རི་རྩེའི་སྤྲིན་དཀར། >མཉམ་ལས་ཁང་། (བལྟ་ཀློག་གྲངས།:17023)
སྤེལ་བའི་དུས་2016-9-3 15:01:17
       མཉམ་ལས་ཁང་།

རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་བའི།
ལས་གཞིའི་རྣམ་གྲངས་ནི་སྔ་ས་ནས།
སྤྱང་བོ་རྣམས་ཀྱི་སེན་སྐག་དང་ངོ་སྣུམ་ཙམ་གྱིས་ཚར་སོང་།

ལག་པ་འཆང་སས་སྟོངས་པ་རྣམས་ཀྱིས།
ཆུ་ཁོལ་ཕོར་བ་གང་བསྐྱོར་ཏེ་ཉི་མ་རྟག་པར།
རླུང་ཁམས་ཆེན་མོའི་ཕར་རྒྱབ་ལ་བརྒལ་བཞིན་ཡོད།

གང་མཚམས་ཤིག་ལ།
མཉམ་ལས་ཁང་གཞི་ཚུགས་སོང་།
མཉམ་ལས་ཁང་ཚུགས་སོང་ཟེར་བའི་འབོད་སྐད་ཅིག
གཅོང་ནད་ཅན་གྱི་ནད་པ་མང་བོའི་རྣ་ལམ་དུ་རླུང་གིས་ཁུར་ཡོང་།

ལག་སྟོང་མཆན་ལ་བཙིར་ཅིང་།
སྨན་ཡོན་གཅོག་བྱེད་ཀྱི་དཔང་ཡིག་འཛིན་མཁན་གྱིས།
རེབ་འདིར་ཚོགས་ཁང་འགད་ལ་ཞིག་བྱས་སོང་།

གཏམ་བཤད་མགོ་བརྩམས་སོང་།
འདི་ལ་དམིགས་བསལ་མགོ་བ་མེད།
སྒེར་ངོས་ནས་འཚོགས་པ་རེད། མ་རྩ་མཉམ་འཇོག་རེད།
སང་ཉིན་ནས་ཁྱོད་ཚོ་ཡང་ཚོང་བ་ཉན་སོང་བ་རེད།

ཡར་སྔོན་ལའང་མཉམ་ལས་སྡེ་གསར་འགའ་རེ་ཡོད་པ་རེད།
ཁོ་ཚོས་ཀྱང་འབུར་དེའུ་རེའི་རྩེར་དར་ལྕོག་བཙུགས་ཏེ།
ངེད་ཚང་འདིར་ཡོད་ཅེས་པའི་བརྡ་ལ་ཀི་བཏབ་པ་རེད།
འོན་ཀྱང་། དེ་ཚང་མ་ཚོད་ལྟའི་གནས་བབ་རང་དུ་བསྡད་པ་རེད།

འཁུན་བུ་དིར་དིར་གྱི་ནད་པ་མང་བོ་འཇམ་ཅག་གེར་སོང་།
གཏམ་བཤད་ཀྱིས་འཛམ་གླིང་གཡས་སྐོར་བརྒྱབ་ཅིང་།
ཕྱག་རྒྱ་ཡིས་མཁའ་ལ་རི་མོ་བྲིས་ཏེ་ཚོགས་འདུ་གྲོལ་སོང་།

ཕར་བལྟས་ན་རྗེས་ཤུལ་ཞིག་རེད་སྙམ་པ་ནི།
ཐ་མག་བརྔུབས་པའི་དུ་རིས་ལིང་ལིང་འཁྱུག་པ་དང་།
སྒོ་ཕྱི་ཁྱིམ་དུ་ལྡང་བའི་ཆང་དྲི་ཁོ་ན་རེད།

                   ༢༠༡༦/༠༧/༢༨/ཉིན།
གཞིས་བདག(Danichodak)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情