རི་རྩེའི་སྤྲིན་དཀར། >ཀ་ཕྲེང་འུག་སྒྲོ་མ། (བལྟ་ཀློག་གྲངས།:13143)
སྤེལ་བའི་དུས་2016-9-3 14:58:38

             ཀ་ཕྲེང་འུག་སྒྲོ་མ།


ཀ་ལི་ཁྲོ་ཤན་བརྟོལ་མེད་འོག་ཏུ་འགྱུར་སྐྱེན་སྨིན་མ་འུག་སྒྲོ་མ།།
ཁ་ལྕེ་བདེ་ལྕག་འཁྱུག་པོའི་མདའ་རྩེར་དུག་གི་ཚེར་མ་རྣོ་འབར་མ།།
ག་ཞིག་ཇ་ཆང་དྲི་མར་འཁོར་བ་དབྱར་དགུན་མེད་པའི་སྦྲང་ནག་མ།།
ང་ནི་བདེན་པ་ཉིད་ཅེས་སྒྲོག་པའི་ཨ་གསར་ཁྲོམ་གྱི་བག་གསར་མ།།

 

ཅ་ནེ་གཅིག་ཏུ་མགོ་སུག་གྲངས་མེད་ཟ་བར་རྔམ་པའི་ཧེབ་རྐྱལ་མ།།
ཆ་ཤས་ཡང་ཤས་འཛར་དུ་མི་འཇུག་སྐྱེས་པ་འདི་ལ་ལྕགས་སྤར་མ།།
ཇ་ཡུན་ཙམ་ལ་ཁ་དོག་མི་རྟག་མདོག་འགྱུར་རྫས་ཀྱི་གཏེར་ཁུག་མ།།
ཉ་སུག་དལ་མེད་ཙི་ཙི་འཚོལ་མཁས་ཞུམ་ཞུམ་ཝ་མོ་གྲ་ཡགས་མ།།

 

ཏ་བག་ནང་དུ་འཇིག་རྟེན་ཧྲིལ་བོ་རྩམ་པ་བརྫི་བརྫི་བྱེད་མཁས་མ།།
ཐ་ན་དོན་གྱི་སྤེན་མའི་ཐལ་བ་དར་སྲབ་བཞིན་དུ་འཐག་མཁན་མ།།
ད་ལྟའི་བྲོ་ལྡན་ཞོར་ཟས་ལྟ་བུའི་ངོ་བསྟོད་རྒུན་ཆང་ལྡུད་མཁས་མ།།
ན་རཀ་སྡེར་མོ་མཐོང་དུ་མེད་པ་འཇམ་མཉེན་དུག་ལྡན་སྦྲུལ་ཁྲ་མ།།

 

པ་ཏུའི་གྲིབ་མ་འཆར་ངོས་བྱས་ཏེ་ཅི་བྱས་ཡིད་འོང་གར་མཁས་མ།།
ཕ་རོལ་མིག་ཟུང་དབང་མེད་འབྲིད་པ་མེ་ཏོག་ཚལ་གྱི་གཡུ་སྦྲང་མ།།
བ་ལང་བདག་དང་མཉམ་པར་ལྟ་བ་ཡིད་གཉིས་ཡུལ་དུ་ཨ་ཙ་མ།།

མ་དག་སྣང་བའི་མེ་ལོང་ངོས་སུ་འཆར་བ་ནག་པོ་ལྡོག་གཟུགས་མ།།

 

ཙ་གེ་ཙི་གེ་འཕྲུལ་རྩལ་དབང་འབྱོར་མི་རིག་སྐྱེན་པོའི་སྒྲོ་ལྡན་མ།།
ཚ་གསུར་སྙེག་པ་མཁའ་འགྲོའི་སྤུན་ཏེ་དྲན་པ་ཙམ་དུ་མྱུར་ཐོན་མ།།
ཛ་དྲག་འཁྲུག་འཛིང་བར་དུ་འཚངས་ཚེ་གྱོད་ཀྱི་ངོ་བོར་སིམ་འགྲོ་མ།
ཝ་འདྲེའི་ཡུལ་དུ་རྣམ་ཤེས་འཕྱན་འདྲའི་སྣང་བ་སྟེར་བའི་མཐུ་ལྡན་མ།།

 

ཞ་ལུའི་ཟེ་བ་འབྲེག་པར་བྲེལ་བ་ངམ་གནག་བཞིན་ལ་གཡོ་ལྡན་མ།།
ཟ་འདྲེའི་མཆུ་ལ་སྐྱོར་མ་བྱེད་པར་གཡེལ་བ་མེད་པར་བརྩོན་ལྡན་མ།།
འ་འུར་བཤད་སྒྲོས་རླུང་རྟ་ཁྲ་བོ་བསེར་བུའི་ཁ་ལ་སྤུར་མཁས་མ།།
ཡ་རབས་ལས་མཐའ་ལོག་པའི་དང་བོ་ཐེའུ་རང་སྤྲུལ་བ་རྐང་གཅིག་མ།

 

ར་ཐོང་རྔོ་བོ་ཟ་འཕྲུག་མ་བཟོད་བྲག་གི་འཕྲང་ལ་འདུར་འདྲ་མ།།
ལ་ཐོད་རི་མོ་འཁྱུག་པའི་ནང་དུ་གདུག་རྩུབ་མེ་ལྕེ་རབ་འབར་མ།།
ཤ་ཁྲག་དམར་གྱི་གསོལ་སྟོན་རོལ་ལ་ལག་མཐིལ་རི་མོ་རང་འགུལ་མ།།
ས་སྟེང་གདོན་གྱི་བསྡུས་གཟུགས་གཅིག་པུ་བྱེད་པོས་མ་བྱས་རང་གྲུབ་མ།།

 

ཧ་རིའི་ཟླ་ལ་ནོར་སྐྱོང་རྒྱ་བོ་སྙེམས་བློ་སྡར་ཞེད་མཇུག་འདྲུད་མ།།
ཨ་ཧོ་བདེན་པའི་གད་རྒྱངས་ཐོས་ཏེ་དགུམ་པར་འགྱུར་ལ་ཨ་ཙ་མ།
ཧ་ཧ་ཀ་ཕྲེང་འུག་སྒྲོ་མ་འདི་གཏེར་བཏོན་རི་མོ་ཚོན་དཔར་མ།།
ཨ་ཙི་ཞིབ་པར་བལྟ་ཡགས་བྱས་ཚེ་སུ་ཡི་གདོང་ལ་གཅིག་འདྲ་མ།།

                            ༢༠༡༦/༠༨/༡༨/ཉིན།

གཞིས་བདག(Danichodak)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情