མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
གསེར་བྲག་ཚང་།
http://blog.amdotibet.cn/hldongzhi/index.aspx
ཕྲེང་བསྟར།
རྩོམ་པ་པོ།:hldongzhi སྤེལ་དུས་:2013-5-13 7:13:46
༄། ཐམས་ཅད་སྐད་ཅིག་མི་སྡོད་འཇིགས།། སྒྱུ་མ་རྨི་ལམ་ཉིད་དུ་གྲོལ།། ཤེས་དང་མ་ཤེས་ཐོབ་མ་ཐོབ།། རྟག་ཆད་སྙིང་བོ་ནམ་མཁའི་ཟླ།། ནམ་མཁས་ནམ་མཁའ་ཀུན་ཏུ་ཁྱབ།། བདག་གིས་བདག་ཉིད་བརྗོད་དུ་མེད།། ཕྱིན་མེད་ཕ་རོལ་སོན་པ་ཡིས།། འབྲེལ་འབྱུང་སྒྱུ་མ་རབ་ཏུ་ཞིག། གང་གིས་གང་ལ་མི་སླེབས་ཤིང་།། དེ་ཡིས་དེར་ཡང་མི་བཀྲལ་བས།། བརྗོད་དུ་མེད་པ་དེ་ཁོ་ན།། ཁྱབ་བདག་ཀུན་ཏུ་བཟང་བོར་མཐོང་།། རྒྱ་ནག་གི་བསམ་གཏན་པའི་སློབ་དཔོན་དྷརྨའི་ཞབས་ཀྱི་རྣམ་ཐར་ལ་མཇལ་རྗེས་གསེར་བྲག་ཏུ་འབོད་པས་མགུར་ལ་བླངས་སོ།།
རྩོམ་པ་པོ།:hldongzhi སྤེལ་དུས་:2012-10-13 15:45:46
དཔལ་ལྡན་ཟླ་བ་གྲགས་པོ།

དཔལ་ལྡན་ཟླ་བ་གྲགས་པའམ་ཨཱཙཱརྱ་ཙནྡྲ་ཀཱིརྟི་ནི།

དེ་ཡང་སྔོན་འཕགས་ཡུལ་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སྐུ་འདས་པའི་ཚེ་གྲོང་ཁྱེར་ཀྱི་སྐྱེ་བོ་རྣམས་ཀྱིས་ད་ནི་འཇིག་རྟེན་ན་ཉི་མ་ནུབ་བོ་ཞེས་ཆོ་ངེ་ཆེན་པོ་བཏབ་པ་ན་ནམ་མཁའི་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་མགྲིན་གཅིག་ཏུ། ད་ནི་འདི་ནས་ལོ་ནི་ལྔ་བརྒྱ་ན། །སོ་ན་ཞེས་བྱའི་གྲོང་ཁྱེར་ཆེན་པོ་རུ། ཉི་མ་ནུབ་ཀྱང་ཟླ་བས་མུན་སེལ་བ། །རྣམ་དག་རིགས་ལས་འཁྲུངས་པའི་པཎྜི་ཏ། །ཟླ་བ་གྲགས་པ་ཞེས་བྱའི་མཁས་པ་འབྱུང༌། །ཞེས་ཀུན་ཀྱིས་གོ་བར་ནུས་པའི་ལུང་གིས་བསྟན་པ་ལྟར་ཟླ་གྲགས་སྔ་ཕྱི་གཉིས་ལས་ཕྱི་མ་གྲུབ་ཆེན་བརྒྱད་བཅུའི་ནང་ཚན་ངོ་མཚར་བའི་རྣམ་ཐར་བཅོ་ལྔས་ཁྱད་པར་དུ་འཕགས་ཤིང༌། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཡོངས་སུ་གྲགས་པ་དེ་ཉིད། 
                    སྤྱི་ལོའི་དུས་རབས་བདུན་ཙམ་ལ་ལྷོ་ཕྱོགས་ས་མནྟ་ཞེས་བྱ་བར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། སྤྲུལ་བའི་མཚན་རྟགས་དང་ལྡན་པ་ཞིག་བྱུང་ནས་མཚན་མཁན་རྣམས་ལ་བསྟན་པས་འདི་ནི་མཚན་ཤིན་ཏུ་བཟང་སྟེ་འདི་

བསྟན་པར་ཞུགས་ནས་བསྟན་འཛིན་ཆེན་པོ་ཞིག་ཏུ་འགྱུར་རོ་ཞེས་ལུང་བསྟན།
ཇི་ལྟར་ལུང་གིས་བསྟན་པ་ལྟར་ཕ་མ་གཉིས་ཀྱིས་ཀྱང་གནང་སྟེ་རབ་ཏུ་བྱུང༌། དཔལ་ན་ལེནྡྲའི་མཁན་པོ་ཟླ་བ་མགོན་པོ་ཞེས་བྱ་བ་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་པས་མཁན་པོ་ཉིད་ཀྱི་མཚན་ལས་དྲངས་ཏེ་ཟླ་བ་གྲགས་པ་ཞེས་བཏགས།
དེ་ནས་རིམ་གྱིས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏེ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ལ་གསན་པ་མཐར་སོན།

                       འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཏེ།  མདོ་སྔགས་ཀྱི་མན་ངག་ཡོངས་སུ་རྫོགས་པར་གསན། ཇི་ལྟར་གསན་པ་ལྟར་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་རྟོགས་པ་མཆོག་ཏུ་ཐོབ། ཕྱི་ནང་གི་སྤྲོས་པ་ཐམས་ཅད་དོར་ནས་ཉིན་མཚན་ཁོར་ཡུག་ཏུ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྒོམ་བཞིན་བཞུགས་པས་མ་དག་པའི་སྐྱེ་བོ་འགའ་ཞིག་ཡི་མ་རང་ནས་གནས་ལས་དབྱུང་བར་རིགས་བྱས་པའི་ཚེ།
                         མཁན་པོས་ཟླ་བ་གྲགས་པ་རང་ཉིད་ཐུགས་དམ་ལས་གཡོ་བ་མེད་ཀྱང་དགེ་འདུན་གྱི་ཁྲོད་ན་ཐ་མལ་པ་མང་པོ་ཞིག་ཉིད་ཀྱི་ངང་ཚུལ་ལ་མ་བཟོད་ནས་སྡིག་གསོག་པར་འདུག་པས། ཁྱོད་ཀྱིས་སྤྱི་གཉེར་གཅིག་གྱིས། ཉི་མ་གྲགས་པ་རོགས་ལ་བཏང་གི་གསུངས་པས་གཉེར་མཛད་ནས་མ་ཧེ་དང་བ་ལང་ཐམས་ཅད་རི་ལ་ཡན་དུ་བཅུག་སྟེ་རི་མོའི་བ་ལས་འོ་མ་བཞོས་ཏེ་དགེ་འདུན་ལ་ཕུལ་བས། ཉི་མ་གྲགས་པས། དཔལ་ལྡན་ཟླ་བ་གྲགས་པ་ཡིས། །རི་མོའི་བ་ལས་ཞོ་བཞོས་ནས། །དགེ་འདུན་འཚོ་བ་ལེགས་པར་བསྒྲུབས། །བྱས་པས་མཁན་པོས་སེམས་ལ་དབང་ཐོབ་པས་དེ་ལྟར་མཛད་པ་ངོ་མཚར་ཆེ་
གསུངས་པ་དང༌།

ཡང་ལན་ཅིག་ཏུ་རུཥྐའི་དམག་བྱུང་བ་ན་ལེནྡྲར་ཟླ་བ་ཕྱེད་ན་སླེབས་ཟེར་བ་ལ་ན་ལེནྡྲའི་ཆོས་སྐྱོང་གི་ཐུགས་ཀ་ནས་བྱ་རོག་གཅིག་བྱུང་ནས་ཟླ་བ་གྲགས་པ་ལ་ཟློག་ཐབས་ཞུས་ཟེར་བ་ལྟར་ཞུས་པས། ཐབས་ཡོད་གསུངས་ནས་རྡོ་ཡི་སེངྒེ་བསྐུལ་ཏེ་དམག་ཐམས་ཅད་བསྐྲད་པས། རྒྱལ་པོ་སྟོབས་ལྡན་གཞོན་ནུས། དཔལ་ལྡན་ཟླ་བ་གྲགས་པ་ཡིས། །སྟོབས་ལྡན་རྡོ་ཡི་སེངྒེ་བསྐུལ། །ཏུ་རུཥྐའི་ཡི་དམག་ཟློག་ཀྱང༌། །ཤི་རྨས་མེད་པ་ངོ་མཚར་ཆེ། །ཞེས་ཟེར་རོ།

                           ཡང་སློབ་དཔོན་ནགས་ན་སྒོམ་གྱི ན་བཞུགས་སྐབས་ཤིག་ནགས་ལ་མེ་ཤོར་བས་ཡུལ་མི་རྣམས་བལྟ་རུ་ཕྱིན་པ་ན། ཤིང་གི་ལྷ་མོ་ཞིག་གིས་རོ་སྟོད་བཏོན་ནས། བྱམས་མགོན་སྙིང་རྗེའི་བདག་ཉིད་ཅན། །མེ་ཡིས་མི་ཚིག་ཆུས་མི་འཁྱེར། །རླུང་གིས་འཐོར་བར་ག་ལ་ནུས། །ཞེས་གསུང་སློབ་དཔོན་གྱི་རྩྭའི་སྤྱིལ་བུའི་འདོམ་གང་ཚུན་ཆད་མེས་མ་ཚིག་པར་འདུག་ཅིང༌། ཉིད་ཀྱི་ཞལ་ནས། ང་ཡི་བླ་མ་ཀླུ་སྒྲུབ་ཀྱིས། །སྐྱེ་བ་མེད་པའི་མེ་ཆེན་གྱིས། །དངོས་པོའི་བུད་ཤིང་བསྲེགས་པ་ཡིན། །མཁན་པོ་ཡིས་ཀྱང་བསྲེགས་པ་ཡིན། །ངས་ཀྱང་སྐྱེ་བ་མེད་པའི་མེས།དངོས་པོའི་བུད་ཤིང་བསྲེགས་པ་ཡིན། །དངོས་པོའི་མེ་ཡིས་ག་ལ་ཚུག།ཞེས་གསུངས་སོ།

                            །མངོན་ཤེས་ཀྱང་ཐོགས་པ་མེད་པ་སྟེ་མུ་སྟེགས་ཀུ་མ་རི་ཀ་བྱ་བས། བརྒྱ་བྱིན་ད་ལྟ་ཅི་བྱེད་དྲིས་པས། དངོས་ནི་སུམ་ཅུ་རྩ་གསུམ་ན་ཡོད་ལ།  སྤྲུལ་བ་གཅིག་དགའ་ལྡན་ན་བྱམས་པ་ལས་ཆོས་ཉན་གྱིན་ཡོད་གསུངས་པས། ཀུ་མ་རི་ཡིད་མ་ཆེས་པ་ལ། སློབ་དཔོན་གྱིས་ཕྱག་གཡབ་མཛད་པས་བརྒྱ་བྱིན་དངོས་འོངས་པ་ཁོས་མ་མཐོང༌། ཡང་ཕྱག་གཡབ་མཛད་པས། སྤྲུལ་པ་འོངས་པ་ཁོས་མཐོང་ནས། ཁྱོད་བརྒྱ་བྱིན་ཡིན་ནམ་བྱས་པས་དངོས་མིན། དངོས་ཡིན་ན་མིག་སྟོང་ཡོད་པ་ལས་ང་ལ་རྗེས་ལས་མེད་ཟེར་བ་བལྟས་པས་རྗེས་ལས་མི་འདུག་པས་ཁོ་ཡིད་ཆེས་སོ།

                            །དེས་ན་སློབ་དཔོན་འདི་ཉིད་པཎྜི་ཏ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ། མཁས་པ་ཙནྡྲ་གོ་མི་དང་ལོ་བདུན་བར་ལ་ཕན་ཚུན་ཆོས་ཀྱི་བརྒལ་བརྟག་འགྲན་ཞིང་འཇིགས་བྲལ་སྨྲ་བའི་སེང་གེའི་གནས་སུ་དམ་བཅའ་བ་མཛད་པ་དང༌། སློབ་དཔོན་འདིས་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ལྟར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཟབ་པ་དང་རྒྱ་ཆེ་བའི་ལམ་འབྲས་བུ་དང་བཅས་པ་སྟོན་པའི་གཞུང་དབུ་མ་ལ་འཇུག་པ་རང་འགྲེལ་དང་བཅས་པ་མཛད་ཅིང༌། གནས་ལུགས་སྟོང་པ་ཉིད་རིགས་པ་བརྒྱ་ཕྲག་གི་སྒོ་ནས་གཏན་ལ་འབེབས་པ་དབུ་མ་རྩ་བའི་འགྲེལ་བ་ཚིག་གསལ་དང༌། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་རྩ་རྒྱུད་ཀྱི་འགྲེལ་བ་སྒྲོན་མ་གསལ་བ་མཛད་པས་སྔོན་གྱི་མཁས་པ་རྣམས་ཀྱིས་མཁའ་ལ་ཉི་ཟླ་གཉིས་ས་ལ་གསལ་བ་གཉིས་ཞེས་བསྔགས་པར་གྲགས། གཞན་ཡང་བཞི་བརྒྱ་པའི་འགྲེལ་བ་དང༌། རིག་པ་དྲུག་ཅུའི་འགྲེལ་བ་དང༌།དབུ་མ་ཕུང་པོ་ལྔ་པ། སྟོང་ཉིད་བདུན་ཅུ་པའི་འགྲེལ་བ། སྐྱབས་འགྲོ་བདུན་ཅུ་པ། ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་སུ་གསོལ་བ། གསང་བ་འདུས་པའི་སྦྱོར་པ་ཡན་ལག་དྲུག་པའི་འགྲེལ་བ། གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། ཁྲོ་བོ་བདུད་རྩི་འཁྱིལ་བའི་སྒྲུབ་ཐབས། སྒྲོལ་མའི་བསྟོད་པ་རྣམས་མཛད་དོ།

                      སྤྱིར་ཡང་སློབ་དཔོན་འདི་ནི་རྡོ་རྗེའི་སྐུ་བརྙེས་ནས་ད་ལྟ་འཛམ་བུའི་གླིང་ན་གདུལ་བྱའི་དོན་མཛད་བཞིན་བཞུགས་པ་སྟེ། སྔོན་པཱ ་ཚབ་ལོ་ཙཱ་བས་སློབ་དཔོན་འདི་ལ་དད་ཅིང་གུས་པས་ཡུན་དུ་གསོལ་བ་བཏབ་ཏེ་ཁ་བ་ཅན་གྱི་ལྗོངས་འདིར་དབུ་མའི་ལམ་སྲོལ་བཟང་པོ་རྒྱ་ཆེར་འཕེལ་ན་ཅི་མ་རུང་སྙམ་སྟེ་རྒྱ་གར་དུ་ཕེབས་པས། སློབ་དཔོན་ཟླ་བ་གྲགས་པས་དངོས་སུ་ཞལ་བསྟན་ཏེ་གདམས་པ་དང་རྗེས་སུ་བསྟན་པ་རྒྱ་ཆེར་བསྩལ་ཅིང་བོད་དུ་དབུ་མའི་ལམ་སྲོལ་རྒྱ་ཆེར་སྤེལ་ནུས་པར་བྱིན་གྱིས་བརླབས་པ་ལྟར་རོ། །

 

 

རྩོམ་པ་པོ།:hldongzhi སྤེལ་དུས་:2011-1-2 17:21:00

གསལ་བཤད།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་སྐུ་གཞོན་ཀླུ་རྒྱལ་ཚེ་རིང་ལགས་ནས་རང་གི་ཕ་ཡུལ་བཱ་ཡན་བྲག་དཀར་བུ་རྒྱུད་ཀྱི་དགུ་བའི་ཉེར་གཉིས་མདའ་སྟོན་དུས་ཆེན་སྟེང་སྤེལ་བའི་གཏམ་བཤད་འདིའི་ནང་ཁོང་གིས་མི་རིགས་རིག་གནས་ལ་བཅངས་པའི་བརྩེ་སེམས་དང་རིགས་ཞེན་གྱི་ཀུན་སློང་རྣམ་པར་དཀར་བས་བཱ་ཡན་པར་དམིགས་གསལ་དུ་རྒྱུན་སྲོལ་མངའ་བའི་རིག་གནས་འདི་ཉིད་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་བའི་ཐད་ཚད་མཐོན་པའི་མཛུབ་སྟོན་གནང་ཡོད་པས་ན་འདིར་ཆེད་དུ་དྲ་གྲོགས་ལྷན་རྒྱས་སྤྱི་དང་ལྷག་པར་དུ་མི་རིགས་ལུས་རྩལ་རིག་གནས་ལ་དགའ་དཔྱོད་འདྲིས་པ་ཆེ་བའི་ཀློག་མཁན་རྣམས་ལ་བློ་མིག་གི་དགའ་སྟོན་དུ་ཕུལ་བ་ལགས།   གསེར་བྲག་ནས།

༢༠༡༠ལོའི་༩༢༢བཱ་ཡན་བྲག་དཀར་བུ་རྒྱུད་རྟ་མགྲིན་མདའ་རྩེད་འགྲན་བསྡུར་ལ་

ཕུལ་བའི་གཏམ་བཤད།

            ཀླུ་རྒྱལ་ཚེ་རིང་།

རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ།

 རྨ་ལྷོའི་མདའ་འཕེན་མཐུན་ཚོགས་ཀྱི་ཚོགས་གཙོ།                                         

མཛའ་ཞིང་བརྩེ་བའི་ཡུལ་མི་སྤུན་ཟླ་རྣམ་པ།མགྲོན་པོ་རྣམ་པ།  མདའ་བ་རྣམ་པ།  མ་སྲུ་རྣམ་པ།  ཁྱེད་རྣམས་སྐུ་ཁམས་བཟང་།  དེ་རིང་༩པའི་༢༢བྲག་   དཀར་བུ་རྒྱུད་རྟ་མགྲིན་མདའ་རྩེད་འགྲན་བསྡུར་ལ་བསྟུན་ནས་འུ་ཅག་འདི་རུ་དགའ་དགའི་ངང་ལྷན་འཛོམས་བྱུང་བར་ང་རང་ཤིན་ཏུ་དགའ་ཡོད།  དེ་རིང་    གཏམ་གྱི་ཐོག་མར།  ཐེངས་འདིའི་རྒྱལ་སྤྱིའི་མདའ་རྩེད་འགྲན་བསྡུར་སྟེང་ཨང་  བཞི་བའི་མཚན་སྙན་ཐོབ་པའི་མདའ་འཕེན་དཔའ་བོ་རྣམས་ལ་ངས་འདི་ནས་ཆེད་དུ་མཚམས་འདྲི་དང་གཟེངས་བསྟོད་བྱས་པ་དང་ཆབ་གཅིག་ཁོ་ཚོའི་ཁ་ལས་རླུང་རྟ་དར་བའི་ཁ་གཡང་སྒྲོག་པ་ཡིན།ངེད་ཚོ་ལུང་བ་འདིར་གནའ་དུས་རིང་མོ་ནས་   མདའ་འཕེན་རྩེད་མོའི་རིག་གནས་འདི་གཞན་ལས་དར་རྒྱས་ཆེ་ཞིང་གཏིང་ཟབ་པ།  ཁྱབ་བརྡལ་ཆེ་བ་ཡོད་པ་རེད།སྲོལ་རྒྱུན་འདི་ཉིད་མ་ཉམས་རྒྱུན་འཛིན་དང་སྔར་ བས་དར་རྒྱས་སུ་གཏོང་རྒྱུ་ནི་ང་ཚོ་རང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་དང་ འབྲལ་ཐབས་མེད་པ་ཞིག་ཡིན།ཕུན་སུམ་ཚོགས་པའི་འཚོ་བ་ཟེར་བ་ནི་ཁ་ལ་     བཟའ་རྒྱུ་དང་རྒྱབ་ལ་གོན་རྒྱུ།ལག་ན་བཀོལ་རྒྱུའི་རྒྱུ་ནོར་ཡོད་པ་ཙམ་མ་ཡིན་པར་དཔལ་འབྱོར་དང་རིག་གནས་གཉིས་ཆར་ནས་མ་ཕོངས་པ་བྱུང་ན་ད་གཟོད་དེ་ལ་ཕུན་སུམ་ཚོགས་པའི་འཚོ་བ་ཟེར་བ་རེད།  དེས་ན་མདའ་འཕེན་རྩེད་མོ་ནི་རིག་གནས་ཁྲོད་ཀྱི་གཅིག་ཡིན་པ་རེད།  ངས་མདའ་འཕེན་རྩེད་མོ་ཟེར་སྐབས་འབེན་ལ་གཟས་ནས་མདའ་རྩལ་འགྲན་པ་གཅིག་བུར་ཟེར་གི་མེད།མདའ་རྩལ་དང་མདའ་ཡི་རྒྱབ་ཕྱོགས་ན་མཐོང་རྒྱུ་ཡོད་པ་དང་མཐོང་རྒྱུ་མེད་པའི་རིག་གནས་ཡོངས་ལ་ཟེར་གི་ཡོད།  དེང་སྐབས་འཛམ་གླིང་ཡོངས་ཀྱི་འཕེལ་ཕྱོགས་ཀྱི་སྟེང་ནས་བལྟས་ན་རིག་གནས་གསར་རྙིང་དང་ལྟ་བ་གསར་རྙིང་།ཡུལ་ཕྱོགས་ལུང་བ་སོ་སོའི་རིག་   གནས་བར་དངོས་ཡོད་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དབང་གིས་ཡུན་རིང་གནས་ཐུབ་མིན་གྱི་འཇིགས་ཉེན་ཆེན་པོར་འཕྲད་དང་འཕྲད་མུས་སུ་ཡོད་ཀི  དེ་བས་ང་ཚོས་ མདའ་འཕེན་ རྩེད་མོའི་སྲོལ་ཀ་ཡག་པོ་འདི་འདྲར་རྒྱུན་འཛིན་བཟང་བོ་བྱ་རྒྱུ་ནི་ཧ་ཅང་གལ་ཆེའི་དོན་སྙིང་ཡོད་པ་རེད། 

ཙོང་ཁ་ཚོ་སྐོར་བཅུ་གསུམ་གྱི་ནང་གསེས་འགག་རྩའི་ཁོ་ཡན་ལུང་བ་སྟེ་    གསེར་གཞུང་གཡང་ལུང་ཕྱུག་མོ་འདི་ལ་མཚོན་ན་བོད་ཀྱི་ལོ་རྒྱུས་སྟེང་སྐད་གྲགས་ཆེ་བའི་བསྟན་པ་ཕྱི་དར་གྱི་ཆུ་འགོ་ཡིན་པ་ལོ་རྒྱུས་ཀྱིས་བདེན་དཔང་ཁུངས་ཐུབ་ཡོད་པ་རེད།  མ་ཟད་གླིང་གེ་སར་རྒྱལ་བོ་དང་ཙོང་ཁ་རྒྱལ་བོའི་མངའ་སྡེ་ཆེས་གལ་ཆེན་ཡིན་པའང་ལོ་རྒྱུས་སྟེང་གསལ་བོ་བྲིས་འདུག 

སྐད་ཆ་གསལ་བོར་བྱས་ན།དེ་སྔོན་ངས་གོ་ཐོས་སུ་བཀའ་འགྱུར་ནང་ན་རི་བོ་དན་ཏིག་དང་འབྲེལ་བའི་གཏམ་རྒྱུད་རིང་བོ་ཞིག་འདུག་ཟེར།  དེ་དོན་དག་གལ་ཆེན་ཞིག་རེད།  དེ་ཡིས་འུ་ཚོའི་ཡུལ་ཕྱོགས་ལུང་བ་འདི་རུ་ནང་ཆོས་རིག་གནས་   དང་ཆེས་གནའ་བོའི་དུས་སུ་འབྲེལ་བ་དམ་ཟབ་ཡོད་པ་མཚོན་ཐུབ་གི  དུས་རབས་བཅུ་གཅིག་པའི་མཇུག་དང་བཅུ་གཉིས་པའི་སྟོད་ལ་བོད་རྒྱལ་གླང་དར་མ་འུ་དུམ་ བཙན་གྱི་སྲིད་དབང་ནང་འགལ་འཐོར་ཞིག་ཏུ་སོང་རྗེས་དབུས་གཙང་གི་མཁས་པ་མི་གསུམ་དན་ཏིག་ཏུ་བྲོས་བྱོལ་དུ་བསླེབས་པ་མ་ཟད།འདི་ག་རྒྱ་བཞུར་ནས་འཁྲུངས་པའི་བླ་ཆེན་པོ་དགོངས་པ་རབ་གསལ་གསོ་སྐྱོང་བྱས་པ་རེད།བླ་ཆེན་པོ་ཡིས་དབུས་གཙང་གི་མི་བཅུ་ལ་དན་ཏིག་ནས་སྡོམ་རྒྱུན་དང་ཆོས་ལུགས་ཀྱི་བསླབ་བྱ་བྱིན་ནས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཞེས་པའི་ལོ་རྒྱུས་སྟེང་སྐད་གྲགས་ཆེ་བའི་རིག་གནས་བསྐྱར་དར་གྱི་ལས་འགུལ་དེ་བྱུང་བ་རེད

དེ་བས་འུ་ཚོའི་ཡུལ་ཕྱོགས་འདི་བོད་ཀྱི་རིག་གནས་ལོ་རྒྱུས་སྟེང་གོ་ས་གལ་ཆེན་ཟིན་ཡོད་པ་རེད།ཡང་མདའ་ཡི་ཕྱོགས་ནས་བཤད་ནའང་།དེང་སྐབས་ས་ཆ་མང་བོ་ན་མདའ་རྩེད་རིག་གནས་རྒྱུན་འཛིན་བྱེད་མཁན་མང་ཤོས་དཔའ་ལུང་གིའམ་ཡང་ན་མེས་པོ་དཔའ་ལུང་ནས་མཆེད་པའི་རྒྱུད་པ་མང་བོ་རེད།ཡིན་ནའང་ས་ཆ་མང་ཤོས་སུ་འབེན་ལ་གཟས་ནས་མདའ་འཕེན་པ་ཙམ་ལས་མདའ་ཡི་རྒྱབ་ཕྱོགས་ཀྱི་རིག་གནས་ཡོངས་སུ་ཁ་མི་ཚང་བའམ་ཡང་ན་དོ་སྣང་བྱེད་ཀྱིན་མི་འདུགདེ་རྐྱེན་གྱིས་ངས་འདི་ནས་ཚང་མར་གསལ་འདེབས་བྱ་རྒྱུ་ཞིག་ལ།ང་ཚོས་མདའ་ཡི་རིག་གནས་ལ་ཕྱོགས་ཡོངས་ནས་རྒྱུན་འཛིན་བྱེད་ཐུབ་ན་དོན་སྙིང་ཤིན་ཏུ་ཆེན་པོ་ཡོད།ང་ཚོའི་སྡེ་བ་འདིའི་མིང་ཐོགས་ཚུལ་ནི་གནའ་བོའི་དུས་ཀྱི་ཙོང་ཁའི་གཅན་ཚ་དཔའ་ལུང་རྫོང་གི་ནུབ་བྱང་གི་ས་ཆ་ཕལ་ཆེར་ལ་གོདང་འགག་རྩའི་ཡུལ་སྡེར་བཀྲམས་པའི་བུ་རྒྱུད་བཅོ་བརྒྱད་ཀྱི་ནང་གསེས་མེས་པོ་བྲག་དཀར་གྱི་བུ་རྒྱུད་ཡིན་པའི་ཆ་ནས་ ཐོགས་པ་ཡིན་པ་གནའ་ནས་ད་བར་ངག་རྒྱུན་ཡོད་པ་རེད།   རྒྱབ་ཀྱི་ལོ་རྒྱུས་འདི་དག་གིས་ཡབ་མེས་ནས་དེ་རིང་བར་སྲོལ་ཀ་མུ་ལ་རྒྱུན་མ་ཆད་པའི་མདའ་རྩེད་རིག་གནས་འདི་གནས་པ་དང་འཕེལ་བར་འབྲེལ་བ་དམ་ཟབ་ཡོད་པ་རེད།  དེར་མ་ཟད་ང་ཚོ་རང་གི་ས་ཐོག་ན་གླིང་གེ་སར་སྐོར་གྱི་ས་མིང་ཆུ་མིང་ལ་སྦྱར་བའི་ངག་རྒྱུན་ཡོད་པ་དེ་དག་ཕྱི་རབས་པར་བརྗོད་ནས་མ་བརྗེད་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད།  འདི་དག་ལྷ་སྒྲུང་ཡིན་ནའང་འདྲ།དོན་དངོས་ཡིན་ཀྱང་རུང་།  གང་ལྟར་འདི་དག་ཚང་མའི་རིག་གནས་ཤིག་གི་ཟབ་ཚད་དམ་ཐུན་མོང་མ་ཡིན་པའི་ཟུར་ཞིག་མཚོན་གྱིན་ཡོད་པ་རེད།  ཚང་མས་ཤེས་གསལ་ལྟར་རང་སྡེའི་རྟ་མགྲིན་རྡོ་རྗེ་ལགས་ནས་ལོ་འདི་འགའི་རིང་སེམས་ཤུགས་དང་རྒྱུ་ཤུགས་གང་ཡོད་བཏོན་ནས་རང་སྡེའི་མདའ་འཕེན་རྩེད་མོའི་ཐད་སྐུལ་སློང་དང་བསྡུ་སྐོང་།  འགྲན་བསྡུར་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་ནི་དངོས་གནས་བཀའ་དྲིན་རབ་ཏུ་ཆེ་བའི་དོན་དག་ཅིག་རེད།དེ་ཡིས་གཅིག་ན་ངས་གོང་དུ་བཤད་པ་བཞིན་སྲོལ་རྒྱུན་རྒྱུན་འཛིན་ཐད་ནུས་པ་གང་ལེགས་ཐོན་ཡོད་པ་དང་།གཉིས་ནས་སྡེ་བ་ཕན་ཚུན་བར་དང་ཁྱིམ་ཚང་ཕན་ཚུན་བར།  མི་ཕན་ཚུན་བར་བཅས་ལ་མཐུན་སྒྲིལ་གྱི་ནུས་པ་ཐོན་ཡོད་པ།  གསུམ་ནས་མི་རྣམས་ལ་དགའ་སྤྲོའི་རྩེད་མོའི་བྱ་འགུལ་ཞིག་ཏུ་ཆགས་ནས་བསམ་བློ་རིག་གནས་ཡར་ཐོན་གྱི་ནུས་པ་ཐོན་གྱི་ཡོད་པ།ལྷག་པར་དུ་ཐེངས་འདིའི་གཅན་ཚའི་ཡུལ་དུ་འཚོགས་པའི་རྒྱལ་སྤྱིའི་མདའ་འཕེན་འགྲན་བསྡུར་སྟེང་རྟ་མགྲིན་མདའ་འཕེན་ཚོགས་པའི་ཚོགས་མིས་རྨང་གཞིར་བྱས་ནས་རྨ་ལྷོའི་མིང་ཐོག་ནས་་འགྲན་བསྡུར་སྟེང་ཞུགས་པ་དེས་བཱ་ཡན་བྲག་དཀར་བུ་རྒྱུད་ཅེས་སྙན་པའི་གྲགས་པ་རབ་ཏུ་རྒྱས་ཤིང་མི་རྣམས་ཀྱིས་གླེང་གཞིར་བྱེད་ཀྱིན་འདུག་པ་མ་ཟད།  རེབ་གོང་ལ་མཚོན་ནའང་དེ་ནི་ལོ་རྒྱུས་སྟེང་མདའ་རྩེད་འགྲན་བསྡུར་སྟེང་ཞུགས་པ་ཐེངས་དང་བོ་ཡིན་པས་འདི་ཡིས་རེབ་གོང་གི་མདའ་རྩེད་ལོ་རྒྱུས་ཀྱི་སྟོང་ཆ་ཞིག་བསྐངས་ཡོད་པ་མཚོན་ཡོད་པ་རེད།འདི་དག་ལ་མཚོན་ན་འུ་ཚོ་སྡེ་བར་ཆ་བཞག་ནའང་རང་སྡེའི་འཇོན་ཐང་དང་མཚན་སྙན།འཚོ་བའི་གསོན་ཤུགས་ཤིག་རེད།རྟ་མགྲིན་རྡོ་རྗེ་ལ་མཚོན་ན་རང་གི་བྱ་བ་བྱེད་ཞོར་ས་གར་འགྲོ་དང་གནས་གར་བསྡད་དུ་མདའ་གཞུ་འབྲལ་མེད་དུ་འཁྱེར་ནས་མདའ་ཡི་རིག་གནས་ཁྱབ་སྒྲོག་དང་གཞན་ལ་སྐུལ་འདེད།  བཟང་ས་རྒྱན་ས་འབོད་འགུག་སོགས་བྱས་ཏེ་རྨ་བྱང་རྒྱུད་ཀྱི་བཱ་ཡན་བྲག་དཀར་བུ་རྒྱུད་ནས་རེབ་གོང་གསེར་མོ་ལྗོངས་དང་རྩེ་གཞུང་རྩྭ་ཐང་ཆེན་མོ་སོགས་སུ་མདའ་རྩེད་རིག་གནས་འདི་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་ལས་ཀ་མང་བོ་བྱས་ཡོད་ཅིང་།རེབ་གོང་དུ་མདའ་འཕེན་མཐུན་ཚོགས་ཤིག་གསར་འཛུགས་ཐུབ་པར་རྨང་གཞིའི་ཆ་རྐྱེན་མང་བོ་ཞིག་བསྐྲུན་ཡོད་པ་རེད།  ད་ལྟ་རྨ་ལྷོའི་མདའ་འཕེན་མཐུན་ཚོགས་ཟེར་བའི་མཐུན་ཚོགས་དངོས་སུ་གསར་འཛུགས་ཐུབ་ཡོད་པ་མ་ཟད་རྟ་མགྲིན་རྡོ་རྗེ་ཁོ་རང་ཡང་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་གདམས་ཐོན་བྱུང་ཡོད་པ་རེད།ངས་ཁོ་ལ་ཁྱོད་མདའ་ཡི་ཕོ་ཉ་རེད་ཅེས་སུ་ཀུ་རེ་འདྲེས་མར་བཤད་མྱོང་།  དོན་དངོས་སུ་ཡང་དེ་འདྲ་རེད། 

མདའ་རྩེད་ལ་མཚོན་ན་ང་ཚོ་རང་གི་འཚོ་བའི་ནང་གི་གྲུབ་ཆ་ཞིག་ཡིན་ཞིང་ང་ཚོ་རང་རང་དང་ཡུལ་མི་ཁྱིམ་མཚེས་ཚོའི་འཚོ་བ་ཡར་རྒྱས་ཕུན་ཚོགས་སུ་འགྲོ་རྒྱུ་ནི་བྱ་བ་གང་ལས་ཀྱང་གཙོ་བོ་ཡིན་པ་རེད།དེ་རྐྱེན་གྱིས་ང་རང་ངོས་ཀྱང་མདའ་ཡི་ཕྱོགས་ལ་དུས་རྒྱུན་རྗེས་སུ་ཡི་རངས་ཞུ་བཞིན་པ་ཡིན།རྗེས་ཕྱོགས་ཀྱང་མི་འཇོན་ཐང་ཅན་ཚོས་སྡེ་བ་འཚོ་བར་སྣེ་ཁྲིད་དེ་མདའ་རྩེད་ཙམ་མ་ཟད་བྱ་བ་གཞན་པའི་ཐད་དུའང་སྐུལ་སློང་དང་སྣེ་འདྲེན་བྱེད་ཐུབ་ན་ངས་ཤིན་ཏུ་ནས་དཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

སྔོན་ཆད་ང་ཚོའི་སྡེ་བ་འདིར་སྐྱ་ཐོ་སྤུན་གསུམ་ཟེར་བའི་མདའ་བ་དཔེ་མེད་གསུམ་ཡོད་ལུགས་ཀྱི་ཁ་བརྡ་ཞིག་ངས་ཆུང་དུས་གོ་མྱོང་།  ཡིན་ནའང་ད་ལྟ་གསལ་བོ་ཞིག་མི་དྲན་གི  དེ་ལྟ་བུའི་གཏམ་རྒྱུད་འདྲ་ཡོད་ན་ཚང་མས་མ་བརྗེད་པ་བྱེད་རྒྱུ་གལ་ཆེ།  གལ་ཏེ་ནམ་ཞིག་ཆ་རྐྱེན་ཡོད་ཚེ་ང་ཚོས་དེའི་རིགས་ཟིན་བྲིས་སུ་བཀོད་  ནས་ཕྱི་རབས་པར་བརྒྱུད་སྤྲོད་བྱས་ན་འགྲིག་གི  ངས་འདི་ནས་དམིགས་སུ་བཀར་ནས་ནན་བཤད་བྱེད་འདོད་པ་ཞིག་ལ།   དེང་སྐབས་མི་སྐོར་ཞིག་མཱ་ཅང་རྒྱལ་འཇོག་སོགས་བག་མེད་རྩེད་འཇོ་ནང་འགོ་   འཁོར་བཞིན་པའི་ལུགས་སྲོལ་ངན་པ་ཞིག་དར་ཁྱབ་འགྲོ་བཞིན་འདུག་ཟེར།  དེ་ནི་སྒྱིད་ལུགས་ཉམས་ཞན་དང་རུལ་སུངས་ཐ་ཤལ་གྱི་བྱ་སྤྱོད་འབའ་ཞིག་རེད།  དེ་འདྲ་བྱེད་པ་ལས་བོད་རང་གི་མེས་པོའི་རྒྱུན་སྲོལ་གྱི་མདའ་རྩེད་ལ་ཞུགས་ནས་རང་གི་ཁ་ཡ་ན་ཟླ་ཚོ་དང་ལྷན་ཅིག་དོན་སྙིང་ཡོད་པའི་རིག་གནས་ཀྱི་རྩེད་མོ་འདི་འདྲར་རོལ་ན་ཇི་འདྲའི་བཟང་བོ་ཡོད་ཨང་།  མདའ་རྩེད་རིག་གནས་འདི་ཉིད་རྒྱུན་འཛིན་དར་སྤེལ་དང་ཆབ་གཅིག་མི་ཞིག་ལ་མཚོན་ན་རང་གི་བྱ་བ་རང་གིས་ཐག་གཅོད་ཐུབ་ཅིང་རང་ཚུགས་ཡོད་པ།བྱ་བ་ཆེ་ཆུང་གང་ལའང་བསམ་གཞིགས་གཏོང་ཤེས་པ།ཚད་མཐོན་པོའི་རང་ཁ་རང་གསོ་ཐུབ་པ།ཚན་རིག་ལ་ཡིད་ཆེས་བྱེད་པ།བུ་བུ་མོ་སློབ་གྲྭར་བསྐྱལ་བ།མི་དང་མིའི་བར།བཟའ་ཚང་དང་བཟའ་ཚང་བར།ཁྱིམ་ཚང་དང་ཁྱིམ་ཚང་བར། སྡེ་བ་དང་སྡེ་བ་བར་འགྲིག་མོ་མཐུན་མོ་འོང་རྒྱུ་ནི་སྤྱི་    ཚོགས་འཆམ་མཐུན་གྱི་གཞི་རྩ་རེད།   སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ།  མི་ཕན་ཚུན་བར་འགྲིག་མོ་མཐུན་པོ་ཡོད་ན་ད་གཟོད་འུ་ཚོ་སུ་ཡིན་ཡང་བསམ་བློའི་རིག་གནས་དང་དངོས་པོ་ལོངས་སྤྱོད་ཡར་རྒྱས་སུ་འགྲོ་ཐུབ་པ་རེད། མདོར་ན།  འོ་སྐོལ་གྱི་མེས་པོ་ཚོའི་ངག་རྒྱུན་བཞིན་མི་རང་རང་འཇིག་རྟེན་མི་ཆོས་ལ་མཁས་ཤིང་བྱ་བ་གང་ལ་འཕྲད་ཀྱང་འཇོན་པོ་ཞིག་འོང་བ་བྱ་རྒྱུར་ཧུར་བརྩོན་བྱེད་དགོས་པ་རེད།  དེ་རིང་ངས་རང་གི་སྐྱེས་ས་སྐྱེས་ཡུལ་གྱི་ཡུལ་མི་རྣམས་ལ་ཁ་བརྡ་བྱེད་པ་ཡིན་ཕྱིར་ཤ་ཚ་བའི་གཏམ་ལ་སྙན་མོ་མི་འབྱུང་པའི་ཁ་དཔེ་ལྟར་ཚིག་  ཡག་བཙོག་གཉིས་ཀ་ཤོར་འགྲོ་གི  ཚིག་མི་སྙན་པ་ཡོད་ན་ཚང་མས་ཐུགས་ལ་མི་གནོད་རྒྱུ་ངའི་རེ་བ་ཡིན།  

དེ་རིང་གི་མདའ་རྩེད་ལ་མཚོན་ན།མཛའ་བརྩེ་དང་བོ་དང་འགྲན་བསྡུར་ གཉིས་པ་བྱས་ནས་ཕན་ཚུན་དགའ་དགའི་ངང་རྩེད་མོ་ཡག་པོ་ཞིག་རྩེ་རྒྱུ་དང་།    མཛའ་བརྩེའི་ངང་མཇུག་བསྒྲིལ་རྒྱུ་ནི་ངའི་རེ་བ་ཡིན།རྟ་མགྲིན་རྡོ་རྗེ་ལ་མཚོན་ན་ལོ་འདི་འགའི་རིང་ལ་མདའ་ཡི་རིག་གནས་ཐད་མི་ཤུགས་དང་རྒྱུ་ཤུགས་གང་ཡོད་བཏོན་ནས་ཧུར་བརྩོན་ཆེན་པོ་བྱས་ཡོད་པ་མ་ཟད།བོད་ཀྱི་སྲོལ་རྒྱུན་གྱི་ཉིན་     བཟང་སྐར་བཟང་༩པའི་༢༢ཉིན་མོ་འདི་རང་སྡེའི་མདའ་རྩེད་དུས་ཆེན་ཞིག་ལ་གཏན་འཁེལ་བྱས་ནས་དེ་རིང་ཡང་འུ་ཚོ་འདི་རུ་མཉམ་འཛོམས་བྱེད་བཅུག་པ་རེད།  འདི་ནི་དོན་དག་བཟང་བོ་ཞིག་རེད།ཚང་མས་ཧུར་བརྩོན་གྱིས་སྲོལ་རྒྱུན་གྱི་མདའ་རྩེད་ཉིན་མོ་འདི་མུ་མཐུད་ནས་རྒྱུན་སྐྱོང་རྒྱུ་ངའི་རེ་བ་ཡིན། 

མཇུག་མཐར།  བོད་རང་གི་ཡབ་མེས་ཀྱི་རྒྱུན་སྲོལ་རིག་གནས་བཟང་བོ་རྒྱུན་འཛིན་དར་སྤེལ་བྱས་པའི་སྟེང་དེང་རབས་ཀྱི་འཚོ་བ་རོལ་སྟངས་ལ་སློབ་སྦྱོང་བྱས་ ཏེ་ཡུལ་མི་ཚོའི་བསམ་བློའི་འཚོ་བ་དང་དཔལ་འབྱོར་གྱི་འཚོ་བ་གཉིས་ཀ་གཅིག་གིས་གཅིག་ལ་ཨ་ལོང་གི་སྦྲེལ་ཐག་མ་ཤོར་བར་ཕྱོགས་གང་ཐད་སྔར་བས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་སྨོན་འདུན་བཟང་བོ་དང་བཀྲ་ཤིས་པའི་ཁ་གཡང་ལྷན་ཅིག་སྒྲོག་པ་ཡིན།  བཀའ་དྲིན་ཆེ།།    

རྩོམ་པ་པོ།:hldongzhi སྤེལ་དུས་:2011-1-2 17:09:00

            ཐིག་མགུར།

 

མི་ལོ་བཅོ་བརྒྱད་འཚོས་པའི་ཁྱིམ་ཚང་འཐོར་ཐལ༎

ལོ་མང་སྡུག་ལས་བྱས་པ་འབྲས་བུ་མེད་ཐལ༎

དོམ་པ་ངོ་སྡུག་སྒོ་ཁར་ཇེ་མང་བུད་ཐལ༎

འཚོ་བ་དཀའ་མོ་རེད་གོ་དཔའ་ལུང་དོན་གྲུབ༎

ཨ་མའི་བུ་ལོ་ཡིན་ན་སྣབས་ལུགས་མི་སྐྱོན༎

རི་བོས་དཔུང་བ་མནན་ཡང་ཐེག་སྟོབས་ཡོད་དོ༎

དགའ་སྡུག་ལྟར་སྣང་རྨི་ལམ་རྫུན་མར་བལྟས་ནས༎

ད་དུང་མདུན་དུ་བསྐྱོད་མོ་དཔའ་ལུང་དོན་གྲུབ༎

སྐྱེ་དང་འཆི་ཡི་བར་གྱི་འཕག་འཚག་ཆུང་ངུ་༎

ཁེ་གྲགས་སྐམ་པོ་ཐོབ་ཀྱང་དེ་ལྟ་འབའ་ཞིག།

ཚེ་ཐུང་རིང་བོར་བསམ་པའི་ལྟོང་སྣང་བསྐྱུར་ལ༎

ཅི་ལྟ་དེ་ལྟར་བགྲོད་ཅིག་དཔའ་ལུང་དོན་གྲུབ༎

ཕྱི་རོལ་ཡུལ་དུ་འཁྱམས་པའི་རིག་པའི་བུ་ཆུང་༎

ཐང་སྟོང་དམིགས་མེད་བགྲོད་པ་ཚུར་ལ་བསྡུས་དང་༎

ཁྱོད་ནི་ངོ་མཚར་གསང་བའི་ཀློང་ཁམས་ཉིད་དེ༎

སྨྲ་བསམ་བརྗོད་འདས་རེད་གོ་དཔའ་ལུང་དོན་གྲུབ༎

མཐའ་ནས་མཐའ་རུ་བསམ་ན་བསམས་ཐབས་མི་འདུག།

ཞིབ་ནས་ཞིབ་ཏུ་དཔྱད་ན་རང་ཡང་བོར་འགྲོ།

མི་ཡི་གནས་ལུགས་ཐམས་ཅད་གནས་སྐབས་ཙམ་རེད༎

བསམ་བློ་གཏོང་རྒྱུ་ཡོད་ཀི་དཔའ་ལུང་དོན་གྲུབ༎

ཁྱོད་ཉིད་བདེན་ཞིང་ཁྱོད་ཉིད་རྫུན་ཡང་ཡིན་ན༎

བདེན་པ་བསླུ་མེད་ཅིག་ནི་ཡོད་ཚོད་མ་རེད༎

རང་གར་སྡོད་དུ་མི་ཚུགས་དྲན་རྒྱུ་མང་ན༎

ཅིག་ལ་ཐུག་ས་ཡོད་ཀི་དཔའ་ལུང་དོན་གྲུབ༎

ཁྱོད་ཉིད་དགའ་ན་ཁྱོད་རེད་དཔའ་ལུང་དོན་གྲུབ།།

ཁྱོད་ཉིད་སྡུག་ནའང་ཁྱོད་རེད་དཔའ་ལུང་དོན་གྲུབ༎

དཔའ་ལུང་དོན་གྲུབ་གཅིག་ལ་གཉིས་སུ་མ་འཛིན༎

མདུད་པ་བཀྲོལ་ཡག་རེད་དམ་དཔའ་ལུང་དོན་གྲུབ༎

དགའ་སྡུག་སེམས་འགྱུ་བསྲེལ་མའི་རྣམ་རྟོག་མ་ལུས༎

བདེན་རྫུན་ཡོད་མེད་ཀུན་གྱི་རྒྱ་ལས་བརྟོལ་ནས༎

འགོག་ཏུ་མེད་པ་རང་བྱུང་ནང་གི་ཉམས་ཚུལ༎

དེ་ལྟ་དེ་ལྟར་ཐོངས་ཤིག་དཔའ་ལུང་དོན་གྲུབ༎

ཨེ་མ་དགའ་འོ་བསམས་ན་ཤེད་ཀྱིས་དགོད་མོ༎

ཨ་ཧོ་སྡུག་གོ་སྙམ་ན་ཤུགས་ཀྱིས་ངུས་མོ༎

རང་ཉིད་མི་རུ་ཤེས་ན་མི་བཞིན་བྱེད་འོས༎

བསམ་བློ་སྐོར་ལོག་མ་གཏོང་དཔའ་ལུང་དོན་གྲུབ༎

མེས་པོའི་རིག་སྲོལ་རྒས་པའི་སྡོང་བོར་འདྲ་ཡང་༎

ཁྱོད་ཉིད་དེ་ལ་བཞད་པའི་མེ་ཏོག་རྐང་གཅིག།

དེ་ཡི་བཅུད་ཀྱིས་རང་གི་ཟུང་སྟོབས་གསོས་ཏེ༎

གཡུར་ཟའི་འབྲས་བུ་ལོངས་མོ་དཔའ་ལུང་དོན་གྲུབ༎

ས་ལྡིང་གནམ་ལྡིང་བྱས་པས་དོན་བྱ་མི་འགྲུབ༎

མཐོ་རྒྱག་དམའ་རྒྱག་དེས་ཀྱང་རང་ཉིད་བོར་ཉེན༎

གནས་ལུགས་རྒྱུ་མ་མཐུད་པའི་གོ་རྟོག་ཡོད་ན༎

འབྲས་བུ་རྡོག་རྡོག་ལེན་ལ་དཀའ་ཚོད་མ་རེད༎

ཆུ་ནག་རྩམ་སྐྱའི་འཚོ་བ་ཙམ་པོ་འདི་ཡང་༎

སྡུག་ནས་སྡུག་ཏུ་ཕྱིན་དེ་འཆི་བར་ཐུག་ཀྱང་༎

རླུང་དམར་ཐལ་བ་འགེམས་པའི་མགོ་སྐོགས་དེ་ཚོའི༎

རྐུབ་འབྲངས་ཁྱི་གུ་མི་ཉན་སེམས་ལ་ཟུངས་གོ།

ནམ་ཞིག་ཁྱོད་ཉིད་ཞེན་དང་ཆགས་པས་སྡོམ་བཞིན༎

མི་ཡི་འཇིག་རྟེན་འདི་དང་གཏན་དུ་འབྲལ་དུས༎

ཁྱོད་ཀྱི་བྱ་བ་མ་ལུས་ཡོངས་སུ་གྲུབ་པས༎

དེའི་དུས་ཁྱོད་ལ་གཏན་དུ་བདེ་ལེགས་འཐོབ་འོང་༎

       ཞེས་པ་སྤྱི་ལོ༢༠༡༠ལོའི་ཟླ༡༠ཚེས་༢༦ལ་གསེར་བྲག་གིས་རང་ལ་གཏམ་དུ་བྱས་སོ༎

 

རྩོམ་པ་པོ།:hldongzhi སྤེལ་དུས་:2010-10-1 9:50:00

༧ཀྲུང་གོའི་གློག་བརྙན་ལོ་བརྒྱའི་རྣམ་པ་ལྔ།

མུ་འགོད་གནང་རྒྱུ། 

རྣམ་པ་ལྔ་བ་སྟེ། འཛམ་གླིང་།

རེ་ཞིག་དར་སྲོལ་ཆེ་བའི་“རིམ་པ་ལྔ་བའི་“འཁྲབ་ཁྲིད་པ་རྣམས་ལ་མཚོན་ན།ཁོ་ཚོའི་འཛམ་གླིང་འདུལ་བའི་མཚོན་ཆ་ནི་”མི་རིགས“ཡིན་པ་དང་།མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ནི་འཛམ་གླིང་འདུལ་བྱེད་ཡིན།མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གློག་བརྙན་དེ་ང་ཚོ་འཛམ་གླིང་གློག་བརྙན་གྱི་གྲས་སུ་ཞུགས་པའི་མིང་གྲགས་ཀྱིརིག་གནས་གློག་བརྙན་ཏུ་གྱུར་ཡོད་ལ།ས་སེར་པོནས་ཁྲེད་རྒོད་དམར་པོ》《ཅུའུ་ཏིགནས་རྒྱལ་པོ་པ་ཝང་བཙུན་མོ་ཇི་དང་བྲལ་བདང་གསོན་པསོགས་ཀྱི་གློག་བརྙན་འདི་མང་པོ་ཞིག་གིས་མི་རིགས་རང་གི་ཡུལ་སྲོལ་གོམས་འདྲིས་དང་མི་གཤིས་ལ་བཙན་འདྲི་བྱེད་ཀྱི་ཡོད། ལོ་རྒྱུས་ཀྱི་ནང་དོན་ལྡན་པ་ནི་གཏམ་རྒྱུད་གྱི་སྲོག་ཤིང་ལྟ་བུར་གྱུར་ཡོད་ལ། ཁོ་ཚོའི་ཡཱ་ནུའུ་སི་ལྟ་བུའི་རྣམ་པ་ཕྱོགས་གཉིས་ཀྱི་སྟེང་ནས་ལོ་རྒྱུས་དང་མ་འོངས་བ། སྲོལ་རྒྱུན་དང་དེང་རབས་ཀྱི་འབྲེལ་བ་འབྲི་བ་དང་།གློག་བརྙན་བརྒྱུད་ནས་ཀྲུང་གོའི་རིག་གནས་ལོ་རྒྱུས་ཀྱི་འཕོ་འགྱུར་དང་དར་རྒུད་རྣམ་བཤད་བྱེད་པར་རེ་བ་བྱས་ཡོད་མོད།གློག་བརྙན་གྱི་སྐད་ཆ་མཚོན་ཐབས་སྟེང་གསར་བརྗེའི་རང་བཞིན་གྱིས་སྲོལ་རྒྱུན་གློག་བརྙན་གྱི་དོན་བརྗོད་པའི་གཏམ་རྒྱུད་རང་བཞིན་དང་ཆ་ཚང་རང་བཞིན་རྒལ་བར་བྱས་ཏེ།ཀྲུང་གོའི་དེང་རབས་གློག་བརྙན་གྱི་སྐྱེ་སྟོབས་གསར་བ་ཞིག་མཚོན་པར་བྱས་ཡོད།

“ལོ་རྒྱུས་ཀྱིས་མ་འོངས་པར་བརྗོད་པ“ཞེས་པའི་ཚིག་རྒྱན་དེ་༡༩༩༠ལོ་ནསབཟུང་བཀག་རྒྱ་ཐེབས་ཤིང་།དུས་རབས་ཤིག་གི་གློག་བརྙན་གྱི་བརྙན་ཆས་དེ་ཐད་ཀར་དང་དངོས་ཡོད་འཚོ་བའི་བར་གྱི་འགལ་ཟླ་རུ་གྲུབ།ཞའོ་ཝུའུདང་།འབབ་ཚིགས》《སུའུ་ཀྲིག་ཆུ་བོལས་གཞན་ཏག་སྟོན་གནང་མཛད་པའི་འཇིག་རྟེནདང་།སྔོ་ནགལས།པར་ཆས་དེ་ཐད་ཀར་ཏུ་རྒྱུན་ལྡན་འཚོ་བ་རོལ་བའི་མི་སྒེར་རམ་མི་སོ་སོའི་བརྩེ་དུང་དང་སེམས་ཁམས་ལ་ཁ་གཏད་དེ།མཚམས་ལན་རེར་བརྙན་ཡོལ་ངོས་སུ་མི་དེ་དག་གི་སྣང་བརྙན་མངོན་མཚོན་བྱས་ཡོད་པ་སྟེ།དཔེར་ན་སྐྲ་འཛིང་པཞེས་པའི་ནང་གི་གླུ་བ་དང་།པེ་ཅིང་ནལ་བུཁྲོད་ཀྱི་ལྟད་མོ་བ།ཁ་སངཁྲོད་ཀྱི་དུར་ནག་འཐེན་མཁན་།ཨན་ཡཱང་བུསཁྲོད་ཀྱི་ལས་གནས་ལས་ཕུད་པའི་བཟོ་བ།ལོ་བཅུ་བདུན་སྐབས་ཀྱི་ལྕགས་རྟཁྲོད་ཀྱི་ཞིང་བ་དང་སློབ་མ།ཚད་མེད་འཁྱགས་པཁྲོད་ཀྱི་སྔོན་ཐོན་སྒྱུ་རྩལ་བ་སོགས་ཡིན།པར་ཆས་ཀྱིས་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་དང་ང་ཚོའི་ནམ་རྒྱུན་གྱི་འཚོ་བའི་ཁྲོད་འབྱུང་བའི་གཏམ་རྒྱུད་གཉིས་འདྲ་མཉམ་གྱིས་བརྙན་ཡོལ་ཏུ་རང་ཉིད་ཀྱི་གཟུགས་བརྙན་མཐོང་ཐུབ་པ་དེ་ནི་ཆུ་ཐིག་གཅིག་རྒྱ་མཚོ་དང་འདྲེས་པ་ནང་བཞིན་འཇིག་རྟེན་ཡང་གློག་བརྙན་ཁྲོད་ཟིན་ཐོ་འགོད་ཀྱིན་ཡོད།              རྫོགས།

རྩོམ་པ་པོ།:hldongzhi སྤེལ་དུས་:2010-10-1 9:46:00

༧ཀྲུང་གོའི་གློག་བརྙན་ལོ་བརྒྱའི་རྣམ་པ་ལྔ།

མུ་འགོད་གནང་རྒྱུ། 

     ༧རྣམ་པ་བཞི་བ་སྟེ། རྗེས་དྲན།

རྗེས་དྲན་ནི་འཛམ་གླིང་ཁྱབ་ཁོངས་ནང་གྲོང་ཁྱེར་ཅན་གྱི་འཕེལ་རིམ་གྱི་ཞོར་ཐོན་དངོས་རྫས་སུ་གྱུར་ཡོད་ལ།ཀྲུང་གོའི་གློག་བརྙན་ལ་མཚོན་ན།༡༩༩༠ལོའི་མན་གྱི་གྲོང་ཁྱེར་གློག་བརྙན་གྱི་གསར་རྩོམ་དག་རྗེས་དྲན་གྱི་རྒྱ་མཚོར་ནང་ཞུགས་སྟེ།འཁྱུད་པའི་རྨི་ལམ་འཚོལ་བའི་འགོ་བརྩམས།མཚོ་ཐོག་གི་འདས་དོནཞེས་པའི་གློག་བརྙན་དེས་ཕྱི་མིག་ལྟ་བའི་ཟུར་སྣེ་ལ་བརྟེན་ནས་སྔོན་ཆད་གྱི་ཧྲང་ཧའེ་དེ་འཆར་ཡན་ལྡན་པའི་བུད་མེད་ཀྱི་སྒེག་ཉམས་ལྟར་བསྔགས་བརྗོད་དང་འཚོལ་སྙེགས་བྱས་ཡོད་ལ།གྲོང་ཁྱེར་ཧྲང་ཧའེ་ཡི་འདུ་འཛི་དེ་ཡང་བསྐྱར་ས་སྲོད་ཀྱི་ཁ་ཆད》《མཛའ་སེམསམཚོ་སྟེང་གི་མེ་ཏོགསོགས་ཀྱི་གློག་བརྙན་དག་གི་པར་དུ་བླང་བྱའི་རྒྱུ་ཆས་སུ་གྱུར་ཏེ།  དུས་རབས་ཕྱེད་ཀའི་རིང་གཉིད་ལ་ཡུར་བའི་ཡུལ་སྲོལ་གོམས་འདྲིས་སད་དེ་ཁྲ་ཁྲ་རིག་རིག་གི་འདྲ་པར་རྙིང་བ་དང་།གྱོན་པ།ཁང་བ།རོལ་རྩེད།ད་དུང་ལག་པའི་ཟིན་ཚད་ཀྱི་བརྩེ་དུང་དག་རོའུན་ལིན་ཡུའུདང་།ཚེ་ཕྱེད་ཀྱི་ལས་འབྲེལ》《མཛེས་སྡུག་གི་ལོ་ཚོདདང་།ཉེ་སྐབས་ཀྱི་༢༠༤༦སོགས་ཀྱི་གློག་བརྙན་ལས་མངོན་ཐུབ་མོད་ཀྱང་། རྗེས་དྲན་གློག་བརྙན་གྱི་ནང་དོན་ཇི་ལྟར་རེད་ཞེས་ན། དམིགས་ཡུལ་ས་ཆ་ཧྲང་ཧའེཞེས་པའི་གློག་བརྙན་གྱི་འཁྲབ་ཁྲིད་པ་ཁྲིན་ཀུའུ་སུའུ་ཡིས་བཤད་རྒྱུར་“ངས་གློག་བརྙན་ལ་བརྟེན་ནས་ཧྲང་ཧའེ་ཟིན་ཐོ་འདེབས་པ་དང་ཧྲང་ཧའེ་མངོན་མཚོན་བྱེད་པ། ཧྲང་ཧའེ་ལ་བརྩེ་སེམས་ཆགས་ཀྱིན་ཡོད“ཞེས་གསུངས་ལ། འདི་ལྟ་བུའི་གནད་དོན་གྱིས་ཡང་བསྐྱར་རྗེས་དྲན་གྱི་ཆེད་དུ་རྗེས་དྲན་བྱེད་པའི་གནས་སུ་སླེབས་མོད། འོན་ཀྱང་གློག་བརྙན་ལོ་རྒྱུས་ཀྱི་དོན་སྙིང་སྟེང་ནས་ཅི་ཞིག་ནི་དངོས་གནས་”རྙིང་བ“ངོ་མ་ཞིག་རེད་ཟེར་ན།

 དྲི་གཞི་འདིའི་ཕྱོགས་གཞན་ཞིག་མཚོན་པ་ལ་ནུབ་ཁའི་ཉི་འོད་ཀྱི་སྲང་ལམ》《འཁྲུས་གསོལ་བ》《མེ་ཏོག་སྣ་བརྒྱའི་སྲུབསདང་མཁར་ལྷོའི་འདས་དོན》《དྲོདསོགས་གློག་བརྙན་གྱི་ནང་དུ་མངོན་ཡོད་ལ། སྔོན་མའི་མཐའ་མཚམས་རིག་གནས་གྱི་འཕོ་འགྱུར་དང་འཚོ་བ་”གསར་“”རྙིང་“བར་གྱི་ཐེ་ཚོམ་གྱི་འགལ་བ་དེ་མངོན་པ་དང་། ཕྱི་མའི་དངོས་ཡོད་ལས་བརྒལ་ཏེ་བོར་བརླག་ཤོར་བའི་གནའ་བོའི་བརྩེ་སེམས་ལ་གྱེས་ཕྱག་བྱེད་པ་མཚོན་ཡོད། ཡིན་ནའང་ཀྲུང་གོའི་གློག་བརྙན་ནི་བློ་དཀར་བའི་མིག་དང་མཚུངས་བར་གནའ་བོའི་ཀྲུང་གོ་དུས་རབས་གསར་བ་བརྒལ་བའི་དཀའ་ཁག་གི་རྣམ་པ་དེ་ཆ་ཚང་སྒོས་ཟིན་ཐོ་བཀོད་ཡོད།

རྩོམ་པ་པོ།:hldongzhi སྤེལ་དུས་:2010-10-1 9:37:00

༧ཀྲུང་གོའི་གློག་བརྙན་ལོ་བརྒྱའི་རྣམ་པ་ལྔ།

མུ་འགོད་གནང་རྒྱུ།  ༣

༧རྣམ་པ་གསུམ་པ་སྟེ།  གསར་བརྗེ།

༧ཀྲུང་གོ་གསར་བའི་ཐོག་མའི་གསར་རྩོམ་

ཟམ་པགསར་བརྗེ་དཔའ་བོའི་མཛད་རྗེས་གླེང་བ་དང་།  དེའི་རྗེས་ཀྱི་ཀྲུང་ཧྭའི་བུ་ཕྲུགདང་། དགྲ་ལྷ་ལྕགས་ཁྲབ་ཅན》《ལྷོ་འདུལ་བྱང་འཐབ》《གཙང་བརྒལ་མྱུལ་ཞིབ》《བདེ་ཐང་གི་ངེས་མེད་རྒོལ་རྡུང་རུ་ཁག》《ཧྲང་ཀན་ལེན》《ལང་ཚོའི་གླུ་དབྱངས》《དར་དམར་གྱི་དབྱངས་རྟ》《དཔའ་རྒོད་ཕོ་མོསོགས་ཀྱིས་གསར་བརྗེ་དང་རླབས་ཆེན་གྱི་མཛད་པར་མཛེས་རིག་གི་རྣམ་པའི་བརྩོན་ལེན་བྱས་ཡོད། རྒྱུ་གཉིས་ཁ་གཏད་ཀྱི་ལྟ་བར་གཞིགས་ན་གསར་བརྗེ་ཡི་དགག་ཕྱོགས་ནི་གསར་བརྗེར་ངོ་རྒོལ་བྱེད་པ་དེ་ཡིན་ལ།གྲོང་ཁྱེར་ནི་དུས་སྐབས་དེའི་གློག་བརྙན་ཁྲོད་རྒྱུན་ཆད་མེད་པར་བསྒྱུར་བཅོས་དང་གཙང་སྤྲས་བྱས་རྗེས་བསྟོད་ར་བྱེད་པའི་གནས་སུ་གྱར་ལ།༡༩༥༠ལོར་སྟོན་གནང་མཛད་པའི་གློག་བརྙན་མི་དམངས་ཀྱི་ཐལ་མོཞེས་པའི་ཁ་བྱང་དེའི་ཀྱང་རྒྱ་མཚོ་སྒུལ་པ་ལྟ་བུའི་རྣམ་པ་དེ་མཚོན་ཐུབ།༡༩༥༧ལོའིཉི་ནུབ་མེད་པའི་གྲོང་ཁྱེརཞེས་པའི་ཟུར་ཚད་གསར་བ་ཞིག་གི་སྟེང་ནས་གྲལ་རིམ་ལ་བསྒྱུར་བཅོས་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་ནུས་མཐུ་དང་རྒྱལ་ཁའི་གྲུབ་འབྲས་མཚོན་པར་བྱས་པ་དང་།རླབས་ཆེན་གྱི་མགོ་ཚུགས་སཞེས་པ་ནི་དྲང་ཕྱོགས་སུ་བཟོ་གྲྭའི་འཚོ་བ་ཚུར་སྣང་བྱེད་པའི་གྲོང་ཁྱེར་གྱི་གློག་བརྙན་ཐོག་མ་ཡིན་ཞིང་།བཟོ་བའི་ལག་རྩལ་གྱིས་སྤྱི་ཚོགས་ཀྱི་བསྒྱུར་བཅོས་ཁྲོད་མཚམས་མི་ཆད་པར་ནུས་ཤུགས་འདོན་པའི་གྲོང་ཁྱེར་ལ་ཚེ་སྲོག་གསར་བ་ཞིག་གི་མཛེས་ཆས་སྤྲས་པ་དང་།

དཔེ་མཚོན་གསར་བརྗེ་དཔའ་བོའི་རིང་ལུགས་ཀྱི་གློག་བརྙན་ཡང་གྲོང་ཁྱེར་གྱི་འཚོ་བའི་“འབྱོར་ལྡན་གྲལ་རིམ་”འཚོ་བའི་རྣམ་པ་འགལ་མི་ཐུབ།གློག་འོད་ཁྲོད་ཀྱི་སྲུང་དམགཁྲོད་འཐབ་མོ་བ་ཁྲིན་ཞིས་གྲོང་ཁྱེར་ཏུ་འཛུལ་རྗེས་དཀའ་སྡུག་གི་གསར་བརྗེ་འཚོ་བ་བརྗེད་སོང་བ་དང་རང་དབང་མེད་པར་གྲོང་ཁྱེར་གྱི་“རུལ་སུངས”ཀྱི་འཚོ་བར་ཐག་ཇེ་ཉེ་རུ་བཅར་བ་དང་།ཞན་ཧྲི་ཀུང་ཟིའི་དྲ་མའི་འགྲམ་དུ་ལངས་ཏེ་དེང་རབས་ཀྱི་འཚོ་བ་མཚོན་པའི་ཉིས་ལུང་རྐང་འབོབ་མཐོང་སྐབས་རྩོམ་པ་པོའི་ཤེས་མེད་ཚོར་མེད་ངང་ཟང་ཟིང་གི་གྲོང་ཁྱེར་གྱི་བསྒྱུར་བཅོས་ལ་ཀུ་རེ་ཐེངས་ཅིག་གི་སྒོ་མོ་ཕྱེ་བ་རེད།

རྩོམ་པ་པོ།:hldongzhi སྤེལ་དུས་:2010-10-1 9:17:00

༧ཀྲུང་གོའི་གློག་བརྙན་ལོ་བརྒྱའི་རྣམ་པ་ལྔ།     

            མུ་འགོད་གནང་རྒྱུ། ༢    

           རྣམ་པ་གཉིས་པ་སྟེ། ཕུའུ་ལོ།༧“ཕུའུ་ལོ”ནི་གནའ་བོའི་རོ་མ་རྒྱལ་ཁབ་ཀྱི་ཐ་སྙད་ཅིག་སྟེ། ནང་དོན་ནི་དམངས་རིགས་སུ་སྣང་། “དམངས་རིགས”ཀྱི་མཚོན་བྱེད་ནི་ཉམས་ཆུང་རྣམས་དབང་ཁ་རྩོད་པ་སྟེ།  དེང་རབས་ཀྱི་སྒྱུ་རྩལ་རྣམ་པས་གཞི་རིམ་གྱི་གནད་དོན་ཐག་གཅོད་པ་དང་།  “ཕུའུ་ལོ”ལྟ་བུའི་ཀྲུང་གོའི་གློག་བརྙན་ལོ་རྒྱུས་བསྐྱར་འབྲི་གནང་བ་རེད།  ཐེན་ཧན་གྱིས་ཕབ་བསྐྲུན་བྱས་པའི་གློག་བརྙན་དམངས་ཁྲོད་དུ་བསྐྱོད་པརྫེཞེས་པའི་སྐྱོ་གར་ཏེ་ལེགས་འགྲུབ་མ་བྱུང་ནའང་།འཕེལ་ཕྱོགསདང་།དཔྱིད་ཀའི་དར་འབུམིག་ཆུ་ལ་བསྐྱོན་པའི་ལས་གནས་བརྟན་པོ》《ཉ་བའི་དབྱངས་རྟསོགས་དང་།  ལྷག་པར་དུ་བུད་མེད་ཀྱི་གདུང་འབོདདང་དུས་ཚོད་ཉེར་བཞིའི་ཧྲང་ཧེ》《གྲོང་ཁྱེར་གྱི་ཞོགས་པསོགས་ལེགས་འགྲུབ་བྱུང་བ་བརྒྱུད།མ་རྩ་རྡིབ་པའི་ཞིང་བ་དང་གྲོང་ཁྱེར་འབྱོར་མེད་གྲལ་རིམ་གྱི་འཚོ་བར་སུན་འབྱིན་དགག་རྒྱག་གནང་ཡོད། སྤྲོ་སྣང་ལྡན་པའི་མཚོན་བྱེད་ཅིག་ནི།གྲོང་ཁྱེར་གྱི་མཛེས་ལྗོངསནང་ཁྱིམ་མི་བཞི་ཙམ་ཡོད་པ་ཞིང་གྲོང་ནས་ཧྲང་ཧའེ་རུ་གཞིས་སྤར་འཚོ་སྡོད་ཏུ་ཆས།  འབབ་ཚིགས་སུ་རླངས་འཁོར་སྒུག་སྐབས་ནུབ་ཀྱི་རྒྱ་མཚོ་ཆེན་པོའི་མཛེས་ལྗོངས་ལ་ལྟད་མོར་གཡེངས་སྐབས།  བསམ་ཡུལ་ལས་འདས་པ་ཞིག་ལ་ཁྲ་ཁྲ་རིག་རིག་གི་འཇིག་རྟེན་ཁྲོད་ངན་རུལ་ཏུ་གྱུར་བའི་གནས་ཚུལ་མང་བོ་མཆིས་པ་གོ་རྟོག་བྱུང་བའི་བརྒྱུད་རིམ་མཚོན་ཡོད།  ཁོ་ཚོའི་དངངས་སྐྲག་དང་ཐེ་ཚོམ་དེ་གྲོང་ཁྱེར་གྱི་དགོང་ཁབརྒྱུད་ནས་གྲོང་ཁྱེར་གྱི་མི་སེར་དབུལ་བོ་རྣམས་ཞིང་གྲོང་དུ་བསྐྱོད་པའི་སྣང་ཚུལ་སྐྱོ་བོ་བདེན་དཔང་བྱས་ཡོད། 

ཆེས་རྣོ་ངར་ཆེ་བའི་གློག་བརྙན་གཞུང་ལམ་སྟེང་གི་ཕོ་ཉནས་མགོ་བརྩམས་ཏེ།  བརྙན་ཆས་དེ་ཉིན་མོའི་མཁའ་རུ་ཟུག་པའི་ཧྭ་ཚིག་ཟ་ཁང་ཆེན་མོའི་ཁང་ཐོག་ནས་གཞུང་ལམ་བརྒྱུད་མུན་ནག་གི་ཧྲང་ཧའེ་ས་འོག་བར་མྱུལ་ཞིབ་བྱས་ཏེ།བདག་མེད་བུ་མོ་ལོང་བདང་།གཞུང་ལམ་སྟེང་གི་ཕོ་ཉ》《ལྷ་མོ》《བུད་མེད་གསར་བསོགས་ཀྱིས་ཧྲང་ཧའེ་སྤྱི་ཚོགས་ཀྱི་རྣམ་པ་གཞན་ཞིག་དམར་རྗེན་ཏུ་མཚོན།  སྤྱི་ཚོགས་ཀྱི་གོ་གནས་དམའ་བའི་སྨད་ཚོང་མ་དང་།  གར་མ།  རྔ་སྦུག་རྡུང་མཁན།  སྐྲ་གཞར་མཁན་སོགས་འཁྲབ་སྟོན་པ་གཙོ་བོ་གྱུར་བ་རེད།རྒྱ་ལམ་གཞི་མདོགྷཱེཙྭཱིནྣུཀྵ྄དང་།སྐྱེས་པའི་སྡུག་གླུ》《ཕ་ཡུལ་ཏུ་ལོག་པའི་ཟིན་ཐོསོགས་ཀྱིས་ཤེས་ལྡན་ན་གཞོན་རྣམས་ཀྱི་སེམས་ཁམས་མངོན་པར་མཚོན་པ་དང་།ལེ་དབར་བརྒྱད་སྟོང་གི་ལམ་སྤྲིན་དང་ཟླ་བ》《གཙང་བོ་ཤར་ཏུ་བཞུར་བ》《དུད་ཁྱིམ་སྟོང་གི་ལྒང་ཞུ》《ཁྭ་ཏ་དང་མཆིལ་བསོགས་ཀྱིས་དམངས་ཁྲོད་ཅན་གྱི་མུན་ནག་གི་ལྟ་བ་མངོན་མཚོན་གྱིས་སྤྱི་ཚོགས་ཀྱི་དངོས་དོན་དགག་རྒྱག་བྱས་པས་གློག་བརྙན་ལོ་རྒྱུས་ཀྱི་བརྩམས་ཆོས་གཙོ་བོར་གྱུར།

 

རྩོམ་པ་པོ།:hldongzhi སྤེལ་དུས་:2010-10-1 8:57:00
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
རྩོམ་པ་པོ།:hldongzhi སྤེལ་དུས་:2010-10-1 8:43:00

༼བུད་མེད་ཆ་མེད་ཅིག་གི་ཡི་གེ༽ཞེས་པའི་གློག་བརྙན་ལྱི་དཔྱད་པ།

 

སྐྱེས་པ་ཞིག་ལ་ཁོའི་ལོ་ཞེ་གཅིག་དུ་སོན་པའི་སྐྱེས་སྐར་གྱི་ཉིན་མོར་ཡི་གེ་

བརྩེགས་པོ་ཞིག་འབྱོར་ཞིང་ཡི་གེ་འདི་ནི་འཆི་ལ་ཉེ་བའི་བུད་མེད་ཅིག་གིས་བསྐུར་བ་རེད།       དེའི་ནང་དུ་སྙན་ཞིང་འཇེབས་པའི་བརྩེ་དུང་གི་གཏམ་རྒྱུད་ཅིག་བརྗོད་ཡོད་མོད།       གཏམ་རྒྱུད་ནང་གི་སྐྱེས་པའི་མི་སྣ་གཙོ་བོས་དེའི་ཐད་ནས་ཅི་ཡང་ཤེས་མེད། གཏམ་རྒྱུད་དེ་ལོ་ངོ་༡༨ཀྱི་སྔོན་ནས་མགོ་ཚུགས་ཤིང་མོ་རང་སྐྱེས་པ་དང་ཐེངས་

དང་པོར་འཕྲད་པའི་སྐད་ཅིག་མ་དེར་ཁོ་གཉིས་ཀར་སྐད་ཅིག་ཙམ་གྱི་བཟའ་ཟླའི་འབྲེལ་བ་བྱུང་མོད།

རྗེས་སུ་མོ་རང་གཞོན་ནུ་མའི་མགོ་འཁོར་གྱི་གོ་རིམ་དང་ལང་ཚོའི་ངར་སེམས་ཀྱི་རིམ་པར་བརྒྱུད་ནས་

ཡུལ་ཕྱོགས་ཀུན་ཏུ་འཁྱམས།       འོན་ཀྱང་སྐྱེས་པ་ལ་བཅངས་བའི་དགའ་བ་དེ་ནམ་ཡང་ཆད་མ་མྱོང་

ཞིང་།       ཐ་ན་འཆི་ལ་ཉེ་དུས་ཀྱང་གསལ་བསྒྲགས་བྱེད་རྒྱུའི་བློ་ཐག་བཅད་་་་་་།

༼བུད་མེད་ཆ་མེད་ཅིག་གི་ཡི་གེ༽་ནི་རྩོམ་པ་པོ་མིང་གྲགས་ཅན་ཚུ་བིས་ཀིའི་བརྩམས་སྒྲུང་བཅོས་སྒྲིག་

བྱས་པ་ཡིན་ལ།  ཞུའུ་ཇིན་ལིས་རང་གིས་སྒྲིག་ནས་འཁྲབ་འཁྲིད་དང་འཁྲབ་སྟོན་བྱས་པ་རེད།   ཞུའུ་ཇིན་ལིས་ཀྱིས་“ཐོག་མར་གཏམ་རྒྱུད་འདི་ཐད་ཀར་དུ་ད་ལྟའི་དུས་རབས་སུ་སྤོར་འདོད་མོད།   འཁྲབ་གཞུང་བྲིས་ནས་ཕྱེད་ཙམ་དུ་ཐོན་དུས་ཚོར་སྣང་དེ་འདྲའི་ལྷུག་ཆགས་པོ་ཞིག་མིན།     རྗེས་སུ་གཏམ་རྒྱུད་འདི་དུས་རབས་སྔོན་མའི་ལོ་རབས་སུམ་ཅུ་དང་བཞི་བཅུའི་ནང་དུ་འཇོག་ཐབས་བྱས་ལ་གློ་བུར་དུ་ཚོར་འདུ་རྙེད་སོང་།”ཟེར།       གློག་བརྙན་འདིས་མ་དངུལ་གཏོང་མཁན་ཧྭ་ཡུས་རྒྱུད་ལམ་གྱིས་ཀྱང་བཤད་རྒྱུར་“ཇཱ་

བིན་གྱིས་གློག་བརྙན་འདིའི་ནང་དུ་སྐྱེས་པའོ་འཁྲབ་སྟོན་པ་གཙོ་བོའི་འགན་འཁུར།       གལ་ཏེ་༼ང་དང་ཨ་ཕ༽་ཡི་ནང་གི་ཇཱང་བིན་འཁྲབ་ཡུན་སྐར་མ་གཅིག་ཡོད་པའི་དབང་དུ་བཏང་ན།       ༼བུད་མེད་ཆ་མེད་ཞིག་གི་ཡི་གེ༽་ཡི་ནང་གི་འཁྲབ་ཡུན་སྐར་མ་བརྒྱ་ཡོད།”    ན་ནིང་མ་དངུལ་གཏོང་མཁན་གྱིས་ཞུའུ་ཇིན་ལིས་ཀྱི་བྱས་རྗེས་ལ་རྟེན་འབྲེལ་ཞུ་བའི་ཆེད་དུ་བསྡུས་པའི་ཞུའུ་ཇིན་ལིས་ཀྱི་གློག་

བརྙན་གསར་པ་༼བུད་མེད་ཆ་མེད་ཅིག་གི་ཡི་གེ༽་ཡི་བརྙན་ཆས་སྤྱོད་འགོ་ཚུགས་པའི་དུས་ཆེན་གྱི་ཉིན་

མོར། འཁྲབ་འཁྲིད་པ་ཀྲོའོ་པོ་ཀང་དང་།     ཡཱེ་ཏཱ་ཡུན།གླུ་བ་སུའུ་ཞཱོ་མེན་དང་ཀྲང་པོ་མཱོ་སོགས་ཟློས་གར་སྒྱུ་རྩལ་ཕྱོགས་ཀྱི་མི་སྣ་གྲགས་ཅན་དང་ཞུའུ་ཇིན་ལིས་གློག་བརྙན་སློབ་གླིང་གི་དགེ་རྒན་ལིག་ཀྲི་ཙི་ཚང་མ

་འབྱོར་ནས་རྟེན་འབྲེལ་ཞུས།      གཞན་དུ།མོའི་འཁྲབ་འཁྲིད་བྱས་བའི་གློག་བརྙན་༼ང་དང་ཨ་ཕ༽་ཀྱི་ཟློས་གར་འཁྲབ་མཁན་ཚོགས་མི་ཚང་མ་རྟེན་འབྲེལ་ཞུ་ཐོག་ཏུ་འབྱོར་ཡོད།      ཀུན་གྱིས་རྟེན་འབྲེལ་ཞུས་པར་ཞུའུ་ཇིན་ལིས་ཀྱིས་འཛུམ་མདངས་དང་བཅས་“ང་རང་དེ་འདྲ་ལེགས་པོ་ཞིག་མིན་ལ།       ང་རང་ད་ལྟ་བྱ་དགའ་ཇི་ཙམ་ཐོབ་ན་སེམས་ལ་དེ་འདྲའི་གདེང་ཚོད་མེད་པ་ཞིག་རེད།       ”་ཅེས་བརྗོད།       རིག་གནས་ཀྱི་འཕེལ་ཕྱོགས་གཙོ་བོའི་ཐད་ནས་གཞོན་སྐྱེས་རྣམས་རྒན་པའི་ཕྲག་ལས་བརྒལ་བའི་སྙིང་

སྟོབས་ཤིག་མངོན་དགོས་ཤིང་།    ཁོ་མོ་ཏག་ཏག་སྐབས་ལ་འཁེལ་བ་རེད།       ཞུའུ་ཇིན་ལིས་ཀྱི་གློག་བརྙན་འཁྲབ་གཞུང་ཆེས་ཐོག་མ་ནི་༼དོན་སྙིང་ཅི་ཡང་མེད་པའི་དོན་དག་གཅིག༽

་ཅེས་པ་དེ་ཡིན། འདིའི་འཁྲབ་འཁྲིད་པ་ཀྲོའོ་པོ་ཀང་གིས་“སྐབས་དེར་གློག་བརྙན་འདི་

འཁྲབ་དུས་ངས་མོ་ལ་ཞུའུ་དགེ་རྒན་ཞེས་འབོད་ལ་ད་ལྟ་ཡང་ངས་སྔར་བཞིན་ཞུའུ་དགེ་རྒན་ཞེས་འབོད་

པ་ཡིན།རྒྱུ་མཚན་ངས་བརྙན་འཕྲིན་ཟློས་གར་དེ་འདྲ་མང་པོ་ཞིག་བརྙན་བཀོད་བྱས་མོད་ད་ལྟའི་བར་

དུ་ད་དུང་གློག་བརྙན་གཅིག་ཀྱང་བརྙན་པར་རྒྱབ་མ་མྱོང་ལ།  ཁོ་མོས་མྱུར་བར་གློག་བརྙན་གཉིས་བརྙན་དུ་འགོད་རྒྱུ་རེད།       ངས་ཀྱང་འཁྲབ་སྟོན་བྱས་འདོད་པས་ངས་ཞུའུ་དགེ་རྒན་གྱིས་གློག་བརྙན་པར་དུ་

འགོད་དུས་ང་ཡང་ཡིད་ལ་དྲན་རྒྱུའི་རེ་བ་ཞུ།”བཤད་བྱུང་།   ཡོལ་བའི་རྒྱབ་ལོགས་ཀྱི་བཟོ་སྐྲུན་ནི་ཀྲུང་

གོའི་གློག་བརྙན་གསར་སྐྱེས་རམ་འདེགས་བྱེད་མཁན་བྱེ་བ་གཉིས་ཀྱི་སྟོབས་ཤུགས་ཡིན།༼བུད་མེད་

ཆ་མེད་ཅིག་གི་ཡི་གེ༽་བཟོ་སྐྲུན་གྱི་འགྲོ་སོང་མི་དམངས་དངུལ་སྒོར་བྱེ་བ་གཉིས་ལ་སོན།དངུལ་སྒོར་འདི་

འདྲ་མང་པོ་ཞིག་བཀོལ་ནས་ཞུའུ་ཇིན་ལིས་ལ་“དྲག་རྩལ་སྟོན་”རོགས་བྱས་ན་རིན་ཐང་ཡོད་དམ།    

གློག་བརྙན་འདིའི་མ་དངུལ་གཏོང་མཁན་པོའོ་ལིས་ཧྭ་ཡུས་ཀྱི་སྤྱི་འདོམས་པ་ཏུང་ཕིན་གྱིས་“ང་ཚོས་ཞུའུ་ཇིན་ལིས་ཀྱི་༼བུད་མེད་ཆ་མེད་ཅིག་གི་ཡི་གེ༽་ལ་ཆེས་བཟང་བའི་བཟོ་སྐྲུན་རུ་ཁག་ཅིག་གྲོགས་སུ་སྦྲན་

ཡོད་ལ་ང་ཚོས་དངུལ་སྒོར་མང་པོ་བཏང་ནས་ཀྲུང་གོའི་གློག་བརྙན་གྱི་གསར་སྐྱེས་སྟོབས་ཤུགས་ལ་རམ་

འདེགས་ཞུ་འདོད་ཡོད།”ཅེས་བཤད་སོང་།པོའོ་ལིས་ཧྭ་ཡུས་ཀྱིས་ད་ལོར་ནུས་ཤུགས་གང་ཡོད་ཀྱིས་ཞུའུ་

ཇིན་ལིས་ཀྱིས་རང་གིས་སྒྲིག་ཅིང་རང་གིས་འཁྲབ་འཁྲིད་བྱས་ནས་འཁྲབ་སྟོན་བྱས་པའི་༼བུད་མེད་ཆ་

མེད་ཅིག་གི་ཡི་གེ༽་དང་གུའུ་ཁྲང་བིས་ཀྱིས་འཁྲབ་འཁྲིད་བྱས་པའི་༼རྨ་བྱ༽་གཉིས་རོགས་འདེགས་བྱས།ཞུའུ་ཇིན་ལིས་དང་གུའུ་ཁྲང་བིས་ཚང་མ་ཀྲུང་གོའི་འཁྲབ་འཁྲིད་སྡེ་ཁག་གི་གསར་བྱུང་མི་སྣ་ཡིན་མོད་

གློག་བརྙན་འདི་གཉིས་ལ་བཏང་བའི་མ་དངུལ་སོ་སོར་མི་དམངས་དངུལ་སྒོར་བྱེ་བ་གཉིས་ལ་བུད་ཡོད།       སྤྱིར་ཉེན་ཁ་ངེས་ཅན་ཞིག་གཟེད་ཡོད་མོད་ཏུང་ཕིན་འཁྲབ་འཁྲིད་པ་འདི་གཉིས་ཀྱི་ནུས་པ་ལ་ཐེ་

ཚོམ་གཏན་ནས་མེད་པར།   ཁོས་“ང་ཚོས་ཞུའུ་ཇིན་ལིས་དང་གུའུ་ཁྲང་བིས་ལྟ་བུའི་ཕུལ་བྱུང་གློག་བརྙན་

མི་སྣར་རྒྱབ་སྐྱོར་བྱེད་རྒྱུ་བྱེད་ལ།  ང་ཚོར་གློག་བརྙན་ལ་འདུན་པ་ཆེ་བའི་ན་གཞོན་རྣམས་ལ་ཆ་རྐྱེན་

བཟང་པོ་ཞིག་བསྐྲུན་ཡོད།”ཅེས་བཤད་བྱུང་། སྒྲིག་སྦྱོར་བ་དང་འཁྲབ་འཁྲིད་པ་ཡིན་པའི་ཞུའུ་ཇིན་ལིས་ཀྱི་སེམས་ཁམས་ནི་ཇི་འདྲ་ཞིག་ཡིན་ནམ།

གློག་བརྙན་པར་སྐྲུན་བྱེད་ཡུན་དུ་ཞུའུ་ཇིན་ལིས་ཀྱིས་གློག་བརྙན་ལ་ཡིད་ཆེས་གཏན་པོ་ཞིག་བཅངས་ཡོད་ལ།པར་སྐྲུན་བདེ་ལེགས་ཡོང་བར་བར་ཆད་མི་ཡོང་ཆེད་པར་སྐྲུན་འགོ་ཚུགས་དུས་སུ་མོས་ཕྱོགས་ལོགས་སུ་གནས་ཚུལ་ཅི་ཡང་མི་བརྗོད།       མ་དངུལ་གཏོང་མཁན་གྱིས་རྒྱུད་ལམ་ཁག་གིས་ལས་ཚན་བལྟ་ཞིབ་ཀྱི་རྩ་འཛུགས་བྱེད་པར་ཡང་

རང་ཉིད་ཀྱིས་དངོས་སུ་འགག་སྒོ་དང་གནས་འབྱོར་གྱི་མི་གྲངས་ཐད་ནས་ཚོད་འཛིན་དམ་པོ་བྱས་ནས་ཡོད་ཚད་གསང་རྒྱ་དམ་པོས་སྒྲུབ་པ་རེད།       སྐབས་དེར།༼འབྱོར་ཡིག༽་གིས་ཐེན་ཇིན་གྱི་རིག་རྫས་འཛུགས་སྐྲུན་ཞིག་ཏུ་མཚན་གར་ཞིག་དཔར་སྐྲུན་བྱས།   ཞུའུ་ཇིན་ལིས་ཀྱིས་འཁྲབ་པའི་བུད་མེད་མི་སྣ་གཙོ་བོས་གར་ཁང་དུ་དགའ་རོགས་དང་མཉམ་དུ་གར་ལ་བལྟས།    བློ་ཡིད་དང་བྲལ་བ་ཞིག་ལ་སྔོན་ཆད་ཁ་རོག་ཀེར་དགའ་སའི་སྐྱེས་པ་དེ་ཇིང་བིན་གྱིས་འཁྲབ་པའི་རྩོམ་པ་པོ་མིང་གྲགས་ཅན་ཞིག་ཡིན།

མཐོང་བྱུང་།     བརྙན་པར་བསྐྱོན་དུས་ཞུའུ་ཇིན་ལིས་ཀྱིས་འཁྲབ་གོས་ལེགས་པོར་གྱོན་ནས་གདོང་

མདངས་ལྷོད་བག་དང་བཅས་སྡེ་ཁག་སོ་སོའི་གྲིམ་ཤ་དོད་པའི་བྱ་བ་རྣམས་གོ་རིམ་ལྡན་པའི་གོ་འདོམས་བྱེད་བཞིན་ཡོད།       ཧུང་ཇོས་ལུས་ལ་གོ་མིན་ཏང་གི་དམག་ལྭ་ཞིག་གྱོན་ནས་ལྷིང་འཇགས་སྒོས་དཔེ་ཆ་

ཀློག་བཞིན་ངོ་ཚ་བའི་ཉམས་ཤིག་མངོན་འདུག     ནམ་རྒྱུན་མགོ་བོ་གཡུག་བཞིན་བསམ་བློ་གཏོང་ལ་སློབ་མ་ཞིག་དང་འདྲ་བར་བསམ་བློ་རྙོགས་འཛིང་མིན།       ཁོས་ཇིང་བིན་དང་ཞུའུ་ཇིན་ལིས་ཀྱི་ཆེད་ལས་ཀྱི་བསམ་བློ་ལ་དད་གུས་སྐྱེས་འོང་ཟེར།དེ་མ་ཟད་

ཇང་བིན་ནི་ཁོ་རང་ཆེས་དགའ་བའི་སྐྱེས་པའི་འཁྲབ་སྟོན་པ་ཞིག་ཡིན་ཚུལ་ཁས་ལེན་བྱས།གཞན་ཡང་

བརྙན་པར་ལེན་སར་མི་ཞིག་ཡང་དང་ཡང་དུ་ཡོང་ནས་ལག་གི་འོད་འཇལ་ཡོ་ཆས་ཀྱིས་ཧུང་ཇོའི་གདོང་གི་འོད་ཀྱི་ཁྱབ་ཚད་ལ་བལྟ་པ་དེ་ནི་ཐེའེ་ཝན་ནས་གྱི་སྐད་གྲགས་ཆེ་བའི་པར་ལེན་སློབ་དཔོན་ལིས་ཕིན་པིན་རེད།     ཁོས་དེ་སྔོན་༼ཁྲ་ཁྲ་རིག་རིག་གི་དུས་སྐབས༽༢༠༠༠་དང་༼སེམས་འགུལ༽༡༩༩༩༼མཚོ་ངོས་ཀྱི་མེ་ཏོག༽༡༩༩༨ ༼ཚེ་ཕྱེད་ཀྱི་ལས་དབང་།༽༡༩༩༧༼འཕྲེང་སེམས་

ཀྱི་ཡུལ་འཁྱམ།༽༡༩༨༧་སོགས་བརྩམས་ཆོས་ཕུལ་བྱུང་མང་པོ་པར་དུ་བཀོད་མྱོང་།     ཐེངས་

འདིར་ཁོས་ལིས་ཕིན་པིན་གྱིས་གདན་ཞུ་བྱས་པ་ལྟར་པར་ལེན་གྱི་འགན་ཁུར་ཡོད་ལ།       པར་སྐྲུན་བྱེད་མཁན་རྣམས་ཀྱིས་གློག་བརྙན་འདིའི་བཟོ་སྐྲུན་གྱི་ཐད་ལ་བསམ་བློ་ཡང་ཡང་བཏང་བ་ཡང་མཐོང་ཐུབ།

༼འབྱོར་ཡིག༽་གི་ཁྱད་དུ་འཕགས་པའི་གསུང་བཏུས་ནི་བློ་སྒོ་འབྱེད་པ་དེ་ཡིན།ངས་གློག་བརྙན་འདིས་

གཞན་ལ་བློ་བསལ་བྱེད་པ་དང་སློབ་གསོ་གཏོང་བར་མི་འདོད་དེ་མཐའ་གཅིག་ཏུ་བརྩེ་སེམས་དྲག་པོ་ཁོ་ནས་བསྟན་ནས་བལྟ་མཁན་རྣམས་ཡུལ་འགུལ་ཐེབས་སུ་འཇུག་རྒྱུ་དེ་རེད་བསམ།      ཨ་རི་ནས་པར་སྐྲུན་བྱས་པའི་༼ལྷ་རིའི་སྤྲིན་པ།༽ཡང་མ་རྩོམ་འདི་ལས་བཅོས་སྒྲིག་བྱས་མོད།ཀུན་སྤྱོད་ཐེར་འདོན་གྱི་

རྣམ་པ་ཧ་ཅང་དྲགས་ཤིང་འདི་ནི་དུས་རབས་ཀྱི་ཚད་བཀག་ཅིག་རེད།    དེང་རབས་ཀྱི་བུད་མེད་ཀྱིས་བརྩེ་དུང་གི་ཁྲོད་དུ་རང་ཉིད་ཀྱི་ཚོར་སྣང་ཁོ་ནར་དོ་སྣང་བྱེད་ལ།   ངའི་༼འབྱོར་ཡིག་༽ནི་འཁྲུལ་བ་མེད་ཅིང་དེང་རབས་ཀྱི་མིས་གོ་སླ་བའི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཡིན།

པེ་ཅིན་དུ :  འདི་ནི་མི་སྒེར་གྱི་རྒྱུ་རྐྱེན་ཞིག་ཡིན་སྲིད།      ང་རང་པེ་ཅིན་ལ་བརྩེ་དུང་ཟབ་མོ་ཡོད།པེ་ཅིན་ལ་ཁོད་ཡངས་བའི་ནང་སྙིང་ཞིག་ཡོད།  ངས་ཀྱང་པེ་ཅིན་དེང་རབས་ཀྱི་པེ་ཅིན་རྒྱབ་ལྗོངས་སུ་གདམས་རྒྱུའི་འདུན་པ་ཞིག་སྐྱེས་མྱོང་མོད།   ཚན་པ་གཉིས་པའི་སྐབས་སུ་སླེབས་དུས་དངོས་ནས་མུ་མཐུད་དུ་འབྲི་ཐབས་བྲལ།རྒྱུ་མཚན་ནི་བུད་མེད་འཁྲབ་སྟོན་པ་གཙོ་བོར་གཉེན་མ་སྒྲིག་པར་ནལ་བུ་ཞིག་སྐྱེས་ལ།       འབྲེལ་འདྲེས་རྙོགས་འཛིང་ཆེ་བའི་ཁོ་མོའི་ཐོབ་ཐང་གིས་སྤྱི་ཚོགས་ཀྱི་གནད་དོན་མང་པོ་ཞིག་

བསླངས་ཡོང་བས་ངས་ཀྱང་ཚོར་སྣང་སྐྱེན་པའི་གནད་དོན་འདི་ལ་བརྟེན་ནས་མ་རྩོམ་དང་རྒྱབ་འགལ་

བྱེད་མི་འདོད།   ངས་བརྗོད་འདོད་པ་ནི་བརྩེ་དུང་རྣལ་མའི་གཏམ་རྒྱུད་ཞིག་ཡིན་ལ་བརྩེ་དུང་རང་ངོས་

ལ་དོ་སྣང་བྱེད་པ་ལས་སྤྱི་ཚོགས་ཀྱི་གནད་དོན་ལ་དོ་སྣང་བྱེད་འདོད་པ་མིན།  

བཅོས་སྒྲིག་གི་ཐད་ལ:བརྩེ་དུང་གི་གནད་ས་ནི་རྒྱལ་མཚམས་མེད་པ་དང་བརྩེ་དུང་ཡང་མིའི་རིགས་ཀྱི་

རྟག་བརྟན་གྱི་བརྗོད་བྱ་ཡིན་པས་ཐེངས་འདིའི་བཅོས་སྒྲིག་ལ་བཀག་འགོད་ཅི་ཡང་མེད།  མི་འདྲ་ས་ཉག་ཅིག་ཡོད་པ་ནི་མ་རྩོམ་ཀྱིས་ཞིབ་བརྗོད་བྱས་པ་ཧ་ཅང་བརྩེ་སེམས་འཁོལ་ཞིང་།       ངའི་གློག་བརྙན་ལ་ཁྱད་གསོད་བྱེད་དགོས་པའི་ནང་དོན་ཞིག་ཡོད་པ་དང་གློག་བརྙན་གྱི་བརྩེ་སེམས་ཐད་ནས་མ་རྩོམ་དང་མི་འདྲ།

ཕོ་མོའི་འཁྲབ་འཁྲིད་པའི་ཐད་ནས:    ཀྲུང་གོར་ད་ལྟ་ཕོ་མོ་འདྲ་མཉམ་ཡིན་པ་ལས་སྔོན་ཆད་བཞིན་ཕོ་

མཆོག་མོ་དམན་ལྟ་བུ་མིན་པར་བུད་མེད་ཚོས་བྱ་བ་སྒྲུབ་ན་སྐྱེས་པ་ལས་ཀྱང་སྟབས་བདེ་པོ་རེད།ངས་

བསམ་ན་གནོན་ཤུགས་ཅི་ཡང་མེད།

                           

འབྲེལ་ཡོད་ནང་དོན་ 38 ཡོད།<<<1234>>>
Powered by Oblog.