མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
གསེར་བྲག་ཚང་།
http://blog.amdotibet.cn/hldongzhi/index.aspx
ཕྲེང་བསྟར།
༄༅། ། བོད་ཀྱི་ཐང་ཀ་སྐོར་གླེང་བ།
རྩོམ་པ་པོ།:hldongzhi སྤེལ་དུས་:2010-9-28 20:03:00

                   ༄༅། །  བོད་ཀྱི་ཐང་ཀ་སྐོར་གླེང་བ།

                 

བོད་ཀྱི་ཐང་ཀ་སྒྱུ་རྩལ་ནི་བོད་རྒྱུད་ནང་བསྟན་སྒྱུ་རྩལ་གྱི་བྱེ་བྲག་ཅིག་སྟེ།ད་ལྟའི་བར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་ཞིང་དུས་རབས་རིམ་བརྒྱུད་ནང་བཟོ་བོ་མཁས་པ་མང་བོས་རྒྱུད་འཛིན་དར་སྤེལ་དང་།གསར་གཏོད་སྙིང་བསྡུས་བཅས་བྱས་ནས་རྣམ་པ་མང་ཞིང་མཚོན་ཐབས་ངོ་མཚར་ལྡན་པ།ཞིབ་ཚགས་གཟབ་ནན་ཡིན་པ།ལག་ལེན་དང་གཞུང་ལུགས་གང་ཐད་ནས་རང་རྐྱ་ཐུབ་པའི་ཁྱད་ཆོས་ཕུན་སུམ་ཚོགས་པོ་ཡོད་པས།དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་དཔྱོད་ལྡན་མང་བོས་འཛམ་གླིང་གོ་ལ་རིལ་མོའི་ཡང་རྩེ་ན་འོད་ལམ་ལམ་འཚེར་བའི་མུ་ཏིག་གི་ཕྲེང་བ་ཞིག་དང་མཚུངས་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་པ་ནི་དོན་ལ་གནས་པ་ཞིག་གོ ཐང་ཀ་སྒྱུ་རྩལ་ནི་དུས་ཡུན་རིང་མོ་བརྒྱུད་མྱོང་བའི་སྨིན་པའི་སྲོལ་རྒྱུན་རིག་གནས་ཤིག་ཡིན་ངོས་ནས་རིགས་དང་དབྱེ་བ་མང་བོ་ཞིག་དགར་རྒྱུ་ཡོད་པ་དང་དེའི་འབྲེལ་ངོ་མཚར་གྱི་གཏམ་རྒྱུད་ཀྱང་མང་བོ་ཡོད།  བཟོ་རྒྱུན་ལ་དབྱེ་ན།  བྱིའུ་སྒང་བའི་ལུགས་དང་།  སྨན་ཐང་བའི་ལུགས།  མཁྱེན་བརྩེའི་ལུགས།  ལྡན་ལུགས།  སྨན་གསར་ལུགས།ཀར་མ་སྒར་བྲིས་ཀྱི་ལུགས་གསར་རྙིང་དང་རྗེ་བཅུ་བའི་ལུགས།དུས་ཕྱིས་ཀྱི་བཟོ་རིག་པའི་མཁས་དབང་ཨ་འདོ་བྱམས་པའི་དངོས་བྲིས་ལྷ་རིས་སོགས་དུ་མ་སྣང།བཟོ་རྒྱུན་སྔ་མ་དག་ལའང་ཡུལ་དུས་ཀྱི་དབང་གིས་འགྱུར་བ་བྱུང་ནས་སྨན་ལུགས་ཁོ་ནར་ཡང་དབུས་བྲིས་དང་།གཙང་བྲིས།ཁམས་བྲིས།ཨམ་བྲིས་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་འབྲི་ལུགས་ཆགས་པས་ས་མིང་སྦྱར་ནས་འབོད་སྲོལ་ཀྱང་བྱུང་བ་རེད།  དེ་བཞིན་ཨམ་བྲིས་སམ་རེབ་གོང་ཐང་ཀ་ལྟ་བུར་མཚོན་ན་དུས་ཕྱིས་རྒྱལ་ཁབ་ཀྱི་ཀྲུ་ཞི་ཧོ་ཡོ་པང་དང་པན་ཆེན་སྐུ་ཕྲེང་བཅུ་བ་རྣམ་གཉིས་ཀྱིས་སྔ་རྗེས་རེབ་གོང་སྒྱུ་རྩལ་ཞེས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བསྔགས་བརྗོད་དང་འབྲེལ་བའི་ཕྱག་བྲིས་བསྟར་མ་གནངས་པ་ནས་རེབ་གོང་སྒྱུ་རྩལ་ཞེས་པའི་མིང་འདི་གཏན་འཇགས་སུ་ཐོགས་པ་དང་།ཁམས་སྡེ་དགེ་ནི་ཐང་ཀའི་སྲོལ་རྒྱུན་དུ་མ་འདུས་པའི་ཡུལ་ཞིག་ཡིན་ངོས་ནས་དུས་ཕྱིས་ངེས་པ་དོན་གྱི་བཟོ་རིག་པའི་མཁས་དབང་ཆེན་མོ་ཐང་ལྷ་ཚེ་དབང་སློབ་རྒྱུད་བཅས་པའི་སྡེ་རིས་ཞེས་པའི་མིང་འདི་སྤྱོད་པ་མཐོང་།མདོ་སྨད་གཅན་ཚའི་རྒྱུད་དུ་འཁྲུངས་པའི་ཨ་མདོ་བྱམས་པའི་བྲིས་གསར་དང་།མཁས་དབང་དགེ་ཆོས་ཀྱི་འབྲི་ལུགས།དེ་ལས་གཞན་བཟོ་རྒྱུན་མཐའ་དག་ནང་བྱན་ཆུད་པའི་སློབ་དཔོན་དག་ལ་མཚོན་ན་རང་ངོས་ཀྱི་བྲི་ལུགས་ཐུན་མོང་མ་ཡིན་པ་མང་བོ་བྱུང་མྱོང་བ་དེ་སྔ་མངོན་སུམ་མིག་མཐོང་རྣ་ཐོས་སུ་ཡོད་ཀྱང་།དེ་དག་རང་ལུགས་སུ་འབོད་སྲོལ་ཆགས་པ་མ་མཐོང་མོད།ཡིན་ནའང་ཁོང་རྣམ་པའི་རྣམ་དཔྱོད་ཀྱིས་རྩལ་ལས་འཁྲུངས་པའི་མཛེས་སྡུག་བབ་ཆགས་ཀྱི་ཐུན་མོང་མ་ཡིན་པའི་བརྩམས་ཆོས་རེ་རེས།བོད་ཀྱི་བཟོ་རིག་པའི་བང་མཛོད་དུ་སྔ་ན་མེད་པའི་གཟི་བྱིན་བསྣན་ཡོད་པ་ནི་སྨྲ་མ་དགོས་པ་ཞིག་རེད།  ཐང་ཀ་ལ་ལག་ལེན་གྱི་ཆའམ་རྒྱུ་ཡི་སྒོ་ནས།  སྐྱ་ཐང་དང་།  ཨེན་ཚོན།  ཚོན་རྫོགས།  གསེར་ཐང་།  ནག་ཐང་།  མཚལ་ཐང་།  གོས་དྲུབ་ཐང་ཀ  གོས་དྲུབ་འབུར་མ།  གཙགས་དྲུབ་ཐང་ཀམུ་ཏིག་ཐང་ཀ་སོགས་མཆིས།ཆེ་ཆུང་དང་བཞེངས་ཡུན་གྱི་ངོས་ནས།  ཞལ་ཐང་ཆེན་མོ་དང་།གྱན་ཐང་།མདའ་ཚད་མ།ཁྲུ་གང་མ།ཙ་ཀདཀྱུས་རིང་མ་སོགས་དང་བཞེངས་ཡུན་ཐུང་ངུ་ལ་ཉིན་ཐང་དང་རིང་བ་ལོ་གཅིག་གི་དུས་ཡུན་འགོར་བའི་ཐང་ཀར་བྱ་གཅིག་གྲགས་མ་རུ་འབོད། དེ་བཞིན་ལོ་གསུམ་གྱི་དུས་ཡུན་སྤྱད་ནས་བཞེངས་གྲུབ་བྱུང་བའི་ཐང་ཀར་བྱ་སུམ་གྲགས་མ་རུ་འབོད་པ་ལྟ་བུའོ།  ཐང་ཀ་སྟེང་གསལ་བའི་རི་མོའི་ནང་དོན་གྱི་ཆ་ནས།བོད་རྒྱུད་ནང་བསྟན་གྱི་ལྟ་སྒོམ་སྤྱོད་གསུམ་དང་།བླ་མ་ཡི་དམ།  སངས་རྒྱས་བྱང་སེམས།  དཔའ་བོ་མཁའ་འགྲོ  ཆོས་སྲུང་ཡུལ་ལྷ་གཞི་བདག་སོགས་ཀྱི་སྐུ་བརྙན་དང་།  སྨན་རྩིས།  ལོ་རྒྱུས།  ཟློས་གར།  དམངས་སྒྲུང་སོགས་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་མཐོང་། 

རྒྱུ་ཆ་གཙོ་བོར། རིན་སྤུངས་ཀ་རགས་(དཀར་བོ)དང་།  སྨན་ཐང་གི་མཚལ།  གཙང་གི་མཐིང་དང་སྤང་(ལྗང)།  གསེར་དང་དངུལ།གཡུ་དང་བྱུ་རུ།མུ་མེན་དང་མུ་ཏིགགཟི་སོགས་ལ་བྱས་པ་ཧ་ཅང་མང་།ཚོན་ཁ་རྔམས་བརྗིད་ལྡན་ཅིང་།གསེར་ཞུན་གྱིས་ཁུ་བས་བྲིས་པའི་རི་མོ་ཆུ་བུར་མིག་གིས་མི་ཟིན་པའི་ཞིབ་ཚགས་བཟོ་རྩལ་གྱིས་ཕྱོགས་ཀྱི་མི་རྣམས་ཧ་ལས་པ་བྱེད་ཀྱི་ཡོད། 

དེ་ལྟར་ཐང་ཀ་ལ་མཚོན་ན་འབྲི་གཞི་ནས་ཚོན་རྩི།  ལག་ལེན།  མཚོན་ཐབས།  གཞུང་ལུགས།  བཀོལ་ཡུལ།  རྒྱན་བཀོད་སོགས་ཕྱོགས་མང་བོ་ཞིག་ནས་རི་མོའི་བྲི་ལུགས་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཆོས་ཡོད་པ་མ་ཟད།ལྷག་པར་དུ་མཚོན་ཐབས་དང་ལག་ལེན་ངོས་ནས་ཐུན་མིན་གྱི་ཁྱད་ཆོས་ཕུན་སུམ་ཚོགས་པོ་མཆིས་པས་རིན་ཆེན་བརྒྱ་ཕྲག་མངལ་དུ་རུམ་པའི་རི་རྒྱལ་ལྷུན་པོ་ཞིག་དང་འདྲ་བར་ཚེ་ཚེ་རབས་རབས་སུ་སྤྱད་ཀྱང་འཛད་མཐའ་མེད་པ་ཞིག་ཏུ་མཐོང་།

གལ་ཏེ་སུ་ཞིག་གིས་བོད་རྒྱུད་ནང་བསྟན་ལྷ་རིས་སྒྱུ་རྩལ་ལ་ཁྱད་ཆོས་ཐུན་མོང་མ་ཡིན་པ་གང་འདྲ་ཞིག་ཡོད་དམ་ཞེས་འདྲི་བའི་དབང་དུ་བྱས་ན་ངས་ནི་འདི་ལྟར་བཤད་སྲིད། 

༡གཞུང་གི་ཁུངས་སྟོན་པ་པོའི་ཆ་ནས་སྟོན་པ་ཤཀྱ་ཐུབ་པས་གསུངས་པས་གཞུང་སྟོན་པ་པོ་གང་ཟག་ཆེ་བ། 

༢ལོ་རྒྱུས་རིང་ཚད་ངོས་ནས་ཆེས་ཉུང་མཐར་ཡང་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་མངའ་བས་ལོ་རྒྱུས་རིང་བ།༣རྒྱུ་ཆའི་ངོས་ནས་གསེར་དངུལ་གཡི་བྱུར་མི་མེན་མུ་ཏིག་ལ་སོགས་པར་གཏེར་ཁ་ནས་བླངས་པའི་རྡོ་ཚོན་རྣལ་མ་བསྲེས་སྦྱོར་གྱིས་སྤྱོད་ཀྱི་ཡོད་པས་དེ་དག་ཚང་མ་འཇིག་རྟེན་གྱི་ཆེས་རིན་ཐང་མཐོན་པོ་ཡོད་པའི་རིན་པོ་ཆེ་རྩ་ཆེན་རྐྱང་རྐྱང་གིས་གྲུབ་པས་རྒྱུ་ཆ་རྩ་ཆེན་ཡིན་པ་དང་།  ལོ་མང་བོ་ཐུབ་པའི་དགེ་མཚན་ཡོད་པ།           

༤ཚོན་རྩི་རྣམས་བོད་རང་ས་རུ་ཡོད་ཅིང་དེ་ལ་ཚོན་བཙལ་འཚོལ་དང་འདུལ་སྦྱོང་།སྡེབ་སྦྱོར་སོགས་རིག་ལམ་ཁ་ཚང་ཡོད་པ། 

༥རི་མོ་འབྲི་ཚུལ་ཐད་མདོ་རྒྱུད་ཀྱི་ཁུངས་ལུང་ནན་ཏན་ཡོད་པ་མ་ཟད་རང་སྟེང་དུ་གཟུགས་རིས་འབྲི་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་པ། 

༦མཚོན་ཐབས་ངོ་མཚར་ལྡན་པ། 

༧ལག་ལེན་ཞིབ་ཚགས་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ།

༨རི་མོའི་རྒྱབ་ཏུ་ལས་ཀ་ངོ་མཚར་ཅན་མང་བོ་ཡོད་པ། 

དཔེར་ན།རི་མོའི་སྦྱོར་དངོས་རྗེས་གསུམ་ལ་རི་མོའི་གྲུབ་མཐའ་གཞན་ལ་མེད་པའི་ལྷ་བཟོ་དང་ཡོན་བདག་གི་མཚན་ཉིད་དང་།བཞེངས་ལེགས་པའི་ཕན་ཡོན་དང་བཞེངས་ཉེས་པའི་ཉེས་དམིགས་ཤོད་སྲོལ་ཡོད་པ།ལྷ་སྐུ་གང་ཞིག་བཞེངས་བཟོའི་སྐབས་རབ་ཡིན་ན་ལྷ་རང་རང་གི་ཆོ་ག་དང་བསྙེན་མཚམས་བཅད་ནས་སྔགས་བཟླ་བ་དང།  གང་ཞིག་བཞེངས་བཞིན་པའི་ཚེ་ན་ལྷ་བཟོ་རང་ཉིད་ལྷ་སྐུ་དེ་ཉིད་དུ་བསམས།ལག་ཆ་རྣམས་ཐབས་དང་ཤེས་རབ་ལ་སོགས་སུ་དམིགས་ནས་འབྲི་དགོས་པ་དང་།གྲུབ་རྗེས་རྒྱབ་ཏུ་གནས་གསུམ་ཡི་གེ་དང་ལྷ་རང་རང་གི་གཟུངས་སྔགས་དང་རྟེན་འབྲེལ་གྱི་གཟུངས་སྔགས།བསྔོ་བ་སྨོན་ལམ་སོགས་འབྲི་བ།སྤྱན་དབྱེ་སྟོན་མོར་རོལ་བ།ཡོངས་སུ་གྲུབ་རྗེས་རབ་གནས་དང་བརྟན་བཞུགས་འབུལ་བ་སོགས་ལྟ་བུ་རི་མོ་འབྲི་བའི་སྔ་བར་ཕྱི་གསུམ་ཀྱི་རྒྱབ་ལྗོངས་སུ་གཞན་ལ་མེད་པའི་ཁྱད་ཆོས་མང་བོ་མཆིས།  དེང་སྐབས་ཡོངས་གྲགས་ཀྱི་ཤོད་སྲོལ་ལྟར་བྱས་ན་རྒྱུ་ཡི་སྒོ་ནས་དབྱེ་ཚུལ་ལ་སྣུམ་ཚོན་དང་ཆུ་ཚོན་རིགས་གཉིས་ཡོད་པ་ལས་བོད་ཀྱི་སྲོལ་རྒྱུན་རི་མོ་འདི་ཆུ་ཚོན་གྱི་ཁོངས་སུ་གཏོགས་ཤིང་ཆུ་ཚོན་དེ་ལ་ཡང་རྡོ་ཚོན་སྟེ་གཏེར་ཁ་ནས་བླངས་པའི་ཚོན་དང་རྩི་ཤིང་མེ་ཏོག་སོགས་ལས་བླངས་པའི་ཚོན།  རྫས་འགྱུར་ལ་བྱས་པའི་ཚོན་སོགས་ཡོད་པ་ལས་བོད་ཀྱི་སྲོལ་རྒྱུན་རི་མོ་འདི་རྡོ་ཚོན་གྱི་ཁོངས་སུ་གཏོགས།    ལག་ལེན་ངོས་ནས་བཤད་ན་ནུབ་ཕྱོགས་སྣུམ་ཚོན་རི་མོ་ལྟར་ཚོན་ཁ་སྟུག་ཅིང་སྣུམ་ལ་རྒྱ་ནག་གི་མཛེས་རྩལ་རི་མོ་ལྟར་གྱི་བཅད་རིས་ད