན་མི་སྣང་བས་ན། ལས་ཀྱི་བསྐོས་ཐང་འདྲ་བའི་གནར་གཅོད་འགའ་རེ་མི་མྱོང་ག་མེད་ཡིན་པ་འདྲའོ།
 
 
粗体 斜体 下划线 插入引用 插入表情

ཐ་ཚིག་སྒྲོག་ས།

 

གསང་བ་འདི་སུ་ལའང་མ་བཤད

ང་དང་ཁྱོད་ཀྱིས་ཤེས་སོང་ན་ཆོག

      18797189869

       zhougejia@gmail.com

       1148327192

 

སེམས་ཁམས་ལོ་ཐོ།
དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་ཐོ་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཟིན་བདག་ནང་འཇུག
མཛའ་འབྲེལ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.