རི་རྩེའི་སྤྲིན་དཀར། >བོང་བུ་ཞིག་ལ་སྨྲས་པ། (བལྟ་ཀློག་གྲངས།:13144)
སྤེལ་བའི་དུས་2016-9-3 14:54:42

     བོང་བུ་ཞིག་ལ་སྨྲས་པ།

 


ལྷིང་འཇགས་འཚོ་བ་འཁྱིལ་བའི་སྒོ་དྲུང་དུ།།
འཛེར་བོའི་བོང་སྐད་སྒྲོག་པའི་ཐ་ཤལ་བ།།

 

སྡུག་གི་གདུང་ངན་ཁུར་དུ་ལྕི་བ་སྟེ།།
རྫོད་ཀྱི་ཨ་མཆོག་རིང་བ་བོང་བུ་ཉིད།།

 

སྐྱེས་གཟུགས་མཛེས་པོ་མེད་པ་བོང་བུ་སྟེ།།
སྐད་ངག་སྙན་མོ་མེད་པའང་བོང་བུ་ཉིད།།

 

རྩྭ་ཆུ་འཛོམས་སར་མི་སྐྱེས་བོང་བུ་སྟེ།།
ས་ཤུན་མེད་སར་སྐྱེས་པ་བོང་བུ་ཉིད།།

 

རྒྱུགས་དང་བང་རྩལ་མེད་པ་བོང་བུ་སྟེ།།
ཁུར་ལ་འདེགས་ཤུགས་མེད་པ་བོང་བུ་ཉིད།།

 

ལྟོགས་དུས་གདོང་སྤུ་གཟེང་བ་བོང་བུ་སྟེ།།
རྒྱགས་དུས་འཕྲ་ངན་གཟུ་བ་བོང་བུ་ཉིད།།

 

དབྱར་དུས་འོ་ཞོ་མེད་པ་བོང་བུ་སྟེ།།
དགུན་ལ་ཤ་ཁྲག་མི་རེ་བོང་བུ་ཉིད།།

 

བཀོལ་ཚེ་བྱང་ལམ་མི་ཆོད་བོང་བུ་སྟེ།།
བསྐྱུར་ན་ཇག་པར་མི་མཁོ་བོང་བུ་ཉིད།།

 

བཙོངས་ན་ཚོང་བས་མི་ཉོ་བོང་བུ་སྟེ།།
འཚོས་ན་སྒོ་ཟོག་མི་ཉན་བོང་བུ་ཉིད།།

 

ཞོན་ན་ལྷམ་ཚེགས་མི་ལོན་བོང་བུ་སྟེ།།
རྒྱབ་ཏུ་རྩིད་ཁུལ་མི་འཛོམས་བོང་བུ་ཉིད།།

 

སྒོ་ཕྱིར་སྐྱག་ལུད་སྤུང་མཁན་བོང་བུ་སྟེ།།
དུས་བཞིར་ཐལ་ཕུང་སྲུང་བ་བོང་བུ་ཉིད།།

 

མདོར་ན་ཞེ་སུན་བོང་བུ་ངོ་ཤོར་ཁྱོད།།
སྔོན་མོའི་སྤང་དུ་མ་འོང་ཕར་ལ་རྒྱུགས།།

        2016/01/09/ཉིན།

གཞིས་བདག(Danichodak)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情