རི་རྩེའི་སྤྲིན་དཀར། >ནུབ་ཁའི་ཟླ་བ། (བལྟ་ཀློག་གྲངས།:27915)
སྤེལ་བའི་དུས་2016-9-3 14:48:53

         ནུབ་ཁའི་ཟླ་བ།

 

འདི་ནས་ཕྱི་ཕྱིར་ལོ་ཟླ་བརྩེགས་པའི་སྐས་རིམ་དུ།།
ཇི་སྐད་བགྲེས་པོའི་གནའ་གཏམ་ཁྲོད་ཀྱི་དག་ཞིང་སྟེ།།
དེང་དུས་ལྷ་སྒྲུང་ངོ་བོར་ཐིམ་པའི་འཇིག་རྟེན་ཞིག།
མཚན་གྱི་རྨི་ལམ་དབྱིངས་སུ་འཚེར་བའི་ཟླ་བ་ཉིད།།

 

ཆུ་ཁུར་གླང་བོ་དུམ་བུར་བཞུད་པའི་སྲུབས་ཤིག་ལས།།
བསིལ་ཟེར་འཁྲེང་ཞེན་སྐྲ་ལོའི་ཉག་མ་ཤམ་ཤམ་གཡོ།།
སྐར་མའི་གཙང་བོར་ཡོམ་ཡོམ་སྐྱོམ་པའི་རྨི་ལམ་གྱི།།
ཀོ་གྲུ་ངལ་མེད་ཧུར་བརྩོན་ཤུགས་ཀྱིས་གང་ལ་སྙེག།

 

ལྷང་ལྷང་རྒྱང་ན་མཆེད་པའི་ཕྲེད་གླིང་འགྱུར་ཁུགས་ཀྱིས།།
མཚན་སྨག་བརྟོལ་ཏེ་བླ་འགུག་ཆོ་ག་གཏང་བར་རྩོམ།།
ཕ་གིར་འཚེར་འཚེར་རེ་སྒུག་འདེགས་པའི་སྒྲོན་མེ་ཞིག།
ལྗོན་ཤིང་ལོ་མའི་འཕྱང་འཕྲུལ་གསེབ་ཏུ་ཉན་སྒུག་བྱེད།།

 

མེ་ཏོག་བསུང་ངད་ལྡང་བའི་འབྲོག་རུའི་མཚེར་སར་ནི།།
ལྷ་ཁང་ཁྱམས་ཀྱི་ཐང་ག་བཞིན་དུ་སྡུག་གུར་བཀྲ།།
རི་སྐེད་སྨུག་པ་ཤོད་དུ་འཇབ་བུས་འབབ་པ་ནི།།
སྐོམ་པའི་རི་དྭགས་མཚན་ལ་ཆུ་ཁར་འབྱེར་བ་བཞིན།།

 

དེ་ཡི་ལྷིང་འཇགས་ཕུན་ཚོགས་རུམ་པའི་གུར་ཆུང་ནི།།
ནམ་མཁའི་མཐོངས་སུ་ལམ་ལམ་འཚེར་བའི་སྐར་ཚོམ་ཞིག།
དུས་འགྱུར་སྐྱ་རེངས་སྨྱོན་པས་ཁམ་དུ་ཟོས་གྱུར་ཏེ།།
ང་ཡི་གུར་ཆུང་སྐར་མའི་ཚོམ་བུ་དབྱིངས་སུ་དག།

 

རྩྭ་ལྗང་ལོ་མ་རྡོག་པས་བསྣད་ལའང་སེར་བ་ཡི།།
དབྱར་དུས་དག་ཏུ་སྤང་ལྗོངས་པང་ལ་འཁྱུད་ནས་ནི།།
གཤོང་དང་ཤུར་བུར་བརྐོས་པའི་རྨ་ཁ་བཟོད་དམ་ཀྱེ།།
ང་ཡི་ས་གཞི་ཟེར་ཞིང་ངུ་འབོད་ཐེངས་རེར་བྱས།།

 

ཞོགས་དང་སྲོད་ལ་སྤུ་སྡུག་འཁྱིལ་ལེར་བཞུར་བ་ཡི།།
གནའ་དང་དགོ་བ་ལུག་ཁྱུར་འདྲེས་ཏེ་འོང་བའི་སར།།
རི་དང་ལུང་བ་ལྕགས་ཀྱི་དྲ་བས་བསྐོར་ཅིང་བསྡམས།།
ཨ་བྲས་ས་སྐྱ་ཕྱར་ཏེ་བོར་དངོས་འཚོལ་ལྟར་སྔོག།

 

ཨུཏྤལ་གང་བུ་སྟོང་ལུག་བཞིན་དུ་ཤར་བའི་དུས།།
གནམ་དུ་གཟེངས་པའི་རྫ་རི་རྣམས་ཀྱི་རྩེར་འགོས་ཏེ།།
ཕ་མཐའ་ཡས་པའི་རི་ཀླུང་འགེང་བར་བྱེད་པ་ཡིས།།
ང་ཡི་རི་སྐྱེས་གང་དུ་ཞོགས་ཞེས་ཀི་རིང་བཏབ།།

 

དག་གཙང་དྲི་མེད་ཡིད་འོང་ལྷུང་ལྷུང་འབབ་ལྡན་མ།།
ཉི་གཞོན་འཆར་ཀའི་ཟེར་མར་འཁྱུད་དེ་འཕྱོ་བ་ནི།།
གསོམ་དཀར་ཆུ་ཟོ་མཐོང་བས་དུངས་ཀ་འཕྱུར་བ་དང་།།
ཆུ་ལེན་བུ་མོར་རྩེད་དགའ་འགྱེད་དེ་འཛུམ་འདྲ་བ།།

 

མི་གཙང་ལྗན་ལྗིན་མཁར་ཆེན་བསྐོར་པའི་གཅོང་ཞིག་ཏུ།།
སྙིགས་མའི་ཕུང་བོ་ངལ་བརྒྱས་བརྟོལ་ཏེ་བཞུར་བའི་རྐྱེན།།
ཁྲོམ་རའི་སྐོམ་ཆུ་སྲོག་རྟེན་གཙོ་བོར་འཛིན་ཐེངས་རེར།།
དྭངས་བསིལ་རྫ་ཆུ་གང་དུ་བཞུར་ཞེས་ཤུགས་རིང་ཤོར།།

 

མྱགས་དྲི་གཞོབ་དྲི་མཁའ་ལ་འཁྱེར་བའི་འཚུབ་མ་ཡིས།།
འགྱིག་སྙིགས་བྱ་རྒོད་བཞིན་དུ་མཐོངས་སུ་ཡེང་ཡེང་སྤུར།།
བྱ་ཕོའི་སིང་སིང་སྐད་དང་སྐྲ་ཤད་ཉོ་མཁན་གཉིས།།
ཕན་ཚུན་སྐད་ཤུགས་འགྲན་པའི་འུར་ཟིང་རླུང་གིས་འཁྱེར།།

 

བྱ་གསོ་ཕག་གསོ་འདི་ཀོ་ཕྱུག་འགྱུར་ཐབས་སོ་ཞེས།།
བྱིས་པ་རྩེད་འདྲའི་ཚོད་ལྟའི་རྣམ་གྲངས་དྲ་སྐང་རེར།།
རྡེ་འུ་བཞིན་དུ་མཉམ་ལས་སྡེ་གསར་བཀྲམ་པའི་ཚེ།།
ང་ཡི་འབྲོག་སྡེ་གྱོ་ཁང་དམར་བོས་ཁྱུར་མིད་བྱས།།

 

བྱ་སུག་ཕག་སུག་ལྕེ་དམར་རྐན་ལ་བརྡབ་ཡུལ་ཏེ།།
ཉ་དང་ལྕོང་མོ་ཟ་བར་སྨོན་པའི་རིགས་རུས་འདི།།
ཚོས་རྒྱུ་གང་དང་འཕྲད་པར་གྱུར་ན་འགྱུར་སླ་བས།།
འགྱིག་བཟོས་མེ་ཏོག་ཁྲ་ཁྲ་ཞིག་ཏུ་འགྱུར་ཏ་རེ།།

                2015/12/31/ཉིན

གཞིས་བདག(Danichodak)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情