མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
འོད་ཟེར་ནག་པོ།

ཟིན་བདག་བརྡ་ཁྱབ།

             འོད་ནག་གི་མྱི་ཚེ་ནི་འོད་ནག་གི་ཡིན་ན།  གཞན་ལ་གནོད་མི་བཟོ་བའི་སྒོ་ནས་རང་གི་མྱི་ཚེ་ཅི་བྱེད་དེ།  འོད་ནག་ང་ཡི་རང་དབང་རེད་ལ།  རིག་གནས་གང་ཞིག་དང་སྒེར་གཞུང་སུ་ཞིག་གིས་འདི་ལ་བར་ཆད་གཏོང་ན།  དེ་ནི་སྒེར་གཅོད་རེད་པས།  བློ་སྤོབས་གཏའ་མར་ཤོར་ཞིང་ཚེ་སྲོག་རིན་དོད་དུ་འབུལ་དགོས་ཀྱང་།  འོད་ནག་གིས་འདི་ལ་འོས་ལངས་བྱེད་ཁོ་ཐག་ཡིན།

                       _________འོད་ནག

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
ལྔ་མཆོད་དུས་དྲན་དང་གཏམ་ཟུག་གཟེར་ཅན།
2011-11-22 11:48:40

ལྔ་མཆོད་དུས་དྲན་དང་གཏམ་ཟུག་གཟེར་ཅན།

ཟླ་ངོ་འགའི་སྔོན་དུ་ནུབ་བྱང་ཚང་ནས་མཁས་དབང་དགེ་ཆོས་མཆོག་ལ་དུས་དྲན་བགྲོ་གླེང་བྱས་ཤིང་།སྐྱབས་ཆེན་བདེ་གྲོལ་ལགས་ཀྱིས་བགྲོ་གླེང་དེ་སོགས་ལ་ཁ་གཏད་དེ༼བོད་ལ་མཁས་པ་མང་པོ་ཡོད༽ཅེས་པའི་རྩོམ་ཡིག་ཅིག་བྲིས་པས།བོད་ཀྱི་དྲ་བའི་སྒང་གཙོ་བཞག་གིས་ཤེས་ཡོན་པའི་སྡེ་རུ་ཡུན་ཙམ་ལ།སྔོན་བྱོན་སྐྱེས་ཆེན་སུ་དང་སུ་ལ་རྗེས་དྲན་བྱེད་དང་མི་བྱེད་ཀྱི་སྐོར་ནས་མཉམ་འུར་འོས་ཙམ་བྱུང་བ་རེད།

ཁ་སང་དེ་རིང་ཡང་དྲ་བའི་སྒང་ན་དགའ་ལྡན་ལྔ་མཆོད་དུས་དྲན་སྲུང་བརྩི་ཡིས་ཆོས་ཀྱི་རྗེ་བོ་བློ་བཟང་གྲགས་པ་མཆོག་ལ་རྗེས་དྲན་བྱས་པའི་བྱེད་སྒོ་འགའ་རེ་ཐོན་གྱིན་འདུག།དེ་བས་ཀྱང་ཐག་བཅད་བཏང་ཆོག་པ་ཞིག་ལ།དགེ་ལུགས་པའི་དགོན་སྡེ་ཆེ་ཆུང་ཀུན་གྱིས་དུས་སྐབས་འདི་ལ་དགའ་ལྡན་ལྔ་མཆོད་དུས་ཆེན་གྱི་ཆོས་ཚོགས་ཆེན་མོ་འཚོགས་བཞིན་ཡོད་སྲིད།དེ་བཞིན་མཚོ་སྔོན་མི་རིགས་སློབ་ཆེན་ནས་ཀྱང་ལྔ་མཆོད་དུས་དྲན་སྲུང་བརྩིས་ཀྱི་འདུ་ཚོགས་ཤིག་བསྡུས་པའི་གསར་འགྱུར་ཙམ་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་རུ་ཐོན་འདུག

དེ་ཡང་།ང་ཚོ་བོད་ལའང་མྱི་རབས་ཕྱི་མ་དག་གིས་རྗེས་དྲན་བྱ་འོས་སའི་སྐྱེས་ཆེན་འགའ་རེ་ཡོད་པ་ལ་རུས་པའི་གཏིང་ནས་དགའ་འོང་མོད།མྱི་རབས་ཕྱི་མ་དག་གིས་སྐྱེས་ཆེན་དག་ལ་བསྟོད་ཚོགས་ཀྱི་སྙན་ངག་གང་མང་སྤུང་ནས་རྗེས་དྲན་བྱ་སྟངས་དེ་དང་།གསོལ་འདེབས་སྣ་ཚོགས་ངག་ལ་གྱེར་ནས་རྗེས་དྲན་བྱ་སྟངས་དེ་ནི།སྐད་ཆ་གསེང་བོར་ཐལ་ན།ཞེ་ཐག་པ་གཏིང་ནས་ཆད་འགྲོ་སྐྱེད་ཅིག་རེད།

ད་ལོའི་དགའ་ལྡན་ལྔ་མཆོད་དུས་དྲན་ཡང་གོང་གི་འདི་ཙམ་ལས་མ་འདུས་ཏེ།བོད་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེ་ཆུང་ཀུན་དང་དགེ་ལུགས་པའི་གྲུབ་མཐར་གཏོགས་པའི་ཁྱིམ་ཚང་དབུལ་ཕྱུག་ཀུན་གྱིས།མཆོད་མེ་སྒྲོན་ཞིང་གསོལ་འདེབས་གྱེར་ནས་རྗེས་དྲན་བྱས་ཡོད་སྲིད།མ་ཟད་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སློབ་ཆེན་པ་དག་གིས་ཀྱང་རྗེས་དྲན་འདི་ཙམ་ལས་འཁྱོངས་མེད་ཚོད་འདུག་ཏེ།ཁོ་ཚོའི་ལྔ་མཆོད་དུས་དྲན་གྱི་འདྲ་པར་ལས་བལྟས་ན།ལག་ཏུ་སྤུས་ཐུར་རེ་བཟུང་ནས་མགོ་བོ་དུད་དེ་འདུག་པ་ལས་གང་ཡང་བྱ་ཡི་མི་འདུག

དེ་བཞིན་ཁ་སང་དེ་རིང་ལ་དྲ་སྟེང་དུ་ཡང་ལྔ་མཆོད་དུས་དྲན་ལ་ཕུལ་བའི་བརྩམས་ཆོས་འགའ་རེ་ཐོན་གྱིན་འདུག་མོད།དེ་དག་ཀྱང་དད་པའི་སྤུ་ལོང་གཡོས་ཙམ་གྱི་ཚོར་བ་རིགས་ཤིག་གམ།བོད་ཀྱི་བསྟོད་ཚོགས་སྙན་ངག་གི་ལྷག་འཕྲོ་རིགས་ཤིག་ཏུ་གཏོགས་པས།སྐྱ་ཆད་སྔོ་སྡུག་གི་ང་ཚོ་དང་ང་ཚོའི་གནས་བབ་ལ་སྦྱར་ན།བརྩམས་ཆོས་དེ་དག་ནི་ཡོད་ན་ཡོད་གོ་མི་ཆོད་ཅིང་མེད་ན་མེད་སྐལ་ཡང་མི་ཆད་པའི་ལྷག་མ་རིགས་ཤིག་རེད་ཨང་།

དེ་ཡང་།འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ཀྱི་སྐད་ཆས་བཤད་ན།རྗེ་ཙོང་ཁ་པ་ནི༼གངས་ཅན་རིག་པའི་གླིང་གི་བསམ་བློ་བ་ཆེན་བཅུའི༽ནང་གི་སྐྱེས་ཆེན་གསེར་གྱི་རི་ལྟ་བུ་ཞིག་རེད་ལ།སྐྱབས་ཆེན་བདེ་གྲོལ་སོགས་ཀྱི་སྐད་ཆས་བཤད་ན།རྗེ་ཙོང་ཁ་པ་ནི༼བོད་ལ་མཁས་པ་མང་པོ་ཡོད༽པའི་ཁྲོད་ཀྱི་ཕྱི་རབས་པས་ཅིས་ཀྱང་རྗེས་དྲན་བྱ་དགོས་པའི་མེས་པོ་དམ་པ་ཞིག་རེད།ད་དུང་བོད་མྱི་མང་ཕྱོགས་ཀྱི་སྐད་ཆས་བཤད་ན།རྗེ་ཙོང་ཁ་པ་ནི་རྒྱལ་བ་གཉིས་པའི་མཚན་སྙན་གནང་བཏང་ཆོག་པའི་ནང་བའི་ཆོས་ཀྱི་སྐྱེས་བུ་ཆེན་པོ་དེ།དགེ་ལུགས་པའི་གྲུབ་མཐའ་ཡི་གསར་གཏོད་པ་ཆེན་མོ་དེ་རེད།

ཡིན་ཡང་།ང་ཚོས་རང་གི་སྔོན་བྱོན་སྐྱེས་ཆེན་དམ་པར་རྗེས་དྲན་བྱ་སྟངས་ལ་ཞིབ་བཤེར་ཞིག་བྱོས་དང་།གླིང་མེ་རེ་སྒྲོན་ཞིང་གསོལ་འདེབས་གྱེར་ཏེ་ལས་སླ་མོའི་ངང་ནས་ཚར་བཞིན་མི་འདུག་གམ།དངོས་དོན་བོར་བའི་བསྟོད་ཚོགས་གང་མང་སྤུང་སྟེ་སྐྱེས་བུ་ཆེན་པོ་མྱི་གྲལ་ལས་ལྷ་གྲལ་དུ་ཕུད་ཅིང་།ལྷ་གྲལ་ལས་ཀྱང་མི་མངོན་པའི་དབྱིངས་ཤིག་ཏུ་སྤུར་གྱིན་མི་འདུག་གམ།དེ་ཡང་མྱི་སྒེར་གྱི་དད་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ངོས་ནས་དེ་འདྲ་བྱས་ན་ཡང་མི་ཆོག་པ་མེད་ཀྱང་།ང་ཚོས་གནའ་ནས་ད་ལྟའི་བར་དུ་འདི་ལྟར་བྱས་ཏེ་ཡོང་ཡང་།ང་ཚོ་ཕྱི་རབས་པ་དག་ལ་ཅི་ཞིག་ཐོབ་འདུག་གམ།ང་ཚོས་རང་གི་ཡབ་མེས་ཁོང་ལ་ཅི་ཞིག་ཕུལ་འདུག་གམ།

དེ་ཡང་།སྐྱེས་བུ་ཆེན་པོ་འདིའི་དར་ཆའི་འོག་ན་ཡོང་སྒོ་བཙལ་བཞིན་པའི་བླ་ཆེན་སྤྲུལ་ཆེན་དག་གིས་སྒོར་རྡོག་འགའ་ཕུལ་ནས་རྗེས་དྲན་འདུ་ཚོགས་ཤིག་བསྡུས་ན་འོས་པ་ལ་ཨང་།སྐྱེས་བུ་ཆེན་པོ་འདིས་དཀའ་སྡུག་གིས་བསྡུས་པའི་རིག་གཞུང་མ་ལག་ལ་བསྟེན་ཏེ་ཞིབ་འཇུག་པ་ཆེན་མོའི་མཚན་སྙན་བདེ་ལེགས་ངང་བླངས་ཡོད་པའི་རྒད་པོ་དེ་དག་གིས་ཀྱང་རྗེས་དྲན་གླེང་སྟེགས་ཤིག་བཙུགས་ན་འོས་པ་ལ་ཨང་།ད་ལོའི་དབྱར་ཁར་རྗེ་ཙོང་པའི་ལམ་རིམ་ཆེན་མོ་ཐེངས་གཅིག་བཀླགས་ཁུལ་བྱས་རྗེས།ད་ལྟའི་རིག་གཞུང་དཔྱད་རྩོམ་མང་པོ་ཞིག།ཚད་ངེས་ཅན་ཞིག་ནས་བཤད་ན།བསྟན་བཅོས་གང་མང་གི་དགོངས་བཅུད་ཡིན་པའི་ལུང་རིག་སྣ་ཚོགས་ཕྱོགས་གཅིག་ཏུ་ཁོངས་དང་བཅས་ཏེ་བསྡུས་ཡོད་པའི་ལམ་རིམ་ཆེན་མོ་དང་ལམ་རིམ་ཆེན་མོ་འདྲ་བ་དག་ལ་བསྟེན་ནས་སླ་མོའི་ངང་འབྲི་བཞིན་པ་ཤེས།ཡང་ན།བསྐྱར་དཔར་བྱ་བཞིན་ཡོད་པ་ཤེས་སོང་།སྐད་ཆ་གོ་སླ་བར་ཐལ་ན།སྐྱེས་བུ་འདིའི་དར་ཆའི་འོག་གི་སྐུ་འབུམ་དགོན་པ་སོགས་ཀྱི་དུས་ཚོད་གཅིག་གི་ཡོང་སྒོར་གྱིས་ཀྱང་།ཁ་སང་དེ་རིང་ལ་ན་གཞོན་སྤྲང་པོ་དག་གིས་སྒོར་རྡོག་འགའ་བསྡུས་ཏེ་བསྡུ་བཞིན་པའི་བགྲོ་གླེང་འདུ་ཚོགས་ལྟ་བུ་ནི་ཕྱིའི་ཆ་རྐྱེན་ཐད་ནས་བརྒྱ་དང་སྟོང་བསྡུས་ཆོག་པ་ལ་ཨང་།

རྩོམ་ཡིག་འདི་ནི་དྲ་རྩོམ་ཞིག་ཡིན་པས།ད་ནི་སྐད་ཆ་ཐུང་དུ་བཅུག་ཏེ་བཤད་ན།བོད་ཡུལ་ན་གཏེར་གྱི་རི་བོ་མང་པོ་ཡོད་པ་བཞིན་དུ།གཏེར་རི་ལྟ་བའི་སྐྱེས་བུ་ཆེན་པོ་ཡང་རེ་འགའ་འདུག་མོད།འུ་ཚོས་གཏེར་གྱི་རི་བོ་དག་ལ་གསང་མཆོད་བྱས་ཏེ་གཏེར་ཁ་སྔོག་མ་མྱོང་བ་བཞིན་དུ།གཏེར་རི་ལྟ་བུའི་སྐྱེས་ཆེན་དག་ལ་ཡང་གླིང་མེ་དང་གསོལ་འདེབས་སོགས་ཀྱི་མཆོད་པ་བཤམས་མྱོང་བ་ཙམ་ལས།གཏེར་རི་ལྟ་བུའི་སྐྱེས་ཆེན་དེ་རྣམས་ཀྱི།མྱི་ཚེ་དཀའ་སྡུག་གིས་བསྐྱལ་བའི་ལམ་གྱི་བདེན་པ་དང་།ནང་བསྟན་མཚན་ཉིད་བསམ་བློའི་དགོངས་བཅུད་ལྡན་པའི་ལྟ་གྲུབ་ཀྱི་གཏེར་ཁ་སོགས་སྔོག་མྱོང་མི་འདུག་ལ།ཅུང་ཟད་ཡོད་པ་དག་ནི་ཡང་འགྲེལ་བསྐྱར་འགྲེལ་དང་གྲུབ་མཐའི་ཕྱོགས་ཞེན་གྱིས་དགག་སྒྲུབ་བྱས་པ་རྐྱང་དུ་ཟད་འདུག

དེ་བས།ང་ཚོས་རང་གི་སྔོན་བྱོན་སྐྱེས་ཆེན་དག་ལ་གླིང་མེ་སྒྲོན་པ་དང་གསོལ་འདེབས་འདོན་པ་ཙམ་མ་ཡིན་པར།དྲང་ལྡོག་སྣ་ཚོགས་དང་མཐོང་སྣེ་ཅི་རིགས་ནས་བལྟས་ཏེ་རྗེས་དྲན་རེ་ཞུ་ཐུབ་ན་དགོས་གལ་ཆེན་པོ་འདུག་པ་རེད།ཡིན་ཡང་།ཡོད་ཚད་མྱི་རེ་གཉིས་དང་སློབ་གླིང་ག་གེ་མོས་བསྒྲུབ་དགོས་ན་དུས་ཚོད་ཀྱིས་ཀྱང་འདང་དཀའ་བས།ད་ནི་གཞན་ལ་ལྟད་མོར་བལྟས་ནས་སྐད་ཆ་ཆེན་པོ་བཤད་ཞོར།ཐ་ན་བགྲོ་གླེང་ཆུང་ཆུང་ཞིག་གི་འགན་ཙམ་ཡང་ཁུར་མ་མྱོང་པ་དག་གཙོ་བྱས་ཏེ།ཀུན་པོས་ཤུ་རེ་བྱའོ་ཞེས་བསྐུལ་ཞོར་དུ་བྲིས་རྩོམ་འདིའི་མཇུག་བསྡུ་བར་བྱ།

guang | རྩོམ་ཡོངས་ཀློག་པ།(2236) | ལན་སློག(31)
ལྷོ་ནུབ་ཚང་ན་ཡང་ཚང་དུ་ཡིབ་པའི་སྟག་མང་གི
2011-11-21 16:48:13

 

 

       ལྷོ་ནུབ་ཚང་ན་ཡང་ཚང་དུ་ཡིབ་པའི་སྟག་མང་གི

ཁ་སང་དེ་རིང་བྱ་བའི་བྲེལ་ཟིང་ཞིག་གིས་གཟའ་མཇུག་ཏུ་ཐོན་ཡང་།ང་ལ་སྐྱག་པ་གཏོང་བའི་ཁོམ་སྐབས་ཙམ་ཡང་རེག་དཀའ་བའི་ཚོད་དུ་ཡོད།ཡིན་ཡང་།གྲོགས་པོ་ཚོ་དང་ལྷན་ན་མཉམ་འུར་ཚ་བོ་རེ་ལབ་པའི་དུས་ཚོད་ཅིས་ཀྱང་རང་ལ་ཡོད་དུ་བཅུག་པ་ཡིན།

དེ་རིང་ཡང་ཉིན་འགའི་སྔོན་ནས་དུས་ཆད་བྱས་ཡོད་པའི།ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ངོ་ཤེས་མིན་ཅི་རིགས་ཀྱི་སློབ་མ་སྐོར་ཞིག་དང་།ཁྲིན་ཏུའུ་གྲོང་ཁྱེར་ན་ལས་སྒོ་སྣ་ཚོགས་ལ་འཐམ་གྱིན་པའི་གྲོགས་པོ་སྐོར་ཞིག་བཅས།ང་ཚོ་ན་གཞོན་ཉི་ཤུ་ཙམ་མ་བོས་རང་འདུས་ཀྱིས་གསོལ་ཁང་ཞིག་ཏུ་འཛོམས་ཏེ་ཇ་འཐུང་ཞོར་དུ།རང་རང་ངོ་སྤྲོད་མདོ་ཙམ་རེ་བྱས་རྗེས།རང་རང་སོ་སོའི་རིག་གནས་ལྟ་ཚུལ་འདྲ་མིན་སྣ་ཚོགས་སྤྱི་གཞུང་དུ་འཕངས་ཏེ་ཁ་བརྡ་བྱས་པ་ཡིན།

ཁ་བརྡའི་ཁྲོད་དུ།ཧོལ་རྒྱུག་དང་གཟབ་ནན་ལས་འཕྲོས་ཏེ་རིག་གནས་གཏོར་བཤིག་དང་རིག་གནས་འཛུགས་བསྐྲུན་སྐོར་གླེང་ཞིང་།རྨོངས་འཐོམ་དང་སྒེར་གཅོད་ལས་འཕྲོས་ཏེ་མི་རིགས་རིང་ལུགས་དང་མྱི་སྒེར་རིང་ལུགས་ཀྱང་གླེང་།ད་དུང་རང་རང་གི་ད་ལྟའི་གནས་བབས་ལས་འཕྲོས་ཏེ་རང་རང་སོ་སོའི་ཕ་ཡུལ་དང་སློབ་གྲྭ་སོགས་ཀྱི་ལེགས་ཉེས་ཀྱང་ལྷུག་པར་གླེང་ཏེ།སྐབས་ལན་རེར་སྟག་ཤར་དག་གི་ཕོ་སྐད་ལས་ཀྱང་སྨན་ཤར་ཚོའི་མོ་སྐད་དཔའ་སྤོབས་ཤིག་གིས་མཐོ་རུ་མཆེད་ཅིང་།སྐབས་ལན་རེར་སྨན་ཤར་དག་གི་མོ་སྐད་ལས་ཀྱང་སྟག་ཤར་ཚོའི་ཕོ་སྐད་ཚོར་བ་ཟབ་མོ་ཞིག་གིས་གཉོམ་པོར་གྱུར།

ཁ་བརྡའི་མཉམ་འུར་གྱི་མཇུག་ཙམ་ལ་ཐོན་དུས།བདག་གིསཁ་མི་གྲགས་པའི་ལྷོ་ནུབ་མི་རིགས་སློབ་ཆེནན་ཡང་ཚང་དུ་ཡིབ་པའི་སྟག་ཡོད་པ་ད་གཟོད་ཤེས།དེ་བས་ཀྱང་དུས་རབས་ཉེར་གཅིག་པའི་སྒལ་གཞུང་གི་བོད་མྱིའི་སྤྱི་ཚོགས་སུ།ག་ས་གང་དུ་ཡང་བོད་ཀྱི་མྱི་རབས་གསར་བ་ཞིག་འགྱེལ་མ་ལངས་ཀྱིས་ལོག་ཕེབས་གནང་གི་ཡོད་པའི་རྡོག་སྒྲ་དེ།ངོ་གདོང་སྨིག་པོ་ཅན་གྱི་གཞོན་སྐྱེས་ཕོ་མོ་ང་ཚོའི་སྙིང་གསོན་པོའི་འཕར་སྒྲའི་བར་གསེང་དུ་འུར་འུར་ཆེམ་ཆེམ་ངང་གྲགས་ཀྱིན་པ་ཚོར་ཞིང་།དེ་ནི་ཤི་གསོན་གཉིས་ཀྱི་སོ་མཚམས་ན་འགྲེང་བའི་བོད་མི་རིགས་ཀྱི་མཇུག་མཐའི་འདམ་ཀ་ཡིན་པར་གོ།

ཆེས་མཇུག་མཐའི་འདམ་ཀ་ཡི་ལམ་ཡིན་པའི་ང་ཚོ།ནང་གི་རྨོངས་འཐོམ་གྱིས་ཕར་ལ་བདས་ཤིང་ཕྱི་ཡི་བཙན་འཛུལ་གྱིས་ཚུར་ལ་དེད་དེ།བས་མཐའ་ལས་ཀྱང་བས་མཐའ་ཞིག་ཏུ་ཕུད་ཡོད་ཀྱང་།ད་དུང་མུ་མཐུད་ནས་ཇ་ཁ་ཆང་ཁ་དང་འགྲོ་ཞོར་འདུག་ཞོར་དུ་མ་བོས་རང་འདུས་ཀྱིས་ལྷན་གཅིག་ཏུ་འཛོམས་ཏེ།མིག་ཆུ་ཤམ་ཤམ་དང་དགོད་སྒྲ་འུར་འུར་གྱིས་མཉམ་འུར་མཉམ་སྐྱོད་བྱ་སྲིད།

རྒྱུ་མཚན།ཆེས་མཇུག་མཐའ་ཡི་འདམ་ཀའི་ལམ་དུ་དཀའ་ཁག་གིས་ཞུགས་པའི་ང་ཚོ་ན་གཞོན་དག་ལ་ང་ཚོ་ལས་ལྷག་པའི་འགྲོ་རོགས་ཤིག་མེད་པས་ཡིན་ལ།མྱི་གཞིའི་དྭངས་གཙང་དང་རེ་བའི་རྨི་ལམ་གྱིས་བཟི་ཞིང་འཁྱོམ་པའི་ང་ཚོ་ན་གཞོན་དག་ལ་ང་ཚོ་ལས་ལྷག་པའི་མྱི་ཚེའི་བདེ་སྐྱིད་བཙལ་རོགས་ཤིག་མེད་པས་ཡིན།

རྩོམ་ཐུང་འདི་ལྷོ་ནུབ་ཚང་གི་སློབ་མ་མང་ཕྱོགས་ཡིན་པའི་ཁ་བརྡའི་ལྷན་འཛོམས་ཤིག་གི་གསར་འགྱུར་གྱི་ཚབ་ཏུ་བྲིས་པ་ཡིན་མོད།ཁ་བརྡའི་ནང་དོན་ཆ་ཚང་དང་ཁ་བརྡ་བྱ་རོགས་ཀྱི་གྲོགས་པོ་དག་གི་མིང་ཐོ་རེ་རེ་བཞིན་འབྲི་རྒྱུ་མ་སོང་བས་ཀློག་པོ་དག་ལ་དགོངས་ཞུ།ཞོར་དུ་ཐེངས་འདིའི་མཉམ་འུར་བྱ་རོགས་ཀྱི་གྲོགས་པོ་དག་ལ་བཀའ་དྲིན་ཆེ་དང་རྗེས་མ་ད་དུང་ང་ཚོ་ལྷན་དུ་འཛོམས་འོང་ཞུའོ།།

 

guang | རྩོམ་ཡོངས་ཀློག་པ།(2215) | ལན་སློག(32)
ཟིན་བྲིས་ཡིག་ནོར་ཅན་སྤེལ་ཡང་བོད་ཡིག་རེད།
2011-11-7 14:00:21

ཟིན་བྲིས་ཡིག་ནོར་ཅན་སྤེལ་ཡང་བོད་ཡིག་རེད།

                  ______བོད་སྐད་ཡིག་ལ་ཤ་ཚ་ནས་ཡིག་ནོར་དགག་ཐལ་ཆེ་མཁན་དག་ལ

                      བོད་སྐད་ཡིག་ལ་ཤ་ཚ་ནས་ལན་དུ་བགྲོ་བ།

བོད་སྐད་ཡིག་གི་སྐོར་ནས་སྐད་ཆ་གསེང་བར་ཐལ་ན།རང་གི་ཕོ་དོན་ལས་བསམ་རྒྱུ་མེད་པའི་ལས་བྱེད་པ་དག་གིས་བཤད་པ་ལྟར།བོད་སྐད་ཡིག་བསླབས་ན་མདུན་ལམ་མེད་ཀི་ཟེར་བ་ཡང་དངོས་ཡོད་བདེན་པ་ཞིག་ཡིན་ལ།འདི་ལ་ཆབ་སྲིད་ཀྱི་མིག་དབང་གིས་བལྟ་ཤེས་ན་དྲང་ལྡོག་སྣ་ཚོགས་ཀྱི་ངོ་གདོང་དམར་རྗེན་མ་ཡང་ཤིན་ཏུ་མང་བོ་ཞིག་གསལ་བོར་བཤམས་བཞག་ཡོད།རེད་དེ།འུ་བུ་ཅག་གིས་ལས་བྱེད་པ་གོ་མེད་དེ་དག་ལ་གནམ་ནས་བསྡད་དེ་ཕྱོགས་ཞེན་གྱིས་སྡིགས་དམོད་སྟོང་འཐེན་བྱ་བ་ལས།མ་བལྟས་ཚད་མེད་ཀྱི་ངོ་གདོང་དམར་རྗེན་མ་འདི་དག་ལ་ས་རུ་བསྡད་ནས་དངོས་ཡོད་དང་ལེན་གྱིས་གསལ་གསལ་དག་དག་ཅིག་བལྟ་ཐུབ་ཀྱིན་མེད།དེ་བཞིན་ངོ་གདོང་འདི་དག་ལ་གསལ་གསལག་དག་དག་ཅིག་བལྟ་མ་ཐུབ་སྟབས།འུ་བུ་ཅག་གིས་བོད་སྐད་ཡིག་གི་གསོན་ལམ་དངོས་མ་དེ་ཡང་གསལ་གསལ་དག་དག་ཅིག་ཤེས་ཡོད་པ་མིན།ཡིན་ཡང་འདིའི་སྐོར་གླེང་སློང་བ་ཙམ་ལས།ངས་འདིར་བཤད་འདོད་པ་དངོས་ནི་འདིའི་སྐོར་མིན།

དེ་བཞིན་མྱི་བུའི་བླ་སྲོག་གི་གཏིང་ངོས་སུ་འཛུལ་ཏེ་རྩོམ་རིག་གི་ལས་སུ་འཇུག་བཞིན་པ་སྐོར་ཞིག་གིས།བོད་སྐད་ཡིག་ན་མྱི་ཡི་སྐོར་འབྲི་བྱེད་ཀྱི་ཐ་སྙེད་མང་པོ་མི་འདུག་ཅེས་ལྐུག་པར་ལྷག་བཞིན་ཡོད་པ་ཡང་བདེན་ཁ་སྟེར་དགོས་པའི་དོན་དངོས་ཤིག་ཡིན།རེད་དེ་འདི་ཡི་ཐད་ནས་བོད་མྱི་ཞིག་ཏུ་སྐྱེས་ཕྱིན།རྩོམ་པ་པོ་ཨ་ལེ་ལྟར་བྲོས་བཤོལ་བྱ་བ་ལས་སྐུ་ཞབས་ཞོགས་དུང་ལྟར་དུ་མི་བུ་སྲོག་ཏུ་བྱས་པའི་ཐ་སྙེད་འཛུགས་བསྐྲུན་གྱིས་ཤུ་རེ་བྱ་དགོས་ཚོད་རེད།ཡང་ན།འུ་བུ་ཅག་ལྟར་བོད་སྐད་ཡིག་ཡ་མཚན་ཡིན་རབས་སོགས་ཀྱི་ཕྱོགས་ཞེན་གྱི་སྐད་ཆ་དག་རླུང་ལ་བསྐུར་ནས་སྡོད་པ་ལས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལྟར་དུ་མིང་མཛོད་གསར་སྒྲིག་གི་ལས་སུ་ཞུགས་ན་བཟང་ཚོད་རེད།ཡིན་ཡང་འདིའི་སྐོར་གླེང་སློང་བ་ཙམ་ལས།ངས་འདིར་བཤད་འདོད་པ་དངོས་ནི་འདིའི་སྐོར་ཡང་མིན།

དེ་བཞིན་བོད་སྐད་ཡིག་གི་གཞུང་ལུགས་ཀྱང་།བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་སློབ་དཔོན་ཐོན་མིལོ་རྒྱུས་རིག་པས་ཐོན་མི་ཞེས་པའི་ལོ་རྒྱུས་མྱི་སྣ་འདི་བཙལ་བཞིན་ཡོད་མོད་ད་དུང་རྙེད་ཀྱང་ཡོད་ནི་མ་རེད་ཨང་།ཟེར་བ་ཞིག་གིས་འཐུས་ཚང་དུ་གཏན་ལ་ཕབས་སོང་སྐད་ཀྱིས།ཐོན་མིའི་དགོངས་པ་ཁོ་ན་འབྲི་བའམ་བརྡ་སྤྲོད་ཀྱི་བསྟན་བཅོས་རྙིང་བ་ཁོ་ན་དག་ལ་ཤི་འཐམ་རོ་འཐམ་བྱས་ཏེ་རྩོད་ཉོག་བྱ་བ་ལས།བོད་རང་གི་བརྡ་སྤྲོད་བསྟན་བཅོས་དག་དེང་རབས་སྐད་བརྡ་རིག་པ་དང་ཟུང་འབྲེལ་གྱིས་བོད་སྐད་ཡིག་གི་གཞུང་ལུགས་སྟབས་བདེ་ཞིག་འབྱུང་བར་འབད་ན་ཤིན་ཏུ་དགོས་གལ་ཆེ་རེད།ཡིན་ཡང་འདིའི་སྐོར་སློང་སློང་བ་ཙམ་ལས།འདིར་ངས་བཤད་འདོད་པ་དངོས་ནི་འདིའི་སྐོར་ཡང་མིན།

དེ་ན་ཁྱོད་ཀྱིས་བཤད་འདོད་པ་གང་ཡིན་ཟེར་ན།སྐུ་ཞབས་རེ་རྐང་གླིང་ལགས་ཀྱི་སྐད་ཆ་དུམ་བུ་ཞིག་ལས་ཅུང་འཕྲོས་བཤད་ཙམ་བྱ་འདོད་པ་དེ་ཡིན།ཁོང་གི་སྐད་ཆ་དེ་ནི།ངའི་སེམས་མི་བདེ་ས་དེ་ངེད་ཅག་ཟིན་བྲིས་འབྲི་མཁན་དག་གི་ཡིག་ནོར་དེ་མ་ཡིན་པར།སློབ་འབྲིང་སློབ་མ་ཡན་གྱི་ན་ཆུང་ནས་འགོ་བརྩམས་ཏེ་QQཁ་བརྡ་རྒྱག་དུས་སུ་ཕན་ཚུན་གྱི་ཡིག་ནོར་ལ་དོགས་ནས་རྒྱ་ཡིག་གིས་སྐད་རྒྱག་པ་རྒྱུན་འབྱམས་སུ་སོང་ན།བོད་ཡིག་གི་འཇིག་ཉེན་དེ་ཡི་གེ་རང་སྟེང་ནས་ཚར་གཅོད་པར་འགྱུར་བསམ་པ་ཡིན།ཞེས་པ་འདི་རེད།

ཁ་སང་དེ་རིང་གི་ཡིག་ནོར་སྐོར་གྱི་མཉམ་འུར་ལས་ང་ལ་བློ་སྐྱེད་བྱིན་སོང་པའི་སྐད་ཆ་རེ་གཉིས་ཙམ་ཡོད་ལ།དེ་དག་ལས་གཙོ་བོ་གཅིག་ནི་རེ་རྐང་གླིང་ལགས་ཀྱི་སྐད་ཆ་འདི་ཉིད་རེད།ཡང་ན།རང་གི་བསམ་བློའི་ཁྲོད་དུ་གནད་དོན་ཞིག་མག་མོག་ཏུ་ལུས་པ་ཡོད་པ་དེ་རེ་རྐང་གླིང་ལགས་ཀྱི་སྐད་ཆ་དུམ་བུ་འདིས་རྐྱེན་བྱས་ཏེ་གསལ་གྱི་ལེ་བྱུང་སོང་།དེ་བས་འདིའི་སྐོར་ནས་འཕྲོས་བཤད་ཙམ་བྱ་རྒྱུ་ཡིན།

དེ་ཡང་དུས་རྒྱུན་གྲོགས་པོ་སྐོར་ཞིག་གིས་ན་གཞོན་གསར་བའི་དྲ་བ་དང་རང་གྲོལ་སྨྱུག་གསར་དྲ་བ་སོགས་དང་གཤིབ་སྡུར་གྱིས་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དྲ་བ་ནི་ཉོག་རེད་ཅེས་བཤད་ཡོང་།སྐད་ཆ་འདི་ནི་ཕར་ཉན་ཚོད་ཀྱིས་བདེན་ཡང་བདེན་མོད།ཞིབ་ཏུ་བསམ་གཞིགས་གནད་དུ་ཕབས་ན་དེ་ཙམ་འགྲིག་རྒྱུ་ཡང་མེད་པ་ཞིག་ཡིན།རྒྱུ་མཚན་ན་གཞོན་གསར་བའི་དྲ་བ་དང་རང་གྲོལ་སྨྱུག་གསར་དྲ་བ་སོགས་ཀྱིས་གཟའ་འཁོར་གཅིག་གི་ནང་དུ་རྩོམ་ཡིག་ལེགས་ཤོས་ལྔ་དྲུག་རེ་བདམས་གསེས་ཀྱིས་སྤེལ་བཞིན་ཡོད་པ་རེད་ལ།མཚོ་སྔོན་པོ་ཟིན་བྲིས་ཀྱིས་ཉིན་གཅིག་ལ་ཟིན་ཐོ་བརྒྱ་ལྷག་སྒོ་རུ་གཏོང་བཞིན་ཡོད་པ་རེད།དེ་བས་འདི་གཉིས་གཤིབ་སྡུར་བྱས་ན་དེ་ཙམ་འཕྲོད་པོ་མི་འདུག་འདོད།ཡང་ན་རང་རང་ལ་རང་རང་གི་ཁྱད་ཆོས་དང་དགེ་མཚན་ཡོད་པ་རེད།

དེ་ཡང་།ན་གཞོན་གསར་བ་དང་རང་གྲོལ་སྨྱུག་གསར་དྲ་བ་སོགས་ནི་གཟབ་ནན་དང་གཙང་དག་གིས་ཡོང་བ་ཡིན་ན།མཚོ་སྔོན་པོ་ནི་གློད་ཡངས་དང་ཉ་ཉོག་གིས་ཡོང་བའི་དགོས་པ་འདུགརྒྱུ་མཚན།གཟབ་ནན་དང་གཙང་དག་ནི་ཚད་མཐོ་ས་ཞིག་རེད།དེ་རུ་ཐོན་ཐུབ་མཁན་ཡང་ཉུང་ཉུང་ཙམ་རེད།དེ་ཡི་ཤུལ་ཏུ་ལྷག་ཡོད་པའི་མང་ཕྱོགས་ནི་ཉ་ཉོག་གི་རིགས་རེད།ཡིན་ན་ཡང་ཉ་ཉོག་གི་རིགས་ལ་ཡང་རང་རང་གི་དགའ་སྐྱོའི་སྐད་ཆ་བཤད་སའི་བར་སྣང་ཞིག་དགོས་པ་རེད།ཁོ་ཚོ་ཅི་འདྲའི་ཉ་ཉོག་ཏུ་སོང་ཡོད་ཀྱང་ཚད་མཐོ་ས་ན་ཡོད་པ་དེ་ཚོ་བཞིན་ཁོ་ཚོ་ཡང་མྱི་ཡིན་པ་རེད།ཁོ་ཚོ་ལ་ཡང་ཁོ་ཚོའི་དགའ་སྐྱོའི་འཚོ་བ་དང་སྐད་ཆ་བཤད་སྟངས་ཤིག་ཡོད་པས།ཁོ་ཚོ་ལ་ཡང་ཁོ་ཚོར་དབང་བའི་བར་སྣང་ཞིག་ཡོད་འོས་པ་རེད།

གཟབ་ནན་དང་གཙང་དག་དགོས་སོ་སྐད་ཀྱིས་དེ་ཙམ་ཡང་མི་སྟེར་ཟེར་ན།དེ་ནི་རང་དབང་མེད་པ་དང་འདྲ་མཉམ་མེད་པ།གཟབ་ནན་མིན་པ་དང་གཙང་དག་མིན་པའི་ལས་ཀ་འཇིགས་སུ་རུང་བ་ཞིག་རེད།བོད་སྐད་ཡིག་གི་དར་རྒུད་ལ་གཟས་པ་ཞིག་ཡིན་ན།འདི་ནི་མཐོ་དྲག་སོང་བའི་མདའ་ཞིག་རེད།མདའ་འདི་བར་སྣང་སྟོང་བ་ནས་ཕྱིར་རང་སྟེང་དུ་ཕོག་ཡོང་བའི་རང་སྲོག་གཅོད་བྱེད་ཀྱི་མདའ་མོ་ཞིག་རེད།འདིའི་སྐོར་ནས་ངས་ཁྱོད་ཚོར་གཏམ་རྒྱུད་ཅིག་བཤད་ལགས།

ལོ་གཅིག་ཙམ་གྱི་སྔོན་དུ།སློབ་གྲོགས་སྐྱེས་མ་ཞིག་གིས་ཟིན་བྲིས་ཤིག་གཉེར་ནས་ཟིན་ཐོ་རེ་འགའ་སྤེལ།ཟིན་ཐོའི་ཡི་གེའི་དག་ཆར་གཟབ་ནན་བྱས་མོད།ཁོ་མོར་བོད་ཡིག་བརྡ་སྤྲོད་གཞུང་གི་རྨང་གཞི་མི་བཟང་བས།ཡིག་ནོར་མང་ཙམ་ཤོར་སོང་།དེ་བས་དྲ་ཀློག་པ་གང་མང་ཞིག་གིས་ཁོ་མོའི་ཡིག་ནོར་གྱི་ཐད་ལ་ཡིག་ནོར་ཅན་གྱི་དཔྱད་གཏམ་དག་གིས་དགག་པ་ཤུགས་ཆེན་བྱས་པས།དུས་དེ་ནས་བཟུང་སློབ་གྲོགས་སྐྱེས་མ་དེས་མུ་མཐུད་དུ་ཟིན་ཐོ་སྤེལ་མ་ནུས།བོད་ཡིག་གིས་རྩོམ་ཡིག་འབྲི་མཚམས་ཀྱང་བཞག་སོང་།

གནས་ཚུལ་འདི་ལ་ཟུར་སྣ་ཚོགས་ནས་བལྟ་རྒྱུ་འདུག་པ་ལས།ཟུར་གཙོ་བོ་གཅིག་ནི།བོད་ཡིག་བཀོལ་སྤྱོད་ཀྱི་འགན་ཁུར་ལྕི་དྲག་ནས།བོད་ཡིག་གི་ལམ་དུ་ཡོང་བཞིན་པའི་གསར་སྐྱེས་རྩོམ་པ་པོ་ཞིག་བོད་ཡིག་གིས་བསད་སོང་བ་དེ་རེད།བོད་སྐད་ཡིག་བསམ་མཁན་སྐོར་ཞིག་གི་རེ་བའམ་ཁ་ཕོ་མཐོ་དྲག་ནས་བོད་སྐད་ཡིག་གི་བདག་པོ་ཡིན་པའི་རང་མྱི་ཞིག་བོད་ཡིག་གིས་བསད་སོང་བ་དེ་རེད།འདི་ཙམ་གྱིས་ཀྱང་ག་ལ་ཚད་དེ།མ་འོངས་པ་ན་བོད་སྐད་ཡིག་གི་བདག་པོ་རུ་འགྱུར་དགོས་པའི་ཕྱི་རབས་པ་རྣམས་ལ།བོད་སྐད་ཡིག་གིས་སློབ་སྟོན་གནང་བའི་ཨ་མ་ཞིག་བོད་སྐད་ཡིག་རང་གིས་བསད་སོང་བ་དེ་རེད།འདིའི་མཇུག་འབྲས་ངས་ནི་བཤད་ན་མི་འདོད་པས།ཡིག་ནོར་ལ་དགག་པ་ཤུགས་ཆེན་བྱ་མཁན་གྱི་ཁ་མང་ཅན་ཁྱོད་ཚོས་ཤོད།

ད་དུང་ངས་ཁྱོད་ཚོར་གཏམ་རྒྱུད་ཅིག་བཤད་ལགས།ངོ་ཤེས་གྲོགས་པོ་ཞིག་དང་ངེད་གཉིས་ཀྱིས་དུས་རྒྱུན་གླེང་མོལ་ཨང་གྲངས་ན་བོད་ཡིག་གིས་ཁ་བརྡ་གློད་ཀྱིན་ཡོད།གྲོགས་པོ་ཁོང་ངས་ཐོག་མ་དྲ་སྟེང་ནས་ངོ་ཤེས་དུས།ཁོས་བོད་ཡིག་བཏགས་པ་ཤིན་ཏུ་དལ་བ་མ་ཟད་ཡིག་ནོར་ཡང་ཤིན་ཏུ་མང་ལ།དེ་བཞིན་ཁོས་བོད་ཡིག་གིས་ང་ལ་ཁ་བརྡ་བྱ་རྒྱུ་ཡང་ངོ་ཚ་ཡི་འདུགརེད་དེ།ངས་ཡིག་ནོར་ནི་རྒྱུན་ལྡན་ཞིག་ཏུ་རྩིས་ཏེ་ཁོ་ལ་བོད་ཡིག་གིས་ཁ་བརྡ་བྱས་པ་ཡིན།ད་ལྟ་ཁོས་བོད་ཡིག་བཏགས་པ་ཤིན་ཏུ་འགྱོགས་པ་མ་ཟད་ཡི་གེའི་དག་ཆ་ལ་ཡང་ཡར་ཐོན་བྱུང་ཡོད།

དེ་བས་མ་འོངས་པ་ན་ཡང་ངེད་གཉིས་ཀྱིས་བོད་ཡིག་གིས་ཁ་བརྡ་གློད་རྒྱུ་ཡིན།ཡིག་ནོར་ནི་སྔར་བཞིན་ཤོར་སྲིད་ཀྱང་།ཡིག་ནོར་ནི་རྒྱུན་ལྡན་ཞིག་ཏུ་རྩིས་ཏེ་སྔར་བཞིན་བོད་ཡིག་གིས་ཁ་བརྡ་གློད་རྒྱུ་ཡིན།རེད་དེ།ཡིག་ནོར་གཏན་ནས་ཤོར་ན་མི་ཆོག་པའི་དུས་སྐབས་ཤིག་ཐོན་ནས།ཡི་གེ་ཐིག་ཤར་གཅིག་བྲིས་ན་ཡང་དག་ཡིག་གི་དཔེ་ཆ་དག་ཕར་སློག་ཚུར་སློག་བྱ་དགོས་པའི་དཀའ་སྡུག་གི་དུས་སྐབས་ཤིག་ཐོན་ན།དེ་དུས་ད་གཟོད་བོད་ཡིག་གིས་ཁ་བརྡ་གློད་རྒྱུ་མཚམས་འཇོག་དགོས་རྒྱུ་རེད།རྒྱུ་མཚན།མྱི་ཚེ་ཐུང་ཐུང་གི་དུས་ཚོད་འདི་ཉིད་དག་ཡིག་གི་དཔེ་ཆ་ཞིག་ཕར་སློག་ཚུར་སློག་གིས་རྫོགས་སོང་ན་མི་འདོད་པས་ཡིན།

བར་འདི་ནས་ཕྱིར་ཟིན་བྲིས་ཀྱི་སྟེང་དུ་བབས་ན།ཟིན་བྲིས་ནི་ཆ་འཕྲིན་དུས་རབས་འདིའི་ནང་དུ།མྱི་སོ་སོར་ཡོད་ན་ཆོག་ཆོག་ཡིན་པའི་དྲ་སྟེང་གི་ཁྱིམ་གཞེས་ཤིག་རེད།ཡང་ན་ད་ལྟའི་དུས་རབས་འདི་ལ་མཚོན་ན།འདི་ནི་རྒྱུན་ལྡན་འཚོ་བའི་ཆ་ཤོས་ཤིག་རེད་པས།གཟབ་ནན་བྱས་ཀྱང་ཆོག་ལ་མ་བྱས་ཀྱང་ཆོག་གི་འདོད།དེ་བས་རིག་གནས་སོགས་ཀྱིས་ཕྱུག་པ་དང་ལས་ཀ་ཅན་ནམ་ཟིན་བྲིས་སྒང་ན་ཁོམ་ནས་ཡོད་པ་དག་གིས་རང་རང་གི་དྲ་ཁྱིམ་ཅ་དག་གཙང་ཡངས་ཤིག་བཟོ་སྲིད་ལ།རིག་གནས་སོགས་ཀྱིས་དབུལ་བ་དང་ལེ་ལོ་ཆེ་བའམ་བྱ་བ་གཞན་གྱིས་ཁོམ་སྐབས་ཉུང་བ་དག་གིས་རང་རང་གི་དྲ་ཁྱིམ་ཅ་དག་གཙང་ཡངས་ཤིག་བསྐྲུན་མི་ཐུབ་ཀྱང་སྲིད།རེད་དེ།ད་ལྟ་ཆ་འཕྲིན་དུས་རབས་རེད་པས།ཚང་མས་དྲ་སྟེང་ནས་འཚོར་བ་རོལ་དགོས་པ་རེད།དབུལ་ཕྱུག་སུ་ཡིན་ཡང་འཚོ་བ་རོལ་ཆོག་པའི་རང་དབང་གི་ཐོང་ཐང་ནི་འདྲ་མཉམ་དུ་ཡོད་དགོས་པ་རེད།

གལ་སྲིད་དེ་འདྲ་བྱུང་ན་ད་གཟོད་བོད་ཡིག་ཟིན་བྲིས་སྒང་དུ་དྲ་ཁྱིམ་མང་པོ་སྐར་ཚོགས་ཤར་བ་ལྟར་དུ་བྱུང་རྒྱུ་རེད་ལ།སྐར་ཚོགས་ཅི་ཙམ་མང་ན་བོད་སྐད་ཡིག་གི་བར་སྣང་དེ་ཙམ་ཆེ་བ་ཡིན།བར་འདི་ནས་ཁ་གསལ་རྒྱུ་ཞིག་ལ།ང་ཚོའི་ཉི་མའི་འོད་དང་ཟླ་བའི་འོད་ལ་ཧམ་སེམས་ཀྱིས།སྐར་ཕྲན་འོད་མི་གསལ་བ་དག་ལ་འོད་ཟེར་ཆེན་པོ་འབྱིན་རོགས་ཞེས་ལྕགས་ཀྱིས་བཞེས་རྒྱུ་མང་དྲགས་ན།ནར་མ་སོན་པའི་སྐར་ཕྲན་དག་ས་རུ་ལྷུང་ནས་འོད་ཟེར་ཏོག་ཙམ་ཡང་མེད་པ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་ལ།ད་དུང་སྐར་མ་ལ་ལ་ཞིག་སྐར་མདའ་རུ་གྱུར་ནས་བར་སྣང་གཞན་ཞིག་ཏུ་མི་འཕུར་བའི་ངེས་པ་ཡང་མེད་པར་མ་ཟད།ཉི་མ་དང་ཟླ་བ་ཡང་བར་སྣང་ནས་ཁེར་རྐྱང་དུ་ལྷག་ཅིང་།རིམ་བཞིན་རྒས་ཏེ་འོད་མེད་པ་རུ་གྱུར་ནས།མཐའ་མ་ཞིག་ལ་བོད་སྐད་ཡིག་གི་བར་སྣང་ནི་ནག་ཐང་ཐང་ཞིག་ཏུ་མི་འགྱུར་བའི་ངེས་པ་ཡང་མི་འདུག་ཨང་།

འདི་ནི་བོད་སྐད་ཡིག་གི་དར་རྒུད་ལ་ད་ལྟའི་གནས་བབས་ཀྱི་ངོས་ནས་བསམ་གཞིགས་བྱས་ཏེ།བོད་སྐད་ཡིག་བཀོལ་མཁན་སྤྱི་ཡོངས་དང་གསར་སྐྱེས་རྣམས་ཀྱི་ངོས་ནས་གཙོ་བོ་བཤད་པ་ཡིན་ལ།བྱེ་བྲག་ཏུ་བབས་ནས་བཤད་ན།བོད་ཀྱི་རྩོམ་པ་པོ་གྲགས་ཅན་རྣམས་གཙོ་བྱས་ཏེ་ཀུན་ཀྱིས་རང་རང་གིས་འཇོན་ཚོད་ཀྱིས་ཡིག་ནོར་ལ་གཟབ་གཟབ་བྱ་དགོས་པ་རེད།

ལྷག་ཏུ་བོད་ཀྱི་རྩོམ་པ་པོ་ཆེན་གྲོས་ཤིག་ཡིན་ཕྱིན།ཡིག་ནོར་གཏན་ནས་བྲིས་མི་ཆོག་ཟེར་རྒྱུ་དཀའ་མོད།གཞན་ཀྱིས་ཡིག་ནོར་ཡིན་ནོར་དུ་བྱས་ཏེ་དགག་པ་ཙམ་བྱས་ཡོང་ན་དང་ལེན་བྱ་ཐུབ་དགོས་པར་འདོད།རེད་དེ།ཁ་སང་དེ་རིང་དྲ་བའི་སྟེང་གི་ལ་ལ་ཞིག་གིས་བཤད་ཚུལ་ལ་ཉན་ན།བོད་ཀྱི་རྒས་རྒྱུ་མེད་པའི་སྙན་ངག་པ་གྲགས་ཆེན་རྒན་མེ་སྟག་ལགས་གློ་བུར་དུ་བོད་ཡིག་ཟིན་བྲིས་སྒང་ནས་གར་སོང་ཆ་མེད་དུ་གྱུར་སོང་བ་ཡང་།ཡིག་ནོར་དགག་སྒྲུབ་ལ་བྲོས་བཤོལ་དུ་ཕེབས་པ་རེད་ཅེས་བཤད་ཀྱིན་འདུག་ལ།འདི་ནི་མྱི་ཁའི་རླུང་དམར་ཞིག་ལས་བདེན་པའི་གཏམ་ཞིག་མིན་པས་སྨོན་ལམ་འདེབས།དེ་བཞིན་བོད་ཀྱི་རུས་པ་སྲ་མོ་ཅན་གྱི་སྙན་ངག་པ་རེ་རྐང་གླིང་ཡང་ཡིག་ནོར་དགག་སྒྲུབ་ལ་བྲོས་བཤོལ་དུ་ཕེབས་རྒྱུའི་གྲབས་བཤམས་ཀྱིན་པ་དེ་ཡང་ཀུ་རེ་རྩེད་མོ་ཞིག་ཡིན་པའི་སྨོན་ལམ་འདེབས།

གལ་སྲིད་དངོས་གནས་དེ་འདྲ་ཞིག་ཡིན་ན།ཡིག་ནོར་སྐོར་གྱི་དགག་སྒྲུབ་ཙམ་གྱི་གནོན་ཤུགས་ཡང་མི་ཐེགས་པའི་རྩོམ་མཁན་གྲགས་ཆེན་ཁྱེད་ཅག་གི་བྲོས་བཤོལ་གྱིས་བོད་སྐད་ཡིག་སོགས་ལ་གྱོང་གུད་ཡོད་ཀྱང་།བདག་གིས་ནི་ཚམ་ཚོམ་མེད་པར་གྲོགས་པོ་གླག་ལགས་ཀྱི༼ཡིག་ནོར་ལ་སེམས་ཀྱི་ཞབས་ནས་དགོངས་དག་ཞུ༽བའི་སྙིང་སྟོབས་ཀྱིས།དོན་ལ་སྐྲག་ཤོར་སྡར་མ་དག་དག་ཡིན་པའི་རྩོམ་པ་པོ་སྒམ་གྱོང་ཁྱོད་ཚོ་ལ་བདེ་མོ་བྱོས་ཟེར་རྒྱུ་ཡིན།

 

                                   ཡིག་ནོར་དགག་སྒྲུབ་སྐོར་གྱི་ཟིན་ཐོ་འགའ་ལ་བལྟས་རྗེས་ཤར་མར་བྲིས་ཏེ་སྤེལ་བའོ།།

guang | རྩོམ་ཡོངས་ཀློག་པ།(1704) | ལན་སློག(28)
དཔལ་བེའུ་སོགས་ལ་ཕུལ་བའི་གཏམ་རྨོངས་བ་དགུ་འབྱེད།
2011-10-20 23:32:17

 

ཡིག་ནོར་ནི་ཡིག་ནོར་རེད།  བསམ་བློ་ནི་བསམ་བློ་རེད།

_______ནུབ་བྱང་ཚང་གི་ཡིག་ནོར་གྱིས་ནུབ་བྱང་ཚང་གི་བསམ་བློར་དགག་པ་གཏོང་བ་ནི་དྲ་གྲོགས་དཔལ་བེའུ་སོགས་ཀྱི་ཐབས་སྡུག་གི་བྱ་བ་ཞིག་རེད།

 

                                           

ཉིན་གཉིས་སྔོན་གྱི་དགོང་མོ་དེར་གྲོགས་པོ་གླག་ལགས་ཀྱིས༼བཤད་དགོས་པའི་སྐད་ཆ་འགའ༽ཞེས་པའི་བྲིས་རྩོམ་ཞིག་ཟིན་ཐོ་རུ་སྤེལ་འདུགང་རང་གྲོགས་པོ་ཁོང་གི་བྲིས་རྩོམ་དག་ལ་དང་དོད་བྱ་མཁན་གཙོ་བོ་ཞིག་ཡིན་པས་དུས་མར་བལྟས་པ་ཡིན།བྲིས་རྩོམ་ཡག་པོ་ཞིག་རེད།ཡིན་ཡང་།ཁོང་གི་བྲིས་རྩོམ་དག་ལ་སྐྱོན་ཆེ་ཞིག་ཡོད་པ་ནི་ཡིག་ནོར་ཡིན།ཐེངས་འདིའི་བྲིས་རྩོམ་དེ་ལ་ཡང་ཡིག་ནོར་གྱི་རྫོབ་ཤིན་ཏུ་འཐུག་པོ་འདུག་པས།ཟིན་ཐོའི་འོག་ཏུ་ཡིག་ནོར་ལ་འཐད་བཞིན་མེད་པའི་བརྡ་ཞིག་དང་བཅས་ཏེ་དཔྱད་མཆན་ཞིག་བཞག་པ་ཡིན།དེ་ནི་གྲོགས་པོ་གླག་ལགས་ཀྱི་བྲིས་རྩོམ་དེའི་ཡིག་ནོར་ལ་སུན་འབྱིན་བྱས་པའི་སྐད་ཆ་ཐོག་མ་དེ་ཡང་ཡིན།རྣར་མི་འགྲོ་བ་ཡོད་ན་ཁོང་གི་ཟིན་ཐོའི་དེའི་འོག་གི་དཔྱད་མཆན་ནང་དུ་ལྟོས་དང་གསལ་གསལ་དག་དག་ཡིན།

ཁ་སང་སྔ་དྲོ་དྲ་གྲོགས་དཔལ་བེའུ་ལགས་ཀྱིས༼ནུབ་བྱང་དང་གླག་གི་ཡིག་ནོར་ང་བདུན༽ཞེས་པའི་བྲིས་རྩོམ་ཞིག་སྤེལ་འདུགཞིབ་ཏུ་ཐེངས་གཅིག་བཀླགས་པ་ཡིན།རྩོམ་དེའི་ནང་གི་ལྟ་ཚུལ་གང་མང་ཞིག་ལ་འཐད་པ་མི་འདུག་ཀྱང་།ཟིན་ཐོའི་དཔྱད་མཆན་དུ།ཡིག་ནོར་ཁོ་ནར་སུན་འབྱིན་བྱས་པར་འཐད་ཅིང་རྒྱབ་སྐྱོར་བྱས་པ་ཡིན།ཞོར་དུ་གྲོགས་པོ་གླག་ནི་ནུབ་བྱང་ཚང་གི་སློབ་མ་དག་ལས་རིག་གནས་བསམ་བློའི་ཐད་དུ་རྩེ་གྲས་སུ་ཡོད་པ་མ་གཏོགས།ཡི་གེ་དག་ཆའི་ངོས་ནས་རྩེ་གྲས་སུ་ཡོད་པ་ཕར་ཟད་དམན་གྲས་སུ་ཡོད་པ་དང་།ནུབ་བྱང་ཚང་གི་གསར་བུ་རྩོམ་དགའ་དག་གིས་བགྲོ་གླེང་དང་དུས་རྒྱུན་གྱི་ཁ་བརྡའི་ཁྲོད་ནས་ཁོའི་ཡིག་ནོར་གྱི་ཐད་ལ་སུན་འབྱིན་དང་ཀུ་རེ་སྣ་ཚོགས་རྩེ་བཞིན་ཡོད་ཚུལ་གསལ་བཤད་ཙམ་བྱས་པ་ཡིན།གསལ་བཤད་ཅི་ཞིག་ལ་བྱས་པ་ཡིན་ཟེར་ན།དྲ་གྲོགས་དཔལ་བེའུ་ལགས་ཀྱི་བྲིས་རྩོམ་དེ་རུ་རྒྱུས་མེད་ལ་རྒྱུས་བཤད་ཀྱི་སྐད་ཆ་འདི་འདྲ་བཤད་འདུག་པས་ཡིན།ཁོང་གི་སྐད་ཆ་དེ་ནི།གླག་ཟེར་བ་འདི་ནི་དེང་གི་ནུབ་བྱང་ཚང་གི་གསར་བུ་དག་ལས་བོད་ཡིག་ཐད་ཆེས་བཟང་ཤོས་ཀྱི་ཁོངས་སུ་གཏོགས་པའི་རྐྱེན་གྱིས་གསལ་འདེབས་ཀྱི་ཚུལ་དུ་ཕུལ་བ་ལགས།ཞེས་པར་སྐབས་དོན་ལ་མ་གཡོལ་བའི་སྒོ་ནས་ལན་སློག་པ་ཡིན།རེད་དེ།དྲ་གྲོགས་གང་མང་ཞིག་གི་སྐད་ཆ་ལ་བལྟས་ཡོང་ན་ཧ་གོ་ཡོད་ཚད་མི་འདུག

                          

དྲ་གྲོགས་དཔལ་བེའུ་ལགས་ཀྱི་བྲིས་རྩོམ་དེས།ཆེས་སུན་འབྱིན་བྱ་འདོད་པ་དེ་གྲོགས་པོ་གླག་ལགས་ཀྱི་ཡིག་ནོར་མ་ཡིན་པར།ནུབ་བྱང་ཚང་གི་བསམ་བློ་རེད།ཉེ་ཆར་ནུབ་བྱང་ཚང་ནས་དགེ་ཆོས་དུས་དྲན་དང་བསམ་བློའི་རྒྱང་འབོད་སོགས་ཀྱི་འདུ་ཚོགས་བསྡུས་པའི་རྐྱེན་གྱིས།ཁོང་དང་ཁོང་གི་རིགས་སུ་གཏོགས་པ་གང་མང་ཞིག་ལ་སེམས་ཁུར་ལྷག་མ་ཞིག་སྡུག་གྱོང་དུ་སྐྱེས་ཡོད་པ་རེད།

ཡང་ན།ནུབ་བྱང་ཚང་གི་བསམ་བློ་གསར་བ་ལ་དགའ་བོ་གཏན་ནས་ཡོད་བཞིན་མེད་པ་རེད།དེ་བས།ནུབ་བྱང་ཚང་གི་བསམ་བློ་ལ་དགག་པ་ནན་མོ་ཞིག་བརྒྱག་དགོས་འདོད་བཞིན་ཡོད་པ་རེད།ཡིན་ཡང་།དགག་པ་ནན་མོ་བརྒྱག་སྐྱེད་ཀྱི་རྒྱུ་མཚན་གྱིས་ཕོངས་དེ་ཡོད་པ་རེད།དེ་བས།ནུབ་བྱང་ཚང་གི་སློབ་མ་གླག་ལགས་ཀྱི་ཡིག་ནོར་གྱིས་ནུབ་བྱང་ཚང་གི་བསམ་བློ་ལ་དགག་པ་བརྒྱབས་པ་རེད།འདི་རྣར་མི་འགྲོ་ན་ཁོང་གི་བྲིས་རྩོམ་དེའི་ནང་དུ་ཞིབ་ཏུ་ལྟོས་དང་གསལ་བོ་ཡིན།

དེ་ཡང་།ནུབ་བྱང་ཚང་གི་སློབ་མ་འགའི་ལྟ་ཚུལ་གླེང་བསླངས་ནས་རྒྱུ་མཚན་ཚབ་ཏུ་སྡིགས་དམོད་ཙམ་ལས་ཅི་ཡང་ཕྲིས་མེད་པ་ལ།ཐབས་ཟད་ནས་གྲོགས་པོ་གླག་ལགས་ཀྱི་ཡིག་ནོར་དག་གིས་དགག་ཁུལ་འདྲ་ཞིག་བྱས་འདུགརྣར་མི་འགྲོ་མཁན་ཡོད་ན་བྲིས་རྩོམ་དེ་རུ་ལྟོས་དང་གསལ་བོ་ཡིན།དེ་བས།གུས་པོས་ཁོང་དང་ཁོང་གི་རིགས་སུ་གཏོགས་པའི་དྲ་གྲོགས་དག་ལ་ཡིག་ནོར་ནི་ཡིག་ནོར་རེད།བསམ་བློ་ནི་བསམ་བློ་རེད་ཅེས་ནན་བཤད་བྱས་པ་ཡིན།རེད་དེ།ཡིད་ཕངས་བ་ཞིག་ལ་ཁོང་ཚོས་རང་གིས་ཅི་ཞིག་བཤད་བཞག་ཡོད་པ་དང་ང་ཡིས་ཅི་ཞིག་བཤད་ཀྱིན་ཡོད་པ་གཏན་ནས་གོ་གི་མི་འདུག་ཨང་།ད་དུང་།ཁོང་ཚོས་འོད་ནག་དུངས་ཞེན་གྱི་དབང་དུ་བུད་ཐལ་དང་སྐབས་དོན་ལ་གཡོལ་ནས་རྟ་ཁ་གཞན་དུ་དཀྱུས་ཐལ་ཟེར།

                         

ནུབ་བྱང་ཚང་གི་ཡིག་ནོར་གྱིས་ནུབ་བྱང་ཚང་གི་བསམ་བློ་དགག་པ་འདིས།དྲ་གྲོགས་དཔལ་བེའུ་སོགས་ཀྱི་ཨུ་ཐུག་གི་ཐབས་དཀོད་རིག་པ་མ་ཟད།ཁོང་ཚོའི་རྨོངས་འཁྲུལ་གཞན་ཞིག་ཀྱང་རིག་སོང།དེ་ནི་ཡི་གེ་དང་བསམ་བློ་གཉིས་གཞི་གཅིག་ཏུ་ངོ་བོ་དབྱེར་མེད་དུ་འཁྲུལ་ཡོད་པ་དེ་རེད།རྣར་མི་འགྲོ་ན་འུ་ཚོས་ཁོང་རྣམས་ཀྱི་སྐད་ཆ་སྐོར་ཞིག་གི་ངོ་གདོང་ལ་བལྟ་དང་ཤེས་ཐུབ་ལགས།

དྲ་གྲོགས་དཔལ་བེའུ་ལགས་ན་རེ།སུམ་རྟགས་དག་གསུམ་གྱི་རྨང་གཞི་ཅི་ཡང་མེད་པར་མཁས་པ་ཡིན་མདོག་ཅེས་པ་དང་གྲོགས་འོད་ནག་ལགས་ཀྱི་བསམ་ཚུལ་ལ་ཅུང་འཐད་པ་མ་བྱུང་།སོམས་དང་།ཡི་གེ་མེད་ཚེ་རིག་གནས་བསམ་བློ་ཟེར་བ་ཞིག་གང་ནས་འབྱུང་།མི་ཞིག་གི་སྟེང་ནས་དཔེ་ཞིག་བཀོད་ན།བསམ་བློའི་རིག་གནས་ནི་ནང་གི་སེམས་དང་།ཡི་གེ་ནི་ལུས་པོ་ལྟ་བུར་འཇོག་དགོས་པ་རེད།བུམ་པ་མེད་ས་ནས་བུམ་ཆུ་བཟང་མིན་གླེང་བ་ནི་ཨུ་ཐུག་པའི་ལས་ཤིག་མིན་འགྲོ་སྙམ་པ་བྱུང་།ཞེས་བཤད་འདུགདྲ་གྲོགས་དཔལ་བེའུ་ལགས་ཀྱིས་འདི་དང་འདི་འདྲ་བའི་སྐད་ཆ་མང་དུ་ཐལ་ཡོད་ཀྱང་ཡིག་ཚོགས་ལ་འཇིགས་ནས་འདི་ཙམ་ལས་མ་བཞག་པ་ཡིན།དེ་ཡང་དྲ་གྲོགས་དཔལ་བེའུ་ལགས།འདྲི་རྒྱུ་ཞིག་ལ།སུམ་རྟགས་དག་གསུམ་གྱི་རྨང་གཞི་མེད་ན་མཁས་པ་མིན་འགྲོ་བ་ཨེ་རེད།གལ་སྲིད་དེ་འདྲ་ཡིན་ན་སྟོན་པ་སངས་རྒྱས་ཀྱིས་ཀྱང་སུམ་རྟགས་དག་གསུམ་ཤེས་སྐད་མེད་པས་ཁོང་ཡང་མཁས་པ་ཡིན་རྒྱུ་མ་རེད་ལོ།ཡང་ན།སུམ་རྟགས་དག་གསུམ་གྱི་རྨང་གཞི་མེད་ན་མཁས་པ་མིན་འགྲོ་བ་ཡིན་ཚེ།སུམ་རྟགས་དག་གསུམ་གྱི་རྨང་གཞི་མེད་ཀྱང་རིག་ཚན་གཞན་ལ་རྨང་གཞི་ཡོད་པའི་སྐྱེས་བུ་དག་ཀྱང་མཁས་པ་མིན་འགྲོ་བ་ཨེ་རེད་དམ།ངས་བསམ་ན་དྲ་གྲོགས་ལགས་ཀྱིས་ཟིན་ཐོ་གཉེར་མཚམས་ཅུང་བསྐྱུར་ནས་མཁས་པའི་རྣམ་བཤད་དག་ལ་བལྟ་དགོས་འདུག་འདོད་དོ།།དེ་བཞིན་ཡི་གེ་མེད་ཚེ་རིག་གནས་བསམ་བློ་ཟེར་བ་ཞིག་གང་ནས་འབྱུང་ཞེས་པ་འདི་ཡང་ཤིན་ཏུ་དགོད་ཁ་གཏིང་ནས་སློང་བའི་གཏམ་ཞིག་ཏེ།སྐུ་ཉིད་ཀྱིས་སྔོན་ཡི་གེ་མེད་གོང་གི་མྱི་ལ་བསམ་བློ་མེད་དོ་ཞེས་དམ་བཅའ་ནུས་སམ།ཁྱོད་ཀྱིས་བོད་ཀྱི་མི་དམངས་ཡིག་རྨོངས་པ་རྣམས་ལ་བསམ་བློ་མེད་དོ་ཞེས་དམ་བཅའ་ནུས་སམ།འདི་ལ་ལན་ཐོབ་དང་དེ་ནས་འདིའི་སྐོར་བགྲོའོ།།འོ་རེད་ཡ།ཉིད་ལ་ཁ་གསལ་རྒྱུ་ཞིག་ལ།སྔོན་གྱི་མྱི་དང་ཡིག་རྨོངས་པ་སུ་ཡིན་ཡང་སྐད་ཆ་ཡོད་པ་རེད།དེ་ཡང་ཉིད་ཀྱི་ལུགས་བཞིན་བུམ་ཆུར་དཔེ་བཞག་ན།བསམ་བློའི་ཆུ་སྐྱོར་བྱེད་ཀྱི་སྐད་ཆའི་བུམ་པ་ཡོད་པ་རེད་ཟེར་བ་ཡིན།ཡི་གེ་ནི་སྐད་ཆའི་རྗེས་སུ་དར་བའི་སྐད་ཆའི་ཚབ་མཚོན་གྱི་གཟུགས་རིས་ཤིག་ཡིན་པ་རེད།ཧ་གོ་སོང་ངམ།

དྲ་གྲོགས་གཏེར་སྣང་བྱེད་ཟེར་བ་ན་རེ།འོད་ནག་གིས་བཤད་པ་ལྟར་ན་ཡིག་ནོར་རི་ལྟར་སྤུངས་བའི་མཁས་པ་ཡོད་པར་ཐལ།འདོད་ན།གསལ་བྱེད་ཤེས་པ་ཙམ་ནས་མཁས་པ་ཡིན་པར་ཐལ།ཡིག་ནོར་འབྲི་ཤེས་པའི་ཕྱིར།ཞེས་བཤད་འདུགརོགས་གཅེས་ལོ་ལོ།ངས་གང་ཞིག་ཏུ་ཡིག་ནོར་མང་བ་མཁས་པའི་རྟགས་སུ་འདོད་ལན་བཏབ་འདུགད་དུང་ཉིད་ལ་གསལ་བཤད་ཅིག་བྱེད་ལགས།ཡིག་ནོར་འབྲི་བའི་མྱི་ཡི་ནང་ན་རིག་ཚན་གཞན་ལ་མཁས་པའི་མཁས་པ་ཡོད་ནི་རེད་ཟེར་བཞིན་ཡོད་དོ།།རོགས་གཅེས་ལོ་ལོ།གོ་སོང་ངམ།

དྲ་གྲོགས་གློག་འགྱུ་ཟེར་བ་ན་རེ།དེ་ལྟར་ན་ཁྱིམ་གྱི་གོ་རའི་འདབས་ན་ཕྱགས་མ་བཟུང་བའི་ཨ་ཡེ་རྒན་མོ་དག་ཀྱང་བསམ་བློ་བ་ཏག་ཏག་ཡིན་ཏེ།མ་གྱུར་སེམས་ཅན་གྱི་ཆེད་དུ་མ་ཎི་འདོན་པའི་བསམ་བློ་དེས་ཀྱང་མཚོན་ནོ།།སོགས་འབྲེལ་ཆགས་མིན་གྱི་སྐད་ཆ་མང་དུ་ཐལ་འདུག་མོད།རེ་རེ་ནས་ལན་སློག་ཁོམ་གཏན་ནས་མེད་ཀྱང་།གོང་གི་ཁོའི་སྐད་ཆ་འདི་ལ་བཤད་པར་བྱ་བ་འདི་ཡོད་དེ།ངས་ཡིག་ནོར་འབྲི་མཁན་ཁྲོད་དུ་མཁས་པ་དང་བསམ་བློ་ཅན་ཡོད་པ་རེད་ཅེས་བཤད་ཚེ།ཁྱོད་ཀྱིས་མཁས་པ་དང་བསམ་བློ་བ་ནི་འབྱུང་སླ་མོ་ཞིག་རེད་འདོད་དམ།མ་ཎི་ཁ་འདོན་བྱས་པ་ཙམ་གྱིས་བསམ་བློ་བ་རུ་ཁྱོད་རང་གིས་ཁས་ལེན་གྱིན་ཡོད་ན་མ་གཏོགས།ངས་ནི་གཏན་ནས་ཁས་ལེན་གྱིན་མེད།མ་ཟད་ཡི་གེ་དག་ཅན་ཞིག་འབྲི་ཐུབ་པས་ཀྱང་ངས་ནི་བསམ་བློ་བ་རུ་ཁས་ལེན་གྱིན་མེད།བསམ་བློ་བ་ལ་བསམ་བློ་དགོས་པ་རེད།དེ་ནི་ཡི་གེ་དག་མོ་འབྲི་ཤེས་མི་ཤེས་ཀྱིས་འཇོག་པ་གཏན་ནས་མ་རེད་དོ།།ཡང་ཁོ་ན་རེ།ཡིག་ནོར་ཤོར་ཀྱང་གནས་ལུགས་བརྩི་རྒྱུ་ཡོད་ན་གང་ཞིག་ལ་གནས་ལུགས་མེད་སོང་།འཇིག་རྟེན་ཡོངས་རྫོགས་གནས་ལུགས་ཀྱིས་གང་ཡོད་པས་ཕྱིར།ཧུ་ཧུ།ཁྱོད་ཀྱིས་ངས་ཅི་ཞིག་བཤད་ཀྱིན་པ་གཏན་ནས་གོ་མི་འདུག་ཨང་།ངས་གང་དུ་ཡང་ཡིག་ནོར་འབྲི་བ་ནི་གནས་ལུགས་སོ་ཟེར་མྱོང་མེད།རེད་དེ།ངས་ནི་ནུབ་བྱང་ཚང་གི་ཡིག་ནོར་གྱིས་ནུབ་བྱང་ཚང་གི་བསམ་བློར་དགག་པ་བརྒྱབས་ས་འགྲོ་ནི་མ་རེད་ཟེར་གི་ཡོད།གནས་ལུགས་འདི་ཉིད་རྩོད་བཞིན་ཡོད་།ད་དུང་མུ་མཐུད་ནས་རྩོད་ངེས་ཡིན།ཧ་གོ་སོང་ངམ།རོགས་གཅེས་ལོ་ལོ།

དྲ་གྲོགས་བོད་ཁྱི་ཟེར་བ་ན་རེ།ཡང་ཁྱོད་ཀྱིས་བསམ་བློ་བསམ་བློ་དང་ཡི་གེ་ཡི་གེ་རེད་ཟེར།འཇར་མན་གྱི་མཚན་ཉིད་སྨྲ་བའི་དབང་བོ་ཧེ་དྷི་ཀེར་གྱིས་མི་ནི་སྙན་ངག་གིས་དོན་གྱིས་གཞིས་ཆགས་པ་དང་།མིས་སྐད་ཆའི་ཁྲོད་ནས་འཚོ་བ་རོལ་ཡོད།སྐད་དང་ཡི་གེ་ནི་གཏན་གྱི་ཕ་ཡུལ་རེད་ཅེས་ལྟ་ཚུལ་བཏོན་ཡོད་ལ་བསམ་བློ་དང་སྐད་ཡིག་གཉིས་ལོགས་སུ་བཀར་མི་རུང་བའི་སྒྲུབ་བྱེད་ལ༼སྐད་ཡིག་དང་འཚོ་གནས༽ཞེས་པའི་དེབ་ཤོག་གྲངས་སྟོང་ལ་ཉེ་བ་ཞིག་བརྩམས་ཡོད་པས་དེར་གཟིགས་པར་འཚལ།ཞེས་བཤད་འདུགདྲ་གྲོགས་བོད་ཁྱི་ལགས།ཚན་ཉིད་སྨྲ་བའི་དབང་བོ་ཧེ་དྷི་ཀེར་ཟེར་བས་ལོག་བཤད་བྱས་པ་རེད་དམ།ཁྱོད་ཀྱིས་ཁོང་གི་སྐད་ཆ་བཤད་མ་ཤེས་པར་ལོག་བཤད་བྱས་སོང་བ་རེད།གང་ལྟར་ལྟ་ཚུལ་འདི་ལ་ང་དེ་ཙམ་འཐད་པ་མི་འདུགརྒྱུ་མཚན།མིས་སྐད་ཆའི་ཁྲོད་ནས་འཚོ་བ་རོལ་ཡོད་ཅེས་པ་ཤིན་ཏུ་བདེན་མོད།ད་དུང་དོགས་པ་ཞིག་ཡོད་པ་ནི།མིའི་འཚོ་བ་དང་སྐད་ཆ་གཉིས་ངོ་བོ་དབྱེར་མེད་ཡིན་ནམ་དང་སྐད་ཆ་མ་ཡིན་པའི་འཚོ་བ་ཡང་མྱི་ལ་མི་འདུག་གམ་སོགས་ཡིན།དཔེ་ཞིག་བཞག་ན་འཁྲིག་སྤྱོད་ཀྱི་བདེ་བའི་འཚོ་བ་དེ་སྐད་ཆའི་འཚོ་བ་ཡིན་ནམ།ཡང་ན་ཟ་མ་ཟ་བཞིན་པའི་འཚོ་བ་དེ་སྐད་ཆའི་འཚོ་བ་ཡིན་ནམ།འདི་དག་ལ་ལན་ཐོབ་དང་ཡུན་གྱིས་བགྲོ་ཆོག་ལགས།

ད་དུང་།མིས་སྐད་ཆའི་ཁྲོད་ནས་འཚོ་བ་རོལ་ཡོད།སྐད་དང་ཡི་གེ་ནི་གཏན་གྱི་ཕ་ཡུལ་རེད་ཅེས་པ་འདི་ལ།བཤད་པར་བྱ་བ་འདི་ཡོད་དེ།མྱིས་སྐད་ཆའི་ཁྲོད་ན་འཚོ་བ་རོལ་གྱིན་ཡོད་ན།གཏན་གྱི་ཕ་ཡུལ་དུ་སྐད་ཆ་འཇོག་པ་ལས་སྐད་དང་ཡི་གེ་གཉིས་འཇོག་དགོས་ཨེ་འདུགགློ་བུར་དུ་སྐད་ཆའི་ཟུར་ལ་ཡི་གེ་ཞིག་ཐོན་བཞག་པ་འདི།ཧེ་དྷི་ཀེར་གྱི་ལོག་བཤད་ཡིན་ནམ་བོད་ཁྱི་ལགས་ཀྱིས་མཁས་པའི་ལེགས་བཤད་འདྲེན་མ་ཤེས་པར་ལོག་བཤད་བྱས་བཞག་པ་ཡིན།གལ་སྲིད་ཧེ་དྷི་ཀེར་ཟེར་བ་ཞིག་གིས་ཀྱང་དེ་སྐད་དུ་བཤད་ཡོད་ན།ཁྱོད་ཚོ་ཚང་མར་བཤད་རྒྱུའི་སྐད་ཆ་གཉིས་ཡོད།གཅིག་སྐད་ཆ་བྱུང་ནས་ཡུན་རིང་གི་རྗེས་སུ་ད་གཟོད་ཡི་གེ་བྱུང་བ་རེད།བར་འདི་ན་འགལ་བ་ཞིག་མེད་དམ་ཟེར་གི་ཡིན།གཉིས་ཡི་གེ་མེད་གོང་གི་མྱིས་འཚོ་བ་རོལ་མ་མྱོང་བ་ཨེ་རེད་ཅེས་པ་འདི་ཡིན།འདི་ལ་ལན་ཐོབ་དང་ཡུན་གྱིས་བགྲོ་ཆོག་ལགས།

དེ་མིན།དངོས་མིང་གསལ་མིན་གྱི་དྲ་གྲོགས་གང་མང་ཞིག་གིས་བསམ་བློ་དང་ཡི་གེ་གཉིས་གཞི་གཅིག་ཏུ་འཁྲུལ་ནས་དགོད་བྲོ་བའི་སྐད་ཆ་གོང་གི་འདི་དག་དང་འདྲ་བ་མང་དུ་བཤད་འདུག་མོད།རེ་རེ་བྱས་ཏེ་གསེད་བཀྲོལ་བྱ་ཁོམ་མ་བྱུང་བས།གཅིག་ཤེས་ཀུན་གྲོལ་བྱ་རོགས།དེ་མིན་དྲ་གྲོགས་བོད་ཁྱི་ལགས་གཙོ་བྱས་དྲ་གྲོགས་རྣམས་ཀྱི་སྐད་ཆ་ལ་ལ་ཤིན་ཏུ་བདེན་ལ།ཨ་ཕོ་འོད་ནག་ལ་བློ་སྐྱེད་ཀྱང་མང་དུ་བྱིན་སོང་།དེ་ཡི་ཐད་ནས་ཁ་མིན་དོན་གྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

                          

བསམ་བློ་དང་སྐད་ཡིག་གི་འབྲེལ་བ་ནི་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་རེད།ཡང་ན་སྐད་ཡིག་ནི་བསམ་བློའི་ཕྱི་ཤུན་ལས་ནང་སྙིང་མ་རེད་ལ།སྐད་ཆ་དང་ཡི་གེ་ཡང་ཁ་ཁ་སོ་སོ་གཉིས་རེད།ཡི་གེ་མེད་གོང་ནས་སྐད་ཆ་ཡོད་པ་རེད།ཡི་གེ་ནི་སྐད་ཆའི་རྗེས་ནས་བྱུང་བའི་སྐད་ཆ་མཚོན་པའི་གཟུགས་རིས་ཤིག་རེད།དེ་བས་ཡི་གེ་མེད་གོང་ནས་རླབས་ཆེ་བའི་བསམ་བློ་བ་མང་དུ་བྱོན་ཐུབ་སོང་བ་རེད།མྱི་ཡི་སྐད་ཆའི་འཚོ་བ་ཡང་ཡོད་སོང་བ་རེད།དེ་བཞིན་གནའ་དེང་གང་ལ་མཚོན་ན་ཡང་།ཡི་གེ་མི་ཤེས་ན་མཁས་པ་མིན་པ་དང་ཡིག་ནོར་མང་བའི་རྩོམ་ནི་བསམ་བློའི་ནང་བཅུད་ཀྱིས་ཀྱང་སྟོང་པའི་ལྟ་ཚུལ་འཛིན་པ་ནི་ཤིན་ཏུ་ནོར་སོང་བ་རེད།དེ་ནི་ཕྱི་ཤུན་ཡི་གེ་ནོར་བ་ལས་ནང་སྙིང་བསམ་བློ་ནོར་བ་མ་རེད།འདི་ཡི་ཧ་མི་གོ་ན།ཕྱི་ཤུན་ཡི་གེ་ལ་དག་ཆ་འགྲིག་འདུག་ཡོད་ཀྱང་ནང་སྙིང་བསམ་བློ་གཏན་ནས་འགྲིག་མེད་པའི་དཔེ་སྙིགས་མང་དུ་ཡོད་པ་ལྟ་བུ་རེད།ཡང་ན།དབྱིན་ཡིག་སྟེང་གི་བསམ་བློའི་བརྩམས་ཆོས་སོགས།བོད་ཡིག་གི་སྟེང་དུ་བསྒྱུར་བཞག་ན།དབྱིན་ཇུའི་ཡི་གེ་དག་བོད་ཡིག་གི་སྟེང་ན་རབ་ཐར་རེ་མེད་ཀྱང་བསམ་བློ་བོད་ཡིག་གི་ནང་དུ་བརྗིད་ཏིག་གེར་ཡོད་པ་དེ་འདྲ་ལ་ཟེར་བཞིན་ཡོད།དེ་བས་ཡིག་ནོར་ཤོར་བ་ཙམ་གྱིས་ཡིག་ནོར་ནང་གི་བསམ་བློ་དང་སྒྱུ་རྩལ་སོགས་ཀྱང་ནོར་སོང་འདོད་ན།དེ་ཡང་ནོར་འཁྲུལ་རིགས་ཤིག་རེད།དེའི་ཕྱིར་ཡིག་ནོར་ནི་ཡིག་ནོར་དུ་སོམས་ལ་སུན་འབྱིན་བྱོས་དང་ཆོག་ནི་རེད།ཡིག་ནོར་ནི་ཡིག་ནོར་དུ་ཤེས་ནས་གཟབ་གཟབ་བྱ་དང་ཆོག་ནི་རེད།ང་ཡི་སྙིང་ཉེ་བའི་རྩོད་གྲོགས་རྣམ་པ་ལགས།ཨ་ཕོ་འོད་ནག་ལ་དངོས་ལན་སློག་འདོད་ན་འདི་དག་གི་ཐད་ནས།མ་འཆུག་མ་ནོར་ཞུ་བཞིན་ཡོད།ཧ་གོ་སོང་ངམ།

                           

    དྲ་གྲོགས་དཔལ་བེའུ་ལགས་ཀྱིས།གྲོགས་འོད་ནག་ལགས་ཀྱིས་ཚམ་ཚོམ་ཅི་ཡང་མེད་པར་ཡི་གེའི་དག་ཆ་ཕར་ཟད་ཡི་གེ་ཟེར་བ་ཡང་མེད་གོང་ནས།བསམ་བློ་བ་མང་ཙམ་མྱི་ཡུལ་དུ་བྱོན་མྱོང་བ་རེད།དེ་དག་གི་ཁྲོད་དུ་སྟོན་པ་སངས་རྒྱས་ཀྱང་ཡོད་པ་རེད།ཅེས་སྟོན་པའི་དུས་སུ་ཡི་གེ་མེད་པར་དམ་བཅས་བ་ནི་ཅུང་སྔ་སོང་བ་མ་ཡིན་གྲང་།ཞེས་སྟོན་པའི་སྐབས་སུ་ཡི་གེ་ཡོད་སྐོར་གྱི་ལུང་མང་དུ་གསུངས་འདུག་པ་དེས་ང་རང་གྲགས་མེད་དུ་བཏང་སོང་།དངོས་གནས་ཉིད་ཀྱིས་གསུངས་པ་ལྟར།ངས་སྟོན་པའི་དུས་སྐབས་སུ་ཡི་གེ་མེད་ཅེས་དམ་བཅས་བཞག་ཡོད་པ་ནི་སྔ་དྲག་སོང་བ་ཉིད་དོ།།ཨ་ཕོ་འོད་ནག་གིས་རང་ནོར་སོང་བ་ཁས་ལེན་བྱས་པ་ཡིན།འདི་ཡི་ཐད་ནས་སྐུ་ཉིད་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ།།རེད་དེ།སྟོན་པའི་དུས་སྐབས་ཡིན་ཡང་འདྲ།སྲོང་བཙན་སྒམ་པོའི་སྔོན་གྱི་དུས་སྐབས་ཡིན་ཡང་འདྲ།འདི་དག་སྐབས་ལ་ཡི་གེ་མེད་ཅེས་དམ་བཅའ་མི་ནུས་པ་བཞིན་དུ་ཡི་གེ་ཡོད་ཅེས་དམ་བཅའ་རྒྱུ་ཡང་ཁག་པོ་རེད།ད་སྔོན་སུས་ཀྱང་ཡི་གེ་ཡོད་མེད་གསལ་གསལ་དག་དག་ཅིག་ཐག་བཅད་ཡོད་པ་མ་རེད།ད་ལྟ་ད་དུང་ཞིབ་འཇུག་བྱ་བཞིན་ཡོད་པ་རེད།

ད་དུང་བཤད་རྒྱུ་ཞིག་ལ།ལུང་ཙམ་ལ་བརྟེན་པ་ཡིན་ན།འདི་གཉིས་སྐབས་ལ་ཡི་གེ་མེད་སྐོར་གྱི་མཁས་པའི་ལུང་ཡང་མང་དུ་འདུགཡིན་ཡང་།ལུང་ཙམ་ལ་བལྟ་རྒྱུ་དེ་ཙམ་ཡོད་པ་མ་རེད།རེད་དེ།ཉིད་ཀྱི་ལུང་དེ་དག་དངོས་གནས་བཙན་པོ་རང་དུ་འདུག་པས།འདི་ཡི་ཐད་ནས་ཉིད་ལ་ཁོ་བོས་བདེན་ཁ་མང་ཙམ་ཤོར་སོང་།དེ་ཡང་དོན་གྱིས་བྱ་དགོས་འདུགདེ་བས་འདི་ཡི་ཐད་ནས་ང་རང་ཕམ་སོང་།དྲ་གྲོགས་དཔལ་བེའུ་ལགས་ལ་རྒྱལ་ཁ་མང་ཙམ་ཐོབ་འདུགགུས་པོ་འོད་ནག་གིས་ཉིད་ཀྱིས་རྒྱལ་ཁ་བླངས་པར་རྟེན་འབྲེལ་ཞུ།ཁ་མིན་དོན་གྱིས་རང་གཞན་གཉིས་ཀྱི་དོན་ལ་རྟེན་འབྲེལ་ཡང་ཡང་ཞུ།

དེ་མིན་ད་དུང་བཤད་རྒྱུ་ཞིག་ཡོད་པ་ནི།སྟོན་པའི་དུས་སྐབས་སུ་ཡི་གེ་ཡོད་ཀྱང་མེད་ཀྱང་།གང་ལྟར་སྟོན་པ་སངས་རྒྱས་མཆོག་གིས་ཡི་གེའི་དག་ཆ་ཡོད་མེད་ལ་མ་བརྟེན་པར།མྱི་ཡུལ་ལ་ཆོས་འཁོར་རིམ་པ་གསུམ་བསྐོར་ནས་ཕེབས་སོང་སྐད།འདི་ཡིས་ཀྱང་ཡི་གེ་ནི་ཡི་གེ་དང་བསམ་བློ་ནི་བསམ་བློ་ཡིན་པ་སྟོན་ནོ།།གནད་ལ་དཔྱོད་པའི་བློ་མིག་ཡོད་ན།

དེ་བཞིན།ཏུན་ཧོང་གཏེར་ཡིག་ད་ལྟའི་བརྡ་སྤྲོད་ཀྱི་ཚད་ཤིང་གིས་བཞལ་ན།ཡིག་ནོར་ཡིན།དེ་མིན་ཟེར་ན་སྣོག་རེད།དེ་བཞིན་ཁྱོད་ཀྱི་ད་ལྟའི་བོད་ཡིག་གི་ཡོན་ཚོད་ཁོ་ན་ཡིས་ཏུན་ཧོང་གཏེར་ཡིག་ལ་ལྟོས་དང་ཉུང་ཙམ་ཞིག་ལས་གང་ཡང་མི་གོདེ་ནི་ཏུན་ཧོང་གཏེར་ཡིག་གི་སྐྱོན་རེད་ཟེར་བ་མིན།ཁྱོད་དང་ཁྱོད་ཀྱི་བརྡ་སྤྲོད་དང་ཏུན་ཧོང་གཏེར་ཡིག་བར་ལ་བརྡ་རྟགས་མ་ཡོད་པ་རེད།དུས་རབས་ཀྱི་འགྱུར་བ་དང་ཡི་གེ་ཡིས་དོན་འཚོན་ལུགས་སོགས་མ་འདྲ་བས་རེད།དེ་བཞིན་དུ་ད་ལྟའི་བྲིས་རྩོམ་ལ་ལ་ཞིག་ན།མིང་ཚིག་གསར་བ་དཔྱོད་ཤེས་ཟེར་བ་ལྟ་བུ་དང་ཤེར་རྟོགས་ཟེར་བ་ལྟ་བུ།དེ་བཞིན་སྙན་ངག་ལ་ལ་ན།མིང་ཚིག་གསར་བ་ཟླ་བ་ལྗང་ཁུ་ཟེར་བ་ལྟ་བུ་དང་གངས་རི་ནག་པོ་ཟེར་བ་ལྟ་བུ་སོགས་མང་དུ་ཡོད་པ་ནི།ཁྱོད་ཚོ་དང་ཁྱོད་ཚོའི་བརྡ་སྤྲོད་དང་འདི་དག་གི་བར་ན་གནས་སྐབས་སུ་བརྡ་རྟགས་མ་ཡོད་པ་ཙམ་ལས།གོང་གི་འདི་དག་གཞི་དང་གཏན་དུ་ནོར་སོང་བ་མ་རེད་ཟེར་བཞིན་ཡོད།ཨ་ཕོ་འོད་ནག་ལ་དངོས་ལན་སློག་འདོད་ན་འདི་དག་ལ་ལན་འདེབ་རྒྱུ་མ་བོར་མ་འཆུག་ཟེར་བཞིན་ཡོད།ཧ་གོ་སོང་ངམ།སྙིང་ཉེ་བའི་སྤུན་ཟླ་རྣམ་པ་ལགས།

                               

2011.10.18

 

ཟུར་ཞུ།དུས་ཚོད་ཀྱི་དབང་གིས་འདི་ཙམ་ལས་འབྲི་ཁོམ་མ་ཡོད་ཐལ།བྲིས་ཡོད་པ་འདི་དག་ཁོམ་སྐབས་ཤིག་སྤྱད་ནས་ཐད་ཀར་བྲིས་ཏེ་སྤེལ་བ་ཡིན་པས་ཡིག་ནོར་ཡོད་ཀྱང་ཐང་།ཡིག་ནོར་ཤོད་དང་བཅའ་ནི་རེད།དེ་མིན་ད་ལྟ་ང་རང་ཁོམ་བཞིན་མེད་པའི་སྐབས་ཤིག་ལ་ཁེལ་ཡོད་པས།དགག་ལན་གནད་ལ་ཕོག་པ་རེ་མ་ཐོན་བར་དུ་ཁ་གྲགས་ཀི་མིན།རྒྱུ་མཚན་བསྐྱར་བཤད་ཡང་བཤད་བྱ་རྒྱུ་དཀའ་ཀིཡང་ན་ཁོམ་གི་མེད་པས་སུན་གི

guang | རྩོམ་ཡོངས་ཀློག་པ།(1629) | ལན་སློག(25)
དགེ་བཅུའི་ཁྲིམས་ལས་འཕྲོས་ཏེ་ནད་རོ་ཁག་ཅིག་གཏར་བ།
2011-10-19 10:50:00

དགེ་བཅུའི་ཁྲིམས་ལས་འཕྲོས་ཏེ་ནད་རོ་ཁག་ཅིག་གཏར་བ།

                

དགེ་བཅུའི་ཁྲིམས་ཞེས་པ་དེ།སངས་རྒྱས་ཆོས་ལུགས་པའི་དགེ་བ་བཅུ་དང་མི་དགེ་བ་བཅུ་ལ་འབྲེལ་བ་དམ་ཟབ་ཡོད་ཀྱང་དེ་ཀ་ཉིད་མིན།དགེ་བཅུའི་ཁྲིམས་ཞེས་པ་བོད་ཀྱི་གནའ་བོའི་མི་ཆོས་གཙང་མ་བཅུ་དྲུག་དང་འབྲེལ་བ་དམ་ཟབ་ཡོད་ཀྱང་དེ་ཀ་ཉིད་ཀྱང་མིན།དེ་ན་དགེ་བཅུའི་ཁྲིམས་ཞེས་པ་ནི་ཅི་ཞིག་རེད་ཟེར་ན།དེ་ནི་ལོ་ངོ་བཞི་ལྔ་ཞིག་གི་སྔོན་དུ་ཁམས་ཕྱོགས་ཀྱི་མཁན་སྤྲུལ་སྐོར་ཞིག་གིས།སངས་རྒྱས་ཆོས་དང་དད་ལྡན་མང་ཚོགས་ལ་ཕན་ཙམ་འབྱུང་བའི་རེ་བ་ཡིས་བསྒྲིགས་འཛུགས་བྱས་པའི་ཁྲིམས་ཤིག་རེད།ཁྲིམས་འདི་ཐོག་མར་འཛུགས་མཁན་གཙོ་བོ་དག་གི་ཀུན་སློང་ནི་སངས་རྒྱས་ཆོས་དང་དད་ལྡན་མང་ཚོགས་ལ་ཕན་སྒྲུབ་ཀྱི་ལྷག་བསམ་ཡོད་པར་ང་རང་ཡིད་ཆེས་ཡོད།ཡིན་ཡང་།བྱ་བ་གང་ཞིག་བསྒྲུབས་ཀྱང་ལྷག་བསམ་ཡོད་པ་ཙམ་གྱིས།བྱ་བ་དེའི་རྒྱུ་འབྲས་ཕན་དགེ་ཡིས་འཁོར་བའི་ངེས་པ་ཁྱོན་ནས་མེད་ལ།ཚད་ངེས་ཅན་ཞིག་ནས་བཤད་ན།ལྷག་བསམ་ནི་བྱ་བ་དེའི་རྒྱུ་འབྲས་ཆོས་ཉིད་འཁོར་ལུགས་དང་འབྲེལ་བ་དེ་ཙམ་མེད་པའི་དོན་དག་གཞན་ཞིག་རེད།

དགེ་བཅུའི་ཁྲིམས་ཞེས་པ་འདི་ཆོས་ཁྲིམས་ཁོ་ན་ཞིག་མིན་ལ་འཇིག་རྟེན་པའི་ཁྲིམས་ཁོ་ན་ཞིག་ཀྱང་མིན།དགེ་བཅུའི་ཁྲིམས་ནི་ཆོས་སྲིད་གཉིས་འདུས་ཀྱི་ཁྲིམས་ཤིག་ཡིན།ཡིན་ཡང་།ཁྲིམས་འདི་ཆོས་ལུགས་པས་གཙོ་སྒྲིག་བྱས་སྟབས།ཁྲིམས་འདིའི་ལྟ་བའི་དགོངས་པ་ཆོས་ལུགས་ཀྱིས་བྱས་ཡོད།དེ་བས་དགེ་བཅུའི་ཁྲིམས་སུ་འཇིག་རྟེན་པའི་དོན་དག་དང་འབྲེལ་བའི་ཁྲིམས་ཡོད་ཀྱང་།དེ་ཡང་ཆོས་ལུགས་པའི་མིག་ནང་གི་འཇིག་རྟེན་པ་ཞིག་ཏུ་གྱུར་འདུག་པས།སྐབས་འདིའི་འཇིག་རྟེན་པ་ཟེར་བ་ནི་མི་ཚུལ་རིང་ལུགས་ཀྱི་འཇིག་རྟེན་པ་དང་དེ་ཙམ་མི་འཕྲོད་པར།ཆོས་ལུགས་ཀྱིས་མག་མོག་ཏུ་བཏང་ཡོད་པའི་བོད་ཀྱི་འཇིག་རྟེན་པའི་ལྟ་དགོངས་དང་ཁ་འཕྲོད་པས།སྐབས་འདིའི་སྲིད་དམ་འཇིག་རྟེན་པའི་ཁྲིམས་ཟེར་བ་ནི་བོད་ཀྱི་འཇིག་རྟེན་པའི་ཁྲིམས་སུ་གོ་དགོས།

དེ་བཞིན་བཤད་མ་ཐག་ལྟར།དགེ་བཅུའི་ཁྲིམས་ནི་ཆོས་ལུགས་པས་བཟོས་ཤིང་གཏན་འབེབས་བྱས་པ་དང་།ཆོས་ལུགས་དང་འབྲེལ་བ་དམ་ཟབ་ཡོད་ཀྱང་།དགེ་བཅུའི་ཁྲིམས་ལས་སྲོག་མི་གཅོད་པའི་ཁྲིམས་མ་གཏོགས་གཞན་དག་མང་ཕྱོགས་སངས་རྒྱས་ཆོས་ལུགས་ཀྱི་ལྟ་དགོངས་དངོས་དང་བག་ཙམ་རིང་བ་ཞིག་ཡིན།དེ་བས་སྐབས་འདིའི་ཆོས་ཞེས་པ་ཡང་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་སངས་རྒྱས་ཆོས་ལུགས་ཀྱི་ཕྱི་ཤུན་རབ་རིབ་ཞིག་དར་ཡོད་པ་དེ་ཙམ་པོ་ལ་གོ་བས་ཆོག་གོ།

དགེ་བཅུའི་ཁྲིམས་ནི་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་སོགས་ཀྱི་དམངས་ཚོགས་ལ་ཉེ་བར་བཅར་བའི་ཆོས་ཀྱི་སློབ་སྟོན་ལས་མྱུ་གུ་འབས་ཤིང་།གཉིས་སྟོང་བདུན་གྱི་ལོ་ཙམ་ལ་གསེར་རྟ་བླ་རུང་སྒར་གྱིས་དགེ་བཅུའི་ལུགས་སྲོལ་དུ་གཏན་འབབ་གནང་བ་ཞིག་རེད།

གསེར་རྟ་བླ་རུང་སྒར་ནི་ཁམས་ཀྱི་ཆོས་སྲིད་གཉིས་ཀར་ཤུགས་རྐྱེན་ངེས་ཅན་ཡོད་པའི་རིག་གནས་ཀྱི་སྡེ་ཞིག་ཡིན་སྟབས།རིམ་བཞིན་ཁམས་ཀྱི་དགོན་པ་དང་ཚོ་བ་གང་མང་ཞིག་གིས་གསེར་རྟ་བླ་རུང་སྒར་གྱི་དགེ་བཅུའི་ལུགས་སྲོལ་གཞི་བྱས་ཏེ།རང་རང་གི་དགོན་པ་དང་ཚོ་བའི་ནང་དུ་དགེ་བཅུའི་ལུགས་སྲོལ་རྒྱུན་འཛིན་དར་སྤེལ་བཏང་བ་ཞིག་རེད།དེའི་ཁྲོད་དུ་གསེར་རྟ་བླ་རུང་སྒར་གྱི་དགེ་བཅུའི་ལུགས་སྲོལ་ལ་འཕྲི་སྣོན་སྣ་ཚོགས་བྱས་ཏེ།དགོན་པ་དང་ཚོ་བ་རང་རང་གིས་གསར་བཅོས་སོགས་བྱས་པའི་ཁྲིམས་ཀྱང་མང་དུ་ཡོད།ཁམས་ཀྱི་གྲོགས་པོ་དག་གིས་བཤད་ན།ཁམས་ཀྱི་དགོན་པ་དང་མཁན་སྤྲུལ་སོ་སོའི་རང་རང་གི་འདོད་མོས་ལྟར་གཏན་འབེབས་བྱས་པའི་དགེ་བཅུའི་ཁྲིམས་སྣ་ཚོགས་དག་བསྡོམས་ན་ཁྲིམས་གཉིས་བརྒྱ་ལྷག་ཙམ་ཡོད་ཟེར།

དེའི་ཁྲོད་ན་ཤིན་ཏུ་དགོས་མེད་དུ་འདུག་པ།དཔེར་ན།ཤ་མོ་ཡང་འཐུས་མི་ཆོག་པའི་ཁྲིམས་ཡོད་པ་ལྟ་བུ།ཤིན་ཏུ་བློ་ལ་མི་འབབ་པ།དཔེར་ན།བསམ་བློ་གསར་བར་འབྲེལ་འདྲེས་གཏན་ནས་བྱས་མི་ཆོག་པའི་ཁྲིམས་ཡོད་པ་ལྟ་བུ།ཤིན་ཏུ་དད་ལྡན་དམངས་ཚོགས་ཀྱི་ཁུར་བོ་རུ་གྱུར་པ།དཔེར་ན།དགེ་བཅུའི་ཁྲིམས་ལྟར་བསྒྲུབས་ན་ཁྱིམ་ཚང་གསོ་དཀའ་བ་དང་།དགེ་བཅུའི་ཁྲིམས་དང་འགལ་ན་ཆད་པ་སྣ་ཚོགས་གཅོད་པ་ལྟ་བུ་སོགས།མདོར་ན་ཤིན་ཏུ་དགོས་མེད་དུ་གྱུར་བ་དང་མི་དམངས་མང་ཚོགས་ཀྱི་ཁུར་བོ་རུ་གྱུར་པ་མང་དུ་ཡོད་པ་རེད།

དེ་བཞིན་དགེ་བཅུའི་ཁྲིམས་སྤེལ་འཛུགས་བྱ་མཁན་དག་གི་ཁྲོད་དུ།དམིགས་ཡུལ་དང་ལྷག་བསམ་ཙམ་པོ་ཡང་མི་གཙང་བ་དེ།རང་གི་མངའ་ཐང་རྒྱ་སྐྱེད་དང་དད་ལྡན་དམངས་ཚོགས་དབང་བསྒྱུར་བྱ་འདུན་གྱིས་དགེ་བཅུའི་ཁྲིམས་ལག་ཆ་རུ་བཀོལ་མཁན་ཡང་མང་དུ་ཡོད་པ་རེད།ད་ལྟ་ཉིད་དུ་དེ་དག་སུ་སུ་ཡིན་པ་དང་བྱ་བ་དེ་འདྲ་ཅི་ལྟར་བསྒྲུབས་ལུགས་སོགས།ད་ལོའི་དཔྱིད་ཀར་བདག་གིས་དགེ་བཅུའི་ཁྲིམས་ལོག་སྤེལ་བྱ་མཁན་བསྟན་འཛིན་དར་རྒྱས་ཟེར་བར་མཚང་འབྱིན་དགག་སྒྲུབ་བྱས་པ་ལྟར།གཅིག་གཅིག་གཉིས་གཉིས་ཀྱིས་བཤད་དགོས་ཀྱང་ཤིན་ཏུ་སླ་མོ་རུ་ཡོད།ཡིན་ཡང་ད་རེབ་མཁན་སྤྲུལ་དག་གི་མྱི་སྒེར་གྱི་རྩིས་ཐང་དབང་བཙན་དུ་བཅུག་ནས་གནས་སྐབས་སུ་འདི་འདྲའི་བརྡ་ཙམ་བརྒྱགས་པ་ལས།དགོན་པ་དང་མཁན་སྤྲུལ་དེ་དག་རེ་རེ་བྱས་ཏེ་མཚང་འབྱིན་དགག་སྒྲུབ་མི་བྱེད་རྒྱུ་བྱ།།དེ་ཡང་ད་རེབ་ཙམ་ལས་མ་འོངས་པ་ན་ཡང་མཚང་འབྱིན་དགག་སྒྲུབ་མི་བཤད་ཟེར་བ་མིན།ཁྱོད་ཚོས་དགེ་བཅུའི་ཁྲིམས་ཟེར་བ་ལག་ཆ་རུ་བཀོལ་ནས་དད་ལྡན་དམངས་ཚོགས་ལ་ད་དུང་དབང་བསྒྱུར་བྱ་ན།ང་རང་ཕར་ཟད་དད་ལྡན་དམངས་ཚོགས་ཀྱི་ཁྲོད་དུ་ཡང་ངོ་རྒོལ་དང་མཚང་འབྱིན་བྱ་མཁན་མི་རིང་བར་འབྱུང་སྲིད་དེ།རྒྱུ་མཚན།གང་ན་སྒེར་གཅོད་ཡོད་ན་དེ་རུ་འོས་ལངས་ཡོད།

                             

དགེ་བཅུའི་ཁྲིམས་འདི་ཐོག་མའི་དུས་སྐབས་ཀྱི་དགེ་བཅུའི་ལུགས་སྲོལ་ཙམ་དུ་དར་བ་ཡིན་ན།ཁམས་པའི་སྤྱི་ཚོགས་སུ་དགེ་བཅུའི་ལུགས་སྲོལ་འདི་འདྲ་གཏན་ནས་དགོས་པ་མེད་དོ་ཡང་གུས་པོས་ཟེར་བར་མི་སྤོབས།རྒྱུ་མཚན།ཁམས་པའི་སྤྱི་ཚོགས་ནི་མི་རྒོད་ཀྱི་སྤྱི་ཚོགས་ཤིག་རེད་ལ།མི་རྒོད་ཀྱི་སྤྱི་ཚོགས་དེ་རུ་སྒེར་གཅོད་སྲིད་གཞུང་གི་ཁྲིམས་ཀྱིས་ཀྱང་འདུལ་དུ་མེད་པའི་ཇག་རྐུན་དང་།གནའ་བོའི་རོ་མ་རྒྱལ་ཁབ་ཀྱི་འཐབ་མོ་བ་དག་ལྟར་དུ་མྱི་གསོད་དམར་འཛང་བྱ་མཁན་ཡང་ཤིན་ཏུ་མང་བ་རེད།ཇག་རྐུན་དང་དམར་འཛང་གི་ལས་སོགས་ཤིན་ཏུ་དར་བས་མེ་མདའ་དང་གྲི་མཚོན་སོགས་ཀྱི་ཚོང་བྱ་མཁན་དང་།ལུས་ལ་མཚོན་ཆ་སྣ་ཚོགས་རྒྱན་ཆ་རུ་བཏགས་ནས་འགྲོ་མཁན་ཡང་ཤིན་ཏུ་མང་བ་རེད།དེ་དག་གནའ་ནས་ད་ལྟའི་བར་དུ་ཁམས་ཀྱི་མི་དམངས་མང་ཚོགས་ཀྱིས་ལུགས་སྲོལ་བཟང་བོ་ཞིག་ཏུ་བལྟས་ཡོད་པ་རེད།

ཡིན་ཡང་ཉེ་བའི་ཆར།མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་ཆོས་སྤེལ་བྱ་འགུལ་ཁྲོད་ནས་དེ་དག་གི་སྐོར་ལ།མཚང་འབྱིན་དགག་སྒྲུབ་བྱས་ཏེ་བསྒྱུར་བཅོས་བྱ་དགོས་རབས་ཀྱི་སློབ་སྟོན་གང་མང་གནང་ཞིང་གྲུབ་འབྲས་ཀྱང་ཆེན་པོ་ལོན་ཡོད་པ་རེད།ཐོག་མའི་དགེ་བཅུའི་ལུགས་སྲོལ་གྱི་ཁ་གཏད་ས་ཡང་མི་རྒོད་ཀྱི་ལུགས་སྲོལ་དེ་དག་རེད་པས།ཚད་ངེས་ཅན་ཞིག་ནས་བཤད་ན་དགེ་བཅུའི་ལུགས་སྲོལ་ནི་ཁམས་པའི་སྤྱི་ཚོགས་ཀྱི་དགོས་མཁོ་ཞིག་ཏུ་གྱུར་ཡོད།

ཡིན་ཡང་།ད་ལྟའི་དགེ་བཅུའི་ལུགས་སྲོལ་ནི་དགེ་བཅུའི་ཁྲིམས་སུ་འཕར་ཞིང་།ཁྲིམས་དེ་མཁན་སྤྲུལ་དག་དང་དགོན་སྡེ་དག་གི་མངའ་ཐང་རྒྱ་སྐྱེད་ཀྱི་ལག་ཆ་ཙམ་དང་མི་དམངས་མང་ཚོགས་ཀྱི་ཁུར་བོ་ཆེན་པོ་ཞིག་ཏུ་གྱུར་འདུགད་ལྟའི་དགེ་བཅུའི་ལུགས་སྲོལ་ནི་ཆོས་སྲིད་གཉིས་ཀར་མཐོང་རྒྱ་དོག་པའི་མཁན་སྤྲུལ་གང་མང་ཞིག་གིས།རང་རང་གི་འདོད་བློ་ཙམ་གྱིས་གཏན་འབེབ་སྣ་ཚོགས་བྱས་ཏེ་ཆོས་མིན་སྲིད་མིན་དག་ཉ་ཉོག་མཉམ་བསྲེས་ཀྱི་ལུགས་སྲོལ་ཞིག་ཏུ་གྱུར་འདུགད་ལྟའི་དགེ་བཅུའི་ལུགས་སྲོལ་ནི་རིག་གནས་གསར་བ་དང་དུས་རབས་གསར་བར་སྒོ་གཏན་ནས་རིག་གནས་རྙིང་བ་འཁྲེགས་འཛིན་དང་དུས་རབས་རྙིང་བར་ཕྱིར་ལྡོག་བྱ་བའི་ལས་སུ་སོང་འདུགད་ལྟའི་དགེ་བཅུའི་ལུགས་སྲོལ་ནི་མཁན་སྤྲུལ་སྐོར་ཞིག་གིས་དད་ལྡན་དམངས་ཚོགས་ལ་སྒེར་གཅོད་དང་འཇིགས་སྐུལ་སོགས་བྱ་སྐྱེད་ཀྱི་ལག་ཆ་སྟབས་བདེ་བོ་ཞིག་ཏུ་གྱུར་འདུགད་ལྟའི་དགེ་བཅུའི་ལུགས་སྲོལ་ནི་དགོན་པ་དང་མཁན་སྤྲུལ་དག་གི་ཆོས་སྲིད་གཉིས་ཀྱི་ཐད་ལ་བྱ་བ་སྒྲུབ་པ་སུ་བཟང་སུ་སྟོབས་ཀྱི་འགྲན་རྩོད་རང་བཞིན་དུ་སོང་ནས།ཆོས་ལུགས་པ་ཁོ་ཚོ་ཉེ་རིང་ཆགས་སྡང་གིས་སྨྱོ་ལ་ཁད་བྱ་ཡི་འདུག་ལ།དད་ལྡན་དམངས་ཚོགས་ནི་འགྲན་རྩོད་དེའི་ལག་ཆ་ཙམ་དུ་སོང་ནས་བར་གསེང་ན་སྡུག་གྱོང་མྱོང་བཞིན་ཡོད་པ་ཞིག་ཏུ་གྱུར་འདུག

འདི་དང་འདི་ལ་སོགས་ཀྱི་དབང་གིས་ད་ལྟའི་དགེ་བཅུའི་ལུགས་སྲོལ་ནི་ལུགས་སྲོལ་བཟང་བོ་ཞིག་ཁྱོན་ནས་མིན་པར་ཁྲིམས་ཤིག་རེད།ཁྲིམས་དེ་ཡང་རང་དབང་དང་འདྲ་མཉམ།དམངས་གཙོ་སོགས་དང་རྒྱབ་ཀྱིས་ཕྱོགས་པའི་སྒེར་གཅོད་ཀྱི་ཁྲིམས་ཤིག་རེད།ཁྲིམས་དེས་མི་དམངས་མང་ཚོགས་ལ་མངོན་ལྐོག་གཉིས་ནས་མནར་གཅོད་དང་འཇིགས་སྐུལ།སྒེར་གཅོད་དང་ཐུབ་ཚོད་སོགས་བྱ་ཡི་འདུག

                                   

དགེ་བཅུའི་ཁྲིམས་འཇོག་མཁན་དག་གི་ཁྲོད་དུ།དམངས་གཙོ་ཁ་རུ་ཁྱེར་མཁན་མང་དུ་ཡོད་པ་རེད།དགེ་བཅུའི་ཁྲིམས་ནི་དམངས་གཙོ་ཡིས་གཏན་འབེབ་དང་དད་ལྡན་མང་ཚོགས་ཁྲོད་དུ་དམངས་གཙོ་ཡིས་དར་སྤེལ་བྱ་བཞིན་ཡོད་རབས་སོགས་ཟེར་བཞིན་ཡོད་པ་རེད།

དམངས་གཙོ་ནི་ལོ་རྒྱུས་རང་བཞིན་དང་རིག་གཞུང་རང་བཞིན་ཡོད་པའི་ལྟ་གྲུབ་ཞིག་དང་ལམ་ལུགས་ཤིག་རེད་པས།དམངས་གཙོ་ལ་ཆ་རྒྱུས་མེད་པའི་ལུང་བ་ཞིག་ནས།དམངས་གཙོ་མི་ཤེས་པའི་མགོ་གཙོ་འགའ་ཡིས་དམངས་གཙོ་མི་ཤེས་པའི་དད་ལྡ་དམངས་ཚོགས་ལ།གློ་བུར་དུ་དམངས་གཙོའི་ལམ་ལུགས་ཀྱིས་དགེ་བཅུའི་ཁྲིམས་དར་སྤེལ་གཏོང་བཞིན་ཡོད་ཟེར་ན།དངོས་གནས་དྲང་གནས་ཀྱིས་ཧ་མི་གོ་བའི་དོན་ཞིག་རེད།ཡང་ན་དོགས་པ་ཤིན་ཏུ་ཟ་དགོས་པའི་དོན་ཞིག་རེད།

རྒྱུ་མཚན།དགེ་བཅུའི་ཁྲིམས་ནི་ཐོག་མར་མི་དམངས་མང་ཚོགས་ཀྱིས་གཙོ་བྱས་ཏེ་བཙུགས་པ་ཞིག་ཡིན་ནམ།མཁན་སྤྲུལ་ཁག་ཅིག་འདུས་ཏེ་གྲོས་བསྡུར་གྱིས་གཏན་འབེབ་བྱས་པ་ཞིག་ཡིན།གལ་སྲིད་མཁན་སྤྲུལ་ཁག་ཅིག་འདུས་ནས་གཏན་འབེབ་བྱས་པ་ཞིག་ཡིན་ན།སྐབས་འདིའི་དམངས་གཙོའི་རྩ་བ་ཡིན་པའི་དམངས་ཞེས་པ་སུ་སུ་ལ་བདག་དགོས་པ་ཡིན།དགེ་བཅུའི་ཁྲིམས་ཀྱི་མགོ་གཙོ་ཁྱོད་ཚོ་ལ་བདག་དགོས་པ་ཡིན་ནམ།

ད་དུང་།བླ་མའི་ཅི་གསུང་ཆོས་དང་འཛུབ་མོས་གར་བསྟན་ཤར་དུ་ལྟ་བའི་དད་ལྡན་མང་ཚོགས་ཀྱི་ཁྲོད་ན་མྱི་སྒེར་གྱི་རྩིས་ཐང་དང་ཁེ་དབང་སོགས་རྨང་ནས་བླ་རུ་བཀུར་ཏེ།རང་གི་བླ་མའི་གདོང་ལ་བལྟས་ཏེ་ཁྱོད་ཀྱི་དགེ་བཅུའི་ཁྲིམས་ལ་ང་གཏན་ནས་མི་འཐད་ཟེར་ཕོད་མཁན་ག་ཙམ་ཡོད་དམ།གལ་སྲིད་དེ་འདྲའི་སྐད་ཆ་བཤད་ཕོད་མཁན་རེ་གཉིས་ཙམ་ཡོད་ཀྱང་སྲིད་མོད།དགེ་བཅུའི་ཁྲིམས་ཀྱི་མགོ་གཙོ་དག་གིས་ཁོའི་སྐད་ཆར་ཀུ་ཡངས་དང་སྲུང་སྐྱོང་བྱ་མྱོང་ངམ་དང་བྱ་སྲིད་དམ།ཁོ་ལ་བསྟན་བཤིག་དང་བདུད་འདྲེ་སོགས་ཀྱི་མིང་གིས་མི་སྙད་པ་ཞིག་ཡིན་ནམ།དགེ་བཅུའི་ཁྲིམས་དང་འགལ་བའི་ཉེས་ཆད་དུ།དགོན་པ་དང་ཚོ་བ་གཉིས་ཀྱིས་རྒྱང་འཕུད་བྱས་འགྲོ་བའི་གནས་ཚུལ་སྡུག་པོ་མི་བྱུང་བ་ཞིག་ཡིན་ནམ།དྲི་བ་འདི་དག་ལ་ལན་གསལ་བོ་ཞིག་ཐོབ་དང་ད་གཟོད་དམངས་གཙོ་དོན་གནས་ཤིག་འབྱུང་གི་ཡོད་མེད་ང་ཚོས་གསལ་བོར་ཤེས་ཡོང་བ་རེད།

                                   

དགེ་བཅུའི་ཁྲིམས་ནི་བསྟན་འགྲོའི་ཆེད་དུ་བཙུགས་ཤིང་བསྟན་འགྲོའི་ཆེད་དུ་སྤེལ་བཞིན་ཡོད་པ་ཞིག་ཡིན་ཟེར།དགེ་བཅུའི་ཁྲིམས་སྤེལ་མཁན་གྱི་ཁྲོད་དུ་དེ་འདྲའི་ལྷག་བསམ་ཅན་ཡོད་པ་ལ།ང་རང་ཏན་ཏན་ཡིད་ཆེས་ཡོད།ཡིན་ཡང་ཁྱོད་ཚོར་ལྷག་བསམ་ཡོད་པ་དང་ང་ཚོར་ཡིད་ཆེས་ཡོད་པ་ཙམ་གྱིས་བསྟན་འགྲོའི་དོན་འགྲུབ་བ་ཞིག་ཁྱོན་ནས་མིན་པ་གོང་དུ་བཤད་ཟིན་ལྟར་རེད།

དེ་ཡང་སངས་རྒྱས་ཆོས་ལུགས་ནི་རིག་གནས་ཤིག་རེད།རིག་གནས་ཤིག་གི་ངོས་ནས་རྒྱུན་འཛིན་དང་དར་སྤེལ་བྱས་ན།གཞུང་དང་སྒེར་སུ་ཡིས་ཀྱང་གཏན་འགོག་བྱེད་པའི་ཐོབ་ཐང་ཡོད་པ་མ་རེད།གལ་སྲིད་དེ་ཙམ་ཡང་བྱ་རུ་མི་འཇུག་མཁན་ཡོད་ན།དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་བདག་དབང་ལ་རྡོག་རྗིས་བཏང་པ་ཞིག་རེད་པས།ང་ཚོས་དེ་ལ་ངོ་རྒོལ་བྱ་ཆོག་པ་རེད།ངོ་རྒོལ་བྱ་འོས་པ་ཞིག་ཀྱང་རེད།

དེ་བཞིན་ཆོས་ལུགས་པ་དག་གིས་ཀྱང་།མྱི་སྒེར་གཞན་གྱི་ལངས་ཕྱོགས་དང་རིག་གནས་གཞན་གྱི་བདག་དབང་ལ་ཡང་བརྩི་བཀུར་གྱིས་རིག་གནས་མཉམ་གནས་ཀྱི་ཁོར་ཡུག་བསྐྲུན་དགོས་པ་ཞིག་རེད།དེ་འདྲ་མ་ཡིན་པར།ཆོས་ལུགས་པ་དག་གིས་སངས་རྒྱས་ཆོས་ལུགས་གང་རིག་གནས་ཤིག་གི་ངོས་ནས་རྒྱུན་འཛིན་དང་དར་སྤེལ་མི་གཏོང་བར།ཆབ་སྲིད་ཅིག་ཏུ་བསྒྱུར་བ་དང་ཁྲིམས་ལུགས་ཤིག་ཏུ་དཀོལ་བ་སོགས་ཀྱིས།གཞན་གྱི་ལངས་ཕྱོགས་དང་བདག་དབང་ལ་བརྩི་བཀུར་མེད་པར་སྒེར་གཅོད་བྱ་བ་ཡིན་ན།ད་ལྟའི་དུས་རབས་ཀྱི་དགོངས་པ་དང་ཁྱོན་ནས་འཕྲོད་པ་ཞིག་མ་རེད་ལ།སངས་རྒྱས་ཆོས་ལུགས་ཀྱི་འཕེལ་ལམ་དེ་ཆོས་ལུགས་པ་རང་གིས་བཀག་པ་ཞིག་ཏུ་ཡང་འགྱུར་སྲིད་པ་རེད།

གལ་སྲིད་དེ་འདྲ་བྱུང་ན་ཁྱོད་ཚོས་བརྩོན་བཞིན་པའི་བསྟན་དོན་ལོག་ལམ་དུ་བུད་སོང་བ་ཞིག་རེད།གལ་སྲིད་བསྟན་དོན་ལོག་ལམ་དུ་སོང་ན།ཁྱོད་ཚོས་བརྩོན་བཞིན་པའི་འགྲོ་དོན་དེ་ཡང་ལོག་ལམ་དུ་བུད་འགྲོ་བ་ཞིག་རེད།རྒྱུ་མཚན།སངས་རྒྱས་ཆོས་ལུགས་ནི་སྒེར་གཅོད་ཀྱི་རིག་གནས་ཤིག་ཏུ་གྱུར།དེ་ལ་རང་དབང་དང་འདྲ་མཉམ།དམངས་གཙོའི་ལམ་ལུགས་སོགས་ལ་དགའ་བའི་མྱི་གང་མང་གིས་གཙོག་ཏུ་བལྟས་ཏེ་ངོ་རྒོལ་བྱས་ནས་ཉམས་པའི་གནས་སུ་ཐུག་ན།ད་གཟོད་ཁྱོད་ཚོའི་བརྩོན་ཞིང་བཤད་བཞིན་པའི་བསྟན་པའི་དོན་ཆེན་འགྲུབ་སོང་བ་ཡིན་ནམ།མྱི་གང་མང་གིས་སངས་རྒྱས་ཆོས་ལུགས་གཙོག་ཏུ་བལྟས་ཏེ་ལས་རྒྱུ་འབྲས་མར་ལ་གཡུགས་ཤིང་ཆོས་སྤོང་གི་ལས་སྣ་ཚོགས་ཀྱིས་ཕྱི་མ་ངན་འགྲོའི་རྒྱུ་སྣ་ཚོགས་བསགས་ན།ད་གཟོད་ཁྱོད་ཚོའི་བརྩོན་ཞིང་བཤད་བཞིན་པའི་འགྲོ་བའི་དོན་ཆེན་འགྲུབ་སོང་བ་ཡིན་ནམ།

                                   

དགེ་བཅུའི་ཁྲིམས་ཀྱི་ཉོག་རྫོབ་རབས་དང་རིབས་པའི་བར་གསེང་ནས་།བོད་ཀྱི་མཁན་སྤྲུལ་གང་མང་ཞིག་གི་སྐྱུག་བྲོ་བའི་ངོ་གདོང་ལྷང་ལ་བུད་པར་མ་ཟད།བོད་ཀྱི་འཇིག་རྟེན་པ་དག་གིས་རང་ས་བརྟན་པོ་ཞིག་ཟིན་མེད་པའི་ངོ་གདོང་སྐྱ་ཐང་ཐང་དེ་ཡང་ལྷང་ལ་བུད་སོང་།

སྤྱིར་དགེ་བཅུའི་ཁྲིམས་ནི་དགོན་པ་དང་མཁན་སྤྲུལ་ཁག་ཅིག་གིས་གཏན་འབེབས་གནང་བ་ཞིག་ལས།འཇིག་རྟེན་པ་དག་གིས་རང་གི་གནས་བབ་ལ་ཕན་པའི་ལྷད་དུ་བཅའ་ཁྲིམས་སུ་བཙུགས་པ་ཞིག་མ་རེད་པས།ཡང་ན་དགེ་བཅུའི་ཁྲིམས་ནི་ཆོས་སྲིད་གཉིས་ལས་ཆོས་ཀྱི་བྱ་བ་ཞིག་དང་སྐྱ་སེར་གཉིས་ལས་སེར་མོ་བའི་བྱ་བ་ཞིག་ཏུ་སོང་འདུག་པས།འཇིག་རྟེན་པ་དག་དགེ་བཅུའི་ཁྲིམས་ཀྱི་མངའ་འོག་ཏུ་འགྲོ་དགོས་དོན་དེ་ཙམ་མེད་ལ།གལ་སྲིད་དགེ་བཅུའི་ཁྲིམས་ལ་གནས་ན་ཡང་རང་གི་གནས་བབས་སོགས་ལ་བལྟོས་ཏེ་ལེགས་ཉེས་བླང་དོར་གྱི་དཔྱོད་པ་སྔོན་སོང་གིས་འཇུག་ན་ཤིན་ཏུ་འགྲིག་མོད།

བོད་ཁམས་པའི་འཇིག་རྟེན་པ་དག་དགེ་བཅུའི་ཁྲིམས་ཀྱི་མངའ་འོག་ཏུ་བླ་མའི་ཅི་གསུངས་ཆོས་དང་མཛུབ་མོས་གར་བསྟན་ཤར་དུ་བརློམས་ནས་བརྒྱུགས་སོང་བ་རེད།དགེ་བཅུའི་ཁྲིམས་ཀྱི་མགོ་གཙོ་ཆོས་དཔོན་དག་གིས་ཁ་གང་སར་སྐོར་ན་དེ་རུ་འཁོར་བའི་བྲན་གཡོག་ཁྱི་ཚོགས་ཤིག་ཏུ་གྱུར་སོང་བ་རེད།ཆོས་མིན་སྲིད་མིན་གྱི་ཉ་ཉོག་མཉམ་བསྲེས་བྱས་པའི་ལམ་ལུགས་དག་འཇིག་རྟེན་པའི་སྤྱི་ཚོགས་སུ་དར་ཡོངས་དུས།མཐུན་རྐྱེན་གྱི་ཚོང་རའི་སྒོ་ཆེན་འཇིག་རྟེན་པ་རང་ངོས་ནས་འབྱེད་སོང་བ་རེད།

འདི་ལས་བོད་ཀྱི་འཇིག་རྟེན་པའི་སྤྱི་ཚོགས་ལ་བལྟས་པ་ཡིན་ན།བོད་ཀྱི་འཇིག་རྟེན་པ་དག་ནི།བདག་དབང་གཞན་གྱི་འཕྲོག་བཞག་ཡོད་པའི་ཚོགས་པ་རང་ས་ཟིན་མེད་པ་ཞིག་རེད།ཡང་ན་ཆོས་ལུགས་ཀྱིས་ལམ་ཁྲིད་བྱ་བཞིན་པའི་ཚོགས་པ་རང་ཚུགས་མེད་པ་ཞིག་རེད།དེ་ཡང་གནད་ཇེ་གསལ་དུ་བཏང་ནས་བཤད་ན།བོད་ཀྱི་འཇིག་རྟེན་པའི་སྡེ་ལ་འཇིག་རྟེན་པའི་རིག་གནས་མི་འདུག་ཟེར་བ་ཡིན།ཆོས་ལུགས་རིག་གནས་ཀྱི་བཙན་འཛུལ་མདུན་ནས་རང་ཚུགས་ཅུང་ཙམ་ཡང་འཛིན་དུ་མེད་པར་དེའི་དབང་འོག་ཏུ་བུད་འགྲོ་བ་ནི།བོད་ཀྱི་འཇིག་རྟེན་པའི་སྡེ་ལ་འཇིག་རྟེན་པའི་རིག་གནས་གཞི་རྐང་ཚུགས་པ་ཞིག་གཏན་ནས་མེད་པའི་མངོན་སྟངས་འཁྲུལ་མེད་ཅིག་རེད།དེ་བས་ད་ལྟ་བོད་ཀྱི་འཇིག་རྟེན་པ་དག་ལ་དགོས་པ་ནི་མི་ཆོས་རིག་གནས་ཀྱི་བློ་འབྱེད་དང་སྙིང་སྟོབས་རེད།

                                         

དགེ་བཅུའི་ཁྲིམས་ཀྱི་ཉ་ཉོག་གི་སྣང་ཚུལ་དག་ལོ་ངོ་གསུམ་བཞི་ཞིག་གི་སྔོན་ནས་བཟུང་བྱུང་ཡོད་མོད།བོད་ཀྱི་ཤེས་ཡོན་པའི་སྡེ་ཡིས་ད་ལྟ་གསར་དུ་འདིའི་སྐོར་ཤེས་བཞིན་ཡོད་པ་རེད།སྐད་ཅོར་བརྒྱགས་རྒྱུར་དགའ་བའི་ཁོ་ཚོས་ཅིས་ཀྱང་སྐད་ཅིག་བརྒྱག་དགོས་བསམ་བཞིན་ཡོད་ཀྱང་།དགེ་བཅུའི་ཁྲིམས་ཀྱི་སྐོར་གསལ་གསལ་དག་དག་ཅིག་ད་ལྟ་ད་དུང་ཤེས་ཀྱིན་མེད་པས།ཅི་ཞིག་བཤད་དགོས་མ་ཤེས་ནས་ད་ལྟ་ད་དུང་ངག་ལྐུག་པར་ལུས་ཡོད་ཚོད་རེད།

འདི་ལས་བོད་ཀྱི་ཤེས་ཡོན་པའི་སྡེ་ཡིས་མི་དམངས་ཀྱི་སྐྱིད་སྡུག་དང་རིག་གནས་ཀྱི་དར་རྒུད།སྤྱི་ཚོགས་ཀྱི་གནད་དོན་སོགས་ལ་ཉམས་ཞིབ་ག་ཙམ་བྱ་བཞིན་ཡོད་པ་ལྷང་ལ་བུད་ཡོད་པ་རེད།སྤྱི་ཚོགས་ཀྱི་གནད་དོན་དག་གིས་ཁོ་ཚོ་བཙལ་ཏེ་གྲོང་ཁྱེར་དུ་མ་ཡོང་ན།ཁོ་ཚོས་སྤྱི་ཚོགས་ཀྱི་གནད་དོན་ཕར་ལ་བཙལ་ནས་འགྲོ་བཞིན་མེད་པ་མངོན་གསལ་གྱིས་ལྷང་ལ་བུད་ཡོད་པ་རེད།བོད་ཀྱི་ཤེས་ཡོན་པའི་སྡེ་ཡི་ཞན་ཆ་གཙོ་བོ་གཅིག་ནི་ཏག་ཏག་འདི་ཡང་ཡིན་རྒྱུ་རེད།

གལ་སྲིད་ཀློག་མཁན་དག་གིས་སྐད་ཆ་འདི་རློམ་མི་ཐུབ་ན།ལོ་ངོ་འགའ་ཡི་སྔོན་ནས་བཟུང་བོད་ཀྱི་ཤེས་ཡོན་པའི་སྡེ་ན།ལོ་ངོ་རེ་རེ་ཡི་རིག་གནས་སྣང་ཚུལ་དང་སྤྱི་ཚོགས་སྣང་ཚུལ་སོགས་དཔྱད་བརྗོད་ཀྱི་ལམ་ནས་ཟིན་ཐོ་རུ་འདེབས་བཞིན་ཡོད་པ་དག་ལ་ལྟོས་དང་གསལ་བོ་ཡིན།ཁོ་ཚོས་ཟིན་ཐོ་ཐར་ཐོར་འགའི་མིང་ལ།ཅིག་ཅིག་ལོའི་བོད་ཀྱི་རིག་གནས་སྣང་ཚུལ་དང་ཉིག་ཉིག་ལོའི་བོད་ཀྱི་སྤྱི་ཚོགས་སྣང་ཚུལ་སོགས་ཟེར་བཞིན་ཡོད་མོད།དེ་ནི་བོད་ཆོལ་ཁ་གསུམ་དང་བོད་མི་དམངས་དང་ཁ་ཐག་བག་ཙམ་རིང་བའི་ཁོ་ཚོ་དང་ཁོ་ཚོའི་ཉེ་འཁོར་ཞིག་ལ།བོད་ཀྱི་རིག་གནས་སྣང་ཚུལ་དང་བོད་ཀྱི་སྤྱི་ཚོགས་སྣང་ཚུལ་སོགས་རང་འདོད་ཀྱིས་བཏགས་པ་ཞིག་ལས་གང་ཡང་མིན།དེ་ཡང་ལོ་འདི་དག་གི་བྲིས་རྩོམ་དེ་རིགས་ཀྱི་ཁྲོད་དུ་དགེ་བཅུའི་ཁྲིམས་ཀྱི་སྐོར་ལ་དྲང་ལྡོག་གང་ནས་ཀྱང་ཟུར་ཙམ་ཡང་བཤད་མེད་པ་དེས་གསལ་བཤད་བྱེད་དོ།།

ད་དུང་ཤེས་ཡོན་པའི་སྡེ་ཡིས་དགེ་བཅུའི་ཁྲིམས་སྐོར་གསལ་གསལ་དག་དག་ཅིག་མ་ཤེས་པར་ངག་ལྐུག་ནས་ཡོད་པ།ཁ་སང་དེ་རིང་དྲ་སྟེང་ན་དགེ་བཅུའི་ཁྲིམས་སྐོར་གྱི་གསར་འགྱུར་ཁག་ཅིག་གིས།བོད་ཀྱི་སྤྱི་ཚོགས་སུ་གནད་དོན་བུད་འདུག་གནད་དོན་བུད་འདུག་དང་ཤེས་ཡོན་པའི་སྡེ་ལ་གནད་དོན་བསེད་དགྲོལ་བྱ་རོགས་གནད་དོན་གསེད་དགྲོལ་བྱ་རོགས་ཞེས་ཚ་འདྲི་དང་རེ་སྐུལ་བྱ་བཞིན་འདུག་མོད།བོད་ཀྱི་ཤེས་ཡོན་པ་དག་གིས་ཅི་ཞིག་བཤད་དགོས་མ་ཤེས་པར་ཡོད་པ་འདིས་བདེན་དཔང་བྱེད་དོ།།

ཡང་ཕྱོགས་གཞན་ཞིག་ནས་བཤད་ན།དགེ་བཅུའི་ཁྲིམས་ནི་ཆོལ་གསུམ་བོད་ཡུལ་ལས་གཙོ་བོ་ཁམས་ཕྱོགས་ཀྱི་སྤྱི་ཚོགས་སྣང་ཚུལ་ཞིག་རེད།དེ་བས་འདི་ལ་ཁམས་ཕྱོགས་ཀྱི་ཤེས་ཡོན་པའི་སྡེ་ཡིས་འགན་གཙོ་བོ་ཁུར་ན་འགྲིག་མོད།ཁམས་ཕྱོགས་ཀྱི་སེར་མོ་ཤེས་ཡོན་པའི་སྡེ་ནི་དགེ་བཅུའི་ཁྲིམས་མི་དམངས་མང་ཚོགས་ཀྱི་ཁུར་བོ་རུ་སྤེལ་མཁན་གྱི་གཙོ་བོ་རུ་གྱུར་འདུག་ལ།ད་དུང་ཁམས་ཕྱོགས་ལ་སྐྱ་བོ་ཤེས་ཡོན་པ་རེ་འགའ་ཡང་འདུག་མོད།དེ་དག་ནི་དགེ་བཅུའི་ཁྲིམས་ལ་ལྐོག་ནས་ཤབ་ཤུབ་ཀྱིས་སྡུག་དམོད་བྱ་མཁན་ཙམ་ལས།སྒེར་གཅོད་པ་དག་གི་གདོང་དུ་བུད་དེ་མི་དམངས་མང་ཚོགས་ཀྱི་སྐྱིད་སྡུག་གི་ཆེད་དུ་བདེན་པ་སྙིང་སྟོབས་ཀྱིས་བཤད་མཁན་ཡིན་མ་སོང་།

ཏག་ཏག་དབང་ཐོབ་དང་རྒྱུ་འབྱོར་སོགས་ཀྱི་རྒྱབ་དཔུང་གིས་སྟོང་བའི་གྲྭ་རྐྱང་དཀྱེས་མ་འགས།དགེ་བཅུའི་ཁྲིམས་ལ་མི་འཐུད་པའི་རྣམ་འགྱུར་ཙམ་སྔོན་ཞིག་ནས་བསྟན་མོད།སུ་དང་གང་གིས་ཀྱང་ཁོ་ཚོར་རྒྱབ་སྐྱོར་མ་བྱས་པས།ནུས་པ་གང་ཡང་མ་ཐོན་པར་ད་ལྟའི་གནས་ཚུལ་འདི་ལ་ཐུག་སོང་བ་རེད།

ཉིན་འགའི་སྔོན་དུ།དྲ་ཚིགས་དག་གི་གང་ཡིན་སར་སྤེལ་བཞིན་པའི་དགེ་བཅུའི་ཁྲིམས་སྐོར་གྱི་གསར་འགྱུར་དེ་བདེན་པ་ཡིན་འདུགཡིན་ཡང་།གསར་འགྱུར་དེའི་ཞོར་ལ་གསེར་རྟ་ནི་ཨ་མདོ་དང་ཁམས་པ་གང་ཡིན་ཞིག་བཤད་ཀྱིན་ཡོད་པ་དང་།མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ལ་ཚུལ་བློ་ཞེས་སྡུག་དམོད་བྱ་ཞོར་དགེ་བཅུའི་ཁྲིམས་ཀྱི་ནག་ཉེས་ཡོད་ཚད་ཁོང་ཁོ་ནའི་མགོ་རུ་འདེད་བཞིན་ཡོད་པ།ད་དུང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ནི་མི་རིགས་གཡོ་བཙོང་བྱ་མཁན་གྱི་གཏེ་བོ་ཞིག་ཡིན་འདྲ་སོགས་བཤད་བཞིན་ཡོད་པ་ནི།བསམ་བཞིན་དུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ལ་ཞྭ་མོ་སྐོན་བཞིན་མེད་དམ་སྙམ་པས།ཤིན་ཏུ་བློ་ལ་བབས་མ་སོང་།

མ་ཟད།ཚིག་གི་སྡེབ་དང་སྐད་ཆའི་དོན་ལ་བལྟས་ན།ལྐོག་ལྐོག་སུད་སུད་བྱ་མཁན་དེ་དག་སུ་ཞིག་ཡིན་པ་ཕལ་ཆེར་ཤེས་ཀིདགོས་མེད་ཀྱི་ཕྲག་དོག་དང་ལྐོག་གཡོའི་ངན་མཚང་རུལ་དྲི་ཐུལ་བ་དག་ད་ནི་དོང་སྤྲུག་བྱ་དགོས་འདུག་ཀྱང་།ནང་མིའི་དབྱེན་དཀྲུག་གི་རྐྱེན་དུ་མི་འགྱུར་བའི་ངེས་པ་མེད་སྟབས་གནས་སྐབས་སུ་བསྐྱུར་བཞག་པ་ཡིན།ཡང་ན་བསམ་ཤེས་བྱས་ཏེ་ཀུ་ཡངས་སུ་ཐེངས་གཅིག་བཏང་པ་ཡིན་པས།རྗེས་ཕྱོགས་ནས་ཕྲག་དོག་དང་འཆལ་གཏམ།ལྐོག་གཡོག་སོགས་ཀྱི་ལས་ལ་བག་ཡོད་པ་བྱོས།གུས་པོས་ལྷག་བསམ་རྣམ་དག་གིས་རེ་བ་ཞུས་པ་ཡིན།

རེད་དེ།དགེ་བཅུའི་ལུགས་སྲོལ་དགེ་བཅུའི་ཁྲིམས་སུ་ལོག་སྤེལ་བྱ་མཁན་གྱི་གཙོ་བོ་མཁན་པོ་ཚུལ་ཁྲིམས་ལགས་མ་ཡིན་པས།ཁོང་ལ་འགན་ཁུར་གང་ཡང་མི་འདུག་ཟེར་བ་ཁྱོན་ནས་མིན།དགེ་བཅུའི་ཁྲིམས་ལེགས་ཉེས་གང་དུ་སོང་ཡང་།མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ལ་འགན་ཁུར་ཆེན་པོ་ཡོད།རྒྱུ་མཚན།མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ནི་དགེ་བཅུའི་ལུགས་སྲོལ་ལམ་ཁྲིམས་ཐོག་མ་འཛུགས་དུས་ནས་ད་ལ་ཐུག་གི་བར་དུ།སྤྱིའི་མགོ་དཔོན་གཙོ་བོ་ཞིག་ཡིན་པས་སོ།།

དེ་བས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཁོང་གཙོ་བཞག་གིས་མཁན་སྤྲུལ་དག་དང་དད་ལྡན་དམངས་ཚོགས།ཤེས་ཡོན་པའི་སྡེ་སོགས་ཀྱིས་ཡང་བསྐྱར།དགེ་བཅུའི་ལུགས་སྲོལ་ལམ་ཁྲིམས་ལ་ཟུར་དང་ལེབ།ཆོས་དང་སྲིད།རྒྱུ་དང་འབྲས་བུ་སོགས་མཐོང་སྣེ་སྣ་ཚོགས་ནས་བལྟས་ཏེ།དགེ་བཅུའི་ལུགས་སྲོལ་ལམ་དགེ་བཅུའི་ཁྲིམས་ཀྱིས་དོན་ངོ་མར་བསྟན་འགྲོའི་དོན་ཆེན་ཞིག་འགྲུབ་བཞིན་ཡོད་དམ་མེད་དང་།ད་དུང་མུ་མཐུད་དུ་རྒྱུན་འཛིན་དར་སྤེལ་གཏོང་ངམ་མི་གཏོང་གི་སྐོར་ལ།ཕྱོགས་སུ་མ་ལྷུང་བའི་བརྟག་དཔྱོད་ཞིབ་འཇུག་གིས་ཤེས་རྟོགས་གསལ་གསལ་དག་དག་ཅིག་ཡོད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད།

དེ་ཡང་།གུས་པོས་དཀའ་ཁག་གང་ལ་ཡང་མ་འཛེམ་པར་བྲིས་པའི་རྩོམ་ཡིག་འདིའི་གནད་ཀྱི་འབབ་ས་ཡང་འདི་ཀ་ཉིད་ལས་མེད་པས།ད་ནི་འབྲི་མཚམས་འཇོག་པར་བྱའོ།།

 

2011.10.16---18

ཚང་མས་མ་བལྟས་ཚད་མེད་ཀྱི་དཔྱད་གཞི་ཁག་ཅིག

 

 

 

 

 

guang | རྩོམ་ཡོངས་ཀློག་པ།(2515) | ལན་སློག(31)
རིག་གནས་སྣང་ཚུལ་འདིར་སྐྱོའམ་དགའ།
2011-9-30 14:40:04

སྐྱབས་ཆེན་སོགས་ཀྱི་མཉམ་འུར་ལ་ཕྱི་ནས་བགྲོ་བལས།

རིག་གནས་སྣང་ཚུལ་འདིར་སྐྱོའམ་དགའ།

 

དགེ་ཆོས་དང་རང་གྲོལ་སོགས་ལ་རྗེས་དྲན་བྱེད་དམ་མི་བྱེད་ལས་འཕྲོས་ཏེ།ཐེངས་འདིར་བོད་ཀྱི་རིག་གནས་གསར་རྙིང་གཉིས་ཀྱི་སྐོར་ལ་བགྲོ་གླེང་གི་མཉམ་འུར་འོས་ཙམ་བྱུང་བ་རེད།དམ་པ་ཁོང་གཉིས་ལས་འཕྲོས་ཏེ་བགྲོ་གླེང་འདི་འདྲ་བྱུང་བ་ནི་ཤིན་ཏུ་འགྲིག་པ་སྟེ།དམ་པ་ཁོང་གཉིས་ནི་བོད་ཀྱི་རིག་གནས་གསར་རྙིང་གི་སྐྱོག་མཚམས་སུ་མ་བསྒྲིགས་ལྷུན་གྱིས་འགྱིང་བའི་རྡོ་རིང་གཉིས་རེད་ལ།སྐྱོག་མཚམས་འདི་ནས་ང་ཚོ་ལམ་གསར་རྙིང་གང་དུ་ཞུགས་རྒྱུ་བགྲོ་བ་ནི་དེ་བས་ཀྱང་འགྲིག་པ་ཞིག་རེད།ཡིན་ཡང་ད་ལྟ་ངས་གླེང་འདོད་ནི་འདི་མིན།

ཐེངས་འདིར་སྐུ་ཞབས་སྐྱབས་ཆེན་བདེ་གྲོལ་ལགས་ཀྱིས་བགྲོ་གླེང་གི་མགོ་བསླངས་མ་ཐགནུབ་བྱང་ཚང་གི་ཕོ་གསར་སྟག་འདྲ་གཟིགས་འདྲ་དག་གཙོ་བྱས།རིག་གནས་གསར་བར་དགའ་མོས་ཆེ་བ་རྣམས།སྐུ་ཞབས་སྐྱབས་ཆེན་དང་སྲོལ་རྒྱུན་རིག་གནས་ཀྱི་སྟེང་དུ་རྒོད་པོ་གཟན་ལ་འཁོར་འཁོར་བྱས།སྐུ་ཞབས་སྐྱབས་ཆེན་ལགས་ཅུང་ཁེར་རྐྱང་གི་གནས་སུ་གཏུགས།སྲོལ་རྒྱུན་རིག་གནས་དེ་བས་ཀྱང་རྒྱབ་ལོགས་སུ་དེད།དེ་ལྟ་དེ་ལྟར་དུ་སོང་ཡང་།སྲོལ་རྒྱུན་རིག་གནས་ནོར་བུ་རུ་བལྟས་ནས་རིག་གནས་གསར་བར་ཕུད་རྒྱག་བྱེད་མཁན་དག་གྲགས་རྒྱུ་འགུལ་རྒྱུ་གང་ཡང་མ་བྱུང་།དུས་རྒྱུན་ཁོང་རྣམ་པ་བཤད་རྒྱུ་གཏམ་རྒྱུ་མང་པའི་རྩོད་པ་ལ་དགའ་ཞིང་།ད་དུང་ཁོང་རྣམས་ཀྱིས་རིག་གནས་གསར་རྙིང་གཉིས་ཀྱི་སྐོར་ནས་ཕན་ཚུན་དགག་ལན་འདེབས་རེས་ཀྱི་བགྲོ་གླེང་དངོས་ཤིག་བྱུང་ན།བཤད་རྒྱུ་འདི་འདྲ་དང་གཏམ་རྒྱུ་འདི་འདྲ་ཡོད་ལ།རིག་གནས་གསར་བར་དགའ་བ་རྣམས་གྲགས་མེད་འགུལ་མེད་དུ་ཕམ་པར་བརྒྱགས་ཐུབ་རྒྱུ་ལས་སླ་མོ་ཞིག་ཡིན་རབས་ཟེར།ཡིན་ཡང་དེ་འདྲའི་བགྲོ་གླེང་གི་སྐལ་བཟང་དངོས་སུ་བྱུང་དུས་གྲགས་རྒྱུ་འགུལ་རྒྱུ་མེད་པ་ནི་ཁོང་ཚོ་ཡིན་ཐལ།

སྣང་ཚུལ་འདི་རིག་དུས།དགེ་ཆོས་སྐབས་དང་རང་གྲོལ་སྐབས་སུ་མཉམ་འུར་ག་འདྲ་ཞིག་བྱུང་བ་མི་ཤེས་མོད།ཏག་ཏག་ལོ་ངོ་བཅུ་ཡི་ཡར་སྔོན་གྱི་རིག་གནས་སྣང་ཚུལ་ཞིག་དྲན་ཡོང་།དེ་ནི་སྐུ་ཞབས་ཞོགས་དུང་ལགས་ཀྱི་དཔྱོད་ཤེས་རྒྱང་འབོད་པར་བསྐྲུན་བྱས་མ་ཐགབོད་ཀྱི་ཡོན་ཏན་པའི་སྡེ་གཙོ་བྱས་བོད་ཀྱི་གྲུ་ཀ་སོ་སོ་ནས་མཉམ་འུར་ཆེན་པོ་ཞིག་བྱུང་བ་དེ་རེད།ང་རང་དེ་དུས་བྱིས་པ་སྣམས་རླུགས་ཤིག་ཡིན་པས་གསལ་བོ་ཞིག་ཧ་མི་གོ་མོད།ཁོ་ཚོས་བཤད་ན་ད་ལྟ་བོད་དུ་རང་གི་རིག་གནས་ནོར་བུ་འདྲ་བ་དག་གཙོག་པ་སྐྱག་པར་བལྟ་བའི་བདུད་རྒན་ཞིག་ཡོད་རབས་ཐོས་པ་དེ་ཡིན་ལ།བདུད་རྒན་དེ་འདུལ་ཆེད་བརྩམས་པ་ཡིན་སྐད་ཀྱི་དཔེ་དེབ་ཆེ་ཆུང་སྣ་ཚོགས་དང་རྩོམ་ཡིག་རིང་ཐུང་སྣ་ཚོགས་སྟོན་རྒྱུ་ཡོད་པ་དེ་ཡིན།གང་ཡང་མི་ཤེས་ཤིང་གང་ལ་ཡང་དགའ་བའི་དེ་དུས་ཀྱི་བྱིས་པ་སྣབས་རླུགས་ང་ཡིས།རང་ཉིད་ལག་ཆག་ན་བདུད་རྒན་དེའི་གདོང་དུ་འབུད་པའི་དཔའ་བོ་ཞིག་བྱ་བསམ་པ་ལས་གང་ཡང་མ་ཤེས།རེད་དེ་ནར་སོན་པའི་གོ་རིམ་ཁྲོད་ནས་བྱིས་པ་སྣབས་རླུགས་དེ་གཞི་ནས་འགྱུར་སོང་།བྱིས་པ་སྣབས་རླུགས་དེས་ཤེས་ཡོན་རྒན་པོ་དག་གི་ཞབས་ལ་མགོ་བོ་དུད་ནས་བདུད་རྒན་དེའི་གདོང་དུ་འབུད་རྒྱུའི་ཕུགས་བསམ་གཞི་ནས་འགྱུར་སོང་།སྐུ་ཞབས་སྐྱབས་ཆེན་བདེ་གྲོལ་ལགས་ང་རང་འགྱུར་ཚུལ་འདི་འདྲ་ཞིག་རེད།ང་མ་ཟད་མྱི་རབས་གསར་བའི་ན་གཞོན་མང་ཕྱོགས་ཀྱང་འདི་ལྟར་འཚར་ལོངས་བྱུང་བ་ཡིན་སྲིད།འདི་ཞོར་དུ་ཉིད་ཀྱིས་སློབ་གསོ་ཞིག་གླེང་གི་ཡོད་པ་དེ་ལ་བགྲོ་བ་ཡིན་མོད།དགག་ལན་བརྒྱབས་པ་མིན་ལ།འདིར་ངས་གླེང་འདོད་པ་ཡང་ཉིད་ལ་དགག་ལན་འདེབས་རྒྱུ་དེ་མིན།

ངས་གླེང་འདོད་པ་ནི་གོང་དུ་བཤད་པ་ལྟར།བོད་ཀྱི་ལོ་ངོ་བཅུའི་ཡར་སྔོན་གྱི་རིག་གནས་སྣང་ཚུལ་ནི།ཁ་སང་དེ་རིང་གི་རིག་གནས་གསར་བ་གཙོ་ཤུགས་སུ་སོང་བའི་ད་ལྟའི་མཉམ་འུར་འདི་འདྲ་ཞིག་མིན་པར།དེ་དུས་སྲོལ་རྒྱུན་རིག་གནས་གཙོ་ཤུགས་ཀྱི་ངང་ནས་སྐུ་ཞབས་ཞོགས་དུང་ལགས་ད་ལྟའི་སྐུ་ཞབས་སྐྱབས་ཆེན་ལགས་ནང་བཞིན་ཁེར་རྐྱང་དུ་གཏུགས་འདུག་ལ།རིག་གནས་གསར་བར་ད་ལྟའི་སྲོལ་རྒྱུན་རིག་གནས་ནང་བཞིན་ཕུད་རྒྱག་བྱ་མཁན་མང་གི་ཟེར་བ་དེ་ཡིན།ད་དུང་ད་ལྟའི་ན་གཞོན་དག་གིས་སྲོལ་རྒྱུན་རིག་གནས་ཀྱི་སྟེང་ལ་ཐ་ཚིག་བསྒྲགས་པ་ནང་བཞིན།དེ་དུས་རིག་གནས་གསར་བའི་སྟེང་ལ་ཐ་ཚིག་ནན་མོ་བསྒྲགས་མཁན་ཤིན་ཏུ་མང་གི་ཟེར་བ་དེ་ཡིན།རེད་དེ་དུས་ད་ལྟ།རིག་གནས་གསར་བ་དང་དེ་ལ་དགའ་མོས་ཡོད་མཁན་དག་གི་གཉེན་པོར་ལངས་རྒྱུར་སྔོན་ཆད་དམ་བཅའ་བཞག་མྱོང་བའི་མཁས་པ་དེ་དག་ལ་གྲགས་རྒྱུ་འགུལ་རྒྱུ་གང་ཡང་མེད་ཀི་ཟེར་བ་ཡིན།

ད་དུང་དེ་དུས་ཕུད་རྒྱག་བྱས་པའི་རིག་གནས་དེས།ད་ལྟ་བོད་ཀྱི་རིག་གནས་སྣང་ཚུལ་གྱི་གདན་ཐོབ་སྟེང་ནས་ཅུང་གོ་གནས་ཆེན་པོ་ཞིག་བཟུང་སྟེ་འདབས་ལག་ཀྱང་རྒྱས་བཞིན་པའི་སྐབས་རེད་ཟེར་བ་ཡིན།འདི་ལ་རྒྱུ་མཚན་ཞོགས་ཟེར་ན།ངས་ནི་ཐེངས་འདིའི་བགྲོ་གླེང་སྐབས་སུ་བོད་ཀྱི་མྱི་རབས་གསར་བ་དག་གིས།སྲོལ་རྒྱུན་རིག་གནས་ལ་གླུ་བརྒྱ་གདངས་གཅིག་གིས་དགག་པ་མ་བཏང་བ་འདི་འཇོག་གི་ཡིན།དེ་ཡང་གསལ་བོ་བྱས་ཏེ་བཤད་ན།མྱི་རབས་གསར་བ་དག་གིས་སྲོལ་རྒྱུན་རིག་གནས་ལ་འཛིན་པའི་ལྟ་ཚུལ་དང་རིག་གནས་གསར་བའི་ལམ་ཁ་གདམས་ལུགས་སྣ་ཚོགས་བྱུང་སྟེ།མྱི་རབས་གསར་བའི་ནང་ཁུལ་དུ་ཡང་བགྲོ་གླེང་འོས་ཙམ་བྱུང་དང་འབྱུང་བཞིན་ཡོད་པ་འདི་དག་ལ་ཟེར་བ་ཡིན།འདི་གོ་སླ་བའི་དཔེ་ཞིག་བཞག་ན།བོད་ལ་སངས་རྒྱས་ཆོས་ལུགས་དར།དེ་ནས་གྲུབ་མཐའ་སྣ་ཚོགས་བྱུང་སྟེ་དར་བ་མ་ཟད་རྒྱས་ཀྱང་སོང་བ་བཞིན་དུ།ད་ལྟ་རིག་གནས་གསར་བ་ཡང་དེ་བཞིན་འབྱུང་གི་འདུག་ཟེར་བ་ཡིན།དེ་ཡང་རིག་གནས་ཀྱི་རྨང་རྐང་སྲ་བརྟན་མེད་པ་ཞིག་ལ་ནང་ཁུལ་ནས་ལྟ་ཚུལ་སྣ་ཚོགས་སུ་གྱེས་ཏེ་བགྲོ་གླེང་འབྱུང་ཐུབ་པ་མ་རེད་ཟེར་བ་ཡིན།

ལོ་ངོ་བཅུ་ཙམ་གྱི་ཡུན་ལ་འདི་འདྲའི་འགྱུར་བ་ཞིག་བྱུང་ཡོད་པ་འདིས་ང་ལ་འདང་རྒྱག་ཆེན་པོ་ཞིག་བྱིན་སོང་ལ།གསར་རྙིང་ཁྱད་མེད་ཀྱིས་སྤུན་ཟླ་རྒན་གཞོན་རྣམ་པར་འདྲི་བ་སྟེ།ཁྱེད་རྣམས་ལ་འདང་རྒྱག་ཅིག་བྱིན་བྱུང་ངམ་ཟེར་བ་ཡིན།

རིག་གནས་ཀྱི་འགྱུར་བ་ཟེར་བ་ནི་དབྱར་དགུན་གྱི་དུས་ཚིགས་ལྟར་དུ།འདི་འདྲའི་ཡུན་ཐུང་ཞིག་གིས་འགྱུར་བ་ཞིག་མིན་ཚོད་འདུག་ཀྱང་།ང་ཚོའི་རིག་གནས་སྣང་ཚུལ་འདི་ལ་བལྟས་ན་དངོས་གནས་ཐུང་ཐུང་མྱུར་མྱུར་གྱིས་འགྱུར་སོང་འདུག

འདི་ཡིས་ང་ལ་དྲང་ལྡོག་སྣ་ཚོགས་ནས་ཚ་འདྲི་དང་བློ་འབྱེད་བྱས་བྱུང་ལ།གསར་རྙིང་ཁྱད་མེད་ཀྱིས་སྤུན་ཟླ་རྒན་གཞོན་རྣམ་པར་འདྲི་བ་སྟེ།ཁྱེད་རྣམ་པར་ཚ་འདྲི་དང་བློ་འབྱེད་བྱས་བྱུང་ངམ་ཟེར་བ་ཡིན།

དེ་ཡང་།ཡང་སྙིང་ཅི་ཞིག་ལ་འདི་འདྲའི་རིག་གནས་སྣང་ཚུལ་ཞིག་བྱུང་དགོས་སོང་བ་ཡིན་ཡིན་ནམ།མྱི་ལོ་སྟོང་ལྷག་ལ་ང་ཚོའི་མི་རིགས་འདི་གསོས་པའི་སྲོལ་རྒྱུན་རིག་གནས་ཀྱིས།སྔར་རམ་ད་ནི་ང་ཚོ་གསོ་ཐུབ་ཀི་མེད་པ་ཡིན་ནམ།ཡང་ན་ང་ཚོ་མྱི་ཡི་གསར་བ་ལ་དགའ་བའི་ལྷན་གཤིས་ཀྱིས།སྲོལ་རྒྱུན་རིག་གནས་ཀྱི་རོ་བཅུད་ལ་རོལ་དྲག་ནས།ད་ནི་རིག་གནས་གསར་བ་ཞིག་གི་རོ་བཅུད་ལ་ཨ་གསར་བྱས་སོང་བ་རེད།ཡང་ན་སངས་རྒྱས་ལུགས་གཙོ་བོ་ཡིན་པའི་སྲོལ་རྒྱུན་རིག་གནས་ནི།སྔོན་སངས་རྒྱས་ཆོས་ལུགས་བོད་ཡུལ་ལ་ཐོན་ཚུལ་ལྟར་ད་དུང་ང་ཚོ་ལ་གཉན་པོ་གསང་བ་ཞིག་ཡིན་སོང་བ་རེད།ཤོད་དང་།གསར་རྙིང་ཁྱད་མེད་ཀྱིས་སྤུན་ཟླ་རྒན་གཞོན་ཀུན་ལ་འདྲི་བ་ཡིན།གསལ་བོ་ཞིག་ཤོད་དང་།

དེ་ཡང་མིན་ན།རིག་གནས་གསར་བ་ཡིས་ང་ཚོས་མི་རིགས་ཀྱིས་སྔོན་ཆད་ཤོར་སོང་བ་མཐའ་དག་ཕྱིར་ལེན་མི་ཐུབ་མོད།ད་ལྟ་ཤོར་བཞིན་པ་དང་མ་འོངས་པར་ཤོར་སྲིད་པའི་རྒུད་པ་མཐའ་དག་གི་རྩ་བ་ཕྱིར་ལྡོག་ཐུབ་པས་ལམ་འདིར་ཞུགས་པ་ཡིན་ནམ།ཡང་ན་རིག་གནས་གསར་བར་འཕྲལ་གྱི་བདེ་སྐྱིད་སྟེར་བའི་བསླུ་བྲིད་ཅིག་ཡོད་པས།ང་ཚོ་བསླུ་བྲིད་དེའི་དབང་དུ་བུད་སོང་རེད།ཡང་ན་གཉན་པོ་གསང་བ་སྔོན་མ་དེ་སངས་རྒྱས་ཆོས་ལུགས་ཀྱི་གནད་ཕུགས་རྟོགས་ནས་ཅི་ཡང་མིན་སོང་བའམ།གནད་ཕུགས་གཞི་ནས་རྟོགས་སུ་བྲལ་བས།ད་ནི་གཉན་པོ་གསང་བ་གཉིས་པ་འདི་ཡི་གནད་ཕུགས་སྔོག་གིན་ཡོད་པའམ་གནད་ཕུགས་དངོས་ལ་གཏུགས་ཏེ་གསེར་གྱི་གཏེར་ཡོད་པ་ཤེས་ནས་འདི་ཉིད་དགོས་སོང་ཡིན།ཤོད་དང་།གསར་རྙིང་ཁྱད་མེད་ཀྱིས་སྤུན་ཟླ་རྒན་གཞོན་ཀུན་ལ་འདྲི་བ་ཡིན།གསལ་བོ་ཞིག་ཤོད་དང་།

སྤྱིར་ཁུར་ལྕི་མོ་རང་གིས་མི་འཁུར་བར་གཞན་ལ་འགེལ་བ་འདི་ཤིན་ཏུ་ནས་ཡག་པོ་ཞིག་ཡིན་མ་སོང་ཡང་།ཏག་ཏག་དྲང་མོར་བཤད་ན་འདི་ཡི་ཐད་དུ་ང་ལ་ལྟ་ཚུལ་རབ་རིབ་ཞིག་ལས་གསལ་བོ་ཞིག་བཤད་དུ་མེད་པས།ད་གཟོད་ཁྱེད་ཚོར་འདྲི་བ་ཡིན།དེ་སྔོན་ཁྱེད་ཅག་གིས་བཤད་པ་ཡང་དེ་ཙམ་གསལ་རྒྱུ་མེད་པས་ཡང་བསྐྱར་འདྲི་བ་ཡིན།ཤོད་དང་།གསར་རྙིང་ཁྱད་མེད་ཀྱིས་སྤུན་ཟླ་རྒན་གཞོན་རྣམ་པ།གསལ་བོ་ཞིག་ཤོད་དང་།ང་ཚོའི་རྩོད་གཞིའི་གནད་རྡོག་རྡོག་དེ་འདི་ན་མི་འདུག་གམ།

          

རང་གི་སེང་རྡོར་བའི་ཟིན་བྲིས་ལས་བཤུས་པའི་ཞོར་བཀོད་ཟིན་ཐོ་གཉིས།

                    2011.9.30

ཐད་ཀར་བྲིས་ནས་སྤེལ་བཞག་པས་ཡིག་ནོར་ཡོད་ན་དགོངས་དག  མུ་འགོད

 

སྐྱབས་ཆེན་སོགས་ཀྱི་མཉམ་འུར་ལ་ཕྱི་ནས་བགྲོ་བལས།

                   མེ་ལྕེ་དང་སྤྱན་དུངས་སོགས་ལ་སླར་ཕུལ་བ།

ཉིན་གཉིས་ཀྱི་སྔོན་ཙམ་ལ་གུས་པོས།དགེ་ཆོས་དང་རང་གྲོལ་སོགས་ལ་རྗེས་དྲན་བྱེད་དམ་མི་བྱེད་ཀྱི་མཉམ་འུར་སློང་མཁན་གཙོ་གྲས།སྐུ་ཞབས་མེ་ལྕེ་དང་སྤྱན་དུངས།དཔལ་བེའུ་སོགས་ལ།བགྲོ་གླེང་གི་འུར་མགོ་བསླངས་ནས་གཟོད་ཁ་རོག་གེར་བསྡད་མ་བཏང་སོགས་ཀྱི་སྐད་ཆ་ཞིག་ཤོར་སོང་ལ།དུས་ཚོད་ཀྱི་སྔ་ཕྱི་ཙམ་ལས་དཔལ་བེའུ་དང་སྤྱན་དུངས་སོགས་ཀྱིས།སྐབས་དེ་དུས་ནས་རང་གི་ནུས་ཚོད་ཀྱིས་བྱེ་བྲག་ཏུ་བབས་ཏེ་རང་གི་སྐད་ཆ་རྗེས་མ་ཡང་འབྲི་བཞིན་པའམ་བྲིས་ནས་ཚར་ཡོད་ཚོད་དེ།ཕལ་ཆེར་ང་ཚོའི་བྲིས་རྩོམ་མཉམ་གཅིག་ཏུ་དྲ་སྟེང་ལ་ཐོན་སོང་པས་སོ།དེ་བས་སྐད་ཆ་དེ་སྐབས་ཐོག་དེར་དྲང་མོར་བཤད་པ་ཡིན་མོད།ད་ལྟ་བལྟས་ན་དུས་ཚོད་ཀྱི་གོ་འཛོལ་ཞིག་རེད་པས།ཆེད་དུ་ཁོང་གཉིས་ལ་གུས་པོ་འོད་ནག་གིས་དགོངས་དག་ཞུས་པ་ཡིན།

སྐུ་ཞབས་མེ་ལྕེ་ལགས་ཀྱིས་མཉམ་འུར་གྱི་མགོ་བསླངས་རྗེས་ད་དུང་ཁ་རོག་གེར་འདུག་མོད།ད་ལྟ་གུས་པོས་ཞིབ་ཏུ་འདང་རྒྱབ་ཀྱིན་རྒྱབ་ཀྱིན།སྐུ་ཞབས་ཁོང་གིས་ང་ཚོ་ལྟར་སྐད་ཆ་དམ་དུམ་དག་ལ་རྒྱུས་བཤད་དམ་བྱེ་བྲག་ཏུ་བབས་ཏེ་གསལ་བཤད་བྱེད་དགོས་མི་འདུག་ཏེ།དགེ་ཆོས་གཙོ་བྱས་དམ་པ་ཁོང་གཉིས་ཀྱི་སྐོར་ནས་བརྩམས་ཆོས་མང་དུ་མཛད་ཡོད་པས་སོ།དེ་བས་གུས་པོ་འོད་ནག་གིས་ཁོང་ལ་ཡང་དགོངས་དག་ཞུས་པ་ཡིན།དེ་བཞིན་སྔོན་གྱི་ང་བཞིན་སྐུ་ཞབས་མེ་ལྕེ་ཡི་དགེ་ཆོས་སྐོར་ནས་རྒྱུས་བཤད་ལ་རེ་བ་དག་གིས།ཁོང་གི་དགེ་ཆོས་སྐོར་གྱི་རྒྱུས་བཤདདགེ་ཆོས་རྒྱང་འཇལཞེས་པའི་དེབ་ལ་བལྟ་རོགས་ཞེས་སྐུལ་བ་ཡིན།རེད་དེ་གསལ་བཤད་ཅིག་ལ།སྐུ་ཞབས་མེ་ལྕེ་ཡིན་ཡང་ད་དུང་དགེ་ཆོས་སྐོར་ནས་བྲིས་ཡོང་རྒྱུ་ཡོད་ན་ཡག་ཐོག་ཡག་བཞག་ལས་ཡོད་པ་མ་རེད།

དེ་མིན་སྲོལ་རྒྱུན་གཙོ་འཛིན་གྱི་མཁས་པ་ཁ་མང་དག་ད་རེབ་གྲགས་རྒྱུ་འགུལ་རྒྱུ་སྔར་བཞིན་གང་ཡང་མེད་པས།གུས་པོ་འོད་ནག་ལ་ཡང་སྔར་བཞིན་སྔོན་གྱི་སྐད་ཆ་ལས་མེད་ཟེར་གི་ཡིན།

2011.9.29

ཟུར་ཞུ།བྱ་དངོས་གང་ཡིན་ཡང་ཕྱི་ནང་ཡོད་པས།མཐོང་སྣེ་ཡང་ཕྱི་ནང་བྱས་ཏེ་ཡོད་ལ།དེ་བཞིན་བགྲོ་གླེང་ཡང་ཕྱི་ནང་བྱས་ཏེ་བྱས་ཆོགདེ་བས་ཐེངས་འདིའི་མཉམ་འུར་ལ་ཕྱི་ནས་བགྲོ་བའི་སྐོར་ཁག་དགར་ནས་ཀློག་བདེའི་ངང་མུ་འགོད་བྱས་ཡོང་།

 

སྐྱབས་ཆེན་སོགས་ཀྱི་མཉམ་འུར་ལ་ཕྱི་ནས་བགྲོ་བལས།

རང་སྐྱོན་ངོས་ལེན་མེད་ན་སྡར་མ་ཡིན།

  ___རང་སྐྱོན་མི་རིག་ན་ཤེས་རབ་མེད་པ་ཡིན། རང་སྐྱོན་ངོས་ལེན་མི་ནུས་ན་དཔའ་བོ་མིན་པ་ཡིན།

 

གྲོགས་པོ་ཞིག་ལ་གླེང་མོལ་ཨང་གྲངས་ནས་ད་ལྟའི་དགེ་རང་གཉིས་ལས་འཕྲོས་པའི་མཉམ་འུར་སྐོར་གྱི་ཁ་བརྡ་གློད་སྐབས།གྲོགས་པོ་གང་དེས་དགུ་རོང་སྤུན་གྲོལ་གྱི་ད་ལྟའི་རྩོམ་ཡིག་སྐོར་ཞིག་ལ་ཆོབ་རྟགས་འདུག་ཚུལ་བཤད་པས།

གཟོད་ཉིན་འདི་ཀར་ཀློག་ཁོམ་མ་ཡོད་པའི་གྲོགས་དགུ་རོང་སྤུན་གྲོལ་ལགས་ཀྱི་རྩོམ་གསར་དག་ལ་བལྟས་པ་ཡིན།དེ་ནས་ད་ལྟ་འབྲི་བཞིན་པ་འདི་ཁོ་ན་འབྲི་འདུན་བྱུང་བ་ཡིན།འདི་གཞན་གང་ཡང་མིན་ཏེ།ད་ལྟའི་དྲ་བའི་སྒང་ན་སྐྱབས་ཆེན་ལགས་སོག་པོ་ཡིན་མིན་ཞིག་རྩོད་ཀི་ཡོད་པ་དེ་ཁོ་ན་ཡིན།

གནད་རྡོག་རྡོག་དེ་བཤད་ན།དང་པོ་སྤུན་གྲོལ་གྱིས་སྐྱབས་ཆེན་སོག་པོ་ཡིན་གཞི་གཞག་གི་སྟེང་ནས་རྩོམ་ཞིག་བྲིས།སྐྱབས་ཆེན་གྱིས་རང་སོག་པོ་མིན་པར་བོད་གཙང་མ་ཡིན་པའི་ལན་ཞིག་བཏབ།དེའི་སྐོར་མྱི་མང་གི་ཁ་རུ་གཡེང་ནས་དོན་ཡོད་མེད་ཀྱི་མཉམ་འུར་ཅུང་ཆེན་པོ་ཞིག་ཐོན།ཡིན་ཡང་ངས་བཤད་འདོད་པ་དེ་ཡང་མིན།

ངས་བཤད་འདོད་པ་ནི།སྐྱབས་ཆེན་དོན་ངོ་མ་སོག་པོ་ཡིན་ནམ།ཕལ་ཆེར་མིན་ཚོད་དེ་ཁོ་རང་ནས་སོག་པོ་མིན་པར་བོད་གཙང་མ་ཡིན་ཚུལ་གསལ་བར་བཤད་འདུག།རེད་དེ།སྤུན་གྲོལ་གྱིས་སྐྱབས་ཆེན་སོག་པོ་ཡིན་ན་ཡིན་པའི་རྒྱུ་མཚན་དང་།མིན་ན་མིན་པའི་སྐྱོན་ངོས་ལེན་བསྐྱུར་ནས།ད་དུང་གླེང་ཕྱོགས་སྣ་ཚོགས་ལ་སྐོར་ཏེ་ཚ་འདྲི་དང་སྡིག་དམོད་སོགས་མང་དུ་གནང་།བར་འདིར་ཏག་ཏག་ང་ལ་དགོས་པའི་སྐད་ཆ་ནི།སྤུན་གྲོལ་གྱིས་སྐྱབས་ཆེན་སོག་པོ་ཡིན་མིན་གྱི་ལན་གསལ་བོ་ཞིག་ཐོབས་ཟེར་བ་དེ་ཡིན།

དེ་འདྲ་མིན་ཙང་།ང་ཚོས་བགྲོ་གླེང་བྱེ་བྲག་ཏུ་འབབ་ཟེར་བ་ཡང་དོན་ལ་མི་གནས་པ་ཞིག་རེད།ཤེས་རབ་ཁོ་ཡོད་དང་དཔའ་བོ་ཁོ་ཡིན་ཟེར་ཡང་ཚ་འདྲི་དགོས་པ་ཞིག་རེད།དེ་བས།བགྲོ་གླེང་འདི་འདྲའི་སྐབས་སུ་ཡ་ཡོ་མེད་པར་ཐད་སོར་ལན་གསལ་འདེབས་དང་།རང་སྟེང་ནས་དགེ་སྐྱོན་གསལ་རྟོགས་ཡོང་རྒྱུ་ནི་བགྲོ་གླེང་འདི་ལ་གྲུབ་འབྲུས་ལོན་པའི་མ་མཐའི་ཆ་རྐྱེན་རེད།མ་ཟད།འདི་ནི་ཤེས་རབ་དྲང་མིན་དང་དཔའ་སྤོབས་སྙོམས་མིན་གྱི་ཐག་གཅོད་མེ་ལུང་ཡང་རེད།

དེའི་ཕྱིར་གྲོགས་སྤུན་གྲོལ་ལགས་ཀྱིས།སྐྱབས་ཆེན་སོག་པོ་ཡིན་མིན་གྱི་རྒྱུ་མཚན་གསལ་བོ་ཞིག་ཤོད།གལ་སྲིད་སོག་པ་མིན་པ་བདེན་ཞིང་ཤེས་ན་དགོངས་དག་ཞུ་རོགས།ཉིད་ཀྱི་གྲོགས་པོ་འོད་ནག་གིས་གནན་གྱིས་སྐུལ་བ་ཡིན།

ངས་བཤད་ཚར་སོང་། དྲང་བདེན་ལ་ནམ་ཡང་ཕམ་པ་མེད།

 

2011.9.29

      ཟུར་ཞུ། བྲིས་རྩོམ་འདི་སྤུན་གྲོལ་བདེ་གྲོལ་སོགས་ཀྱི་རྩོད་ཉོག་གི་མདུད་པའི་གནད་གྲོལ་འདོད་པ་ཡིན་པ་ལས།     སྐྱབས་ཆེན་ལགས་ནི་བོད་སོག་གང་ཡིན་ཡང་།   ང་ཡི་མིག་ལམ་ནས་སྔོན་གྱི་སྐྱབས་ཆེན་བདེ་གྲོལ་ཡིན།             

                                                             མུ་འགོད

 

 

 

guang | རྩོམ་ཡོངས་ཀློག་པ།(1215) | ལན་སློག(14)
དགེ་རང་གཉིས་ལ་རྗེས་དྲན་འདི་ལྟར་བྱེད་ཀི་ཡོད།
2011-9-29 10:37:09

 

གསལ་བཤད་ཐུང་ཐུང་།ཁ་སང་དེ་རིང་བོད་ཡིག་དྲ་བའི་སྒང་དུ་དགེ་ཆོས་དང་རང་གྲོལ་སོགས་ལ་རྗེས་དྲན་བྱེད་དང་མི་བྱེད་ཀྱི་སྐོར་ནས་བགྲོ་གླེང་ཆེན་པོ་བྱུང་གི་ཡོད་པར་ཤིན་ཏུ་དགའ་བ་དང་།དེ་ཡི་ཐད་དུ་ཕྱོགས་ལ་ལ་ཞིག་ནས་གོ་འཛོལ་སོགས་ཀྱང་ལུ་གུ་བརྒྱུད་དུ་བྱུང་གི་ཡོད་པ་རེད།ལྷག་ཏུ་ལ་ལ་ཞིག་གིས།དགེ་ཆོས་དང་རང་གྲོལ་ལ་རྗེས་དྲན་བྱེད་མཁན་དག་གིས་ཁོང་གཉིས་ལ་རྗེས་དྲན་ཅི་ལྟར་བྱ་ཡི་ཡོད་པ་དེ་དེ་ཙམ་ཤེས་རྟོགས་ཐུབ་ཀི་མེད་པ་འདྲ་ལ།དེ་ཡི་ཐད་དུ་སྐུ་ཞབས་མེ་ལྕེ་དང་སྒྲེན་པོ་སོགས་ཀྱིས་རྗེས་དྲན་སྐབས་ཀྱི་གཏམ་བཤད་ཡིག་ཐོག་ཏུ་བཀོད་ཡོད་པ་དག་དྲ་སྟེང་དུ་དུས་སྐབས་འདིར་བཀོད་བྱུང་བ་ནི་ཤིན་ཏུ་དགོས་པ་ཡོད་པར་མཐོང་སོང་།དེ་བས་འདིར་རང་གྲོལ་རྗེས་དྲན་སྐབས་ཀྱི་རང་གི་གཏམ་བཤད་རྙིང་བ་ཞིག་འོས་སྦྱོར་བྱས་པ་ཡིན།འདི་ལ་རྒྱུས་མངའ་ཡོད་པ་དག་གིས་མ་བལྟས་ཀྱང་ཆོགསྐད་ཆ་གཞན་ཁོམ་སོང་ན་རྗེས་མ་འབྲི་ཡོང་ལགས།ཞོར་དུ་གྲོགས་ཁ་བ་སྙིང་ལྕགས་ཀྱི་སྐད་ཆ་ཞིག་ཀྱང་འོས་སྦྱོར་བྱ་སྟེ།དེ་ནི༼དགེ་ཆོས་དང་རང་གྲོལ་ཀྱང་རེ་ཞིག་བསྐྱུར་ནས་བགྲོ་གླེང་གི་གླེང་གཞི་ཇེ་མཐོར་ཡོང་བའི་རེ་བ་མི་ཆུང་བ་ཡོད།༽ཅེས་པ་འདི་ཡིན།

 

གཏོར་བཤིག་དང་འཛུགས་བསྐྲུན་བར་གྱི་སེམས་ཁྲལ།

                      ནུབ་བྱང་མི་རིགས་སློབ་ཆེན་ནས་བསྡུས་པའི་བོད་ཀྱི་སློབ་གྲྭ་ཆེན་མོ་བའིརང་གྲོལ་གླེང་སྟེགསསྐབས་དང་པོའི་སྟེང་གི་གཏམ་བཤད།

 

དེ་ན་ངས་སྐུ་ཞབས་དོན་གྲུབ་རྒྱལ་གྱི་ཐད་ནས་རང་གི་བསམ་ཚུལ་སྐོར་ཞིག་བཤད།ཡིན་ན་ཡང་ང་ལ་འདིའི་ཐད་ནས་དམིགས་བསལ་གྱི་ཡ་མཚན་པ་གང་ཡང་བཤད་རྒྱུ་མེད།ལྷག་ཏུ་ལེ་ལོ་སོགས་ཀྱི་དབང་དུ་སོང་ནས་གྲ་སྒྲིག་སོགས་ཀྱང་ཆེན་པོ་བྱས་མེད།ཡིན་ཡང་ཟུར་གཅིག་ནས་བཤད་ན་གྲ་སྒྲིག་མ་བྱས་པ་འདི་ཅུང་འགྲིག་འདུག་འདོད།གླེང་སྟེགས་འདི་ཡིས་བོད་ཀྱི་ཕྱི་རབས་པའི་མིག་ནང་གི་དོན་གྲུབ་རྒྱལ་འཚོལ་གྱིན་ཡོད་ན།གྲ་སྒྲིག་སོགས་མ་བྱས་པའི་སྒོ་ནས་དོན་གྲུབ་རྒྱལ་གླེང་བ་ནི་ང་ཚོའི་མིག་ནང་གི་དོན་གྲུབ་རྒྱལ་ངོ་མ་དེ་རེད་མ་གཏོགས།སྤྱིར་དོན་གྲུབ་རྒྱལ་ལ་དང་དོད་སོགས་གང་ཡང་མེད་ཀྱང་གླེང་སྟེགས་འདི་ལ་དམིགས་ཏེ་གྲ་སྒྲིག་སོགས་བྱས་ནས་དོན་གྲུབ་རྒྱལ་གླེང་ན།དེ་ནི་ང་ཚོའི་མིག་ནང་གི་དོན་གྲུབ་རྒྱལ་ངོ་མ་དེ་ཡིན་སྲིད་པ་མ་རེད།

 

ད་དུང་གསལ་བཤད་གཞན་ཞིག་ཡོད་པ་ནི།ངས་འདིར་དོན་གྲུབ་རྒྱལ་གླེང་རྒྱུ་ནི།དོན་གྲུབ་རྒྱལ་གྱི་ཆེད་དུ་དོན་གྲུབ་རྒྱལ་གླེང་རྒྱུ་དེ་མིན་པར།དོན་གྲུབ་རྒྱལ་ང་རང་ཉིད་ཐེ་བའི་བོད་ཀྱི་ན་གཞོན་དག་གི་ངོས་ལ་བཞག་ནས་གླེང་རྒྱུ་དེ་ཡིན།ཡང་ན་སྐྱ་ཟད་སྔོ་སྡུག་གིས་འཚོ་བའི་བོད་མི་རིགས་ཀྱི་ད་ལྟའི་གནས་བབ་ལ་བཞག་ནས་གླེང་རྒྱུ་དེ་ཡིན།

 

སྤྱིར་དོན་གྲུབ་རྒྱལ་བསམ་བློ་བ་དང་ཤེས་ཡོན་ཅན་ཡིན་མིན་གྱི་ཐད་ནས་མང་པོ་ཞིག་གིས་རྩོད་པ་རྒྱག་གིན་འདུག་མོད།ངའི་མིག་ནང་གི་དོན་གྲུབ་རྒྱལ་ནི་ན་གཞོན་ཞིག་ཡིན།ངས་བསམ་ན་དོན་གྲུབ་རྒྱལ་ན་གཞོན་ཞིག་ཏུ་ངོས་བཟུང་ན་ཧ་ཅང་འགྲིག་གི་འདོད།དེ་ཡང་ཁོང་གི་ན་ཚོད་ཀྱི་ངོས་ནས་བཤད་ན།ཁོང་འདས་དུས་མི་ལོ་སུམ་ཅུ་སོ་གཉིས་རེད།དེ་ནི་ན་གཞོན་ཞིག་གི་ན་ཚོད་རེད།ཁོང་གི་བསམ་བློའི་ངོས་ནས་བཤད་ན་ཡང་ན་གཞོན་ཞིག་གི་བསམ་བློ་ལས།ཤེས་ཡོན་ཅན་གྱི་བསམ་བློའི་ཟབས་ཁྱད་ཅིག་ཡོད་པ་ཆེར་མི་རིག་གིརྒྱུ་མཚན་འདི་དག་གིས་ངས་དོན་གྲུབ་རྒྱལ་ན་གཞོན་ཞིག་ཏུ་ངོས་འཛིན་གིན་ཡོད།

 

དེ་ནས་བྱེ་བྲག་ཏུ་བབས་ཏེ་ཟུར་གཅིག་ནས་བལྟས་ན།སྐུ་ཞབས་དོན་གྲུབ་རྒྱལ་ལགས་ནི་ན་གཞོན་གཏོར་བཤིག་པ་ཞིག་རེད།རིག་གནས་གཏོར་བཤིག་གི་སྙིང་སྟོབས་ཡོད་པ་ཞིག་རེད།དེ་གང་གིས་ཤེས་ཐུབ་ཀི་ཟེར་ན།ཁོང་གིས་སྤྲུལ་སྐུ་རྫུན་མ་དང་གཉེན་སྒྲིག་རང་དབང་མ་ཡིན་པ་སོགས་བོད་ཀྱི་སྲོལ་རྒྱུན་རྙིང་རུལ་དུ་གྱུར་པ་ཁག་ལ་སུན་འབྱིན་དགག་སྒྲུབ་གནང་བ་སོགས་ཀྱིས་ཤེས་ཀིདེ་ལས་ཀྱང་ལྷག་ཏུ་ཁ་ཆེན་དབང་ཆེན་གྱི་དཔོན་ངན་རུལ་སུངས་པ་དག་ལ་མགོ་མི་སྒུར་བ་དང་མི་བསྟུན་པའི་ང་རྒྱལ་ཆེན་པོ་ཡོད་པ་སོགས་ཀྱིས་ཀྱང་ཤེས་ཀི

 

ད་དུང་ཟུར་གཅིག་ནས་བལྟས་ན་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ནི།རིག་གནས་འཛུགས་བསྐྲུན་པ་ཞིག་རེད།རིག་གནས་འཛུགས་སྐྲུན་གྱི་སྙིང་སྟོབས་ཡོད་པ་ཞིག་རེད།དེ་གང་གིས་ཤེས་ཀི་ཟེར་ན།ཁོང་གི་རིག་གཞུང་དཔྱད་རྩོམ་ཁག་དང་།ལྷག་ཏུ་རང་མོས་སྙན་ངག་དང་བརྩམས་སྒྲུང་།ལྷུག་རྩོམ་སོགས་ཀྱི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཏེ།བོད་ཀྱི་རྩོམ་རིག་གསར་བའི་ལམ་ཁ་ཡངས་པོར་ཕྱེས་པ་སོགས་ཀྱིས་ཤེས་ཀིའདི་དག་གི་སྐོར་ནས་མང་པོ་བཤད་དགོས་མི་འདུག   ཀུན་པོས་ཤེས་པ་རེད།

 

དེ་ནས་སྐུ་ཞབས་དོན་གྲུབ་རྒྱལ་གྱི་སྟེང་ནས་མངོན་པའི་རིག་གནས་གཏོར་བཤིག་དང་རིག་གནས་འཛུགས་བསྐྲུན་གྱི་སྙིང་སྟོབས་འདི་གཉིས།ད་ལྟའི་ང་ཚོ་བོད་ཀྱི་ན་གཞོན་དག་གི་ངོས་ལ་བཞག་ནས་གླེང་ན།ད་ལྟའི་ང་ཚོ་བོད་ཀྱི་ན་གཞོན་དག་ལ་སྐུ་ཞབས་དོན་གྲུབ་རྒྱལ་ལྟར་དུ་རིག་གནས་གཏོར་བཤིག་གི་སྙིང་སྟོབས་གང་ལ་གང་འཚམ་ཞིག་ཡོད་ཀིརིག་གནས་གཏོར་བཤིག་བྱེད་རྒྱུར་མོས་པ་ཡང་ཆེན་པོ་ཡོད་ཀིདེ་ནི་ཤིན་ཏུ་འགྲིག་བསྡད་ཡོད་པ་ཞིག་ཀྱང་རེད་འདོད།ཡིན་ན་ཡང་།རིག་གནས་འཛུགས་བསྐྲུན་གྱི་ཐད་ནས་སྐུ་ཞབས་དོན་གྲུབ་རྒྱལ་ལྟར་དུ།ང་ཚོ་ན་གཞོན་དག་ལ་རིག་གནས་འཛུགས་བསྐྲུན་གྱི་སྙིང་སྟོབས་དང་རིག་གནས་འཛུགས་བསྐྲུན་གྱི་ལག་རྗེས་ཤིག་བཤད་རིན་བརྩི་རིན་དུ་ཡོད་མི་འདུག་ལ།དེ་ནི་ན་གཞོན་ཞིག་གི་ངོས་ནས་བཤད་ན་དེ་ཙམ་མི་སྐྱོན་མོད།ད་ལྟའི་ན་གཞོན་གང་མང་ཞིག་ལ་མཐའ་ན་རིག་གནས་འཛུགས་བསྐྲུན་གྱི་ཐད་ནས་ངོས་འཛིན་དང་གྲ་སྒྲིག་སོགས་ཀྱང་ཅི་ཡང་མེད་པ་འདྲ།འདི་ནི་ང་ཚོ་དང་དོན་གྲུབ་རྒྱལ་གྱི་ཁྱད་པར་རེད་འདོད།ཡང་ན་འདི་ནི་ད་ལྟའི་ང་ཚོ་ན་གཞོན་དག་གིས་སྐུ་ཞབས་དོན་གྲུབ་རྒྱལ་གྱི་དོ་ཟླར་མི་ཡོང་ས་གཙོ་བོ་ཞིག་ཀྱང་རེད་འདོད།

 

དེ་ཡང་ད་ལྟའི་ང་ཚོ་ན་གཞོན་དག་དང་བསྡུར་ན།སྐུ་ཞབས་དོན་གྲུབ་རྒྱལ་ལ་སྐབས་དེའི་གནའ་དེང་གི་རིག་གནས་སམ།བོད་རང་གི་སྲོལ་རྒྱུན་རིག་གནས་དང་མི་རིགས་གཞན་གྱི་རིག་གནས་སོགས་ལ་མཁྱེན་རྒྱ་ཅུང་ཆེ་ཀིའདི་ནི་ད་གཟོད་ཁོང་གིས་རིག་གནས་གཏོར་བཤིག་དང་རིག་གནས་འཛུགས་བསྐྲུན་གྱི་ཐད་ནས་གྲུབ་འབྲས་ཅུང་ཆེན་པོ་ལེན་ཐུབ་པའི་རྒྱུ་མཚན་ཡང་ཡིན་རྒྱུ་རེད་འདོད།ད་ལྟའི་ང་ཚོ་ན་གཞོན་དག་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཡིན་ན་ཡང་ཆོགདེང་རབས་རིག་གནས་ཡིན་ན་ཡང་ཆོགམདོར་ན་རིག་གནས་གང་ལ་ཡང་གོ་ཐོས་ཙམ་ལས་ཟབ་ཁྱད་ཡོད་པ་ཞིག་ཤེས་མི་འདུག་ལ།འདི་ཡིས་ད་གཟོད་ང་ཚོ་ན་གཞོན་དག་གིས་རིག་གནས་གཏོར་བཤིག་གཏོང་བ་ཡིན་ན་ཁ་ཕོ་ཆེན་པོ་ཞིག་ལས་གནད་ལ་ཕོག་ཅིང་རྨང་ནས་སྒུལ་བ་ཞིག་མི་འཁྱོངས་པ་དང་།རིག་གནས་འཛུགས་བསྐྲུན་གྱི་ཐད་ནས་དེ་བས་ཀྱང་སྐལ་ཆད་ཡོད་པ་སྟེ།གཞན་གྱི་རིག་གནས་ནང་འདྲེན་དང་སྔར་མེད་རིག་གནས་གསར་གཏོད།མཐའ་ན་རང་གི་རིག་གནས་འཕེལ་རྒྱས་སུ་གཏོང་བ་སོགས་ལ་ཡང་ལག་སྟོང་མཆན་དུ་བཙུར་ནས་བསྡད་ཡོད་པ་འདི་རེད།

 

དེ་ནས་རིག་གནས་གཏོར་བཤིག་དང་རིག་གནས་འཛུགས་བསྐྲུན་སྐོར་འདི།བོད་མི་རིགས་ཀྱི་ད་ལྟའི་གནས་བབ་སྟེང་དུ་བཞག་ནས་གླེང་ན།བོད་མི་རིགས་ཀྱི་ད་ལྟའི་ནང་གི་གནས་བབ་ནི།ཆབ་སྲིད་དང་དཔལ་འབྱོར།རིག་གནས་སོགས་གང་གི་ཐད་ནས་ཀྱང་སྐྱ་ཆད་སྔོ་སྡུག་གི་གནས་བབ་ཞིག་ན་འཚོ་བ་ཞིག་རེད།ཡང་བོད་མི་རིགས་ཀྱི་ཕྱིའི་གནས་བབ་ལ་བལྟས་ན།མི་རིགས་འདི་ཆབ་སྲིད་ཀྱི་བཙན་འཛུལ་དང་རིག་གནས་ཀྱི་བཙན་འཛུལ།དཔལ་འབྱོར་གྱི་བཙན་འཛུལ་སོགས་ཀྱི་སོ་ཁ་རུ་ལྷུང་ཡོད་པ་ཞིག་རེད།

 

བོད་མི་རིགས་ཕྱི་ནང་གཉིས་ཀྱི་ཐད་ནས་འདི་འདྲའི་གནས་བབ་ཞིག་ཏུ་ལྷུང་དགོས་སོང་བའི་གནད་གཙོ་བོ་གཅིག་ནི།ལོ་རྒྱུས་ཀྱི་རྒྱུན་ཡོད་པའི་བོད་མི་རིགས་རང་གི་རིག་གནས་ལན་སོང་བ་ཡིན་ངེས་པས།ང་ཚོའི་གནས་བབ་འདི་འདྲ་ཞིག་ཏུ་གཏོང་བའི་རང་གི་རིག་གནས་ལ་ཡང་ང་ཚོས་ཅིས་ཀྱང་ཕྱིར་རྟོག་དང་གཏོར་བཤིག་གཏོང་དགོས་པ་རེད་ལ།གཏོར་བཤིག་གཏོང་བཞིན་ཡང་ཡོད་མོད།དེ་བས་ཀྱང་ད་ལྟའི་ང་ཚོའི་གནས་བབ་ལ་འགྱུར་བ་གཏོང་ཐུབ་པའི་རིག་གནས་གསར་བ་ཞིག་འཛུགས་བསྐྲུན་དགོས་པ་རེད།འདི་ནི་བོད་མི་རིགས་ཀྱི་ད་ལྟའི་གནས་བབ་ཀྱིས་ཐག་བཅད་པ་ཞིག་རེད་འདོད།

 

དེ་ཡང་བོད་མི་རིགས་ནི་བུམ་པ་ཞིག་ཡིན་པའི་དབང་དུ་བཏང་ན།ང་ཚོས་བུམ་པའི་ནང་གི་ཆུ་མི་གཙང་བ་རེད་ཅེས་བུམ་པའི་ནང་གི་ཆུ་ཡོད་ཚད་ཕྱི་རུ་ཕོ་རྗེས།བུམ་པའི་ནང་དུ་ཡང་བསྐྱར་ཆུ་གཙང་མ་ཞིག་ལྡུག་མ་ཐུབ་པར་སྟོང་བར་བསྐྱུར་ན།བོད་མི་རིགས་ཀྱི་བུམ་པའི་ནང་དུ་གཞན་གྱི་རིག་གནས་དང་དཔལ་འབྱོར།ཆབ་སྲིད་སོགས་ཀྱི་བཙན་འཛུལ་གྱི་རྦ་རླབས་ལས་སླ་མོའི་སྒོ་ནས་ཡོང་ངེས་རེད།ཡང་ན་ང་ཚོ་རང་གིས་གཞན་གྱི་བཙན་འཛུལ་དག་ལས་སླ་མོ་བྱས་ཏེ་ཡོང་ཐུབ་པའི་ལམ་བཟོས་ཟིན་པ་རེད།གལ་སྲིད་དེ་འདྲ་བྱུང་ན།གཞན་གྱིས་བཙན་འཛུལ་བྱས་ཏེ་ཡོང་བ་དེ་དག་གིས་བོད་མི་རིགས་ག་འདྲ་ཞིག་ཏུ་གཏོང་ངམ།བཙན་འཛུལ་གྱིས་ཡོང་བ་དེ་དག་བོད་མི་རིགས་རང་གི་ཁྱད་ཡོན་ལྡན་པའི་རིག་གནས་སོགས་སུ་བྱས་ཆོག་པ་ཞིག་ཡིན་ནམ།རྒྱུ་མཚན་འདི་དག་གིས་བོད་མི་རིགས་ལ་མཚོན་ན།རིག་གནས་གཏོར་བཤིག་དང་རིག་གནས་འཛུགས་བསྐྲུན་གཉིས་དུས་མཉམ་དུ་ཐོན་དགོས་པ་ཞིག་རེད་འདོད།རིག་གནས་གཏོར་བཤིག་ཤུགས་ཆེན་པོས་སྔོན་དུ་བྱས་ཏེ།རིག་གནས་འཛུགས་བསྐྲུན་ཤུགས་ཆུང་བུས་རྗེས་སུ་བསྐྱུར་ན།སྔོན་རྗེས་འདི་གཉིས་ཀྱི་བར་ནས་གོང་གི་གནད་དོན་དེ་ཡོང་སྲིད་པ་རེད།

 

དེ་ཡང་ང་ཚོ་ན་གཞོན་དག་གི་ཁྲོད་དུ།རིག་གནས་གཏོར་བཤིག་ནི་རིག་གནས་འཛུགས་བསྐྲུན་དུ་ངེས་འཛིན་མཁན་ཡོད་ལ་དེ་ཡང་བདེན་བདེན་མོད།རིག་གནས་གཏོར་བཤིག་བྱས་རྗེས་རང་བཞིན་གྱིས་ཐོན་པའི་རིག་གནས་དེ་ནི།རིག་གནས་གཏོར་བཤིག་བྱས་རྗེས་ཀྱི་ཚབ་ཏུ་ང་ཚོས་བསམ་བཞིན་དུ་བཞག་པ་དེ་མ་ཡིན་པས།རིག་གནས་གཏོར་བཤིག་བྱས་རྗེས་རང་བཞིན་གྱིས་ཐོན་པའི་རིག་གནས་དེ་ལ་ཕྱོགས་སྣ་ཚོགས་ཤིག་ནས་འཐུས་མ་ཚང་པ་སོགས་ཀྱི་སྐྱོན་དང་དགག་བྱ་མང་དུ་འདུག་ལ།ཡང་གཅིག་བཤད་ན་རིག་གནས་གསར་བ་འཛུགས་བསྐྲུན་བྱེད་པ་ནི་མ་གཞི་ནས་རིག་གནས་གཏོར་བཤིག་ཀྱང་རེད།གཏོར་བཤིག་མེད་པའི་རིག་གནས་འཛུགས་བསྐྲུན་ནི་དོན་ལ་སྔར་ཡོད་རིག་གནས་བརྒྱུད་འཛིན་བྱས་པ་ཙམ་ལས།རིག་གནས་གསར་བ་འཛུགས་བསྐྲུན་བྱས་པ་ནི་ཡིན་མི་སྲིད་པས།ང་ཚོས་རིག་གནས་འཛུགས་བསྐྲུན་ཏེ་མདའ་གཅིག་གིས་བྱ་གཉིས་གསོད་པའི་ལས་ཀ་འདི་འགན་དུ་ཁུར་ན་ཅི་དགའ།འདི་ནི་བོད་ཀྱི་ད་ལྟའི་གནས་བབ་ཀྱིས་ང་ཚོར་སྤྲད་པའི་ལས་སྐལ་དང་བདམ་ང་ཡང་རེད་འདུག་པས།

 

མདོར་ན་གོང་གི་རྒྱུ་མཚན་འདི་དག་གིས།བོད་མི་རིགས་ཀྱི་ཡོད་ཚད་ཡིན་པའི་ན་གཞོན་དག་གིས་སྐུ་ཞབས་དོན་གྲུབ་རྒྱལ་གྱི་རིག་གནས་གཏོར་བཤིག་གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པར་མ་ཟད།སྐུ་ཞབས་དོན་གྲུབ་རྒྱལ་གྱི་རིག་གནས་འཛུགས་བསྐྲུན་གྱི་སྙིང་སྟོབས་ལ་དེ་བས་ཀྱང་སློབ་སྦྱོང་དང་རྒྱུད་འཛིན་དར་སྤེལ་གཏོང་དགོས་ཚོད་རེད།

 

2011.04.07ཉིན་ནུབ་བྱང་ཚང་ནས་འཕྲི་སྣོན་གྱི་བཟོ་བཅོས་དང་བཅས་ཏེ་ཡི་གེར་གཏན་ལ་ཕབས།

 

guang | རྩོམ་ཡོངས་ཀློག་པ།(1508) | ལན་སློག(15)
སྐྱབས་ཆེན་སོགས་ཀྱི་མཉམ་འུར་ལ་ཕྱི་ནས་བགྲོ་བ།
2011-9-27 11:19:09

སྐྱབས་ཆེན་སོགས་ཀྱི་མཉམ་འུར་ལ་ཕྱི་ནས་བགྲོ་བ།

 

ཀླད་ཀྱི་གཏམ་དང་ཞོར་གྱི་བརྡ།

ཉིན་འདི་ཀར་མེ་འཁོར་ལ་བསྡད་དེ་ལམ་བགྲོད་བྱས་པ་དང་།རྒྱུས་མེད་ཀྱི་གནས་ནས་རང་ལ་སྡོད་གནས་གཏན་འཁེལ་བྱས་པ་སོགས་ཀྱིས།དྲ་སྟེང་དུ་བལྟ་ཁོམ་ཁྱོན་ནས་མ་བྱུང་ལ།ཁ་སང་དེ་རིང་དྲ་སྟེང་དུ་དགེ་ཆོས་ལས་འཕྲོས་ཏེ་མཉམ་འུར་འོས་ཙམ་བྱུང་དང་འབྱུང་གིན་པའི་རིག་གནས་སྣང་ཚུལ་འདིའི་རྗེས་ཆོད་པ་ཕར་ཟད།གོ་ཡང་མ་གོ་ཨང་།

 

ཁ་སང་ཕྱི་དྲོ་དྲ་སྟེང་དུ་བལྟས་པས་ད་གཟོད་རིག་གནས་སྣང་ཚུལ་འདི་རིག་པ་ཡིན་ལ།དེའི་མུར་སྔོན་ཆད་ཀྱི་དྲ་སྟེང་གི་མཉམ་འུར་དག་བཞིན་ཕན་ཚན་ལ་ཅོ་འདྲི་བ་དང་དམའ་འབེབ་པའི་རིགས་ལོས་ཡིན་འདོད་སོང་མོད།ཁོམ་སྐབས་དག་ཏུ་ལག་ལ་གང་ཐོན་གྱིས་གྲོགས་པོ་དག་གི་བྲིས་རྩོམ་དག་བཀླགས་པས།དེ་འདྲ་ཞིག་མིན་པར་བློ་ལ་འབབ་པ་ཞིག་བྱུང་སོང་།དེ་བས་འདིའི་སྐོར་གྱི་བྲིས་རྩོམ་འདི་འབྲི་འདོད་བྱུང་སྟེ་འབྲི་བར་བརྩམས་པ་ཡིན་མོད།

 

ཏག་ཏག་བར་སྐབས་འདི་ལ་རྔ་བའི་སྤྱིན་བསྲེགས་ཀྱི་གནས་ཚུལ་སྡུག་པོ་དེ་གོ་བས།སྡུག་གི་ཁར་སྡུག་བརྩེགས་པའི་རྔ་བའི་མི་དམངས་ཀྱི་གནས་བབ་དྲན་པས།དགའ་དགའ་སྐྱིད་སྐྱིད་ཀྱིས་བྲིས་ཆོག་པའི་མཉམ་འུར་འདིའི་སྐོར་གྱི་བྲིས་རྩོམ་འདི་ཁྱོན་ནས་འབྲི་འདུན་མ་བྱུང་ལ།ཡང་ན་མཉམ་འུར་འདི་ལས་འཕྲོས་ཏེ་དཔའ་བོ་ཁོ་ཡིན་དང་།གནས་ལུགས་ཁོས་བཤད་ཟེར་མཁན་གྱི་ཨ་ཕོ་སྐད་སྒྲ་མཐོན་པོ་ཅན་ང་ཚོས།དགའ་དགའ་སྐྱིད་སྐྱིད་ཀྱིས་ལབ་རིང་འཐེན་གྱིན་མེད་དམ་སྙམ་པའི་དོགས་པ་ཞིག་གློ་བུར་དུ་ཐོན་ཐལ་ཨང་།

 

དེ་འདྲ་ཞིག་གཏན་ནས་མིན་ཟེར་མཁན་རེ་ཡོད་ན།རྔ་བའི་ད་ལྟའི་གནས་བབ་ལས་འཕྲོས་ཏེ་རྒྱུགས་སྤྲོད་དང་།སྒེར་གཅོད་ལ་འདི་ནས་རྒོལ་མཁན་ཡོད་ན་ད་གཟོད་དངོས་གནས་དཔའ་བོ་ཡིན་ལ།གནས་ལུགས་འདི་ནས་བཤད་མཁན་ཡོད་ན་ད་གཟོད་ངོ་མས་གནས་ལུགས་ལ་གཅེས་པ་ཡིན།ངས་འདི་འཚོ་གནས་ཀྱི་བདེ་སྡུག་ཅིག་དང་ཤེས་ཡོན་ཅན་གྱི་ལངས་ཕྱོགས་ཀྱི་ངོས་ནས་ང་ཚོ་རང་ལ་ཚ་འདྲི་ཞིག་དང་གསལ་དེབས་ཤིག་བྱས་པ་ལས།མི་རིགས་ཀྱི་ལ་རྒྱ་ཡོད་མེད་སྐོར་ནས་གཙོ་བོ་བཤད་ཀི་མེད་པས།མགོ་བདེ་དག་གིས་དོན་ཡར་མར་ལ་སྐོར་ནས་གནད་ལ་གཞོལ་ཐབས་བྱས་མ་ཡོང་།

 

རེད་དེ།རྒྱུགས་འཕྲོད་པའི་རྩོམ་རེ་བྲིས་ཀྱང་ཀུན་ལ་བགྲོ་གླེང་སའི་སྡིངས་ཆ་ཡངས་མོ་ཞིག་གང་དུ་འཚོལ་ཏེ།སྔོན་གྱི་ཤི་བོ་ཞིག་ལ་རྗེས་དྲན་བྱེད་སའི་ཁང་སྟོང་ཞིག་ཀྱང་མི་གཡོར་ས་ཞིག་ནས།འདི་གཙོ་བོ་ནུབ་བྱང་གི་མགོ་དཔོན་དག་གིས་ནུབ་བྱང་གི་དགེ་སློབ་དག་ལ་དགེ་ཆོས་ཀྱི་དུས་དྲན་སྲུང་བའི་གོ་སྐབས་ཙམ་ཡང་མ་སྤྲད་པ་དེ་ལ་བཤད་དེ་གནད་གཞན་ཞིག་ལ་བརྒྱགས་པ་ཡིན།ཁྲག་དམར་ད་དུང་འཛར་གྱིན་པའི་ད་ལྟའི་ཤི་བོ་དག་གི་སྐོར་ནས་བགྲོ་གླེང་སའི་སྡིངས་ཆ་ཡངས་མོ་ཞིག་གང་ན་ཡོད་ཨང་།

 

རེད་དེ།གནས་ལུགས་མི་བརྩི་བའི་འཇིག་རྟེན་འདི་ནས་ལམ་རང་གིས་གཏོད་རྒྱུ་ལས་གཞན་གྱིས་སྟེར་མི་སྲིད་པ་སྔོན་ནས་ངེས་ཏེ་ཡོད་ཀྱང་།ཏག་ཏག་ད་ལྟ་འབྲི་མཚམས་འཇོག་ལ་ཡོད་པའི་བྲིས་རྩོམ་འདི་ཡང་བསམ་གྱིན་བསམ་གྱིན་བསྐྱུར་བཞག་དགོས་པའི་དོན་དག་ཅིག་བཞར་ཡང་ཡིན་མི་འདུག་པས།སྡུག་པོ་གཞུག་ལ་བཞག་ནས་སྐྱིད་པོ་སྔོན་ལ་གྲོགས་པོ་དག་དང་དགའ་དགའ་སྤྲོ་སྤྲོ་ཡིས་བགྲོ་བར་བྱའོ།།

      

མཉམ་འུར་དང་སྐྱབས་ཆེན།

ཐེངས་འདིའི་བགྲོ་གླེང་འདི་ཡང་།མཉམ་འུར་སྔོན་མ་དག་དང་འདྲ་བར་སྐུ་ཞབས་སྐྱབས་ཆེན་བདེ་གྲོལ་ལགས་ནི་སྣ་འདྲེན་དང་གཙོ་བོ་རུ་གྱུར་འདུག་པས།བོད་ཀྱི་རིག་གནས་པའི་སྡེ་ཡི་ལུང་ཀོག་ཁུ་སིམ་པའི་ནང་དུ་འུར་འུར་ཆེམ་ཆེམ་གྱི་རྦ་རྡོ་འཕེན་ཐུབ་པའི་ཁོང་ལ་དམིགས་བསལ་གྱིས་བཀའ་དྲིན་ཞིག་ཤོར་སོང་།དྲང་ལྡོག་གཉིས་ནས་གྲགས་རྒྱུ་འགུལ་རྒྱུ་གང་ཡང་མེད་པ་ནི།གཉིད་ནས་རིམ་བཞིན་ཤི་རྒྱུ་ཡིན་པའི་རྟགས་རེད་ལ།གྲགས་རྒྱུ་འགུལ་མང་བ་ནི་དེ་ལས་ལྡོག་ཏེ།གཉིད་ལས་སད་པ་དང་རིམ་བཞིན་གསོན་རྒྱུའི་རྟགས་རེད།དེ་བས་འུར་བརྒྱགས་མཁན་ཡོད་ཚད་ལ།འུར་བརྒྱབས་པ་ཁོ་ནའི་ངོས་ནས་དྲང་ལྡོག་དང་བཟང་ངན་གྱི་ཁྱད་དབྱེ་མེད་པར་རྒྱབ་སྐྱོར་ཡོད།

        

དཀྱེལ་ཡངས་དང་གྲུབ་འབྲས།

ཐེངས་འདིའི་མཉམ་འུར་ལས་མི་གཞི་དམའ་འབེབ་ཀྱི་སྡིགས་དམོད་ལས་གཞན་མང་པོ་མི་བཤད་པའི་སྐུ་ཞབས་སྐྱབས་ཆེན་ལགས་ཀྱིས་ཀྱང་།ད་རེས་དཀྱེལ་ཡངས་དང་བགྲོ་གླེང་གཙོ་བཞག་གིས་རང་གི་ལྟ་ཚུལ་ཡང་དང་བསྐྱར་དུ་བགྲོ་ཡི་འདུག་ལ།ཁོང་གི་ལྟ་ཚུལ་ལ་དགག་པ་བགྲོ་བའི་མྱི་རབས་གསར་བ་རྣམས་ཀྱིས་ཀྱང་།གཅིག་ལས་གཅིག་བཟང་གིས་དཀྱེལ་ཡངས་ཀྱི་རྩ་དོན་སྟེང་ནས་བགྲོ་གླེང་བྱེ་བྲག་ནས་བྱེ་བྲག་ཏུ་བབས་ཏེ་གླེང་གི་འདུགའདི་ནི་ང་ཚོས་ལོ་རེ་འགའ་ཡི་སྔོན་དུ་དཀྱེལ་ཡངས་གླེང་ཞིང་བཙལ་བ་ལ་གྲུབ་འབྲས་ཐོན་བཞག་ཡོད་པའི་རྟགས་མངོན་གསལ་བ་རེད་ལ།གྲུབ་འབྲས་འདི་ལྟར་ཐོན་གྱིན་པ་རིག་ན།ང་ཚོའི་མ་འོངས་པའི་ལམ་བགྲོད་ལ་ཡང་དཔའ་གདེང་ཞིག་གིས་ཁེངས་ཡོང་གིམུ་མཐུད་ནས་དཀྱེལ་ཡངས་དང་དཔྱོད་ཤེས་གཙོ་བཞག་གིས་བགྲོ་གླེང་བྱོས་དང་།ཐེངས་འདིའི་བགྲོ་གླེང་གི་མཉམ་འུར་གྱིས་བོད་ཀྱི་རིག་གནས་བགྲོ་གླེང་ལ་ས་མཚམས་ཤིག་མི་དགར་བའི་ངེས་པ་ཡང་མི་འདུག

 

བྱེ་བྲག་གི་འཕྲོས་དོན་དང་མཚམས་འཇོག་གི་སྐྱོན་ཆ།

ཐེངས་འདིའི་བགྲོ་གླེང་གི་མགོ་ནུབ་བྱང་ཚང་གི་དགེ་སློབ་སྐོར་ཞིག་གིས་བསྡུས་པའི་དགེ་ཆོས་དུས་དྲན་གྱི་གསར་འགྱུར་དང་།དེ་ལ་ཁ་གཏད་ནས་བྲིས་པའི་སྐྱབས་ཆེན་ལགས་ཀྱི་ལྷུག་རྩོམ་ཐུང་ཐུང་དེ་རེད་ལ།དེ་གཉིས་གང་ཡིན་ཡང་བམ་བཤད་ཆེན་པོ་གཉིས་རེད།ཡིན་ཡང་བམ་བཤད་དེ་གཉིས་རྒྱུས་བཤད་བྱས་པས།ད་གཟོད་བམ་བཤད་ནས་བྱེ་བྲག་དང་བྱེ་བྲག་ནས་འཕྲོས་དོན་དུ་གྱུར་གྱིན་པའི་ད་ལྟའི་བགྲོ་གླེང་འདི་བྱུང་བ་རེད།

 

རེད་དེ།སྲོལ་རྒྱུན་གཙོ་འཇོག་གི་བགྲོ་གླེང་པའི་ཁྲོད་ནས་སྐྱབས་ཆེན་གྱིས་ཡང་དང་བསྐྱར་དུ་རང་གི་ལྟ་ཚུལ་ལྷུག་བརྗོད་གནང་བ་ལས།དཔལ་བེའུ་སོགས་ཀྱིས་བྱེ་བྲག་ཏུ་བབས་ཏེ་རྒྱུས་བཤད་ཀྱིས་ད་དུང་གང་ཡང་བྲིས་མ་ཐོན་ལ།དུས་རྒྱུན་བོད་དུ་སྲོལ་རྒྱུན་གཙོ་འཇོག་གི་ཤེས་ཡོན་པ་ཁ་མང་དག་མ་མང་ན་མི་ཉུང་མོད།གནད་ཀྱི་དོན་པོར་བབས་ཏེ་བགྲོ་གླེང་བྱུང་གི་ཡོད་སྐབས་འདིར།སྐྱབས་ཆེན་ལགས་དཔའ་ཁེར་རྒྱུག་བྱེད་དུ་བཅུག་ཏེ་ཁོ་ཚོ་སུ་ཡང་ལྷིང་ལ་བུད་མ་བྱུང་བས།སྲོལ་རྒྱུན་གཙོ་འཇོག་གི་མཁས་པ་དེ་དག་གིས་སྲོལ་རྒྱུན་གྱི་ལྟ་ཚུལ་དག་ཡོངས་སུ་དོར་ནས།དེང་རབས་ཀྱི་ལྟ་ཚུལ་ཕྱོགས་སུ་རུ་སྤར་ཏེ་ད་དུང་དེ་རུ་ཡང་མ་ཐོན་པ་ཡིན་ནམ།ཡང་ན་གཞི་ནས་རྒས་ཤིང་ཕམ་ནས་གང་ཞིག་ཏུ་སྐུང་སྡོད་པ་ཡིན།གང་ལྟར་སྲོལ་རྒྱུན་གྱི་ལྟ་ཚུལ་ཡོད་པ་དག་གིས།རང་རང་གི་ལྟ་ཚུལ་ལྷུག་བརྗོད་གནང་བའི་རེ་བ་ཡོད།དེ་འདྲ་མིན་ཙང་།སྲོལ་རྒྱུན་གཙོ་འཇོག་གི་ཁྱེད་ཚོ་ད་ནི་རྒྱས་ཤིང་ཕམ་གྱིན་མེད་དམ་སྙམ་འོངས་ལ།དེང་རབས་གཙོ་འཇོག་གི་མྱི་རབས་གསར་བ་དག་སྔར་ལས་ཀྱང་ནར་སོན་ཞིང་རང་གི་ལམ་ལ་དཔའ་ངར་དང་ཡིད་ཆེས་ཀྱིས་བགྲོད་ཀྱིན་མེད་དམ་སྙམ་པ་ཞིག་རེད།

 

གྲོགས་ཁ་བ་སྙིང་ལྕགས་དང་གླག་སོགས་ཀྱིས་གཅིག་ནས་གཉིས་དང་།བམ་བཤད་ནས་བྱེ་བྲག་ཏུ་བབས་ཏེ་གླེང་བར་ཤིན་ཏུ་འཐད་ལ།དེ་བཞིན་དུ་གྲོགས་ཞོགས་ལྗང་དང་སྒྲེན་པོ་སོགས་ཀྱིས་ཀྱང་།བྱེ་བྲག་ཏུ་བབས་ཏེ་རྒྱུས་བཤད་རང་བཞིན་གྱི་བྲིས་རྩོམ་རིང་བོ་རེ་བྲིས་ཡོང་བར་ཤིན་ཏུ་དགའ་བོ་ཡོད་།གྲོགས་སྤྱན་དུངས་དང་མེ་ལྕེ་སོགས་ཀྱིས་བམ་བཤད་ཁྲོ་འབར་མའི་རྗེས་ནས།སྐུ་ཞགས་སྐྱབས་ཆེན་ལགས་དང་གྲོགས་པོ་གཞན་དག་བཞིན།བྱེ་བྲག་ཏུ་བས་ཏེ་རང་གི་ལྟ་ཚུལ་རྒྱུས་བཤད་ཀྱི་བྲིས་རྩོམ་རེ་མཐོང་དུ་མེད་པ་ནི།གནས་སྐབས་སུ་མ་འཚག་པ་ཡིན་ན་མི་སྐྱོན་མོད།དེ་ཙམ་གྱིས་ཡོངས་སུ་མཚམས་བཞག་པ་ཡིན་ན་འཐད་པ་མེད་ལ།རང་གི་སྐད་ཆ་དང་བགྲོ་གླེང་འདི་ལ་འགན་མ་ཁུར་བ་ཡང་རེད་ཟེར་གི་ཡིན།

 

སྐྱོན་ངོས་ལེན་དང་དཔའ་དག་མ།

བགྲོ་གླེང་འདི།ཚོར་ཤེས་ནས་དཔྱོད་ཤེས་སུ་འཕར་བ་དང་བམ་བཤད་ནས་རྒྱུས་བཤད་དུ་གྱུར་བས།བགྲོ་གླེང་པ་རྣམས་ཀྱི་སྔ་གཞུག་གི་ལྟ་ཚུལ་ལ་ལ་འདྲ་ཡི་མེད་ལ།དེ་ནི་ཤིན་ཏུ་ཡོད་རིག་པ་ཞིག་ཀྱང་ཡིན་མོད།སྐུ་ཞབས་རྡོ་རང་སྐྱེད་སོགས་ཀྱིས་ཁ་བ་སྙིང་ལྕགས་དང་སྐྱབས་ཆེན་བདེ་གྲོལ་སོགས་ཀྱི་དཔའ་ཞུམ་སོང་ཚུལ་གྱི་ཚིགས་བཅད་འཆལ་འཆོལ་རེ་བྲིས་ཡོང་གིན་པ་ནི་ཤིན་ཏུ་མི་འཐད་དེ།ཕན་ཚན་གོ་བ་ལོག་སོང་སར་དགོངས་དག་དང་སྐྱོན་ཤེས་ན་ངོས་ལེན་སོགས་བྱེད་པ་ནི།གཞན་མ་ཟད་རང་ལ་ཡང་འཐབ་ཐུབ་པའི་དཔའ་བོ་དངོས་རེད།དེ་འདྲ་མ་ཡིན་པར་རང་གི་དམ་བཅའ་འདྲ་བོ་ལ་ནོར་འཁྲུལ་མང་ཡང་དཔའ་བོ་ཡིན་བཏང་ཁ་བོས་གཏན་པོ་བྱས་པ་ཡིན་ན།དེ་ནི་བླུན་པོའི་འཁྲེག་འཛིན་རེད།གཡག་སྣ་ཁུ་ཚུར་རེད།

 

དེ་བས་ཐེངས་འདིའི་བགྲོ་གླེང་བ་དག་ལ་རང་སྐྱོན་ངོས་ལེན་གྱི་སྙིང་སྟོབས་ཡོད་པའི་རེ་བ་ཞུ་ལ།དེ་བཞིན་དུ་རྡོ་རང་སྐྱེད་དག་གིས་ཚིག་བཅད་འཆལ་འཆོལ་དག་གིས་ཤགས་འགྱེད་དང་ལབ་སྟོང་བརྒྱབས་མ་ཡོང་།སྔོན་གྱི་མཉམ་འུར་གང་མང་ཞིག་ཉོག་སོང་བའི་རྒྱུ་རྐྱེན་ཡང་ཚིག་བཅད་ཀྱི་ལམ་ནས་ཤགས་འགྱེད་དང་ལབ་སྟོང་བརྒྱབས་པས་རེད།ལྟ་ཚུལ་ཡོད་ན་ལྷུག་ལྷུག་གིས་བརྗོད་པའི་རེ་བ་ཡོད།

 

       ནུབ་བྱང་ཚང་དང་སྙིང་སྟོབས་དངོས།

ཁ་སང་དེ་རིང་ལ་སྤྱི་ཚོགས་སྒང་ན་མང་བོ་ཞིག་གིས་ནུབ་བྱང་ཚང་གི་སྙིང་སྟོབས་ཉམས་འདུག་ཅེས་བཤད་ཀི་འདུག་མོད།ཐེངས་འདིར་བགྲོ་གླེང་འདི་ནས་བལྟས་ན།མི་རབས་གསར་བའི་ལྟ་ཚུལ་ཚ་ཚ་འུར་འུར་གྱིས་གླེང་ཡོང་མཁན་སྔར་བཞིན་ནུབ་བྱང་ཚང་རེད་དང་རེད་འདུག་པས།ནུབ་བྱང་ཚང་གི་རིག་གནས་སྙིང་སྟོབས་ཀྱི་སྙིང་གསོན་པོ་དེ་སྔར་བཞིན་ལྷོག་ལྷོག་ཏུ་ལྡང་གི་འདུག་པ་རེད།གནད་འགག་ཏུ་བབས་ན་ཤིན་ཏུ་གསལ་བོ་རེད།སྒེར་གཅོད་ཆབ་སྲིད་ཀྱི་གདོང་ནས་མངོན་གསལ་གྱིས་ལངས་ཐུབ་མཁན་སྔོན་ཡང་།ཐེའུ་རང་དང་ཞོགས་ལྗང་སོགས་རེ་གཉིས་ཤིག་ལས་མེད་ཚོད་འདུག་ལ།དེའི་ཐད་ནས་ཀྱང་གནད་འགག་ལ་ཐུག་ན་ད་ལྟ་ཡང་རེ་གཉིས་ཤིག་མེད་པའི་ངེས་པ་ཁྱོན་ནས་མི་འདུག

 

ལྷག་ཏུ་ནུབ་བྱང་ཚང་ནས་འུར་ཆེན་བརྒྱབས་མྱོང་བའི་མི་རབས་སྔོན་མ་དག་ལས་སྐོར་ཞིག་ནུབ་བྱང་ཚང་ལ་བྲལ་རྗེས་དང་ཞིབ་འཇུག་སློབ་མ་སོགས་སུ་གྱུར་རྗེས།གྲགས་རྒྱུ་གོ་རྒྱུ་གང་ཡང་མེད་མོད།ཞོགས་ལྗང་དང་སྒྲེན་པོ་སོགས་སྐོར་ཞིག་ལ་ད་དུང་དཔའ་མ་ཞིམ་སྙིང་སྟོབས་གསོན་ནས་ཡོད་པ་ནི།ནུབ་བྱང་ཚང་གི་སྙིང་སྟོབས་ཀྱི་མིག་དཔེ་དང་དར་ཆ་བྱས་ན་འོས་པར་མཐོང་ཡོད།ནུབ་བྱང་ཚང་གི་སྙིང་སྟོབས་སྐོར་ནས་གཞན་དུ་འབྲི་རྩིས་ཡོད་པས་འདིར་མང་པོ་མི་སྤྲོ་བར་བྱ།

 

མཇུག་གི་སྐད་དང་ཞོར་གྱི་ཆེམས།

བྲིས་རྩོམ་འདི་སྐྱབས་ཆེན་སོགས་ཀྱི་བགྲོ་གླེང་གི་ནང་དུ་འཛུལ་ནས།ལྟ་ཚུལ་དེ་ལ་འཐད་དང་འདི་ལ་མི་འཐད།དེ་ཡི་རྒྱུ་མཚན་འདི་དང་འདི་ཡིས་ཡིན་སོགས་ཀྱིས་བྲིས་པ་ཞིག་མིན་པར།ཕྱི་ནས་བགྲོ་གླེང་ལ་ལེབ་དང་ཟུར་ནས་བལྟས་ཏེ་སྐབས་བབས་ཀྱི་གཏམ་ཁག་ཅིག་ཐལ་བ་ཙམ་ཡིན་པས།གནས་སྐབས་སུ་བཤད་འདོད་པ་གཙོ་བོ་དག་བཤད་ཚར་སོང་མོད།སྔར་བཞིན་གནད་དོན་ཞིག་གིས་རིགས་མཐུན་འུ་བུ་ཅག་ལ་ཚ་འདྲི་བྱས་འོངས་ཏེ།

 

ནུབ་བྱང་སློབ་ཆེན་གྱི་མགོ་གཙོ་དག་གིས་ཅི་ཞིག་ལ།ནུབ་བྱང་ཚང་གི་དགེ་སློབ་རྣམས་ཀྱི་དགེ་ཆོས་དུས་དྲན་ལ་སྟབས་བདེ་མ་བསྐྲུན་པ་ཡིན་ནམ།ལྷག་ཏུ་ནུབ་བྱང་ཚང་གི་དགེ་སློབ་སྙིང་སྟོབས་ཡོད་དོ་སྐད་ཀྱི་ཁོང་ཚོས།ཅི་ཞིག་ལ་འདི་ཡི་ཐད་ནས་གནས་ལུགས་འཚོལ་སྒྲུབ་ཀྱི་མཉམ་འུར་མ་བརྒྱབས་པར།སྐྱབས་ཆེན་ལགས་ཀྱི་ལྷུག་རྩོམ་དེ་ཙམ་པོ་ལ་དགག་སྒྲུབ་ཆར་བ་འབབ་འབབ་བྱེད་དགོས་སོང་བ་ཡིན་ནམ།

 

རང་གི་གཉའ་རུ་སྤོས་ཡོད་པའི་རྐང་བ་རུལ་དྲི་ཐུལ་བ་དག་ལ་སེན་བྲད་ཙམ་ཡང་བྱེད་མི་ནུས་པར།ཐག་རིང་ནས་ཀི་ཞིག་བརྒྱབས་པ་ལ་ཀི་སྣ་ཚོགས་འདེབས་པ་ནི་ང་ཚོའི་ལོབས་ཕྱོགས་ཤིག་རེད་ལ།དོན་ངོ་མར་འུ་བུ་ཅག་ལ་སྙིང་སྟོབས་ཡོད་དམ་གྱི་ཚ་འདྲིའི་བབས་ས་ཡང་འདི་རེད་ཨང་།

 

2011.9.26

guang | རྩོམ་ཡོངས་ཀློག་པ།(1536) | ལན་སློག(15)
ལམ་བར་ནས་ལན་གྲུའི་མཁའ་དབུགས་རྔུབ་པ།
2011-9-25 14:40:04

ལམ་བར་ནས་ལན་གྲུའི་མཁའ་དབུགས་རྔུབ་པ།

 

             ལྕགས་ལམ་བསྲིངས     མེ་འཁོར་བཞུར

             ལན་གྲུ་རུ་ཐོན

             མེ་འཁོར་འདི་རིག་ན

             ལག་པ་ཞིག་གཡུགས་དང      གནས་འདིའི་ངའི་དྲན་ཤིང་ཚོ

             མེ་འཁོར་འདིར      ངས་ཁྱེད་ལ་ལག་པ་གཡུག་གི་ཡོད

            

              ཁྱེད་རང་ཟམ་པའི་སྟེང་ན

              ང་རང་ཟམ་པའི་འོག་ནས་སོང

              དེ་རིང་གི་ལན་གྲུའི་ཆར་བས    འུ་གཉིས་ཀ་བརླན

             

               ལན་གྲུ་ཡི་མཁའ་དབུགས་ཤིན་ཏུ་གཙོག

               སྒེའུ་ཁུང་ལས་མགོ་བོ་བསྲིངས་ཏེ

               ཁེར་རྐྱང་ངང    ངས་ལན་གྲུ་ཡི་མཁའ་དབུགས་རྔུབ

               ང་ཡི་བློས་ཐུབ་དག་གིས་ཀྱང     མཁའ་དབུགས་འདི་རྔུབ་ཀྱིན་ཡོད

             

               གྲོགས་པོ་དག་གི་ཆང་དྲི     གྲོགས་མོ་དག་གི་དགོད་སྒྲ

               ལན་གྲུ་ཡི་མཁའ་དབུགས་གཙོག་པོ་མི་འདུག

               ཁེར་རྐྱང་ངང    ངས་ལན་གྲུ་ཡི་མཁའ་དབུགས་རྔུབ་ཀྱིན་བུད་སོང

 

                                               ༢༠༡༡       ༡༨ཉིན་མེ་འཁོར་ལས།

ཟུར་གླེང་།ཉེ་སྔོན་ཏག་ཏག་ལ་ཡུལ་གཞན་ཞིག་ཏུ་འགྲོ་བའི་ལམ་བར་ནས་ལན་གྲུ་བརྒྱུད་དགོས་པས།ལན་གྲུ་རུ་ཡོད་པའི་རང་གི་གྲོགས་པོ་དག་དང་ཐུག་འདུན་ཤིན་ཏུ་ཡོད་མོད།བྱ་བའི་དབང་གིས་ལན་གྲུ་ནས་སྡོད་ཁོམ་མ་ཡོད་པར་འགྲོ་དགོས་སོང་བས།གྲོགས་པོ་སྐོར་ཞིག་གིས་བརྩེ་བའི་གཤེ་གཤེ་གནང་བ་དང་།མེ་འཁོར་ལན་གྲུ་བརྒྱུད་སྐབས་དང་མེ་འཁོར་ལན་གྲུ་ནས་སྐར་མ་བཅུ་དྲུག་ལ་སྡོད་སྐོབས།རང་སེམས་ལྷག་ཏུ་སྐྱོ་བོ་བྱུང་བས་སྐད་ཆ་འདི་འདྲ་ཞིག་བྲིས་ཏེ།ལན་གྲུའི་མཁའ་དབྱིངས་སུ་ཁ་རོག་གེ་གྱེར་བ་ཡིན།

guang | རྩོམ་ཡོངས་ཀློག་པ།(1589) | ལན་སློག(24)
འཛིན་གྲྭ་ཞིག་གི་བགྲོ་གླེང་ཚོགས་འདུ།
2011-4-30 11:42:21

                           འཛིན་གྲྭ་ཞིག་གི་བགྲོ་གླེང་ཚོགས་འདུ།

  

             

 

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གཉིས་སྟོང་བཅུ་ལོའི་ཆེད་སྦྱོང་དངོས་འཕར་འཛིན་གྲྭའི་སློབ་གྲོགས་བྱམས་པ་དབང་ཕྱུག་གམ་སྤྱན་དུངས་ལགས་ཀྱི་བཀོད་སྒྲིག་འོག  ༢༠༡༡ ༤ ༢༧ ཉིན་གྱི་དགོང་ཁའི་དུས་ཚོད ༧ ༣༠ སྟེང་འཛིན་གྲྭ་དེ་ཀའི་སློབ་གྲོགས་རྣམས་ཀྱིས༼ སློབ་སྦྱོང་། འཚོ་བ།  མྱི་སྒེར།  སྤྱི་ཚོགས། ༽བཅས་ཀྱི་གླེང་གཞིའི་སྟེང་ནས་བགྲོ་གླེང་ཚོགས་འདུ་བསྡུས་ཤིང་།  སློབ་གྲོགས་རྣམས་ཀྱིས་རང་རང་སོ་སོའི་ལྟ་ཚུལ་སོགས་ལྷུག་བརྗོད་བྱས་ཏེ་བགྲོ་གླེང་གི་མཁའ་དབུགས་ཅུང་འཁྲུག་ཆ་དོད་པོ་དང་དགའ་དགའ་སྤྲོ་སྤྲོའི་ངང་བསྐྱལ།

 

   

     སྤྱན་དུངས་ཀྱིས་ཚོགས་འདུའི་འགོ་འཛིན་གཏམ་ལས་འཕྲོས་ཏེ་བགྲོ་གླེང་གི་དགོས་པ་གླེང་བཞིན་པ།

 

 

 

     དབལ་ཤུལ་བུ་ཆུང་གིས་མྱི་སྒེར་དང་མི་རིགས་སྐོར་གླེང་བཞིན་པ།

  

 

 

       དུང་དཀར་དཔལ་ལྡན་གྱིས་མྱི་སྒེར་དང་རང་གི་དཀོན་མཆོག་གླེང་བཞིན་པ།

 

 

 

     འོད་ནག་གིས་འཛིན་གྲྭའི་ནང་ཁུལ་ལ་སྡིག་དམོད་བྱེད་བཞིན་པ།

 

 

     རྣོ་ཟུར་གྱིས་རྒྱུས་ཡོད་པའི་མྱི་སྒེར་རང་ཉིད་གླེང་བཞིན་པ།

 

 

 

     ཡར་འཕེལ་གྱིས་སློབ་སྦྱོང་དང་དགེ་རྒན་ཚོའི་སློབ་ཁྲིད་ཀྱི་དགེ་སྐྱོན་གླེང་བཞིན་པ།

 

 

 

     མཁའ་དབྱིངས་ཀྱིས་ཡོད་ཚད་ལ་རྗེས་ལུས་ཐེབས་ཡོད་པའི་གཏན་ཚིགས་འགོད་བཞིན་པ།

 

 

 

     རྣོ་ཡིས་ཡོད་ཚད་ལས་མྱི་སྒེར་གཙོ་བ་གླེང་བཞིན་པ།

 

 

 

   འཛིན་གྲྭ་གཞན་ནས་ཡོང་བའི་སློབ་གྲོགསམིང་མི་ཤེསགང་གིས་སློབ་སྦྱོང་གི་ཐབས་ཤེས་གླེང་བཞིན་པ།

 

 

     འོད་སྒྲོན་གྱིས་སློབ་སྦྱོང་དང་སྐྱེས་མའི་བློ་སྤོབས་གླེང་བཞིན་པ།

 

 

 

     འཛིན་གྲྭ་གཞན་ནས་ཡོང་བའི་ཐོགས་མདའ་ཡིས་མྱི་སྒེར་གྱི་སད་རྟོགས་གླེང་བཞིན་པ།

 

 

 

     ཡེ་ཤེས་སྒྲོལ་མའི་གཏམ་བཤད་སྙིང་སྟོབས་དང་དེའི་སྦྱོང་བརྡར་སྐོར་གླེང་བཞིན་པ།

 

 

  

    ཁྲག་མིག་གིས་ལྟ་བ་གསར་རྙིང་དང་ལྟ་ལོག་པ་གླེང་བཞིན་པ།

 

 

 

    ཤེར་སྒྲོན་གྱིས་རྒྱུགས་ཀྱི་བྲན་གཡོག་དང་དགེ་རྒན་མདོག་འགྱུར་མིག་ཤེལ་ཅན་གླེང་བཞིན་པ།

 

 

 

    རྡོ་རྗེ་ཡིས་དཔེ་ཀློག་ཕལ་བ་དང་བསམ་གཞིགས་གཙོ་བོ་ཡིན་ཚུལ་གླེང་བཞིན་པ།

 

 

 

    སྤྱན་དུངས་ཀྱིས་སློབ་སྦྱོང་ནི་འཚོ་བ་དང་རང་ནི་སྤྱི་ཚོགས་ཁྲོད་ཀྱི་མྱི་སྒེར་ཡིན་ཚུལ་གླེང་བཞིན་པ།

 

 

ཐེངས་འདིའི་བགྲོ་གླེང་གི་སྐབས་སུ་དུས་ཚོད་ཀྱི་དབང་གིས་སློབ་གྲོགས་གང་མང་ཞིག་ལ་གཏམ་བཤད་ཀྱི་གོ་སྐབས་མེད་སོང་བ་དང་།  གཏམ་བཤད་རྗེས་ཀྱི་ཕན་ཚུན་བགྲོ་གླེང་བྱེད་པའི་རིམ་པ་སོགས་ཀྱང་དུས་ཚོད་ཀྱི་དབང་གིས་མེད་སོང་བས།  འཛིན་གྲྭའི་འཛིན་དཔོན་ཡར་འཕེལ་དང་རྣོ་ཟུར་སོགས་ཀྱིས་མུ་མཐུད་དུ་གླེང་གཞི་འདིའི་སྟེང་ནས་ད་དུང་བགྲོ་གླེང་ཚོགས་འདུ་བསྡུ་རྒྱུ་འགན་ལེན་བྱས་ཡོད།

    

  

guang | རྩོམ་ཡོངས་ཀློག་པ།(3082) | ལན་སློག(41)
འཆི་གསོན་གྱི་ཐད་ལ་ཕུ་འདེབས་པ།
2011-4-10 15:55:09

                          

                                            འཆི་གསོན་གྱི་ཐད་ལ་ཕུ་འདེབས་པ།

 

ང་རང་སྡོད་སའི་སློབ་གྲྭ་རུ་བུ་མོ་ན་གཞོན་མ་ཞིག་བརྩེ་དུངས་ཀྱི་དབང་དུ་སོང་སྟེ་སློབ་ཁང་གི་བརྩེགས་ལྔ་བ་ནས་མར་ལྡང་སྟེ་རང་སྲོག་བཅད་པས།  ད་ལྟ་སློབ་གྲྭའི་ནང་དོན་དག་དེ་ཚ་ཚ་འུར་འུར་གྱི་གླེང་གཞི་ཞིག་ཏུ་གྱུར་འདུག་ལ།  ཁོ་བོས་ཀྱང་འདི་ཡི་ཐད་ལ་རང་གི་ལྟ་ཚུལ་རེ་གཉིས་ཤིག་གླེང་ན།

                                       གཅིག

བུ་མོ་ན་གཞོན་མ་གང་དེས་རང་སྲོག་བཅད་རྗེས།   མྱི་སྐོར་ཞིག་གིས་ཁོ་མོས་སྲོག་བཏང་བ་ལ་མྱ་ངན་ཞུ་བཞིན་འདུག   ཡིན་ཡང་ཁོ་བོས་བུ་མོ་གང་དེས་རང་སྲོག་བཏང་བ་ལ་རྟེན་འབྲེལ་ཞུས་པ་ཡིན།  རྒྱུ་མཚན་ཧ་ཅང་སླ་སྟེ།  ཁོ་མོས་བཤད་པ་ལྟར་རང་ཉིད་དགའ་སའི་མྱི་དེ་མ་ཐོབ་ན་ཁོ་མོ་གསོན་ནས་འཚོ་བ་ལ་དོན་སྙིང་མེད་པས་རེད།   ལྷག་ཏུ་རང་སྲོག་གཅོད་རྒྱུ་ནི་ཁོ་མོས་བདམས་པའི་ལམ་རེད་ལ།   ཁོ་མོ་དངོས་སུ་ལམ་དེར་ཞུགས་ནས་རྒྱང་དུ་བཞུད་སོང་བས།   གུས་པོས་ཁོ་མོར་བཀྲ་ཤིས་རྟེན་འབྲེལ་ཞུ་བཞིན་ཡོད།

ཡིན་ཡང་ང་ལ་མྱ་ངན་མེད་པ་མིན་སྟེ།  ཁོ་མོས་མྱི་ཡུལ་ནས་བརྩེ་དུངས་ཀྱི་འཚོལ་སྙེག་བྱས་བྱས་མཐར།  བརྩེ་དུངས་ཀྱི་དྲོད་ཁོལ་མ་རྙེད་པར་བརྩེ་དུངས་ཀྱི་གྲང་ངར་ཞིག་ཐོབ་པ་དེ་རེད།  ཏག་ཏག་བདག་གིས་ཁོ་མོའི་ལས་སྐལ་དེ་ལ་གདུང་སེམས་ཆེན་པོས་མྱ་ངན་ཞུ་བཞིན་ཡོད།

                                          གཉིས།

བུ་མོ་ན་གཞོན་མ་གང་དེས་རང་སྲོག་བཅད་རྗེས།  མྱི་སྐོར་ཞིག་གིས་ཁོ་མོའི་རང་སྲོག་གཅོད་ཚུལ་དེ་འདང་མ་ཕོག་པའི་བྱ་བ་ཞིག་རེད་ཟེར།  དེ་ནི་བདེན་ཡང་ཐང་ལ་མི་བདེན་ཡང་སྲིད་དེ།  གསོན་དགོས་པའི་རྒྱུ་མཚན་ཡོད་པ་ལྟར་འཆི་དགོས་པའི་རྒྱུ་མཚན་ཡང་ཡོད་རྒྱུ་རེད་འདོད་ལ།  ཡང་གསོན་པའི་རང་དབང་ཡོད་པ་ལྟར་འཆི་བའི་རང་དབང་ཡང་ཡོད་ན་འགྲིག་གི་འདོད།

དེ་ཡང་རང་སྲོག་བཅད་ཟིན་པ་དང་རང་སྲོག་གཅོད་བཞིན་པ་དག་ལ་དབྱེ་ཞིབ་བྱེད་དུས།  ང་ཚོས་རང་གི་གསོན་འདོད་ཀྱི་མིག་དབང་ངམ་ལངས་ཕྱོགས་སྤྱད་ནས་དབྱེ་ཞིབ་བྱས་ན་རང་སྲོག་གཅོད་མཁན་གྱི་དོན་དངོས་ང་ཚོས་ནམ་ཡང་རིག་སྲིད་པ་མ་རེད།  ཡིན་ཡང་ང་ཚོས་གསོན་པའི་ལངས་ཕྱོགས་ཀྱིས་རང་སྲོག་གཅོད་མཁན་རྣམས་ལ་གསོན་དགོས་པའི་དྲན་གསོའམ་གནས་ལུགས་བསྟན་ཆོག་པ་རེད།

 གསུམ།

བུ་མོ་ན་གཞོན་མ་གང་དེས་རང་སྲོག་བཅད་རྗེས།  མྱི་སྐོར་ཞིག་གིས་ཁོ་མོས་རང་ཉིད་ལ་འདང་མི་བརྒྱགས་ཀྱང་ཕ་མ་དང་གཉེན་གྲོགས་སོགས་ལ་འདང་ཞིག་བརྒྱབས་ན་རེད་ཟེར།  ཁོ་མོ་དང་ཁོ་མོའི་ཕ་མ་གཉེན་གྲོགས་སོགས་གཅིག་ལ་གཅིག་རྟེན་གྱིས་འཚོ་བས།  དངོས་གནས་ཁོ་ཚོ་གཅིག་གིས་གཅིག་ལ་འདང་བརྒྱགས་དགོས་པ་རེད།   ཡིན་ཡང་འདས་མོ་རང་གིས་བཤད་པ་ལྟར་ཁོ་མོ་འཇིག་རྟེན་ནས་འཚོ་བ་ནི་སྐྱ་ཐང་ཐང་ཞིག་ཡིན་པའི་དབང་དུ་བཏང་ན།   ཁོ་མོའི་ཕ་མ་གཉེན་གྲོགས་སོགས་ཀྱིས་ཀྱང་ཁོ་མོ་ལ་འདང་ཞིག་བརྒྱགས་མི་དགོས་སམ།  ཕ་མ་གཉེན་གྲོགས་སོགས་ཀྱི་ཆེད་དུ་ཁོ་མོས་སྐྱ་ཐང་ཐང་གི་འཚོ་བ་དེ་ཡང་རོལ་དགོས་པ་རེད་ཟེར་ན།  དངོས་གནས་ང་ཚོ་ལ་ཡང་གདུག་རྩུབ་ཆེ་སོང་བ་མིན་ནམ།  ཡང་གཅིག་བཤད་ན་ཁོ་མོར་དེ་ལྟར་བཤད་མཁན་གྱི་ང་ཚོ་ད་ལྟ་གསོན་ནས་ཡོད་པ་འདི་ཕ་མ་གཉེན་གྲོགས་ཀྱི་ཆེད་དུ་ཡིན་ནམ་ང་ཚོ་རང་ཉིད་ཀྱི་ཆེད་དུ་ཡིན།

                                         བཞི།

བུ་མོ་ན་གཞོན་མ་གང་དེས་རང་སྲོག་བཅད་རྗེས།  མྱི་སྐོར་ཞིག་གིས་བོད་མྱི་དག་ཀྱང་ད་ནི་འགྱུར་གྱིན་འདུག་ཟེར།  ད་དུང་ང་ཚོའི་རིག་གནས་དང་ང་ཚོའི་ལོ་རྒྱུས་ལྟར་ན་རང་སྲོག་གཅོད་མཁན་མེད་པས་ང་ཚོ་བོད་མྱི་དག་གཙོག་པ་ཞིག་ཏུ་འགྱུར་གྱིན་འདུག་ཟེར།  དངོས་གནས་རེད།  ང་ཚོ་ད་ནི་འགྱུར་གྱིན་འདུག་ལ་འགྱུར་ཡང་དགོས་པ་རེད།  ཡིན་ཡང་བོད་ཀྱི་རིག་གནས་དང་ལོ་རྒྱུས་འགྲེལ་སྟངས་དེར་ང་རང་དེ་ཙམ་འཐད་པ་མེད་དེ།

ང་ཚོའི་རིག་གནས་ལ་བལྟས་ན།  ང་ཚོའི་རིག་གནས་ཀྱི་ཁྲོད་དུ་རང་སྲོག་གཅོད་དགོས་པ་དངོས་སུ་བསྟན་མེད་ཀྱང་།  ང་ཚོའི་རིག་གནས་ཀྱི་ཟུར་གཅིག་ན་འཇིག་རྟེན་འཁོར་བ་ནི་སྲིན་མོའི་གྲོང་དང་དུག་གི་མཚོ་རུ་བསྟན་ཏེ།  འདིར་འཚོ་བ་ནི་བདེ་བ་སྤུ་རྩེ་ཙམ་ཡང་ཡོད་མ་ཡིན་སོགས་ཟེར་བ་དེས།  ང་ཚོའི་རིག་གནས་ཧྲིལ་གྱིས་རྟོགས་ན་ཐར་བ་དོན་གཉེར་གྱི་ངེས་འབྱུང་སློང་སྲིད་མོད།  ཟུར་རེ་གཉིས་ལས་མ་ངེས་ན་ང་ཚོས་རིག་གནས་ཀྱིས་ང་ཚོར་འཆི་དགོས་པའི་སྙིང་ཕུར་མི་འདེབས་པའི་ངེས་པ་ཡང་མི་འདུག   ལྷག་ཏུ་འདས་མོ་གང་དེའི་གནད་འགག་གི་སྐབས་དེ་འདྲ་ལ།  ང་ཚོས་རིག་གནས་ཀྱིས་བསྟན་དོན་ལྟར་འཇིག་རྟེན་འདིར་དོན་སྙིང་གང་ཡང་མེད་པའི་སྣང་བ་ཞིག་ཤར་འོང་ངེས།

ཡང་ལོ་རྒྱུས་ཀྱི་ངོས་ནས་བཤད་ན།   བོད་ཀྱིས་དུས་ཡུན་རིང་བོ་ཞིག་གི་ལོ་རྒྱུས་འཚོ་གནས་ལ་ངེས་འཛིན་གསལ་བོ་ཞིག་མེད་པར་བསྐྱལ་བ་རེད།  རྒྱུ་མཚན་དེས་བོད་མྱི་མང་ཕྱོགས་འཚོ་གནས་ཀྱི་སྟོབས་ཀྱིས་འཆི་མྱོང་མེད་ལ།   འཚོ་གནས་ཀྱི་སྟོབས་ཀྱིས་གསོན་ཡང་མྱོང་མེད་དེ།  རང་བཞིན་གྱིས་སྐྱེས་ནས་རང་བཞིན་གྱིས་ཤི་བ་རེད།  ཡིན་ན་ཡང་ད་ནི་བོད་མྱི་དག་གིས་འཚོ་གནས་ཀྱི་སྙིང་དོན་ལ་ངེས་འཛིན་ཐེབས་ཀྱིན་འདུག   དེ་ཏག་ཏག་འཚོ་གནས་ཀྱི་བརྡབས་ཟིག་གིས་རང་སྲོག་བཅད་ཟིན་པ་འདི་དག་ལ་བལྟས་ན་ཤེས་འོང་གི་རེད།

ལྔ།

བུ་མོ་གཞོན་ནུ་མ་གང་དེས་བརྩེ་དུངས་ཀྱི་ཆེད་དུ་རང་སྲོག་བཅད་རྗེས།  མྱི་མང་པོ་ཞིག་ཁོ་མོའི་བརྩེ་དུངས་ཀྱི་གཏོང་ཕོད་ལ་རེ་སྨོན་ཤོར་འདུག  བདག་གིས་ཀྱང་ཁོ་མོའི་ཚེ་སྲོག་གི་ཡན་ན་ཡོད་པའི་ཁོ་མོའི་བརྩེ་དུངས་ལ་གོང་བཀུར་ཚད་མེད་ཞུ་བཞིན་ཡོད།  ཡིན་ཡང་འདི་ལ་བརྩེ་དུངས་ཀྱི་ངོས་ནས་ང་རང་དགའ་བོ་མེད།  དེ་ནི་ཁོ་མོ་དང་ང་ཡི་བརྩེ་དུངས་ཐད་ཀྱི་ལངས་ཕྱོགས་མི་འདྲ་བས་ཡིན་ཡང་ཐང་།

དེ་ཡང་ཁོ་མོས་བརྩེ་དུངས་ཀྱི་ཆེད་དུ་རང་སྲོག་བཏང་བའི་སྐབས་འདིར།  ང་རང་བུ་མོ་ཞིག་ལ་དགའ་ནས་ལོ་གཅིག་ལོན་པའི་དུས་རེད་ལ།  བུ་མོ་དེས་ང་ཡི་བརྩེ་དུངས་གཏན་ནས་དང་ལེན་མ་བྱས་པར་ལོ་གཅིག་ལོན་ལ་ཉེ་བའི་སྐབས་ཀྱང་རེད།   ཡིན་ཡང་ང་རང་སྔར་བཞིན་བུ་མོ་དེར་རྣམ་དག་སེམས་ཀྱིས་དགའ་བར་མ་ཟད།  བུ་མོ་དེས་ང་ཡི་བརྩེ་དུངས་དང་ལེན་མི་བྱེད་པ་ཡང་ང་ཡིས་ཤེས་ཡོད།  རེད་དེ་ང་ལ་རང་གིས་བུ་མོ་དེར་བཅིངས་པའི་བརྩེ་དུངས་རྣམ་དག་ཡིན་པའི་བདེན་དཔང་དུ་རང་སྲོག་གཅོད་པའི་སྙིང་སྟོབས་ཨེ་ཡོད་མི་ཤེས་ལ།   གལ་སྲིད་ཡོད་ཀྱང་གཅོད་མི་སྲིད་དེ།   ངས་རང་སྲོག་བཅད་རྗེས་བུ་མོ་དེར་ལྷག་པ་ནི་ཞེ་འགྱོད་དང་མྱི་ཁ།   འཇིགས་སྐྲག་སོགས་ཡིན་ལ།   ང་རང་བུ་མོ་དེར་ཤིན་ཏུ་དགའ་བས་ང་ཡིས་བུ་མོ་དེར་སྟེར་འདོད་པ་ནི་དེ་དག་གཏན་ནས་མ་རེད།

མྱི་ཞིག་ལ་བློ་གཅིག་སེམས་གཅིག་གིས་དགའ་བའི་བདེན་དཔང་དུ་རང་སྲོག་གཅོད་པའི་མྱི་ཕོ་མྱི་མོ་རྣམ་པ།   ང་ཡིས་ཁྱོད་ཚོར་ཅི་ཞིག་བཤད་འདོད་ཀྱིན་པ་ཁྱོད་ཚོས་གོ་ཨེ་ཐལ།   མྱི་ཞིག་ལ་དགའ་ནས་རང་སྲོག་གཅོད་པ་ནི་རང་གི་བརྩེ་དུངས་ཀྱི་ཐོབ་ཤོར་ལ་ཞེ་འཁོན་སློག་སྟངས་ཤིག་ལས།   རྣམ་དག་དྭངས་གཙང་གི་བརྩེ་དུངས་ནི་མ་རེད་འདོད་ལགས།

                                       དྲུག

བུ་མོ་ན་གཞོན་མ་གང་དེས་རང་སྲོག་བཅད་རྗེས།   གཞུང་སྒེར་གཉིས་ན་གང་ཡང་མི་ཤེས་པའམ་གང་ལ་ཡང་དང་དོད་མེད་པ་དག་གིས་ཀྱང་ཅི་ཞིག་ཤེས་འདོད་ཀྱིས།   འདས་མོ་གང་དེའི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཀྱིན་འདུག   དེ་ནི་ཅུང་དགའ་འོས་པའི་གནས་སུ་ཆེ་མོད།   མཐར་ནག་ཉེས་ཀུན་གྱི་རྩ་བ་ཁོ་མོ་དང་ཁོ་མོའི་མཛའ་བོ་སོགས་ཀྱི་སྟེང་དུ་འདེད་ཀྱིན་འདུག   འདི་ནི་ཤེས་བཞིན་དུ་དོན་དངོས་ལ་གཡོལ་བ་རེད་དམ་གང་ཡང་མ་ཤེས་པར་དོན་དངོས་བོར་བ་རེད།   དོན་རྐྱེན་འདི་ཁོ་མོ་དང་ཁོ་མོའི་མཛའ་བོ་གཉིས་ཀྱིས་ནག་ཉེས་བཟོས་པ་ཡིན་པའི་དབང་དུ་བཏང་ཡང་།ཁོ་གཉིས་འདི་འདྲ་ཞིག་ཏུ་གྱུར་པ་དེ་རྒྱུ་མེད་རྐྱེན་མེད་ཅིག་ཡིན་མི་སྲིད་པས།   ཁོ་གཉིས་འདི་འདྲ་ཞིག་ཏུ་གཏོང་མཁན་ནམ་སྐྱེད་སྲིང་བྱེད་མཁན་དེ་སུ་དང་གང་ཡིན་ནམ།  ནག་ཉེས་ཀུན་གྱི་རྩ་བ་དེ་ལ་བཀལ་ན་འགྲིག་གི

ཁོ་མོར་ཆ་རྒྱུས་ཟམ་པའི་གྲོགས་པོ་རེ་འགས་བཤད་ན།   ཁོ་མོར་བརྩེ་དུངས་ཙམ་མ་ཡིན་པར་མ་གཞི་ནས་སྤྱི་ཚོགས་ཀྱི་སྒྲིག་གཞིའི་གནོད་ཤུགས་སྣ་ཚོགས་ཀྱི་འོབ་ཏུ་ལྷུང་བ་ཡོད་པ་ཞིག་ཡིན་ཟེར་བས།  སྤྱི་ཚོགས་སྒྲིག་གཞིའི་སྡེ་ཡིས་འདི་ཅི་ལྟར་ཐག་གཅོད་རྒྱུ་ཡིན།   ལུས་སེམས་ལེགས་སྒྲིག་གི་སློབ་གསོའི་སྡེ་ཡིས་འདི་ཅི་ལྟར་ཐག་གཅོད་རྒྱུ་ཡིན།

ཚེ་སྲོག་གཅིག  ཚེ་སྲོག་གཉིས།  ཚེ་སྲོག་གསུམ།  ང་དངོས་གནས་ཡིད་ཕངས་ཀི

 

2011.4.10.ཉིན་འོད་ནག་ནས་སྦྱར།

guang | རྩོམ་ཡོངས་ཀློག་པ།(2031) | ལན་སློག(22)
སྙན་ངག་པའི་སྡེ་ཡི་ མེ་ཁོར•ཅེ་ཁུ་ཞོན་དང་ཁོའི་སྙན་ངག(འོས་སྦྱོར)
2011-1-11 13:08:00

དོ་དགོང་ནི་སུ་ཞིག་གི་དུར་ཁྲོད་ཡིན།

རྩོམ་པ་པོ།  ཁ་བ་སྙིང་ལྕགས།

ང་སྙན་ངག་པ་དུར་ཁྲོད་མིན
ཡིན་ནའང    ང་དུར་ཁྲོད་དུ་གེ་རེར་ལངས་ཡོད
མེལ་ཚེ་བ་ཞིག་ཡིན་པའི་ཟོལ་གྱིས
ངས་དུས་རབས་ཉེར་གཅིག་གི་རལ་གྲི་འདི
ལོ་རབས་དང་པོའི་ཆེས་མཇའ་མཇུག་གི་མཚན་གོང་ལ་བཙུག་ནས
སྨྲ་ལྕེ་ཡི་ནང་འཁྲོལ་ཐུར་ལ་བྱོས

སང་ཉིན་ནི་ལོ་རབས་གཉིས་པའི་མིང་གིས་བོས་ཆོག་པའི
ཆེས་སྤྱིར་བཏང་གི་ཞོགས་པ་ཞིག་རེད
ཡུགས་ས་མ་སུ་ཞིག་གིས་ཡུན་རིང་བསྙོར་བའི
ཆགས་སྲེད་ཀྱི་མཁུན་སྒྲ་རྩུབ་པོ་དེ
བཙོན་ཁང་དང་ལྕགས་སྒྲོག་གི་བར་ནས་གྲགས་སྲིད་ལ
དམར་པོ་རིའི་གས་སྲུབ་ཀྱི་བར་ནས་ཀྱང་གྲགས་སྲིད

དོ་དགོང    ང་དུར་ཁྲོད་དུ་ལངས་ཡོད
དུས་རབས་འདིའི་རྨ་ཁ་ནས་འཛག་ཡོང་བའི་གནག་ཁྲག་མཐའ་དག
དོ་དགོང་གི་ང་དང་ངའི་སྙིང་ཉེ་མའི
མལ་ཁྲི་རུ་བྱོ་བའི་ཁུ་བ་ཡིན
ཡང་ན    ཁོ་མོའི་གྱེན་དུ་གཟེངས་པའི་བར་སྤུ་དག་གི
ཟུག་གཟེར་དང་སྡུག་བསྔལ་ཡིན

ཀྱེ    ཤི་ཟིན་པ་ཐམས་ཅད
བསད་ཟིན་པ་དང་རང་སྲོག་བཅད་ཟིན་པ་མཐའ་དག
ད་ནི་དུར་ཁྲོད་ཀྱི་ཞབས་ནས་འཕག་འཚག་བརྒྱབ་དེ
ཀེང་རུས་ཀྱི་གཟུགས་ཀྱིས་ས་ཁར་བུད་དང
གས་ཁ་ཤོར་བའི་མགོ་རུས་ལག་ཏུ་བཟུང་ནས
རུལ་ཟིན་པའི་རྒྱུ་མ་དང་བློ་མཆིན་དག་ལག་མགོར་དཀྲིས་ནས
ཀུ་ཅོ་སྒྲོག་གིན    ངུ་སྐད་འདོན་གྱིན
རང་གི་རྐང་གླིང་ལ་དོ་དགོང་གི་ལྷགས་རླུང་བཅུག་ནས་བུས་ཤིག

ཀྱེ    སྐྱེས་པ་མེད་པའི་ཡུགས་མོ་རྣམ་པ
དོ་དགོང    ཁྱོད་ཚོ་ཡང་དུར་ཁྲོད་དུ་ཡོང་ནས
ནུ་མའི་ངོས་སུ་སེན་འབྲལ་བྱས་ནས་ཁྲག་དམར་འབབ་དུ་ཆུགས
མོ་མཚན་གྱི་ཁ་གཉིས་ཕྱོགས་སོ་སོར་འཐེན་ནས
ཡུན་རིང་ཕྱི་ལ་མ་བྱོ་བའི་ཁུ་བ་ནག་པོ་དག
དུར་ཁྲོད་ཡིན་ཟེར་བའི་ས་འབུར་དག་གི་སྟེང་ལ་བཞུར་དུ་ཆུགས
ས་འབུར་གྱི་འོག་ནས་ཕྱི་རུ་གོག་ཡོང་བའི
ཀེང་རུས་དག་གི་ངོ་གདོང་སྐམ་པོ་ལ་བཞུར་དུ་ཆུགས

དོ་དགོང    ལོ་རབས་ཤིག་གི་ཆེས་མཐའ་མཇུག་གི་མཚན་མོ་ཡིན
ང་ཚོ་དུར་ཁྲོད་དུ་འཛོམས་ནས
སྨྱོན་པ་ཇི་བཞིན་རང་གི་སྐྲ་ལོར་ས་རྡུལ་གོས་ཤིང
ལག་པ་ཡ་གཅིག་གི་སྟེང་ན་ནུར་འགྲོད་བྱེད་པའི་མེ་འཁོར་གྱི་སྒེའུ་ཁུང་དག
དུར་ཁྲོད་ཀྱི་ལྷིང་འཇགས་དཀྲོགས་མཁན་གྱི་གཤེད་མར་མཐོང་ཞིང
ཟོར་བ་དང་ལྕགས་ཁེམ་བཟུང་ནས
མེ་ཁོར•ཅེ་ཁུ་ཞོན་གྱི་ཞབས་བྲོ་རྒྱགས
                                      
2010-12-31

 

གྲོགས་ཁ་བ་སྙིང་ལྕགས་ལགས་ཀྱི་སྙན་ངག་འདི་གསར་དུ་སྒོ་འབྱེད་པའི་རང་གྲོལ་སྨྱུག་གསར་དྲ་བ་རུ་བཀོད་འདུག་པས་ཞིབ་ཀློག་ཐེངས་གཅིག་བྱས་པ་ཡིན་ལ།  ཁོའི་སྙན་ངག་གི་མཇུག་ཏུ་མེ་ཁོར•ཅེ་ཁུ་ཞོན་གྱི་ཞབས་བྲོ་རྒྱགས་ཞེས་བྲིས་འདུག་པ་བཞིན།  དངོས་གནས་ཁོའི་སྙན་ངག་འདི་ནི་མེ་ཁོར•ཅེ་ཁུ་ཞོན་གྱི་ཞབས་བྲོ་བརྒྱབས་པ་ལྟར་རང་ལ་མྱོང་རོལ་གྱི་ངོས་ནས་ཧ་ཅང་ཡག་བྱུང་བ་དང་།  ཁོའི་བརྩམས་ཆོས་ཙམ་མ་ཡིན་པར་ཁོ་མྱི་སྒེར་ལ་ཡང་ཆ་རྒྱུས་ཅུང་ཟབ་པ་ཞིག་གི་ངོས་ནས་བལྟས་ན་ཡང་།  ཁོ་ལ་མེ་ཁོར•་ཅེ་ཁུ་ཞོན་ལྟར་དུ་སྒེར་གཤིས་སམ་སྒྱུ་རྩལ་གྱི་བླ་རུས་ལ་ཟུག་ཡོད་པས།  འདིར་སྙན་ངག་པའི་སྡེ་ཡི་མེ་ཁོར•ཅེ་ཁུ་ཞོན་ཁ་བ་སྙིང་ལྕགས་དང་ཁོའི་སྙན་ངག་ཞེས་ཀློག་མཁན་རྣམས་ལ་སྙན་ངག་འདི་འོས་སྦྱོར་དུ་སྤེལ་ཡང་།  མིང་བརྗིད་པོ་རེ་བྲིས་ནས་དོན་སྟོང་བ་རེ་བསྟན་ཡོང་བའི་ཟིན་ཐོ་དག་དང་མི་འདྲ་འདོད་ཀི་ཡོད། དེ་མིན་སྙན་ངག་འདི་རང་གྲོལ་སྨྱུག་གསར་དྲ་བའི་སྟེང་ནས་གནང་བ་མེད་པར་བླངས་པ་དང་གྲོགས་སྙིང་ལྕགས་ལགས་ལ་འདི་ལྟར་སྤེལ་ཆོག་པའི་གནང་བ་ཙམ་ཡང་མ་ཞུས་པར་བཀོད་པ་ལ་དགོངས་དག་ཞུ་ཞུ།

 

guang | རྩོམ་ཡོངས་ཀློག་པ།(1743) | ལན་སློག(14)
སྒོ་ཡོན་གྱི«ཐུབ་པའི་གཞོན་རབས»ཐོན་འདུག
2010-11-13 18:18:00

 

 

 

 

 སྒོ་ཡོན་གྱི«ཐུབ་པའི་གཞོན་རབས»ཐོན་འདུག

 

ཟླ་འདིའི་ཟླ་མཇུག་ཏུ་སྒོ་ཡོན་ལགས་ཀྱི་དཔེ་དེབ་གསར་བ«ཐུབ་པའི་གཞོན་རབས»ཞེས་པ་ཁྲིན་ཏུའུ་དམངས་དེབ་པར་ཁང་གིས་དཔར་དུ་བསྐྲུན་ཏེ་སྤྱི་ཚོགས་ཁྲོད་དངོས་སུ་འགྲེམ་སྤེལ་བྱེད་རྒྱུ་ཡིན་འདུག 

རྩོམ་དེབ་དེ“སྣང་ཡུལ་མཐའ་བསྡུརདངངག་ཆིངས་སྙོམ་སྒྲིག”“མི་དྲན་དགུ་དྲན”“དགའ་མིའི་པགས་རིསབཅས་སྡེ་ཚན་བཞི་ཡིས་གྲུབ་འདུག་ཅིང་།ད་དུངསྒོ་ཡོན་གྱི་དྲྭ་རྩོམ་འགའདངསྒོ་ཡོན་གང་དུ་ཡོདཅེས་པའི་སྡེ་ཚན་གཞན་གཉིས་ཀྱང་ཟུར་བཀོད་བྱས་ཡོད་པ་རེད།

སྒོ་ཡོན་གྱི་རྩོམ་དེབ་གསར་བ་འདིའི་ནང་དུ་བོད་ཀྱི་ད་ལྟའི་གནས་བབ་དང་ཟུར་ངོས་དུ་མ་ལ་དངོས་ཤུགས་གཉིས་ཀ་ནས་རང་ཉིད་ཀྱི་ལྟ་བ་སྤྱད་དེ་འབྲི་བཞེངས་བྱས་ཡོད་པས་ན།བོད་ཡིག་གི་ལམ་ནས་བོད་རྩོམ་ཀློག་པའི་ན་གཞོན་ཚོས་བལྟ་དགོས་སའི་དེབ་ཅིག་ཏུ་གྱུར་ཡོད་ངེས། 

 

 

 

 

guang | རྩོམ་ཡོངས་ཀློག་པ།(3191) | ལན་སློག(47)
སེམས་ཅན་སུ་ལའང་ཚེ་སྲོག་ནི་རིན་ཐང་བྲལ་བའི་ནོར་བུ་ཡིན།
2010-10-13 13:09:00

 

 

སེམས་ཅན་སུ་ལའང་ཚེ་སྲོག་ནི་རིན་ཐང་བྲལ་བའི་ནོར་བུ་ཡིན་

  

ཁྱོད་རང་གི་ཚེ་སྲོག་ལ་འདང་ཆེའམ།ཁྱོད་རང་གི་ཚེ་སྲོག་ཆད་པར་སྐྲག་གམ། ཁྱོད་ལ་རང་གི་ཚེ་སྲོག་མཁོའམ། ཁྱོད་ཀྱིས་དྲི་བ་འདི་གསུམ་ལ་ལན་ཅི་ལྟར་འདེབས་སམ།

ང་རང་རང་གི་ཚེ་སྲོག་ལ་འདང་ཧ་ཅང་ཆེ་ལགས།ང་རང་རང་གི་ཚེ་སྲོག་ཆད་པར་ཤིན་ཏུ་སྐྲག་ལགས། ང་རང་ལ་རང་གི་ཚེ་སྲོག་ཧ་ཅང་མཁོ་ལགས། ལན་འདི་ངས་བཏབ་པ་ཡིན།ལན་འདི་ང་མ་ཟད་ཁྱོད་ཚོསེམས་ཅན་ཀུན་ལ་ཁྱབ་པར་གོ་དགོསཕལ་ཆེ་བས་ཀྱང་འདི་ལྟར་འདེབས་ངེས་རེད་སྙམ།

 གཅིག

མ་གཞི་ཚེ་སྲོག་ལྡན་པའི་ང་ཚོརསེམས་ཅན་ཀུན་ལ་ཁྱབ།འོག་མ་དག་ཀྱང་འདི་ལྟར་གོ་དགོསའགུལ་བསྐྱོད་ཡོད། འགུལ་བསྐྱོད་ལྡན་པས་ང་ཚོར་འཚོ་གནས་ཡོད། འཚོ་གནས་ལྡན་པས་ང་ཚོར་བདེ་སྡུག་གང་རུང་དང༌། ཡང་ན་བདེ་སྡུག་འདྲེས་མའི་ཚོར་སྣང་ཡོད། མདོར་ན་ཚེ་སྲོག་ལྡན་པས་ང་ཚོའི་ཁྲོད་དུ་ལ་ལས་སྲིད་པའི་ཕུན་ཚོགས་ལོངས་སུ་སྤྱོད་བཞིན་ཡོད། ཡང་ལ་ལས་མྱང་འདས་ཞི་བ་ཆེན་པོའི་ས་ཡི་དཔལ་ཡོན་ལ་རོལ་བཞིན་ཡོད། དེའི་ཕྱིར་ཚེ་སྲོག་གིས་དགེ་སྡིག་གཉིས་ཀ་བསྒྲུབ་བཞིན་ཡོད།ཚེ་སྲོག་གིས་འཁོར་འདས་གཉིས་ཀ་བསྐྲུན་བཞིན་ཡོད།

ཚེ་སྲོག་གིས་བསྐྲུན་པའི་ཕྱི་ནང་གི་འཇིག་རྟེན་ཐམས་ཅད་ལས།འགའ་ཞིག་ཚེ་སྲོག་ལྡན་པའི་ཕན་འབྲས་དང༌། འགའ་ཞིག་ཚེ་སྲོག་ལྡན་པའི་ངན་འབྲས་ཡིན་ཡང་སྲིད་མོད།དེ་ཡང་ཚེ་སྲོག་ལས་བདེ་སྡུག་བསྒྲུབ་ཅིང་མྱོང་བའི་ང་ཚོ་གྲུབ་ཀྱང༌། ཚེ་སྲོག་གིས་ང་ཚོ་འགུལ་མེད་གྲགས་མེད་ཅིག་ཏུ་བཟོ་བསྒྱུར་མི་བྱེད་པར་མ་ཟད་ནམ་ཡང་ང་ཚོའི་བྲན་དུ་ལངས་ནས། ཐོན་ཁུངས་མཛད་མཐའ་མེད་པའི་ཁོ་རང་ང་ཚོས་ཅི་ལྟར་བཀོལ་སྤྱོད་བྱེད་པར་སྒུག་ཡོད་པས། ངན་འབྲས་དག་ཀྱང་ང་ཚོས་རིན་ཆེན་ཚེ་སྲོག་ཉིད་བཀོལ་སྤྱོད་བྱེད་མ་ཤེས་པའི་ལན་པ་དེ། སུ་ཞིག་གིས་རལ་གྲི་འཛིན་མ་ཤེས་ན་རལ་གྲིས་ཁོ་གསོད་ཀྱང་སྲིད་མོད། དེ་ནི་རལ་གྲི་ལན་པ་མ་ཡིན་པར་རལ་གྲི་འཛིན་བདག་ཁོ་རང་ལན་པ་བཞིན་ནོ།།

                                         གཉིས།

    ཚེ་སྲོག་ནི་ང་ཚོར་གཅིག་ཐོབ་ཡོད་པ་དེ་ལས་ད་དུང་ལྷག་མ་ཞིག་སུས་ཉོ་འདོད་ཀྱང་གཞན་པས་བཙོང་རྒྱུ་ཡོད་པ་ཞིག་མིན་ལ།སུས་སློང་འདོད་ཀྱང་གཞན་པས་སྟེར་རྒྱུ་ཡོད་པ་ཞིག་ཀྱང་མིན། དེའི་ཕྱིར་འཇིག་རྟེན་འདིར་ཚོང་རྭ་སྣ་ཚོགས་ཡོད་ཀྱང༌ཚེ་སྲོག་བཙོང་སའི་ཚོང་རྭ་ཞིག་གཏན་ནས་ཡོད་མ་མྱོང༌།གལ་ཏེ་ཚེ་སྲོག་ནི་ཉོ་རྒྱུ་ཡོད་པ་ཞིག་ཡིན་ན་འཇིག་རྟེན་འདིར་ཚེ་སྲོག་གི་ཚོང་རྭ་ཡང་ཆེ་ཆུང་མང་པོ་ཞིག་ཡོད་ངེས་ལ། དེ་རུ་ཚེ་སྲོག་ཉོ་ན་རིན་གོང་ཡང་མཐོ་དམའ་གང་ཅན་དགོས་ཀྱང་ཉོ་རྒྱུ་ཡོད་ངེས་ཡིན།ད་དུང་ང་ཚོས་ཚེ་སྲོག་གཞན་པར་བསླང་ན་ཚེ་སྲོག་སྟེར་བའི་སྦྱིན་བདག་ཡོད་ངེས་ཡིན་ལ། ཡང་ཚེ་སྲོག་མ་བསླང་ཡང་གཞན་པས་ཚོང་རྭ་ནས་ཉོས་ཏེ་ང་ཚོར་ལེགས་སྐྱེས་སུའང་ཚེ་སྲོག་མང་པོ་སྟེར་སྲིད་པས།ཚེ་སྲོག་ནི་འཇིག་རྟེན་གྱི་དངོས་པོ་གཞན་དག་བཞིན་ཕལ་བ་ཞིག་ཀྱང་ཡིན་ངེས་པས།ང་ཚོ་ཚེ་སྲོག་ལ་འདང་ཧ་ཅང་ཆེ་དགོས་དོན་མེད་ང་ཚོ་ཚེ་སྲོག་ཆད་པར་ཤིན་ཏུ་སྐྲག་དགོས་དོན་ནི་དེ་བས་ཀྱང་མི་འདུག་ཨང་།འོན་ཀྱང་དོན་དངོས་སུ་འཇིག་རྟེན་འདིར་ཚེ་སྲོག་ཉོ་སའི་ཚོང་རྭ་ཞིག་དང༌།ཚེ་སྲོག་སློང་སའི་སྦྱིན་བདག་ཞིག་སྔོན་ནས་ད་ལྟའི་བར་དུ་བྱུང་མ་མྱོང་ལ། ཕྱིས་སུའང་འབྱུང་མི་སྲིད་དོ།། དེ་ན་ང་ཚོར་ཚེ་སྲོག་གཅིག་ཐོབ་ཡོད་པ་དེ་ལས་གཞན་ལྷག་མ་ཞིག་ཅི་ལྟར་འཚོལ་ཀྱང་ཐོབ་མི་སྲིད་པས།ཚེ་སྲོག་གཅིག་པུ་དེ་ནི་སེམས་ཅན་ང་ཚོ་རང་རང་གི་རིན་ཐང་བྲལ་བའི་ནོར་བུ་ཅིའི་ཕྱིར་མ་ཡིན་ནམ།

 

གསུམ།

མཐོ་རིམ་འགྲོ་བ་མི་ནས་དམའ་རིམ་སྲོག་ཆགས་ཡན་ཆད་ཀྱི་ངལ་རྩོལ་དང་ཕུགས་བསམ། བདེ་སྐྱིད་དང་སྡུག་བསྔལ། འཚོ་གནས་སོགས་མང་པོ་མང་པོ་ཞིག་ཚེ་སྲོག་ལས་འགོ་བརྩམས་ཏེ་འཕེལ་ཞིང༌། ཚེ་སྲོག་ལས་མཇུག་བསྒྲིལ་ཏེ་ཉམས་ཀྱང་འགྲོའོ།།

དཔེར་ན་ཁྱོད་ཀྱིས་རྨས་མ་ཞིག་འཆི་ལ་ཉེ་དུས་བསྐྱོབ་ཐུབ་ན། ཁྱོད་ཀྱིས་རྨས་མ་དེའི་སྲོག་བསྐྱབས་པར་མ་ཟད། རྨས་མ་དེའི་ངལ་རྩོལ་དང་ཕུགས་བསམ། བདེ་སྐྱིད་དང་སྡུག་བསྔལ་སོགས། འཚོ་གནས་ཀྱི་རྒྱུན་ཡང་མཐུད་པ་ཡིན། གལ་ཏེ་ཁྱོད་ཀྱིས་བདེ་ཐང་ཡིན་པའི་སེམས་ཅན་ཞིག་བསད་ན། ཁྱོད་ཀྱིས་སེམས་ཅད་དེའི་སྲོག་བཅད་པར་མ་ཟད། སེམས་ཅན་དེའི་ངལ་རྩོལ་དང་ཕུགས་བསམ། བདེ་སྐྱིད་དང་སྡུག་བསྔལ་སོགས། འཚོ་གནས་ཀྱི་རྒྱུན་ཡང་བཅད་པ་ཡིན།

འདི་ལྟར་ཚེ་སྲོག་གིས་ཡོད་ཚད་བཞེང་བསྐྲུན་བྱེད་ཅིང༌། ཚེ་སྲོག་གིས་ཡོད་ཚད་མཇུག་བསྒྲིལ་པར་བྱེད་པས། ད་གཟོད་ཚེ་སྲོག་ལ་གཞན་ལས་མཐོ་བའི་རིན་ཐང་མངའ་བ་རེད། ཚེ་སྲོག་ལ་གཞན་ལས་ལྷག་པའི་གཅེས་སྤྲོས་དགོས་པ་རེད། འདི་ལྟར་ཚེ་སྲོག་གི་དར་རྒུད་ནི་ཚེ་སྲོག་གི་བདག་པོའི་ཡོད་ཚད་དང་འབྲེལ་བའི་གནས་ལུགས་ཀྱིས། དམ་ཆོས་རིག་གནས་སུ་སྲོག་བཅད་ཀྱི་སྡིག་པ་བསམ་གྱིས་མི་ཁྱབ་པ་དང༌། སྲོག་བསྐྱབ་ཀྱི་དགེ་བ་བསམ་གྱིས་མི་ཁྱབ་པར་གསུངས་པ་རེད་ལ།མི་ཆོས་ཀྱི་ལུགས་སུའང་གཞན་གྱི་སྲོག་བསྐྱབས་ན་བསྟོད་བསྔགས་དང་བྱ་དགའ་སོགས་ཡོད་ཅིང༌། གཞན་གྱི་སྲོག་བཅད་ན་ཆད་པ་དང་གསོད་ཁྲིམས་སོགས་ལག་བསྟར་བྱེད་པ་རེད།

ཡིན་ཡང༌། ཡིད་ཕངས་བ་ཞིག་ལ་འཇིག་རྟེན་མི་ཆོས་ཀྱི་ལུགས་འདི། མཐོ་རིམ་སྲོག་ཆགས་ཀྱི་བར་དུ་སྲོག་བཅད་ཀྱི་གནས་ཚུལ་བྱུང་ན་ཡོད་པ་ལས། གཞན་སྲོག་ཆགས་ཉམ་ཆུང་དག་འགྲོ་བ་མྱི་རང་གིས་ཇི་འདོད་དུ་བསལ་ཞིང་ཇི་འདོད་དུ་ཟས་ནས་ཡ་ང་བའི་གནས་སུ་ཐོན་ཡོད་ཀྱང་ཕལ་ཆེར་ཡོད་ཚད་མ་རེད།

                                      བཞི །   

ང་ཚོ་སེམས་ཅན་ཀུན་གྱི་ཐོབ་ཐང་དང་འཇོན་ཐང་མི་གཅིག་ཀྱང༌། ང་ཚོ་ཀུན་གྱིས་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན། ང་ཚོ་སེམས་ཅན་ཀུན་གྱི་འཚོ་ལུགས་ལ་བར་ཁྱད་ཤོར་ཞིང་ཚེ་སྲོག་ལ་རིན་ཐང་ལེན་ཚུལ་མི་གཅིག་ཀྱང༌། ང་ཚོ་ཀུན་པོ་རང་སྲོག་ཆད་པར་སྐྲག་ཅིང་རང་གི་འཚོ་གནས་ཀྱི་དོན་དུ་གསོན་འདོད་ཀྱི་རེ་བ་ཆེ་བ་གཅིག་མཚུངས་ཡིན།

དེ་ཡང་དཔེ་ཡི་སྒོ་ནས་ཇེ་གསལ་དུ་བཏང་སྟེ་བཤད་ན། རྒྱལ་པོ་དང་མི་སེར་གཉིས་ཀྱི་དབང་ཐང་མི་གཅིག་ཀྱང༌། གཉིས་ཀའི་རང་སྲོག་མ་འགག་པར་མུ་མཐུད་དུ་གསོན་འདོད་ཀི་ཡོད་པ་གཅིག་མཚུངས་ཡིན། རྒྱུ་མཚན་རྒྱལ་པོ་མ་ཤི་བར་གསོན་ནས་རྒྱལ་ཁམས་དབང་དུ་བསྡུ་དགོས་ལ། མི་སེར་ཀྱང་མ་ཤི་བར་གསོན་ནས་ཁྱིམ་ཚང་ཕྱུག་པོར་གཏོང་དགོས། སྤྱིར་རྒྱལ་ཁམས་དབང་དུ་བསྡུ་རྒྱུ་དང་ཁྱིམ་ཚང་ཕྱུག་པོར་གཏོང་རྒྱུའི་བྱ་བ་གཉིས། བྱ་བ་རང་ངོས་ནས་རླབས་ཆེན་ཡིན་མིན་ལ་བར་ཁྱད་བླ་ལྷག་ཅིག་ཡོད་ཀྱང༌སྲིད་མོད། བྱ་བ་དེ་གཉིས་སྒྲུབ་མཁན་རང་རང་གི་ངོས་ནས། བྱ་བ་དེ་གཉིས་གལ་ཆེན་ཡིན་མིན་ལ་ཁྱད་ཡོད་པ་མ་རེད། རྒྱལ་པོའི་ངོས་ནས་རྒྱལ་ཁམས་དབང་དུ་བསྡུ་རྒྱུ་གལ་ཆེན་ཡིན་པ་བཞིན། མི་སེར་གྱི་ངོས་ནས་ཁྱིམ་ཚང་ཕྱུག་པོར་གཏོང་རྒྱུ་ཡང་གལ་ཆེན་ཡིན་པ་རེད།  བྱ་བ་དེ་གཉིས་འགྲུབ་པར་བྱེད་ན་སྒྲུབ་མཁན་གཉིས་ཀར་ཚེ་སྲོག་དགོས་པ་ལའང་ཁྱད་ཡོད་པ་མ་རེད།  འདི་བཞིན་མཐོ་རིམ་སྲོག་ཆགས་འགྲོ་བ་མྱི་སོགས་དང་དམའ་རིམ་སྲོག་ཆགས་གྲོག་མ་སོགས་གཉིས་ཀྱི་ཐོབ་ཐང་དང་བྱ་བཞག་ལ་ཆེ་ཆུང་ཡོད་ཀྱང༌། རང་རང་གི་གལ་ཆེ་བའི་འཚོ་གནས་དང་ཕུགས་བསམ་སོགས་བསྒྲུབ་པའི་དོན་དུ་རང་རང་ལ་ཚེ་སྲོག་དགོས་པ་གཅིག་མཚུངས་ཡིན། ད་དུང་མ་ཤི་བར་གསོན་རྒྱུའི་རེ་བ་གཅིག་མཚུངས་ཡིན།

ལྔ

ཁྱོད་ཀྱིས་གཞན་པའི་རིན་ཆེན་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་དམ། ཁྱོད་ཀྱིས་གཞན་པའི་རིན་ཆེན་ཚེ་སྲོག་ལ་གཏོར་བརླག་བྱེད་བཞིན་ཡོད་དམ།

 

                                                                                  2008.4.20  
guang | རྩོམ་ཡོངས་ཀློག་པ།(1220) | ལན་སློག(8)
བླུན་དད་དང་ཚེ་སྲོག
2010-9-29 16:58:00

 

བླུན་དད་དང་ཚེ་སྲོག

 

 

ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པར་ཡོད་པའི་ས་འགུལ་གནོད་ཐེབས་རྨས་མ་རིགས་འཛིན་མཚོ་ཟེར་བས་ང་ཚོ་ནད་གཡོག་ལ་སོང་བ་སྐོར་ཞིག་ལ་བཤད་དོན།དུས་ཚོད་ལྔ་ཙམ་གྱི་སྟེང་དུ་ས་འགུལ་བརྒྱབས་ནས་ཁང་བའི་དྲ་མ་སོགས་འགུལ་བས་ང་ཚོ་གཉིད་ལས་བསླངས་ཏེ་ཁང་བའི་སྒོ་རུ་བུད་པ་ཡིན།དེ་དུས་ཁྱིམ་མཚེས་རེ་འགའ་ཞིག་གིས་ད་དུང་ས་འགུལ་བརྒྱབས་པ་མ་ཚོར་བར་གཉིད་ནས་འདུག་པས་ང་ཚོས་ཁོ་ཚོ་ཡང་སྒོ་རུ་བོས་ཤིང་།ང་ཚོ་མྱི་མང་པོ་ཞིག་སྒོ་ཁ་ནས་ཡུན་རིང་ལ་བསྡད་པ་ཡིན་མོད།སྐབས་ཤིག་ནས་ང་ཚོས་བོད་ལ་ས་འགུལ་འབྱུང་མི་ཐུབ་རབས་བཤད་པ་དང་ཡང་བསྐྱར་ས་འགུལ་འབྱུང་རྒྱུ་མ་རེད་སོགས་འདོད་དེ་ཕྱིར་ཁྱིམ་དུ་སོང་ནས་གཉིད་པ་ཡིན་ལ།དེ་ནས་དུས་ཚོད་བདུན་ལྷག་གི་སྟེང་ནས་ཡང་བསྐྱར་ས་འགུལ་དྲག་པོ་བྱུང་ནས … …ཁོ་མོས་བཤད་ཐུབ་ཀི་མི་འདུག་ལ་བཤད་དགོས་ཀྱང་མི་འདུག་ཚང་མས་ཤེས་ཀི་ཨང་།

ཡིན་ཡང་གསལ་འདེབས་འགའ་དུས་ཐོག་འདིར་ཅིས་ཀྱང་བཤད་འདུན་སྐྱེས་བྱུང་བས་དགོངས་འགལ་མེད་པ་ཞུ།དེ་ཡང་ང་ཚོ་ཀུན་པོ་འཚོ་སྡོད་བྱེད་སའི་ས་སྒང་འདིར་ལོ་ངོ་རེ་འགའ་ཞིག་གི་སྔོན་ནས་བཟུང་།ས་ཡོམ་དང་ནད་ཡམ།ཆུ་ལོག་སོགས་མང་དུ་བྱུང་ནས་ཚེ་སྲོག་ཁྲི་སྟོང་མང་པོ་སྐད་ཅིག་ཉིད་ལ་རྨེག་མེད་དུ་ཁྱེར་ནས་མྱིའི་རིགས་ཡོངས་ཚ་ཚ་འུར་འུར་དུ་བཟོས་ཡོད་ཀྱང་།ལྷ་ཡི་ཞབས་འོག་ན་བླུན་སྣང་གི་ང་རྒྱལ་ཞིག་གིས་བཟི་བའི་རང་རེ་བོད་པ་རྣམས་ཀྱིས།ང་ཚོ་བོད་ཡིན་པས་ནད་ཡམ་སོགས་ཀྱིས་གནོད་བྱེད་མི་ཐུབ་རབས་དང་།བླ་མ་དཀོན་མཆོག་གསུམ་དང་ཆོས་སྐྱོང་སྲུང་མ་སོགས་ཀྱིས་ནམ་ཡང་ང་ཚོ་སྐྱོབ་རབས་སོགས་བཤད་ནས་རང་གི་གཅེས་སུ་འོས་པའི་ཚེ་སྲོག་གི་བདེ་འཇགས་ལ་ཡང་ལུགས་དང་མཐུན་པའི་དོ་སྣང་དེ་ཙམ་བྱེད་མི་ཤེས་པར་འདུག་ལ།གལ་སྲིད་མྱི་ཞིག་གིས་དེ་འདྲ་ཞིག་མིན་ཚུལ་གྱི་གནས་ལུགས་ལྡན་པའི་སྐད་ཆ་རེ་བཤད་ན།མྱི་དེ་ལ་དད་པ་མེད་ཚུལ་དང་བོད་པ་ཞིག་གི་ཚད་གཞི་མི་ལོངས་ཚུལ་སོགས་ཀྱི་ཉེས་དམོད་སྣ་ཚོགས་བྱས་ནས་མི་བུའི་སྨྲ་བརྗོད་རང་དབང་གི་སྐལ་ཡང་འཕྲོག་ལ་ཁད་བྱེད་མོད།ད་ནི་ས་ཡོམ་ཁྲོད་ཀྱི་ང་ཚོའི་ཕམ་ཁ་ཆེན་མོ་འདིར་བལྟས་པ་ཙམ་གྱིས་ཀྱང་བསམ་ཕྱོགས་དེ་དག་རྦད་དེ་ནོར་འདུག་པ་ཤེས་སླ་བའི་གནས་སུ་ཡོད་ཨང་།

དེ་ཡང་དེ་འདྲའི་ལྷ་ནུས་མཐུ་ཅན་ཞིག་བོད་པ་དག་གི་མགོན་དུ་བཞུགས་ཡོད་ན་ད་རེ་ནི་གདོང་གྲོགས་བྱེད་པའི་དུས་སུ་བབས་ཡོད་ཀྱང་།རིགས་ཞེན་གྱི་བདེན་པ་སྙིང་ལ་བསྐོས་པའི་བོད་རིགས་སྤུན་ཟླ་རྣམས་དང་ལྷག་བསམ་གྱི་དཔལ་རྫོགས་པའི་མིའི་རིགས་ཀྱི་སྤུན་ཟླ་རྣམས་ལས།བོད་པ་དག་གི་དད་པའི་རྩེ་ན་བཞུགས་པའི་ལྷ་ཆེན་ནུས་མཐུ་ཅན་དེ་དག་གནོད་ཐེབས་ས་ཁུལ་གང་དུ་ཡང་ཐོན་མ་སོང་ལ་གནོད་སྐྱོབ་ཀྱི་ལས་ག་རེ་ཡང་བྱས་མ་ཐལ་ཨང་།

ང་ཡི་སྙིང་ཉེ་བའི་ཁ་བ་གངས་ཅན་པ་ལགས།ས་ཡོམ་དང་ནད་ཡམ།ཆུ་ལོག་སོགས་རང་བྱུང་ཁམས་ཀྱི་གནོད་འཚེ་གང་མང་ཞིག་ད་རེ་ཙམ་མ་ཡིན་པར་ད་དུང་མང་དུ་ཡོང་སྲིད་པས།དཀོན་མཆོག་གསུམ་ལ་དད་པའི་བོད་པ་དག་ལ་གནོད་བྱེད་མི་ཐུབ་འདོད་པའི་བླུན་སྣང་གི་ང་རྒྱལ་དང་ལྷ་ཡི་གདོང་གྲོགས་ལ་རེ་བའི་བག་ཆགས་དག་གཙང་སེལ་བྱས་ནས།རང་ཉིད་ཀྱི་མགོན་དུ་རང་ཉིད་བཞག་ནས་ནམ་ཡང་རང་གི་ཡོད་ཚད་ཡིན་པའི་ཚེ་སྲོག་རིན་པོ་ཆེ་ལ་གཅེས་སྐྱོང་གང་ལེགས་རེ་གནང་རོགས་ཞུ།དེ་ཡང་རིགས་འཛིན་མཚོ་དང་རིགས་འཛིན་མཚོ་དག་གི་བླུན་སྣང་གི་དད་པ་དང་བླུན་སྣང་གི་ང་རྒྱལ་དེ་དག་མིན་རྒྱུ་ན།ཐེངས་འདིའི་དུས་ཚོད་ལྔ་ལྷག་སྟེང་གི་ས་ཡོམ་ཆུང་བུ་དེས་ཉེན་བརྡ་ཞིག་བརྒྱབས་ཏེ་གནོད་ཐར་གྱི་གོ་སྐབས་རེ་སྤྲད་ཀྱང་འདུག་གི་རེད།

     

2010.4.23/ཉིན་དྲ་ཁང་ཞིག་ཏུ་ཤར་མར་སྦྱར་རོ།།

 

 

guang | རྩོམ་ཡོངས་ཀློག་པ།(844) | ལན་སློག(10)
འོད་ནག་འུར་ལབ་རྒྱག་ཏུ་ཐོན་ཡོད།
2010-9-14 18:24:00

                                འོད་ནག་འུར་ལབ་རྒྱག་ཏུ་ཐོན་ཡོད་

 

        ལོ་གཅིག་ལྷག་གི་སྔོན་ལ་ཧི་གཟུགས་ཟིན་བྲིས་ཟེར་བ་ནསསྐལ་མེད་སར་སྐེ་བསྲིངས་བཞེས་པའི་དྲ་ཁྱིམ་སྟབས་བདེ་ཞིག་བཟུང་ནས་ཆ་འཕྲིན་གྱི་འཚོ་བར་ཞུགས་ཁུལ་བྱས་མོད།  མྱི་ཕོ་རང་གི་བློ་སྤོབས་ལ་ཚོད་འཛིན་མ་ཐུབ་པར་དྲ་དཔོན་དབང་ཆེན་སྐོར་ཞིག་དང་ཟིན་བྲིས་མཁན་ཆེན་སྐོར་ཞིག་གི་མངོན་ལྐོག་གཉིས་ནས་འཁྲབ་པའི་རུལ་མཚང་འགའ་ཕུད་པས།  དྲ་སྟེང་གི་དྲ་དཔོན་རྣམས་ནས་དྲ་འབུ་དག་གི་བར་དུ་འུར་ཟིང་ངེ་བཏང་སོང་བར་མ་ཟད།  ང་ཚོ་ཟིན་བྲིས་པ་སྐོར་ཞིག་དེ་མ་ཐག་རིགས་ཀྱི་དགྲ་བོ་དང་ནང་མྱིའི་དམེ་བོ་རུ་རྩིས་ཏེ་ཧི་ཟིན་ཚང་ནས་མཐར་སྤྲོད་བཏང་སོང༌།  ཡིད་ཕངས་བ་ཞིག་ལ་དུས་ཚོད་རིང་བོ་མ་སོང་བར་ཧི་ཟིན་ཁོ་ཚང་ཡང་འཆི་ལམ་དུ་ཤོར་ནས་གཞིས་བྱེས་གཉིས་ན་བཞུགས་པའི་སྨྱུག་ཐོགས་པ་རྣམས་ཀྱི་ཐུན་མོང་གི་འདུ་ར་དེ་མེད་ཐལ། 

         ང་རང་ཧི་ཟིན་ཚང་གིས་རྒྱང་ཕུད་བཏང་བའི་རྗེས་ནས།  སེང་རྡོར་དྲ་བ་དང་ན་གཞོན་གསར་བ་སོགས་སུ་རྩོམ་ཡིག་དམ་དུམ་རེ་སྤེལ་ནས་བསྡད་ཅིང༌། ཞོར་དུ་མཆོད་མེ་པོད་ཁུག་ཚང་དུ་སོང་ནསས་འགུལ་གནམ་འགུལཟེར་བའི་དྲ་ཁྱིམ་སྟབས་བདེ་ཞིག་བཟུང་སྟེ་ཤུ་རེ་ཞིག་བྱེད་འདོད་བྱུང་མོད།  དེ་རུ་གོ་སླ་ཞིང་ཐུང་བའི་སྙན་ངག་དམ་དུམ་རེ་སྤེལ་ན་མ་གཏོགས་བལྟས་པ་ཙམ་གྱིས་གོ་དཀའ་ཞིང་ཞིབ་ཀྱིས་འཇལ་ན་གོ་རྒྱུ་མྱོང་རྒྱུ་གཉིས་ཀ་ཡོད་པའི་བྲིས་རྩོམ་དག་ལ་ཁེར་རྐྱང་གི་ལམ་ཞིག་ལས་མི་འདུག་པས།  ཤུ་རེ་བྱས་ནས་སྡོད་འདུན་རྩ་བ་ནས་ཆད་དེ་རྩོམ་ཉོག་འགའ་ཡིས་རྩེད་མོ་འདྲ་བ་ཞིག་རྩེད་ནས་སྡོད་སྐབས། 

         རྡོ་འབུམ་ཟིན་བྲིས་གསར་སྤེལ་བྱས་ནས་ཐོན་བྱུང༌།  ཧི་མ་ལའི་ཡིག་གཟུགས་ཅན་གྱི་ཟིན་བྲིས་ཤིག་ཡང་བསྐྱར་ཡོད་སོང་བ་རེད་འདོད་ནས་དགའ་ཐག་ཆོད་དེ་ཀྱག་ཀྱོག་གི་ལམ་ཁ་མང་པོ་ཞིག་བརྒྱུད་ནས་དྲ་ཁྱིམ་ཞིག་ལེགས་འགྲུབ་བྱུང་དུས།  ཟིན་བྲིས་དེའི་སྒྲིག་གཞི་སྐོར་ཞིག་དེ་ཙམ་མི་ལོབ་པ་དང༌།  ལྷག་ཏུ་ཨ་ཁུ་ལྷམ་ཀོག་དང་གྲོགས་སེང་རྡོར་སོགས་ཀྱིས་རང་རང་གི་ཟིན་ཐོ་དག་སྐྱར་སྤེལ་ཡང་སྤེལ་གྱིས་དྲ་ཚིགས་མདུན་ངོས་ཀྱི་ཟིན་ཐོ་གསར་བའི་གྲལ་མགོ་བརྩད་དེ།  ཉིན་གྱི་རྗེས་ལ་མཚན་བཞག་ནས་མར་འབབ་མི་ཤེས་པ་སོགས་ཀྱིས་ཅུང་སུན་པོ་བཟོས་ནས་དེ་རུ་ཡང་སྡོད་འདུན་མེད་པ་བྱུང་སྐབས་ཤིག་ལ། 

         སེང་རྡོར་དྲ་བའི་འདས་ལོག་ཐེངས་གཉིས་པ་དང་ལྷན་དུ་ཟིན་བྲིས་ཚོགས་པ་ཞིག་ཀྱང་ཁྲིད་ནས་ཐོན་བྱུང༌།  ཟིན་བྲིས་ཚོགས་པ་དེའི་ཁྲོད་དུ་གྲོགས་སེང་རྡོར་གྱིས་མཐོང་ཆེན་པས་ང་ལ་ཡང་དྲ་ཁྱིམ་སྟབས་བདེ་ཞིག་བཀོད་སྒྲིག་བྱས་སོང་མོད།  དྲ་སྟེང་ན་དྲ་རྩོམ་དེ་ཙམ་མང་པོ་མེད་པའི་ང་ལ་དྲ་ཁྱིམ་དེ་བཟུང་ན་གནས་ལུགས་དང་མཐུན་མིན་མི་ཤེས་པས།  རྩོམ་ཐུང་ཞིག་ཏུ་ངའི་དྲ་ཁྱིམ་དེ་དྲ་ཐོག་གི་དམ་པ་གཞན་ཞིག་ལ་བྱིན་ཆོག་པས་གསལ་འདེབས་ཙམ་ཞུས་མོད།  ཕྱིས་སུ་གྲོགས་པོ་སྐོར་ཞིག་གིས་དེ་ནི་ང་ལ་འབབ་རབས་སྐོར་མང་པོ་ཞིག་བཤད་བྱུང་བ་དང༌།  ལྷག་ཏུ་ང་དང་མཉམ་པའི་ཟིན་བྲིས་པ་སྐོར་ཞིག་ཀྱང་ཐོན་བྱུང་བས་དྲ་ཁྱིམ་དེ་ལ་ད་ལྟ་ཡང་བདག་ཙམ་བྱེད་ཀི་ཡོད་ལ།  མ་འོངས་པ་ན་དེ་ནི་རང་གི་བྲིས་རྩོམ་ལེགས་ཤོས་དག་འཇོག་ས་བྱེད་འདོད་ཀི་ཡོད།

         ཉེ་སྔོན་ན་གཞོན་གསར་བའི་དྲ་བ་རུ་མཚོ་སྔོན་པོ་ཟིན་བྲིས་གསར་སྤེལ་གྱི་གསལ་བརྡ་ཞིག་མཐོང་བས།  དེ་མར་བལྟས་པས་གཞི་ནས་ཧི་ཟིན་དང་ཁྱད་པར་ཕལ་ཆེར་མེད་པའི་ཟིན་བྲིས་སྟབས་བདེ་ཞིག་ཐོན་འདུག་པས།  མཆོད་མེ་པོད་ཁུག་ཏུ་དྲ་གྲོགས་དག་ལ་རྩོམ་ཐུང་ཞིག་དང་བཅས་ཏེ་དྲ་གནས་ངོ་སྤྲོད་དུ་སྤེལ་ཞིང༌།  ང་རང་ལ་མཚོན་ན་ཉེ་སྔོན་ཞིག་ནས་བཟུང་དྲ་སྟེང་ཉུལ་རྒྱུ་དང་རྩོམ་ཡིག་འབྲི་རྒྱུར་ཡི་ག་ཆད་ཡོད་སྟབས།  དྲ་ཁྱིམ་ཞིག་འཛིན་འདོད་མེད་མོད།  ང་ལ་རྒྱུས་ཡོད་པའི་གྲོགས་པོ་རེ་འགས་ང་ལ་ལྷག་བསམ་རྣམ་དག་གིས།  ཁྱོད་ཀྱི་བསམ་བློའི་བྱང་ཚད་བོད་ཀྱི་ན་གཞོན་ཞིག་གི་ངོས་ནས་བལྟས་ན་ཅུང་ཚད་མཐོ་མོད།  ཁྱོད་ལ་རང་གི་བསམ་བློའི་འཐུས་ཚབ་རང་བཞིན་ཅན་གྱི་བརྩམས་ཆོས་མེད་པ་དང་རྩོམ་ཡིག་འབྲི་རྩལ་གྱི་ཆ་ནས་ཀྱང་ད་དུང་ཚད་ཅུང་དམའ་བས་མུ་མཐུད་དུ་རྩོམ་ཡིག་འབྲི་དགོས་ཞེས་རེ་སྐུལ་གནང་བྱུང་བ་དང༌།  འགན་འཁྲི་ཡོད་པའི་ན་གཞོན་ཞིག་གི་ངོས་ནས་འོ་སྐོལ་གྱི་མི་རིགས་འདིའི་ཕྱི་ནང་གི་གནས་བབས་གང་ལ་བལྟས་ཀྱང༌།  རང་གི་ཁྱིམ་ཕུག་ཏུ་སྦས་ཚུལ་གྱིས་འཐུས་ཚབ་བརྩམས་ཆོས་འབྲི་བ་ལས་ཀྱང་ན་གཞོན་གྱི་ཀི་འུར་མཁོ་འདུག་པས།  ངས་ཀྱང་ཀི་འུར་ཞིག་འདོན་འདུན་གྱིས་མི་སྒེར་གྱིས་དྲ་ཁྱིམ་བཟུང་ཆོག་སའི་དྲ་བ་དག་ཏུ་སྐོར་ཉུལ་ཙམ་བྱས་དུས།  ཡིག་གཟུགས་ཧི་མ་ལ་ཡིན་པ་དང༌།  དྲ་བའི་ཁྱབ་རྒྱ་གཞེས་བྱེས་གཉིས་ཡིན་པ།  ཟིན་བྲིས་པ་ན་གཞོན་ཟུར་ཁ་ཅན་མང་ས་དེ་མཚོ་སྔོན་པོ་ཟིན་བྲིས་ཚང་ཡིན་དང་ཡིན་ངེས་སུ་འདུག་པས། མཚོ་སྔོན་པོ་ཟིན་བྲིས་ཚང་ནས་དྲ་ཁྱིམ་འདི་བཟུང་བ་ཡིན་ལ། 

        གནས་འདི་ནས་ན་གཞོན་རང་གི་བློ་སྤོབས་ཆུང་ངུའི་གཅོག་ཚོད་ཀྱིས།  ལོག་ལྟའི་གཡུལ་འགྱེདནས་བདེན་དོན་ཡར་ལ་སློང་ཅི་ཐུབ་དང༌།  གང་དྲན་རང་དགར་སྒྲོག་ནས་གཉུག་གཤིས་སྔོག་བཤམས་ཀྱང་ཅི་ཐུབ་བྱེད་འདུན་ཡོད་ལ།  ད་དུང་ཀྱལ་ཀ་རྩེ་བསོགས་ཀྱང་སྐབས་དང་སྐབས་སུ་འཁྲབ་སྟོན་བྱེད་རྒྱུ་ཡིན།  འོ་རེད་ཡ།  འདི་ནས་གསལ་བཤད་དགོས་པ་ཞིག་ལ།  ཆབ་སྲིད་ཀྱི་ཐད་ནས་འགྲོ་ཤེས་འདུག་ཤེས་ལོས་བྱེད་མོད།  མྱི་སྒེར་དང་མི་རིགས་ཀྱི་མགོ་ཐོག་ལ་གཅིན་དམར་གཏོང་བཞིན་པ་དེ་ཡོངས་སུ་མ་རིག་ཁུལ་ཀྱང་བྱེད་དཀའ་རྒྱུ་རེད།  ད་དུང་གཞན་གྱི་མྱི་གཞི་དམའ་འབེབས་དང་རྩིས་ཐང་དམར་གསོད་སོགས་བྱེད་མི་རུང་བ་ལོས་ཤེས་ཀྱང༌།  ཆེ་ཆེ་གཉན་གཉན་དག་གིས་རང་ཉིད་ཚད་མར་བཞག་ནས་མྱི་སྒེར་གྱི་འཚོ་བའི་ཐད་དང་རིག་གནས་ཀྱི་རིན་ཐང་ཐད་ལ་རྙིང་རུལ་གྱི་ལག་པ་བསྲིང་ཡོང་ན།  བདེན་འཚོལ་བདེན་རྩོད་ཀྱི་དགག་སྒྲུབ་བསྐྱུར་ནས་མཐུན་ཐབས་ཀྱི་འཛུམ་མདངས་སྟོན་མི་ཐུབ་པས།  དེ་ལུགས་སོགས་དྲ་དཔོན་དབང་ཆེན་རྣམས་ཀྱིས་ཤེས་དགོས་པར་མ་ཟད།  ཁྱེད་དྲ་ཚིགས་སོགས་ལ་གནོད་པའི་ལས་དངོས་ཤིག་ཡིན་ན་དུས་དང་དུས་སུ་བདག་གི་ཟིན་ཐོ་དང་བདག་གི་ཟིན་བྲིས་ཀྱི་སྒོ་མོ་གཏན་ཆོག་གི་ཁེ་དབང་ཡང་ཁྱེད་ཚོ་ལ་ད་ལྟ་ནས་བྱིན་པ་ཡིན་ནོ།།

                           

                                   2010913/ལན་གྲུའི་དྲ་ཁང་ཞིག་ཏུ་བྲིས།

GUANG | རྩོམ་ཡོངས་ཀློག་པ།(1919) | ལན་སློག(24)
 
Powered by Oblog.