རི་རྩེའི་སྤྲིན་དཀར། >འཚབ་སྣང་ལྷག་མ། (བལྟ་ཀློག་གྲངས།:24066)
སྤེལ་བའི་དུས་2016-9-3 14:52:47

        འཚབ་སྣང་ལྷག་མ།

 

རི་བོང་ཨ་མཆོག་གི་གྲིབ་མས་ཡོངས་ཚིམས་ཏེ།།
གླང་བོའི་རྒྱུས་གཏམ་ལ་རྣ་བ་གཡར་དོགས་མེད།།
སྔོ་ལོའི་རྒྱལ་མཚན་གྱི་འོག་ཏུ་འགྱིང་ཉམས་ཀྱིས།།
རི་ཆུའི་ཀླུང་ཡངས་ཀྱི་མངའ་བདག་རང་ངོ་སྙམ།།

 

ཧབ་ཐོབ་གླག་རོག་གི་སྡེར་ཁྱིམ་རྩལ་ཤུགས་ཅན།།
ལྟོས་མེད་འཆི་བ་ཡི་ངོ་བོར་གྲུབ་སྟེ་གདའ།།
སྡར་སྐད་བྲག་ཅ་ལ་བསྐྱིལ་ལོང་མ་བྱིན་པར།།
མིག་ལ་སྐར་ཚོགས་ཤིག་ཤར་དུས་ཚར་བ་རེད།།

 

དོག་མོའི་རྒྱ་ཁྱོན་ལ་སེམས་ཁྲལ་ལྕི་བ་ཡི།།
དཔྱིད་དུས་འཕྱི་བ་ཡིས་ཁུང་སྒོ་བརྩད་པ་དེས།།
ངན་གཡོའི་ལྟོ་བ་ལ་བཀྲེས་ལྟོགས་འབར་བ་སྟེ།།
སྤྱང་མོའི་ཁ་དྲོག་ལ་ཕྱྭ་གཡང་རྟག་ཏུ་འབོད།།

 

འཚོ་བའི་འགྲུལ་བཞུད་ཀྱི་ལམ་བུ་གྱ་མ་གྱུ།།
བགྲོད་པའི་ལམ་ཐག་ནི་རིང་ཞིང་དུབ་པ་ཡིས།།
ནར་མའི་ཟས་བྲུལ་གྱི་སུམ་སྒྲོག་དམ་པོ་ཞིག།
ལ་རྒྱའི་རལ་བའང་གདན་དུ་བཏིངས་ཏེ་ལེན།།

 

ཁྲལ་ཁྲུལ་རྨི་ལམ་གྱི་རྩེད་འཇོ་འཐོབ་བྱས་སྟོངས།།
འཕུར་སྐྱོད་གཤོག་པ་དེ་སང་ནངས་ཡོད་རེ་སྐན།།
ལོ་བརྒྱའི་གཉིད་སྟུག་གི་དབྱིངས་སུ་འབྱམས་པ་ཡི།།
སད་མེད་གངས་རི་ཁྱེད་ཤེད་ཀྱིས་འཕག་རོགས་ཀྱེ།།

 

དུས་ཀྱི་གཙང་བོ་ནི་འཁྱུག་འཁྱུག་བཞུར་ཏེ་ཐལ།།
སྲོལ་ལུགས་ཀོག་པོ་ཡི་གྲམ་གཞུང་སྐྱ་ཐེར་ཐེར།།
རང་སྲུང་ཨ་བྲ་ཡིས་བསྔོགས་པའི་བྱེ་ཟེགས་ཀྱིས།།
ས་མཐོའི་ལྗང་མྱུག་ལ་ཚོད་མེད་འགྲམ་ལྕག་གཞུ།།

                 2016/03/22ཉིན།

གཞིས་བདག(Danichodak)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情